Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དད་ལོག་ཟ་བ་མི་ཆོག་པ་ནི་དྲང་བདེན་དང་ཚན་རིག་གི་ལྡོག་ཕྱོགས་རེད།

Posted on 2014-04-302014-04-30 By ཁ་བརྡ་ 16 Comments on དད་ལོག་ཟ་བ་མི་ཆོག་པ་ནི་དྲང་བདེན་དང་ཚན་རིག་གི་ལྡོག་ཕྱོགས་རེད།

ཨ་ནུ་ཐང་བསོད་ནམས།

སྤྱིར་དད་པ་ལ་དབྱིན་བོད་ཡིག་གཉིས་ཀས་འགྲེལ་བཤད་རྒྱག་སྟངས་ཕལ་ཆེར་གཅིག་མཚུངས་ལས་ཁྱད་པར་དེ་ཙམ་མི་འདུག

ཆོས་དང་འབྲེལ་བའི་དད་པ།
༡༽ དད་པ་ནི་ལྟ་གྲུབ་གང་ཞིག་དང་གང་ཟག་སུ་ཞིག་ལ་རྩེ་གཅིག་ཏུ་ཡིད་ཆེས་ཡོད་པའི་དོན་རེད། དེ་ནི་ཆོས་དང་མ་འབྲེལ་བའི་དད་པ་རེད། དད་པ་དེར་འགྱུར་བ་བཏང་ཆོག་ཀྱང་། དེ་སྔོན་དམར་དད་ལྟ་བུ་ཡིན་ན། ཁོང་ཚོ་ལ་དད་ལོག་བྱེད་མཁན་ཞིག་བྱུང་ན་གྲལ་རིམ་དང་གསར་བརྗེ་བའི་དགྲ་བོར་བརྩིས་ཏེ་ཉེས་ཆད་ཕོག་ངེས་རེད། འོན་ཀྱང་། ད་ལྟ་དམར་ཕྱོགས་ཀྱི་ལུང་པ་མང་པོའི་ནང་གནས་ཚུལ་དེར་འགྱུར་བ་ཕྱིན་ཟིན་འདུག
གང་ཟག་སྒེར་བ་ཞིག་ལ་རྩེ་གཅིག་ཏུ་ཡིད་ཆེས་བྱས་ཀྱང་། རྗེས་སུ་གནས་ལུགས་ཀྱིས་གང་ཟག་དེ་ཡང་དག་པ་ཞིག་མ་ཡིན་པ་རྟོགས་ཚེ་འགྱུར་བ་བཏང་ཆོག་ལ། འགྱུར་བ་གཏོང་བ་ལ་དཀའ་ངལ་ཡོད་སྲིད་ཀྱང་། ལམ་ལོག་ཏུ་རྒྱུན་མཐུན་ནས་འགྲོ་མི་དགོས་པས་དགེ་མཚན་ལས་ཉེས་པ་མེད།

ཆོས་དང་འབྲེལ་ཞིང་མ་འབྲེལ་བའི་དད་པ།
༢༽ ཆོས་དང་འབྲེལ་ལ་མ་འབྲེལ་བའི་དད་པ་ནི་དཔེར་ན་རྒྱལ་པོ་སོགས་ལ་དད་པ་བྱས་པ་ལྟ་བུ་རེད། མང་པོ་ཞིག་གིས་རྒྱལ་པོ་དེ་ལྷ་འམ་སངས་རྒྱས་ཡིན་པར་རློམ་ནས་དད་པ་བྱེད་ཀྱིན་ཡོད་ལ། དད་པ་དེ་དང་འགལ་ནས་དད་ལོག་ཟ་བ་ཞིག་བྱུང་ཚེ་འདི་ཕྱི་གཉིས་ཀར་ཐར་བར་མི་གཏོང་། ཚེ་འདི་ལ་རྒྱལ་པོའི་བཀའ་དང་འགལ་བས་རྒྱལ་ཁྲིམས་ཀྱི་ཉེས་པ་ཕོག་པ་མ་ཟད། ཚེ་ཕྱི་མ་ལ་ཆོས་ལུགས་གང་ཡིན་པ་དེའི་དད་ལོག་གི་ཉེས་པ་ཕོགས་ཀྱིན་ཡོད།
ཁག་ཅིག་རྒྱལ་པོ་ལ་ཆོས་དང་མ་འབྲེལ་ཞིང་ལྷ་དང་དཀོན་མཆོག་ལྟ་བུའི་འདུ་ཤེས་ཀྱིས་དད་པ་བྱེད་ཀྱིན་མེད། ཡིན་ཡང་། དམར་པོའི་དད་པ་ལྟར་ཚེ་འདིའི་མི་ཚེ་སྐྱེལ་སྟངས་དང་ལྟ་བ་འཛིན་ཕྱོགས་ཀྱིས་དད་པ་བྱེད་ཀྱིན་ཡོད། དད་པ་དེ་དང་འགལ་བ་ཡིན་ན་རྒྱལ་པོའི་བཀའ་ལ་འགལ་བས་ཚེ་འདིར་རྒྱལ་ཁྲིམས་ཀྱི་ཉེས་པ་ཕོག་པ་ལས། ཚེ་ཕྱི་མ་ལ་ཅི་ཡང་མི་བྱེད།

ཆོས་ལུགས་ཀྱི་དད་པ།- དེ་ནི་བོད་པ་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་པའི་དད་པ་དེ་རེད།
༣༽ ཆོས་ལུགས་ཀྱི་དད་པ་ནི་དད་པའི་རིགས་གང་ཞིག་ཡིན་ཡང་། བྱས་ཚར་ཕྱིན་འགྱུར་བ་བཏང་མི་ཆོག འགྱུར་བ་བཏང་བ་ཡིན་ན་ཆོས་གཞུང་དེ་ནས་གསུངས་པའི་ཉེས་པ་ཆ་ཚང་ཕོག་པས་ཚེ་འདི་ཕྱི་གཉིས་དང་། ལྷག་པར་དུ་ཚེ་ཕྱི་མ་ལ་རྣམ་སྨིན་སྡུག་བསྔལ་གྲངས་མེད་མྱོང་དགོས་ཤིང་། དེ་ལས་སུ་གང་ཡང་ཐར་མི་ཐུབ་པར་བརྗོད་ཀྱིན་ཡོད། དེར་བརྟེན། བོད་ཀྱི་སྤྲུལ་སྐུ་རྣམས་ཀྱིས་ནམ་རྒྱུན་དད་ལོག་གི་རྣམ་སྨིན་གསུངས་ཤིང་བོད་མི་རྣམས་ཀྱིས་ཁོང་ཚོ་ལ་དོགས་པ་ཙམ་ཡང་ཟ་མི་ཕོད་པ་བཟོ་བཞིན་ཡོད། བླ་མར་འགལ་ན་གཏན་འགལ་དང་ཕ་མར་འགལ་ན་ཚེ་འགལ་ཞེས་ནས་འཇིགས་སྐུལ་བཏང་བ་མ་ཟད་དད་ལོག་ཟ་བ་ཡིན་ན། ཟ་མཁན་དེ་ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས་སྨྲེ་ཤ་ཅན་དུ་སྐྱེ་ཚུལ་སོགས་ཀྱི་ཞིབ་ཅིང་ཕྲ་བའི་གནས་ཚུལ་ཀུན་བརྗོད་ཅིང་། ཆོས་གཞུང་བེད་སྤྱོད་བཏང་ནས་མི་མང་ལ་དབང་སྒྱུར་བྱེད་བཞིན་ཡོད།
འོན་ཀྱང་། ཧ་ལས་དགོས་པ་ཞིག་ལ། གཞུང་ལུགས་དེ་དག་ལས་ཚེ་འདིའི་འཛམ་གླིང་གི་ཆགས་སྟངས་དང་ནུབ་གླིང་པའི་ས་དབྱིབས། ཟླ་བ་དང་ཉི་མའི་དཀྱིལ་འཁོར་སོགས་ཡག་པོ་ཞིག་གསུངས་ཐུབ་ཀྱི་མེད་ཁར། ས་སྒང་གི་དབྱིབས་ཀྱང་ཡག་པོ་ཞིག་རྟོགས་ཐུབ་མེད། ཡིན་ཡང་། ཚེ་ཕྱི་མ་ལ་འདི་དང་གན་བྱ་ཚུལ་སོགས་ཀྱི་གནས་ཚུལ་ཞིབ་ཅིང་ཕྲ་བ་རྣམས་གསུངས་པ་ནི་དོགས་པའི་གནས་ཤིག་རེད་ལ་བདེན་པ་མ་རེད།

འོན་ཀྱང་། སྤྲུལ་ལོ་ཚོས་དད་པ་དང་དམ་ཚིག་གལ་ཆེ་ཚུལ་དང་དེ་དང་འགལ་བ་ཡིན་ན་དམྱལ་ཁམས་འགྲིམ་དགོས་ཚུལ། དུད་འགྲོ་དང་ཡི་དྭགས་སོགས་ལ་སྐྱེ་ཚུལ་སོགས་ཨུ་ཚུགས་མཐའ་སྐྱེལ་ཏེ། ཡིག་རྨོངས་མང་ཚོགས་དང་ཤེས་ཡོན་གྱི་གནས་ཚད་མེད་མཁན། ཆོས་ལུགས་ཀྱི་གོ་རྟོགས་ཞན་པའི་མི་མང་རྣམས་མགོ་སྐོར་བཞིན་ཡོད། བོད་པ་རྣམས་མགོ་སྐོར་དེའི་འོག་ཏུ་ཚུད་ནས་མགོ་སྐོར་གཏོང་མཁན་གྱི་གཏེ་བོ་སྤྲུལ་སྐུ་རྣམས་ལ་སྐྱབས་སུ་འགྲོ་བཞིན་ཡོད། སངས་ཆོས་ལྟར་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཏེ། གནས་ལུགས་དང་རྒྱུ་མཚན་ལ་རྟོན་གསུངས་ཀྱང་། བོད་མི་རྣམས་བླ་ཆེན་དང་སྤྲུལ་ཆེན་ཚོ་ལ་ཡིད་རྟོན་ནས་དད་པ་བྱས་ཤིང་། གནས་ལུགས་ཀྱིས་སྐད་ཆ་བཤད་མཁན་གང་ཟག་ཆུང་ཆུང་ཚོའི་ངག་ལ་མ་ཉན་པས། མགོ་སྐོར་འོག་ཏུ་ཚུད་དེ་ཕམ་ཁ་མྱོང་བ་རེད།

དོན་དངོས་སངས་རྒྱས་ཆོས་ལུགས་ལྟར་ན་དད་ལོག་ཟ་ཆོག་གམ། གལ་སྲིད་མ་ཆོག་པ་ཡིན་ན་སངས་རྒྱས་ཆོས་ལུགས་ཚན་རིག་དང་མཐུན་ཞེས་པར་རྩ་བའི་ཆ་ནས་འགོག་རྐྱེན་འཕྲད་བཞིན་ཡོད། རྒྱུ་མཚན་ནི། ཚན་རིག་ལ་གནས་ལུགས་དང་བདེན་པ་གང་ན་ཡོད་ན་དེ་ལ་སྐྱབས་སུ་འགྲོ་བ་ལས་མི་དྲག་གིས་གསུངས་པའི་ལུང་ཚིག་དང་། ལྷག་པར་དུ་སྐྱེ་བ་ཕྱི་མ་ལ་འདི་དང་། གན་ལ་འགྱུར་ཚུལ་སོགས་ཀྱི་རིག་པའི་བདེན་དཔང་ཅི་ཡང་མེད་པ། ལུང་ཚིག་སྐམ་པོ་ཞིག་ལ་ཡིད་ཆེས་བྱེེད་རྒྱུ་ནི་དགག་བྱ་གཙོ་བོ་རེད། མ་ཟད་དེ་དང་འགལ་ན། ཉེས་ཆད་འདི་དང་གན་ཕོག་ཚུལ་གསུངས་པ་ནི་དེ་བས་ཀྱང་འདོར་བྱ་ཡིན་པས། དད་ལོག་ཟ་མི་ཆོག་པའི་ལྟ་གྲུབ་ཤིག་ཡོད་ཚེ། ཚན་རིག་གི་ལྡོག་ཕྱོགས་རེད།

རྒྱུ་མཚན་ནི། དད་ལོག་ཟ་མ་ཆོག་པ་ཡིན་ན་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོོ་སྐབས་མེད་པ་མ་ཟད། དོགས་པ་ཟ་མི་ཆོག་ཅིང་། ཟས་ནས་ཉམས་ཞིབ་དེ་བས་བྱ་མི་ཆོག་པས། རང་ལ་བསམ་བློ་ཅི་ཡང་གཏོང་དབང་མེད་པ། ཚེ་གང་གཞན་ཞིག་གི་བསམ་བློའི་ཁྱབ་ཁོངས་འོག་ཏུ་འཚོ་བ་སྐྱེལ་རྒྱུ་དེ་ཡིན་པས། མཛུབ་མོ་གར་བསྟན་ཤར་ལ་ཆགས་པས་རེེད། ཡིན་ཡང་། ད་དུང་། བོད་པ་མང་པོས་དད་པ་དང་དམ་ཚིག་ཅེས་ནས་གཟི་བརྗིད་དུ་སྒོམ་ཀྱིན་ཡོད། སྤྲུལ་སྐུ་མང་པོ་ཞིག་གིས་ཀྱང་རང་གི་བླ་མའི་བཀའ་ནི་བོད་དོན་ལས་ཀྱང་གལ་ཆེ་བ་ཡིན་ཚུལ་གསུངས་པ་དེས་དད་པའི་རིན་ཐང་ག་འདྲ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། ཡོད་དེ། ཆོས་ལུགས་ཀྱི་དད་པ་ནི་བོད་ཀྱི་དབང་འཛིན་པ་སྤྲུལ་ལོ་གནས་བྱེད་ཀྱི་རྩ་བའི་ས་བོན་དེ་ཡིན་པས། སྤྲུལ་སྐུ་དང་སྤྲུལ་སྐུའི་རྗེས་འབྲང་བ། ཉི་ཚེ་བའི་སྤྲུལ་སྐུ་དང་སྤྲུལ་སྐུའི་ལམ་ལུགས་ལ་བརྟེན་ནས་ཁེ་ཕན་ཐོབ་མཁན་ཚོས་ནམ་ཡང་སྲུང་སྐྱོབ་བྱེད་ངེས་རེད།།

རྩོམ་རིག

Post navigation

Previous Post: སྡེ་སྲིད་སངས་རྒྱམ་དང་འཇམ་བཞད། ལྷ་བཟང་ཧན་གསུམ་གྱི་ནང་དམེ།
Next Post: “གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་”ཐེངས་བཅུ་གསུམ་པའི་གསལ་བསྒྲགས།

Comments (16) on “དད་ལོག་ཟ་བ་མི་ཆོག་པ་ནི་དྲང་བདེན་དང་ཚན་རིག་གི་ལྡོག་ཕྱོགས་རེད།”

  1. ཀརྨ་བློ་གསལ་ says:
    2014-04-30 at 9:51 am

    ད་ཡག་པོ་ཞེ་དྲག་རེད། བོད་པའང་ཡིན་མིན་དཔྱད་ཆོག་པ་དང་དཔྱད་པ་བརྒྱུད་ནས་དད་ཡུལ་མིན་ན་དོར་ཆོག་པའི་ལམ་ཁ་འགྲོ་བར་གྲ་སྒྲིག་དགོས་པས། བགྲོ་གླེང་འདི་བརྒྱུད་ནས་ལམ་ཁ་དེར་ཞུགས་ཐུབ་པར་ཡིད་ཆེས་འདུག

  2. སྤོབས་པ་མཐའ་ཡས། says:
    2014-04-30 at 8:46 pm

    ཨ་ནུ་ཐང་པ་ལགས། བོད་སྐད་ནང་གི་དད་པ་ཟེར་བ་དེའི་དོད་ཐུབ་དབྱིན་སྐད་ལ་མིང་ཚིག་གང་ཡོད།

  3. ལྷ་སྡེ་གནམ་ལོ་ཡག says:
    2014-04-30 at 11:06 pm

    ཨ་ནུ་ཐང་གིས་རྩོམ་ཡག་ཅིག་སྤེལ་འདུག
    དབྱིན་ཡིག་ནང་དུ་དད་པ་ལ་ཧ་ལམ faith བཀོལ་བཞིན་པར་སྣང་། google ནང་འཚོལ་རོགས། གང་ལྟར་མི་བསླུ་བ་ནི་དད་པའི་གཞི་རྟེན་རེད། དེ་ལས་ལྡོག་པ་མཐའ་དག་བསླུ་བ་ཡིན་པས། དད་པ་ནི་དགོས་འདུན་ལྟར་སྤང་བླངས་བྱེད་ཆོག་པའམ། མ་དད་ནའང་ཆོག་པ་ཞིག་རེད་འདོད། རང་རེའི་གངས་ཅན་པས་སྤང་བླངས་གནང་ཐུབ་མེད་ལ། མི་ཐུབ་དོན་ཡང་སྐྱབས་འགྲོའི་འགོར་བླ་མ་གཙོ་བོར་བཞག་ཡོད་པར་ཐུག་ཡོད། དེ་བས། དེང་གི་བར་དུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་བླ་མའི་ཆོས་ལུགས་འབོད་དོན་ཡང་དེ་རེད། ད་དུང་མང་ཚོགས་ལ་ཁྲིམས་གཅོད་པའི་དབང་ཆ་བླ་མ་ཚོར་ཡོད། གོང་དུ་སྡེ་སྲིད་དང་འབྲེལ་བའི་རྩོམ་ཞིག་ཏུ་༼ཟངས་རྟ་མེ་འབར་མ༽ཞེས་པ་ནི་གསོན་བསྲེག་བྱེད་སྤྱད་ཀྱི་ཁྲིམས་ཆས་རེད་ལ། ཉུང་མཐར་བོད་ལ་ཁྲིམས་ཆས་དེ་དག་དུས་རབས་བཅུ་བདུན་དང་བཅོ་བརྒྱད་ནང་ད་དུང་ཡང་ཡོད་པས། སྟོན་པ་ཤཀྱཱ་ཐུབ་པའི་བསྟན་པ་དང་ཡོངས་སུ་འགལ་ཡོད་པར་མ་ཟད། སྲོལ་རྒྱུན་བོན་ཆོས་ལའང་དེ་རིགས་མེད།

  4. ཨ་ནུ་ཐང་བསོད་ནམས། says:
    2014-05-01 at 4:46 am

    རྣམ་པ་ཚོས་དགོོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ།

    ཨོ་རེད། དབྱིན་ཚིག་ཏུ་གནམ་ལོ་ཡག་གིས་གསུངས་བ་བཞིན་རེད། དེ་ལས་ལྷག་གི་མིང་ཚིག་ཅིག་མི་འདུག འོན་ཀྱང་། དེ་ནི་རྣམ་པ་ཐམས་ཅད་དུ་བོད་ཀྱི་དད་པ་དང་མཐུན་གྱི་འདུག་ཅེས་ནས་བཤད་ཁག་པོ་རེད། དེ་ནི་སྤྱི་ཚོགས་མ་འདྲ་བས་ཡིན་པས་རེད། ཡིན་ཡང་། སྤྱི་ཡོངས་ནས་བཤད་ན་ཁྱད་པར་དེ་ཙམ་མི་འདུག

    གོང་གི་ཚན་པ་དང་པོ་དེའི་མ་ཡིག་ཆད་འདུག་པས་ཡང་སྐྱར་བཀོད་ན་་་་་

    ༡༽ ཆོས་ལུགས་དང་མ་འབྲེལ་བའི་དད་པ།
    ༢༽ཆོས་ལུགས་དང་འབྲེལ་ཞིང་མ་འབྲེལ་བའི་དད་པ།
    ༣༽ཆོས་ལུགས་དང་འབྲེལ་བའི་དད་པ། བཅས་ཡིན།

  5. སྤོབས་པ་མཐའ་ཡས། says:
    2014-05-01 at 6:51 am

    ཡ་ད་ཚིག་གི་ཁ་སྤུ་སྣ་སྤུ་བཏོག་ནས་མ་འདུག་མ་གཏོགས་ཁྱེད་རང་ལ་མི་དགོས་པའི་དཀའ་ངལ་འཕྲད་ཀྱི་རེད། བོད་སྐད་ཀྱི་དད་པ་ཟེར་བ་དེའི་དོད་ཐུབ་ཏག་ཏག་ཅིག་དབྱིན་ཡིག་ལ་མི་འདུག དེ་ཡིན་དུས་བོད་སྐད་རང་གི་མིང་ཚིག་ལ་འགྲེལ་བཤད་བྱས་ན་བོད་མི་ལ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མི་འདུག
    དད་པ་འཇོག་ཡུལ་ལ་ཆོས་ལུགས་ཡིན་མིན་གྱི་ཁྱད་པར་འབྱེད་པ་སོགས་ཀྱང་ཁག་པོ་རེད།་དེ་ལྟར་ན་ཆོས་ལུགས་ཡིན་མིན་གྱི་ཁྱད་པར་གང་གིས་འབྱེད་ཅེས་པའི་དྲི་བ་དེ་སླེབས་ཡོང་གི་རེད།

  6. ཨ་ནུ་ཐང་བསོད་ནམས། says:
    2014-05-01 at 11:53 am

    བོད་ཀྱི་སྤྱི་ཚོགས་སུ་ཡོངས་་གྲགས་སུ་དད་པ་ནི་ཆོས་ལུགས་ལ་ཡི་ཡང་བའམ་ཡིད་ཆེས་རྩེ་གཅིག་ཏུ་བྱེད་པར་འདོད་ཀྱང་། དེ་ལྟར་དགོས་ས་མ་རེད། རྒྱུ་མཚན་ནི།

    ཚིག་མཛོད་ཆེན་མོ།

    ཐ་མི་དད་པདང་བས་ཡིད་ཆེས་པ།གནས་ལུགས་ཇི་བཞིན་དུ་རྟོགས་ནས་རང་ཡིད་དད་སོང༌།དགའ་བ་དང་ཆགས་པ་དང་སྲེད་པ།སྐོམས་དད་པ།དམར་དད་པ།ཆང་དད་པ།
    དགའ་བ་དང་ཆགས་པ།གཉིད་དད་ཆེ་བ།ནོར་དད་ཆེན་པོ།ཁྱེད་རྣལ་འབྱོར་པ་བྱ་བ་སྐྱུར་དད་ཆེ་བ་ཡིན།ཡང་དག་པའི་གནས་ལ་དང་བའི་ཡིད་ཆེས་དང་འདུན་པའི་རྟེན་བྱེད་པ་སྟེ་དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིགདད་པ་རྙེད་པ།དད་པ་ཉམས་པ།དད་པ་ལོག་པ།རྨོངས་པའི་དད་པ།ཆོས་དད་རང་དབང༌།བ་སྤུ་གཡོ་བའི་དད་པ་ཐོབ་པ།

    དག་ཡིག་གསར་བསྒྲིགས།

    ཡང་དག་པའི་གནས་ལ་ཡིད་ཆེས་པའི་འདུན་པའི་རྟེན་བྱེད་པ་སྟེ་དགེ་བའི་སེམས་བྱུང་བཅུ་ གཅིག་ གི་ཡ་གྱལ། གནས་ལུགས་ཇི་བཞིན་དུ་རྟོགས་ནས་རང་ཡིད་དད་སོང ་ ལྟ་བུ། ( དད་གུས ) ཡིད་ཆེས་ཤིང་གུས་པ་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། སློབ་མས་དགེ་རྒན་ལ་དད་གུས་བྱེད་ཅིང་དགེ་རྒན་གྱིས་སློབ་མ་ལ་ཤ་ཚ་དགོས་ལྟ་བུ། ( དད་འདུན ) ཡིད་ཆེས་ཤིང་རེ་བ་བྱེད་པའི་བསམ་པའི་མིང་སྟེ། ནད་པས་སྨན་པ་བཟང་པོར་དད་འདུན་བྱེད་ལྟ་བུ།

  7. ཨ་ནུ་ཐང་བསོད་ནམས། says:
    2014-05-01 at 12:00 pm

    གོང་གི་གནས་ཚུལ་དེ་དག་བརྟེན་ནས་དད་པ་ནི་ཆོས་ལུགས་གཅིག་བུ་ལ་གོ་དགོས་ཀྱི་མི་འདུག

  8. པདྨ says:
    2014-05-01 at 12:28 pm

    ཡ་གྲོགས་པོ་བསོད་ནམས་ལགས། ཚིག་མཛོད་ཙམ་ལས་འབྲི་དེད་ཤེས་པས་ཅི་ཡང་མི་ཤེས་པས་སྤྲུལ་སྐུ་དང་དད་པ་སྐྱོན་དུ་མཐོང་བར་ཁག་མེད་དོ།། སྤྱིར་ན་དད་པ་ལ་མུ་གསུམ་ཡོད་དོ། དཔེར་ན། དང་པོ་ཡང་དག་པའི་དད་པ་ཡིན་ལ་དད་ལོག་མ་ཡིན་པ་ནི་ཡང་དག་མི་བསླུ་བའི་སྤྲུལ་སྐུ་ཡང་དག་དང་དམ་པའི་ཆོས་ལ་དད་པ་པདྨ་ང་ལྟ་བུ་དང་། གཉིས་པ་ཡུལ་བསླུ་བ་ཅན་མའོ་ལྟ་བུ་དད་པ་དང་ཏང་ལ་དད་པ་ཨ་ནུ་ཐང་བསོད་ནམས་ལྟ་བུ་རེད། གསུམ་པ་གཉིས་ཀ་མིན་པ་རང་གར་གནས་པའི་མི་ཆོས་མེད་བཏང་སྙམ་པའི་ཚན་རིག་པ་ལྟ་བུའོ།། དེས་ན་དད་པ་དང་འདོད་པ་མ་ནོར་ཡང་ཡང་གསུང་པ་ལ་གོ་རྒྱུ་ཆེན་པོ་ཡོད་པས་བསོད་ནམས་རང་འདི་འདྲས་ཆོས་སྲིད་གང་ལ་ཡང་ཕན་པ་ལས་གནོད་པ་ཅན་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

  9. ཨ་ནུ་ཐང་བསོད་ནམས། says:
    2014-05-01 at 1:17 pm

    པདྨ་ལགས། ངས་བོད་ཀྱི་བརྡ་དག་གིས་ཅི་ལྟར་དད་པ་ལ་འགྲེལ་སྟངས་སྐོར་སྤོབས་མཐའ་ལ་བཀོད་པ་ལས་གཞན་དུ་མེད། ཁྱེད་ཀྱི་ཞེན་འདོད་ཀྱི་དད་པ་ནི་གསུམ་དུ་འགྲེལ་ཁུལ་བྱས་ཡོད་ཀྱང་། ཆོས་རྒྱུད་རེ་རེ་དང་མཁས་བ་རེ་རེ་ཡི་འགྲེལ་བཤད་སྣ་ཚོགས་ཡོད། འོན་ཀྱང་། མཐའ་ཐུག་ན་ཆོས་དང་འབྲེལ་བའི་དད་པ་དང་། མ་འབྲེལ་བའི་དད་པ། འབྲེལ་ལ་མ་འབྲེལ་བའི་དད་པ་གསུམ་དུ་འདུས་ཡོད།

  10. ལྷ་སྡེ་གནམ་ལོ་ཡག says:
    2014-05-01 at 8:21 pm

    ད་མདོ་དོན་གསལ་ཡོང་གི་འདུག དད་པ་ཡིན་ན་ཆོས་ལུགས་ཁོ་ན་མ་ཡིན་པར་ཕྱོགས་མང་བོར་འཇུག་པ་དང་། བོད་ཕོངས་བྱེད་གཙོ་བོ་གཅིག་དེ་འདས་པའི་དུས་ཡུན་ནང་དོགས་སློང་བྱེད་མ་ཆོག་པའི་ལམ་ནས་སྤྲུལ་སྐུར་དད་པ་དེ་རེད་ལ། བྱ་སྤྱོད་དེས་བླ་མ་སྤྱི་དང་། སྒོས་སུ་ཆོས་སྲིད་གཉིས་ཀ་གཉེར་བའི་བླ་མ་ཚོར་ཚད་ལས་བརྒལ་བའི་དབང་ཤུགས་བསྐྲུན་ཡོད་པས། ཆོས་ལུགས་ལག་ཆར་བཟུང་སྟེ་སྤྱི་དོན་ཕལ་ཆེ་བ་རྡུལ་དུ་བཏང་ཡོད། ད་ལྟ་འདི་ལ་ཡོ་བསྲང་ཡོང་ཐབས་ཐད་བགྲོ་གླེང་གཙོར་འཛིན་རྒྱུ་མ་གཏོགས་ཚིག་ངོས་ནས་ལྷག་དགོས་དོན་མི་འདུག་སྙམ།

  11. གསེར་ས་ལེ་སྦྲམ། says:
    2014-05-02 at 12:10 am

    ཨ་ནུ་ཐང་ལགས་ལ། ནང་ཆོས་ཀྱི་གཞུང་ལུགས་ལས་དད་པ་ལ་རིགས་མི་འདྲ་འགའ་ཤས་གསུང་ཡོད་མོད་གཙོ་ཆེ་ཤོས་དེ་རྒྱུ་མཚན་ཤེས་ནས་ཐོབ་པའི་དད་པ་འདི་ཁོ་ན་རེད། དེ་ཡང་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ཡུལ་དངོས་པོའི་གནས་ཚུལ་དཔྱད་དེ་མཐར་ཡིད་ཆེས་རྙེད་པ་ཞིག་ལ་ཟེར་ཚོད། ནང་ཆོས་ཀྱི་མཚན་ཉིད་རིག་པའི་ངོས་ཐད་ནས་བཤད་ན་ཐོག་མར་ཡུལ་གང་དང་གང་ལ་འཇུག་པར་ཡང་ཐེ་ཚོམ་དང་དོགས་དཔྱོད་ཀྱིས་འཇུག་དགོས་ཤིང་། བར་དུ་རིགས་པ་དང་རྒྱུ་མཚན་གྱིས་དཔྱད། མཐར་ཡུལ་དངོས་པོའི་བདེན་དོན་གྱི་ཆོས་ཉིད་རེག་ཚེ་ད་གཟོད་ཡིད་ཆེས་འཕེལ་དགོས་པའི་གོ་རིམ་འདི་འདྲ་ཞིག་བསྟན་ཡོད། དེའི་ཕྱིར་ཐེ་ཚོམ་དང་རྟོག་དཔྱོད་ནི་ནང་ཆོས་མཚན་ཉིད་རིག་པར་ཆ་མཚོན་ན་ཐོག་མའི་རྨང་གཞི་ལྟ་བུ་ཞིག་དང་། ཡིད་ཆེས་དང་དད་པ་གཉིས་ནི་དེ་དག་གི་གྲུབ་དོན་ནམ་བྱེད་འབྲས་ལྟ་བུ་ཞིག་ལ་གོ་དགོས། ནང་ཆོས་ཀྱི་གཞུང་ནས་བཤད་པའི་དད་པ་བྱེད་སྟངས་དངོས་དང་། ནང་ཆོས་བྱེད་མཁན་གྱིས་དད་པ་བྱས་སྟངས་གཉིས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཁྱད་པར་ཡོད་ནའང་དེ་ནི་ཆོས་པར་ཁས་འཆེས་མཁན་དག་གི་སྐྱོན་ཡིན་པ་ལས་ནང་ཆོས་ཀྱི་སྐྱོན་མིན་པ་ནི་རྣམ་པ་ཚོ་ལ་གསལ་འདེབས་ཐེངས་ཤིག་ཡིན། དཔེར་ན་མང་གཙོའི་ལྟ་གྲུབ་སྨྲ་བར་ཁས་འཆེས་མཁན་དག་གི་བྱས་ཉེས་ཡོད་ཚད་མང་གཙོའི་ལྟ་གྲུབ་ཀྱི་སྐྱོན་མིན་པ་ང་ཚོ་ལ་མཐོང་བ་མངོན་སུམ་ཡིན་པ་ནང་བཞིན་རེད། ཡང་། ནང་ཆོས་ལས་དད་པ་བྱེད་སྟངས་གཞན་ཞིག་ཀྱང་བསྟན་ཡོད། དེ་ནི་མི་བུ་རང་ལ་ལེགས་ཉེས་རྣམ་འབྱེད་ཀྱི་ནུས་པ་མེད་པའམ་རྣམ་དཔྱོད་ཀྱི་ཤེས་རབ་མེད་པ། ཡང་ན། ཡུལ་ཆོས་ཉིད་ཀྱི་བདེན་པ་ཟེར་བ་ཅི་ཡིན་དང་། དེ་ཇི་ལྟར་འཚོལ་པའི་བརྒྱུད་རིམ་ལ་མགོ་བོ་རྨོངས་པ་དག་གིས་འོལ་ཚོད་བྱུང་རྒྱལ་གྱི་སྨྲ་བ་སྤངས་ནས་བདེན་པར་སྨྲ་བའི་ཚད་མའི་སྐྱེས་བུ་ཞིག་གི་རྗེས་སུ་འབྲང་སྟེ་ཡིད་ཆེས་བྱེད་དགོས་པར་བསྟན་ཡོད། འདི་ནི་ད་ལྟའི་དངོས་ཡོད་གནས་ཚུལ་དང་ཡང་མཐུན་པ་ཞིག་རེད།

  12. བཙན་བྱོལ་བ་ says:
    2014-05-02 at 2:28 am

    དད་པ་ལ་དབྱིན་ཡིག་གི་ནང་དུ faith ཡང་ན་ belief ཟེར།
    ཐོག་མར་དད་ལོག་ཟ་བ་ཟེར་སྐབས་དོན་དག་གོ་ཤེས་མ་སོང་། ངས་བསམ་པར་དད་པ་ལོག་མཁན་རྣམས་ཀྱིས་དད་རྫས་ལ་ལོངས་སུ་སྤྱོད་མི་ཆོག་པ་ནི་ཚན་རིག་དང་རྒྱབ་འགལ་རེད་ཟེར་བ་ལྟ་བུ་གོ་སོང་། འོན་ཀྱང་དེ་མིན་པ་འདྲ། དད་ལོག་ཟ་བ་ཟེར་བའི་ཐ་སྙད་དེ་འདྲ་གོ་མྱོང་མེད། དད་ལོག་སྐྱེས་ཟེར་བ་གོ་མྱོང་། གང་ལྟར་གང་ཡིན་རུང་དོན་དད་ལོག་སྐྱེས་མི་ཆོག་པ་ནི་ནང་པ་སངས་རྒྱས་པ་དང་ཚན་རིག་དང་མི་མཐུན་ཟེར་བ་འདྲ། དེ་ནི་དོན་དངོས་ཐོག་ནས་སངས་རྒྱས་པའི་ཆོས་མ་ཤེས་པའི་རྟགས་མཚན་རེད། ཕར་ཕྱིན་ཐེག་པ་ཙམ་དུ་མ་ཟད་གསང་སྔགས་ཀྱི་ཆོས་ནང་དུ་བླ་མ་སངས་རྒྱས་སུ་བལྟ་དགོས་པ་དང་བལྟ་དགོས་པའི་རྒྱུ་མཚན། ལྟ་བའི་ཕན་ཡོན། མ་བལྟས་པའི་ཉེས་དམིགས་སོགས་གསུངས་ཡོད། འོན་ཀྱང་གལ་སྲིད་བླ་མས་རྨོངས་པའི་དབང་གིས་འགྲེལ་ལོག་དང་མི་མཐུན་པ་ཞིག་བཤད་ཚེ་དེ་ལྟར་དུ་ཉན་དགོས་པ་མེད་ཅེས་གསལ་པོར་གསུངས་ཡོད།

  13. ཚངས་ཐིག says:
    2014-05-02 at 4:11 am

    ཅོལ་ཆུང་ཨ་ནུ་ཐང་ལགས། དད་པ་ལ་དྭངས་བའི་དད་པ། ཡིད་ཆེའི་དད་པ། མངོན་འདོད་ཀྱི་དད་པ་བཅས་ཡོད། དེ་དག་དོད་དབྱིན་སྐད་དུ་ཡོད་དམ།

  14. ཚངས་ཐིག says:
    2014-05-02 at 5:33 am

    ཅོལ་ཆུང་ལགས། ་ཡང་ཞུ་རྒྱུ་ལ། ཁྱེད་སངས་རྒྱས་ཀྱི་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། ཁས་ལེན་ཞིག་ཡིན་ཕྱིན་བོད་ཀྱི་བླ་སྤྲུལ་ཚོས་དད་པ་དང་དམ་ཚིག་སྐོར་གསུངས་པ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་མེད་པ་གང་ཞིག་གསུངས་འདུག ཁྱེད་ལ་གསལ་སྟོན་བྱེད་རྒྱུ་ཡོད་དམ། ཁྱེད་མདོ་རྒྱུད་བསྟན་བཅོས་ལ་སྦྱངས་པ་སྤུ་ཙམ་མེད་པའི་རྟགས་མཚན་གསལ་པོ་སྟེ། དེ་དག་ལས་དམ་སྡོམ་དང་དེ་དག་དང་འགལ་བའི་ཉེས་པ་དང་ལམ་གྱི་རྩ་བ་བཤེས་གཉེན་་ཚུལ་བཞིན་བསྟེན་པར་རག་ལས་ཚུལ་བཅས་ལན་བརྒྱར་གསུངས་ཡོད། འོན་ཏེ་བོད་ཀྱིས་བླ་སྤྲུལ་ཚོས་རང་གིས་གང་གསུངས་པ་དེ་ཉམས་ལེན་གནང་གི་མི་འདུག་ཟེར་གྱི་ཡོད་ན་དེ་ཡང་རེ་ཟུང་རེད་མ་གཏོགས་ཚང་མ་དེ་ལྟར་མིན་པས་བཅོལ་ཆུང་ཁྱེད་བློ་འཚབ་དེ་ཙམ་ཨེ་དགོས་ན།

  15. ཚངས་ཐིག says:
    2014-05-02 at 6:52 am

    བཙན་བྱོལ་བས་གསུངས་པ་དེ་ག་རང་རེད། ནང་ཆོས་ནང་དད་ལོག་ཟ་ཞེས་པའི་ཐ་སྙད་དེ་འདྲ་གཏན་ནས་མེད། དེ་ག་རང་ལ་བརྟེན་ནས་ཨ་ནུ་ཐང་ཁོང་གསུང་རབ་ཀྱི་བརྡ་་ཆད་ཙམ་ལ་ཡང་རྨོངས་མཁན་ཞིག་ཡིན་པར་གོ་བས་ཆོས་ཀྱི་མངར་དྲི་མི་བྲོ་བ་གསལ་པོ་རེད། ཕལ་ཆེར་འཇིག་རྟེན་གྱི་སྐྱུར་དྲི་ཡང་མི་བྲོ་བ་ཞིག་ཡིན་ས་རེད།

  16. ཨ་ནུ་ཐང་བསོད་ནམས། says:
    2014-05-02 at 6:31 pm

    ཚིག་གཅད་གཅིག་ཀྱང་ཉན་པ་ལ།། གང་གིས་བླ་མར་མི་འཛིན་ན།། ཁྱི་ཡི་སྐྱེས་བ་བརྒྱ་བླངས་ནས།། སྨྲེ་ཤ་ཅན་དུ་སྐྱེས་བ་འགྱུར།། ཅེས་བ་ནི་དད་ལོག་གི་ཉེས་དམིགས་མ་རེད་དམ། གནས་ལུགས་ཅི་ཡང་མེད་པ་ཚིག་ངན་གྱིས་སྒྲུབ་བྱེད་འགྲོ་ན་རྣམ་པ་ཚོའི་ཐུགས་འདོད་རེད། ཅི་ཡང་ཞུ་ཡ་མེད། གང་ལྟར་དགེ་ཕྲུག་ཡོད་མཁན་ཞིག་ཡིན་ན་གཟབ་གཟབ་བྱོས། ཁོང་ཁྲོས་ཆིག་ངན་བཤད་ཅིང་ལག་གིས་དྲག་རྡུང་བྱས་ན། འཇུག་འབྲས་བོད་དུ་བྱུང་བའི་གནས་ཚུལ་བཞིན་རེད། དགོན་ནང་དུ་ཉོན་མོང་འདུལ་བ་ལྟ་ཅི། དེ་ལས་ལྡོག་སྟེ་རླུང་རོ་མ་ཞིག་ཏུ་གྱུར་ན་རང་སྡུག་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme