Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགོན་སྡེ་ཁག་གི་འཕྲུལ་འགོག་ལ་ལེགས་སོ་བརྗོད་པ།

Posted on 2012-08-202012-08-20 By ཁ་བརྡ་ 66 Comments on དགོན་སྡེ་ཁག་གི་འཕྲུལ་འགོག་ལ་ལེགས་སོ་བརྗོད་པ།

ཨོ་རྒྱན་ཉི་མ།

གདན་ས་དང་། དགོན་སྡེ་ཁག་ནས་ཀློག་ཀླད་དང་། ཁ་པར་རིགས་བཀག་འགོག་གནང་བ་དེ་དཔེ་མ་སྲིད་པའི་ཡག་པོ་རེད། ད་དུང་དྲ་རྒྱ་དང་། ལག་ཐོགས་ཁ་པར། གློག་བརྙན་སོགས་འཕྲུལ་རིགས་འདྲ་མིན་མང་པོ་ཞིག་གིས་སློབ་སྦྱོང་ལ་བར་ཆད་ཆེན་པོ་བྱེད་བཞིན་པ་ནི། ང་ཚོས་མྱོང་བས་གྲུབ་པས་ཅིས་ཀྱང་འགོག་དགོས་པ་དང་། ཁྱད་པར་དུ་ཡང་དེང་སང་དྲྭ་བ་འདི་བརྒྱུད་ནས་འདོད་བསྟན་དང་། འདོད་བསྟན་གྱི་ཀློག་བརྙན་འདྲ་མིན་མང་པོ་ཞིག་གིས་གྲྭ་བ་ཚོའི་སེམས་ལ་གོད་ཆག་ཆེན་པོ་བྱ་ངེས་པས། ཚང་མ་བཀག་བཞག་ན་ཡག་ཤོས་རེད། རྗེས་སུ་ཡི་རང་ཡོད། དགོན་པ་ནང་ཞུགས་ཚར་ནས་བཟུང་གྲྭ་བ་ལ་མེད་དུ་མི་རུང་བའི་སྡོམ་དམ་ཚིག་ནས་བཟུང་། བསླབ་པ་སློབ་གཉེར་གལ་ཆེན་པོ་རེད་མ་གཏོགས། འཕྲུལ་རིག་འདི་ཚོ་གྲྭ་བའི་ཡོ་སྤྱད་མ་རེད། དེང་སང་གི་གྲྭ་བ་འདི་ཚོ་ལ་མི་དགོས་རྒྱུ་རྩ་བ་ནས་མི་འདུག་ལ། འགྲོ་མི་མི་དགོས་ས་ཡང་རྩ་བ་ནས་མི་འདུག་པས། བྱུར་འདྲེ་འདྲ་བོ་ཞིག་གིས་དེད་ཡོང་བ་འདྲ་བོ་མཐོང་གི་འདུག ང་ཚོ་ཆུང་དུས་གྲྭ་བ་ཚོའི་ལག་གི་རྒྱན་ཆ་དེ་ཉིད་ཕྲེང་བ་དང་། ལུས་ཀྱི་རྒྱན་ཆ་གཟན་ཤམ་ཡིན་ཡང་། དེང་སང་གི་གྲྭ་བ་འདི་ཚོས་ལག་ན་ཁ་པར་ཞིག་ས་ཆ་གང་དུ་སོང་ཡང་འབྲལ་མེད་དུ་ཐོགས་ བཞིན་པ་དང་། ལུས་ལ་སྟོད་གོས་ཕུ་མེད་ཅིག་ལས་གཟན་གར་ཡོད་མི་ཤེས་པར་མ་ཟད། ཤམ་ཐབས་ཕུད་ལ་ཁད་རེད། དེང་སང་གནས་ཚུལ་མ་རུང་བ་ཞིག་ནི་རབ་བྱུང་ཡིན་ཟེར་མཁན་གྱི་གྲྭ་བ། བླ་མ་སྤྲུལ་སྐུ་སུ་ཡིན་རུང་སྒོར་མོ་ཅུང་ཟད་ཡོད་ཚད་ནས་བཟུང་། འདུལ་ཁྲིམས་སྲུང་མི་དགོས་པ་དང་། གཟན་ཤམ་གོན་མི་དགོས་པ་འདྲ་བོ་ཞིག་ཆགས་འདུག ཕྱི་རྒྱལ་ཁག་ནས་བསླེབ་མཁན་མང་པོ་ཞིག་གིས་རྒྱ་གར་བསླེབ་ཚར་དུས། གོས་ཐུང་ཞིག་གོན་ནས་འགྲོ་བསྡད་མཁན་མང་པོ་ཞིག་མཐོང་སོང་། འདི་ཚོས་རིགས་དེ་ཕྱི་རྒྱལ་དུ་སོང་ན་ཡང་ཁ་ཞེ་མི་མཚུངས་པའི་ལས་དཀའ་རྐྱང་རྐྱང་བྱེད་བཞིན་ཡོད་པ་ལུས་ངག་གི་རྟགས་ལ་བརྟེན་ནས་རྟོགས་ནུས། སྤྱིར་བཏང་སངས་རྒྱས་ཀྱིས་ཀྱང་གང་ཟག་ཐ་མལ་པ་ཞིག་གིས་གང་ཟག་གི་ཚོད་བཟུང་ན་མི་ འགྲིགས་པར་གསུང་ཡོད་ན་ཡང་། ལུས་ངག་གི་རྟགས་ལ་བརྟེན་ནས་ནང་གི་སེམས་བརྒྱུད་དཔོག་ནུས་པའི་ཚུལ་ཡང་གསུང་ ཡོད་པས། གང་ཟག་བཟང་ངན་བཤད་པ་ན་ཡང་ཉེས་པ་ཆེར་མེད་པར་སེམས།
གལ་སྲིད་འཕྲུལ་རིག་འདི་དག་བཀག་འགོག་བྱེད་པ་ཡིན་ན། མགོ་མཇུག་བར་གསུམ་ཚང་མ་ས་ནས་བཀག་ཐུབ་སོང་ན་ཡག་ཤོས་རེད། ཡང་འོག་མ་ཚོར་བཀག་ནས་གོང་མ་ཚོས་གང་འདོད་བྱེད་བསྡད་ན་མཐའ་ཐུབ་པ་ཁག་པོ་རེད། དེ་ཕྱིར་སྟོན་པས་འདུལ་བའི་བསླབ་བྱ་དགེ་འདུན་ཆེ་ཆུང་ཚང་མ་གཅིག་མཚུངས་སུ་གདམ་ཡོད་པ་བཞིན། དགོན་པའི་བསྒྲིག་ཁྲིམས་ཀྱང་ཆ་སྙོམས་གནང་ཐུབ་སོང་ན། སྐྱ་སེར་ཚང་མས་དགའ་བ་སྒོམ་པ་དང་། རྒྱབ་བསྐྱོར་གནང་དགོས་ངེས་ཤིག་རེད། གང་ཡིན་ཞེ་ན་བོད་ཀྱི་ནང་ཆོས་བདག་པོ་ཐུབ་སོང་ན། བོད་རིག་གཞུང་གི་རྩ་བ་ཟིན་སོང་བ་རེད། ནང་བསྟན་འདི་མེད་ན་བོད་པ་ཚོས་གང་ཡང་མི་འཇོན་པ་ནི་ཕར་བལྟས་ཚུར་གཟིགས་རེད། ནང་ཆོས་ལ་སྦྱང་པ་ལེགས་པར་གནང་སྟེ། ཁ་ཞེ་མཚུངས་པ་ཞིག་ཆགས་སོང་ན། བོད་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་༧གོང་ས་མཆོག་གཙོ་བོར་གྱུར་བོད་ཀྱི་བླ་སྤྲུལ་མཚན་ཉིད་པ་དག་ལ་གཅིག་ལྟོས་དང་ཤེས་ངེས་ཡིན། གལ་སྲིད་འཕྲུལ་རིགས་བཀག་འགོག་ལ་འགའ་ཞིག་གིས་མ་ཉན་ཏེ། ངོ་རྒོལ་བྱས་པའམ། གྲྭ་ཚང་ཕྱེད་ཀ་ཞིག་གིས་མ་ཉན་པ་ཡིན་ན་ཡང་གྲྭ་ཚང་ཕྱེད་ཀ་གནས་དབྱུང་གཏང་ཐུབ་སོང་ན། ལོ་རྗེས་མ་ནས་གྲྭ་ཚང་ཉིས་ལོགས་འཕེལ་བ་ལས། འདུ་ཚོགས་རྒྱས་པ་ལ་གནོད་རྒྱུ་མ་རེད། དེ་མིན་མ་རབ་དེ་ཚོས་གང་བྱས་ལ་ལེགས་སོ་ཕུལ་ཏེ་བསྒུག་བསྡད་ན། དགེ་འདུན་གྱི་འདུས་སྡེ་མི་རིང་བར་ཉམ་ངེས་སོ། །དེང་སང་དགོན་སྡེ་ཁག་ཏུ་གྲྭ་བ་འཛུལ་ཞུགས་བྱེད་མཁན་མེད་པར་ཆགས་པ་དེ་གྲྭ་བའི་ སྒྲིག་ཁྲིམས་མ་སྲུང་བའམ། དགེ་བསྐོས་དང་། མཁན་པོ། དགོན་བདག་རྣམ་པས་ཆོས་ཁྲིམས་ཡག་པོ་བསྡམས་མ་ཐུབ་པས་ལན་སོང་བ་ཡིན་ནམ་བསྙམས། ཆོས་བརྒྱུད་དང་། གྲྭ་རྒྱུན་ཞེས་པ་དེ་དགོས་ཀྱིན་ཡོད་ན་དགོན་པ་གཙང་མ་ཞིག་དང་། དགེ་འདུན་སྡེ་གཉིས་གང་རུང་ཁ་ཚོན་ཆོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། འདིའི་སྐོར་༧གོང་ས་མཆོག་གིས་ཀྱང་བཀའ་ཐེངས་མང་ཕེབས་ཚར་བ་རེད། ངའི་སེམས་ལ་དགེ་ལྡན་པའི་ནང་དུ་ཡང་དགེ་འདུན་སྡེ་གཉིས་ཡོད་དགོས་ངེས་ཤིག་དང་། ཆོས་བརྒྱུད་གཞན་པ་དག་གིས་སློབ་སྦྱོང་གནང་སྟངས་དང་། བསླབ་པའི་གོ་རིམ་དག་དགེ་ལྡན་པ་ལ་དཔེ་བླངས་ཏེ། ཕན་ཚུན་བརྗེ་ལེན་བྱ་རྒྱུ་རྒྱུ་ཞིག་ཡོད་པར་སེམས། སྤྱིར་བཏང་དགེ་འདུན་པ་རབ་བྱུང་ཤ་སྟག་བྱུང་ན་དེ་གས་འཐུས་པ་རེད། དེ་ལས་གཞན་ཞིག་ཡོད་དགོས་པའི་ངེས་ཆེར་མི་འདུག་མོད། ཡིན་ན་ཡང་དེང་སང་གི་དུས་ཚོད་དང་བསྟུན་པ་ཡིན་ན། རབ་བྱུང་གཙང་མ་དཀོན་པོ་ཆགས་བཞིན་པ་རེད། ང་ཚོའི་བསྟན་པ་གནས་དགོས་དུས་རྩ་ནས་གོས་དཀར་གྱི་སྡེ་དེ་ཉིད་ཁྱིམ་པ་དང་དབྱེ་འབྱེད་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་སོང་ན། བསྟན་པ་ལ་འགལ་རྐྱེན་ཆེན་པོ་ཞིག་འགྱུར་བར་སེམས་ནས་ཡོད།
ཡང་གྲྭ་བ་འགའ་ཞིག་གིས་དགོན་པ་ནང་ཁྲིམས་མང་པོ་ཞིག་ཁུར་ཐུབ་ས་མ་རེད། དེ་བས་ཁྱིམ་དུ་ལོགས་ནས་སྐྱིད་ཉལ་རྒྱག་ནས་འདུག་རྒྱུ་ཡིན་ཟེར་མཁན་དག་ལ་མཚོན་ན། ངེས་པར་དུ་ཁྲིམས་ཀྱིས་བཙུར་དགོས་པའི་གཏེ་བོ་དེ་ཚོ་རེད། ཁོ་ཚོས་གྲྭ་བ་གསར་བ་དང་། གྲྭ་ཆུང་ཚོར་དགོན་པར་སུན་པའི་གཏམ་ཁོ་ན་སྨྲས་ཏེ། གསར་ཞུགས་ཚོར་འདུག་བཟོ་མི་བདེ་བ་བཟོ་མཁན་ཡང་མང་པོ་རེད། དགེ་འདུན་སྒྲིག་གིས་འཚོ། ངང་པ་ཆུ་ཡིས་འཚོ་ཟེར་བ་བཞིན། དགེ་འདུན་ལ་འདུལ་བ་མཐུན་པའི་དགག་སྒྲུབ་བསླབ་བྱ་ཡང་དག་ཅིག་བཞག་ཐུབ་དགོས་པ་རེད། དེ་ལྟར་མ་བྱུང་ན། དགེ་འདུན་ལ་སྒྲིག་མེད་ན་དམ་ཉམ་ལུང་པ་གང་། དཔོན་པོ་ལ་ཁྲིམས་མེད་ན་ཁྲམ་པས་ལུང་པ་གང་། ཟེར་བ་བཞིན་ཉེན་ཁ་ཆེན་པོ་རེད། དེ་ཕྱིར་ཆོས་དང་། འཇིག་རྟེན་གང་ཡིན་ཡང་ཁྲིམས་དང་། སྒྲིག་ལམ་ཞིག་མེད་ན། ཆུང་ས་ནས་ལྟོ་དགང་བ་ལ་ཡང་དཀའ་ཁག་མཆིས་ན། ཚོགས་པ་དང་། དགོན་སྡེ་བསྐྱང་དགོས་ན་ཁྲིམས་མེད་ན་ག་ལ་འགྲིགས།

དེང་ཆོས་བརྒྱུད་ཆེ་ ཆུང་སུ་ཡིན་ན་གཙོ་ཆེ་བ་སྤྲུལ་སྐུ་དང་། མཁན་པོ། དགེ་བཤེས་འདི་ཚོས་ཐུགས་གཟབ་གནང་དགོས་ཀྱི་འདུག ཁྱོད་ཚོ་དགོན་པ་དང་། བཤད་གྲྭ། སློབ་གྲྭ་སོགས་ཀྱི་གཙོ་བོ་རེད། གཙོ་བོ་དག་ཡག་པོ་ཞིག་ཆགས་སོང་བ་ཡིན་ན། ཆུང་ས་ནས་སྐྱོན་ཅུང་ཟད་བསླེབ་བསྡད་པ་ཡིན་ན་ཡང། སྤྱི་ཚོགས་དེ་དང་། དགོན་སྡེ་དང་། བཤད་གྲྭ་དེ་ལ་སྐྱོན་ཆེན་པོ་ཞིག་བསླེབ་ཐུབ་མདོག་ཁག་པོ་མ་རེད། གོང་ན་སྐྱོན་ཞིག་བསླེབ་སོང་བ་ཡིན་ན་ཁག་པོ་ཆགས་པ་རེད། སྐྱོན་བསླེབ་པ་དང་། གོང་མ་ཚོས་དགོངས་པ་ཞུས་རོགས་གནང་ན་འགྲིགས་ཀྱང་། གོང་གི་གོ་ས་དེ་འདོར་མི་ཐུབ་པའི་སྡུག་བསྔལ་ཞིག་ཡོད་ཚོད་རེད། དེ་ཕྱིར་བསྟན་པ་འཛིན་འདོད་ན་ཁ་ཞེ་མཚུངས་པ་ཞིག་དང་། ལས་འབྲས་དང་། སྡོམ་དམ་ཚིག་སྲོག་བཞིན་སྲུངས་ཏེ། ངས་ཆོས་བཞིན་དུ་བྱས་ཡོད་ད་བསྙམ་པའི་རང་གིས་རང་ལ་ཡིད་ཆེས་པ་ཞིག་དང་། གཞན་དག་གིས་ཀྱང་ཁོང་ནི་བླ་མ་མཚན་ཉིད་ཚང་བ་ཞིག་རེད་ད། ཞེས་པའི་ཡིད་སྨོན་འཆོར་ས་ཞིག་བྱུང་ན། ཆོས་བརྒྱུད་དང་། མི་རིགས་གཉིས་ཀྱི་གཟི་བརྗིད་རེད། དེ་མིན་དགེ་འདུན་སྡེ་གཉིས་གང་གི་ཁུངས་སུ་མ་གཏོགས་པའི་ཕུང་གསུམ་པའི་སྤྱོད་ པས་མི་རིགས་དང་། ཆོས་བརྒྱུད་གཉིས་ཀ་ལ་ཕན་ཐོགས་སྐར་གང་མེད་པར། གནོད་ཆེན་པོ་ཞིག་སྐྱེལ་ངེས་པས་ཐུགས་གཟབ་གནང་རོགས་ཞུ།

མདོར་ན་དགོན་པ་ སྲ་བརྟན་ཆགས་དགོས་ན། ལས་འབྲས་དང་། སྡོམ་པ། དམ་ཚིག་གསུམ་ཡང་དག་པར་སྲུང་དགོས་པ་ནི་གཞི་རྩ་རེད། དེའི་སྟེང་ནས་སློབ་གཉེར་གནང་དགོས་པ་དེ་ཨང་གཉིས་པ་རེད། སློབ་གཉེར་ཡོད་ཀྱང་རང་གིས་ཉམས་ལེན་ཡག་པོ་མ་གནང་ན། མི་ལ་བཤད་ཀྱང་ཉན་མཁན་ཁག་པོ་རེད། དེ་ཕྱིར་ཐུགས་མཐུན། ཁྲིམས་གཙང་། སྤང་ཀློག་གི་བྱ་བ་བརྩོན་པ་སྟེ། བསྒྲིགས་ཁྲིམས་ཆེན་པོ་བཞི་དང་མ་འབྲལ་ནས་དགོན་པ་ཞེས་པའི་མཚན་ཉིད་ཚང་སོང་བ་ རེད།

སྣ་ཚོགས།

Post navigation

Previous Post: རང་དབང་དམ་པ།
Next Post: གློག་མེད་པའི་རྒྱ་གར།

Comments (66) on “དགོན་སྡེ་ཁག་གི་འཕྲུལ་འགོག་ལ་ལེགས་སོ་བརྗོད་པ།”

  1. བདུད་རྡོ says:
    2012-08-20 at 2:10 pm

    རང་གིས་ཉམས་སུ་མ་བླང་ན།།མི་ལ་བཤད་ཀྱང་ཉན་མཁན་མེད།།དོན་དེ་ཁྱེད་ཀྱིས་ཉམས་སུ་ལོངས།།

  2. སྤྱང་ཤོག says:
    2012-08-20 at 2:24 pm

    མུན་ནག་གི་སྤྱི་ཚོགས་ཞིག་སྐྲུན་འདོད་མེད་ལ་བོད་མིའི་དུས་རབ་ཀྱི་རྗེས་ཟིན་དགོས་པ་གལ་ཆེ་། རྗེས་ལུས།

  3. ཤེས་དགའ་ says:
    2012-08-20 at 3:17 pm

    ཨོ་རྒྱན་ཉི་མས་གྲྭ་པས་གློག་ཀླད་དང་དྲྭ་རྒྱ་བེད་སྤྱོད་བཏང་མི་ཆོག་ཟེར་བ་དང་། ཁོ་རང་ཁ་བརྡ་བལྟས། བསམ་ཚུལ་བཤད་ཆོག་པ་གཉིས་ལ་ནང་འགལ་འདུག

  4. རིགས་ཞེན་དཀར་པོ། says:
    2012-08-20 at 3:24 pm

    དང་པོ་རང་ཉིད་ཀྱི་ཉམས་ལེན་ལ་ཞུ་དག་གྱིས། དེ་ནས་རང་ཉིད་ལ་མི་ཡི་མགོ་ཁྲིད་ཞིག་བྱེད་འོས་པའི་ལྟ་སྤྱོད་རྣམ་དག་འདུག་ན་མི་ལ་ལམ་སྟོན་བྱ་ན་ཡག་པོ་རེད་དེ་ལྟར་མིན་པའི་ཁྲམ་གཏམ་ལ་སུས་ཀྱང་རྣམ་བ་གཡར་གྱི་མ་རེད་དོ་སྤྲུལ་ལོག་ཚོ།

  5. རིག་པའི་བུ says:
    2012-08-20 at 3:54 pm

    དེང་རབས་ཀྱི་དགྲ་བོའི་ནི་དགོན་སྡེ་ཡིན་པའི་རང་གཤིས་ཇེ་གསལ་རེད།

  6. ཀརྨ་ཡེ་ཤེས says:
    2012-08-20 at 5:04 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེ་སང་གི་ཡག་པོ་གསུངས་བཞག རྟོན་པ་བཞི་བོ་གོ་མ་ནོར་བ་ཞིག་ཡིན་ནས་བཟུང་དངོས་གནས་དེ་འདྲ་རེད། གཟུར་གནས་ཀྱི་ཚོགས་བཤད་རེད། ༧རྐྱལ་དབང་ཀརྨ་པ་དང་གོང་ས་མཆོག་གིས་ཡང་ཡང་གསུང་གི་འདུག དགོན་པ་དང་གྲྭ་ས་མིང་དོན་མཚུངས་པ་དགོས་རེད་ཅེས་གསུངས་བཞག ། ཧ ཧ སྔགས་པ་ཚོས་གློག་ཀླད་བེད་སྤྱོད་ཆོག་བཤད་ན་རང་འདོད་ཅིག་མིན་ནམ།

  7. རང་དབང་། says:
    2012-08-20 at 6:28 pm

    ཨུ་རྒྱན་ཉི་མས་བྲིས་པ་ཚང་མ་བཤུས་ནས་ཉར་ཡོད། ཁོ་རང་གི་བུ་ཆུང་ཆུང་དེ་གློག་དྲ་ཁ་པར་ཚུད་ལ་ལག་པ་འཆང་མྱོང་མེད་པའི་གྲྭ་པ་ཞིག་གསོ་སྐྱོང་ག་འདྲ་བྱས་སོང་ལྟ་དགོས། ཁ་ནས་བཤད་ན་བདེ་པོ་ཡོད། རང་ཉིད་དགོན་པ་ནང་ཡོད་དུས་མ་བྱས་ནར་ཐོན་ནས་ཉིན་མཚན་དབྱེར་མེད་གློག་དྲ་གཉིས་ལ་སྤྱད། རང་གི་བུ་ལའང་དེ་འདྲ་བ་ཞིག་བྱེད་བཅུག་ན་མི་ལ་བཤད་པའི་རྒྱུ་མཚན་ག་རེ་ཡིན་པ་རྗེས་སུ་བལྟ་རྒྱུ་རེད།

  8. ཤཱཀྱ་ཐུབ་པ། says:
    2012-08-20 at 7:48 pm

    ངའི་གྲོགས་པོ་ཞིག་གིས་བརྗོད་ན། དགོན་སྡེ་ཁག་ཏུ་འཕྲུལ་རིགས་དེ་ཚོ་བཀག་འགོག་བྱེད་དགོས་པ་གལ་ཆེན་པོ་རེད། འོན་ཀྱང་གོང་འོག་ཚང་མར་འགོག་ཐུབ་རྒྱུ་མ་རེད། དེ་ལས་གློག་བཀག་བཞག་ན་ཡག་ཤོས་རེད་ཟེར། ངས་བསམ་ན་གློག་བཀག་རྒྱུ་ཐབས་གཞན་ཡོད་ཚོད་མི་འདུག དེ་བས་བདུན་ཕྲགས་རྗེས་མར་དགོན་སྡེ་ཁག་ཏུ་གློག་འགོག་རྒྱུ་ཡིན། ཚང་མས་ཐུགས་འཇགས་གནང་རོགས།

  9. བཟང་པོ་ says:
    2012-08-20 at 7:58 pm

    དང་པོ་ཨོ་རྒྱན་ཉི་མ་ལགས་ཀྱིས་ཐུགས་འཁུར་ཆེན་པོས་དགོན་སྡེ་ཁག་གི་འཕྲུལ་འགོག་གི་དགོངས་འཆར་སྟོན་གནངབར་
    ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།།ང་ནི་སྔར་བོད་རྒྱ་ལག་ཏུ་མ་ཤོར་གོང་གི་དགོན་སྡེ་ཁག་གི་གནས་སྟངས་ཞིབ་ཙམ་ཤེས་ཀྱི་ཡོད་་རྒྱ་དམར་གྱིས་བོད་ནང་གདུག་རྩུབ་ཆེན་པོ་དང་བསམ་ངན་ཁོག་བཅངས་ཀྱིས་དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེའི་ལས་འགུལ་ཁག་སྤེལ་ནས་བོད་ཀྱི་ས་གནས་གང་སར་རྙིང་གཏོར་གསར་འཛུགས་དང་བཅོས་སྒྱུར་སྐྱར་ཞིབ་གྲལ་རིམ་དཔུང་ཁག་གཙང་བཤེར་སོགས་ཀྱི་དྲི་ངན་ཅན་གྱི་ལས་འགུལ་སྤེལ་བའི་སྐབས་སུ་དགོན་སྡེ་ཁག་ནི་རྙིང་གཏོར་གསར་འཛུགས་བྱ་ཡུལ་གཙོ་གནད་ལྟེ་བར་བརྩིས་ནས་བོད་ཀྱི་དགོན་སྡེ་ཁག་རྩ་མེད་བཏང་ནས་ཤུལ་མེད་བཟོས་ཡོད་པའི་གནས་ཚུལ་དངོས་རྣམས་ཀུན་གྱི་མཁྱེན་གསལ་ཡིན་པ་དང་སྐབས་དེའི་ལས་འགུལ་ཀྱི་ཡ་ང་བའི་ལོ་རྒྱུས་དངོས་མཐོང་མཁན་ཡང་དེང་དགོན་པའི་ནང་ཡོད་ཤས་ཆེ་བ་དང་ཡོད་པ་རེད་སྔར་བོད་ཀྱི་མཁས་པ་དུ་མས་སྐུ་ངལ་ཚད་མེད་པ་སྐྱོན་ནས་སངས་རྒྱས་བསྟན་པའི་རྩ་བ་བཙུགས་ནས་སློབ་གཉེར་མཐར་ཕྱིན་གནང་ཏེ་མཁས་པ་དུ་མ་བསྐྱེད་བསྲིངས་གནང་ནས་ད་ལྟ་ཆོས་སྒར་རྒྱས་པོ་ཁྲ་སིལ་སིལ་བསྐྲུན་ཡོད་པ་རེད་དེ་ནི་སློབ་གཉེརགནང་ས་ཡག་པོ་རེད་ད་དུང་འཚོ་བའི་མཐུན་རྐྱེན་ཚང་ངེས་ཡིན་པ་མཐོང་གསལ་རེད་དེ་དག་ལ་བསམ་ཤེས་གནང་དགོས་གལ་ཆེ་རུང་ནང་ཆོས་སློབ་གཉེར་ལ་མ་བརྩོན་པར་གློག་ཀླད་དང་ཁ་དཔར་དྲ་རྒྱ་ལག་ཐོག་ཁ་དཔར་གློག་བརྙན་སྒྲིག་ཆས་དེ་མིན་འཕྲུལ་རིགས་དྲ་རྒྱ་ཁག་བརྒྱུད་ནས་འདོད་ལོག་གི་རིགས་སོགས་རྣམས་ནི་ལུས་ལ་སངས་རྒྱས་ཀྱི་གནང་བའི་གྲ་ཆས་བཞེས་གནང་ཡས་ནི་དགེ་འདུན་སྒྲིག་ཁྲིམས་ལས་མ་མཐུན་ཤ་སྟག་གནང་གི་ཡོད་པ་དངོས་ཡོད་ལ་གཞིག་ནས་རྩ་འགོག་གནང་གལ་ཆེ་བས་བླ་སྤྲུལ་དང་མཁན་པོ་དགེ་བསྐོས་སོགས་དགོན་པའི་ཁྲིམས་སྐྱོང་པ་རྣམས་ཀྱིས་དགོངས་བཞེས་ཡོང་བ་དང་ད་དུང་དགོན་པའི་ནང་གྲ་པས་བུ་མོ་དང་ལག་སྲེལ་བང་ནས་འགྲོ་སྐྱོད་གནང་བ་་ནི་གྲ་པའི་ཁྲིམས་དང་མ་མཐུན་པ་མཟད་གྲ་པ་ཚོའི་སྤྱོད་ལམ་མི་འོས་མི་འགྲིགས་ཐ་ཤལ་དེ་དག་མི་མང་གི་མཐོང་གི་ཡོད་པ་རེད་དེ་བཞིན་བྱ་སྤྱོད་དེརིགས་སྣང་མེད་མི་འཇོག་པ་གནང་རྒྱུ་དེ་དགོན་པའི་དབུ་འཛིན་ནས་གྲ་་དམངས་ཡོངས་ལ་ཡོད་པའི་ལས་འགན་གལ་འགངས་ཆེ་བ་དེརེད་ཆོས་ཁྲིམས་དང་དགེ་འདུན་སྡེའི་སྒྲིག་གཞི་ཁག་ལ་གཏོར་མཁན་ནི་རྒྱ་དམར་གྱི་འདོད་དོན་འགྲུབ་ཀྱི་ཡོད་པ་རེད་དེ་སྔོན་དགེ་ལུགས་པའི་སྒྲིག་གཞི་གཏན་འབེབས་པ་རྣམས་ལག་བསྟར་ཡོང་བའི་རེ་འདུན་དང་ད་ཡོད་མི་ལེགས་པའི་སྤྱོད་ཚུལ་རྣམས་ཞིབ་རྩད་དགོས་གལ་རེད་ན་དགོངས་བཞེས་གཏིང་ཟབ་ཡོད་པ་བཅས་ད་ལྟ་དེ་ཙམ་ལ་ཡིན་དགྲ་དགའ་རུ་མ་བཅུག་རོགས་གནང་ཞུ་།།

  10. ཤཱཀྱ་ཐུབ་པ། says:
    2012-08-20 at 8:00 pm

    བདུན་ཕྲག་རྗེས་མ་ནས་དགོན་སྡེ་ཁག་ཏུ་གློག་འགོག་རྒྱུ་རེད་འདུག

    ངའི་གྲོགས་པོ་ཤཱཀྱ་ཐུབ་པས་བརྗོད་ན། དགོན་སྡེ་ཁག་ཏུ་འཕྲུལ་རིགས་དེ་ཚོ་བཀག་འགོག་བྱེད་དགོས་པ་གལ་ཆེན་པོ་རེད། འོན་ཀྱང་གོང་འོག་ཚང་མར་འགོག་ཐུབ་རྒྱུ་མ་རེད། དེ་ལས་གློག་བཀག་བཞག་ན་ཡག་ཤོས་རེད་ཟེར། དེ་བཞིན་རྒྱན་དྲུག་མཆོག་གཉིས་ཀྱིས་ཀྱང་གློག་འགོག་རྒྱུ་ལས་ཐབས་གཞན་མེད་པར་ཐག་བཅད་འདུག དེ་བས་བདུན་ཕྲགས་རྗེས་མར་དགོན་སྡེ་ཁག་ཏུ་གློག་འགོག་རྒྱུ་རེད། ཚང་མས་ཐུགས་འཇགས་གནང་རོགས། གཏམ་འདི་ཕན་ཚུན་ལ་བཤད་པར་ཐུགས་རྗེ་ཆེ།

  11. བཟང་པོ་ says:
    2012-08-20 at 8:03 pm

    དང་པོ་ཨོ་རྒྱན་ཉི་མ་ལགས་ཀྱིས་ཐུགས་འཁུར་ཆེན་པོས་དགོན་སྡེ་ཁག་གི་འཕྲུལ་འགོག་གི་དགོངས་འཆར་སྟོན་གནངབར་
    ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།།ང་ནི་སྔར་བོད་རྒྱ་ལག་ཏུ་མ་ཤོར་གོང་གི་དགོན་སྡེ་ཁག་གི་གནས་སྟངས་ཞིབ་ཙམ་ཤེས་ཀྱི་ཡོད་་རྒྱ་དམར་གྱིས་བོད་ནང་གདུག་རྩུབ་ཆེན་པོ་དང་བསམ་ངན་ཁོག་བཅངས་ཀྱིས་དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེའི་ལས་འགུལ་ཁག་སྤེལ་ནས་བོད་ཀྱི་ས་གནས་གང་སར་རྙིང་གཏོར་གསར་འཛུགས་དང་བཅོས་སྒྱུར་སྐྱར་ཞིབ་གྲལ་རིམ་དཔུང་ཁག་གཙང་བཤེར་སོགས་ཀྱི་དྲི་ངན་ཅན་གྱི་ལས་འགུལ་སྤེལ་བའི་སྐབས་སུ་དགོན་སྡེ་ཁག་ནི་རྙིང་གཏོར་གསར་འཛུགས་བྱ་ཡུལ་གཙོ་གནད་ལྟེ་བར་བརྩིས་ནས་བོད་ཀྱི་དགོན་སྡེ་ཁག་རྩ་མེད་བཏང་ནས་ཤུལ་མེད་བཟོས་ཡོད་པའི་གནས་ཚུལ་དངོས་རྣམས་ཀུན་གྱི་མཁྱེན་གསལ་ཡིན་པ་དང་སྐབས་དེའི་ལས་འགུལ་ཀྱི་ཡ་ང་བའི་ལོ་རྒྱུས་དངོས་མཐོང་མཁན་ཡང་དེང་དགོན་པའི་ནང་ཡོད་ཤས་ཆེ་བ་དང་ཡོད་པ་རེད་སྔར་བོད་ཀྱི་མཁས་པ་དུ་མས་སྐུ་ངལ་ཚད་མེད་པ་སྐྱོན་ནས་སངས་རྒྱས་བསྟན་པའི་རྩ་བ་བཙུགས་ནས་སློབ་གཉེར་མཐར་ཕྱིན་གནང་ཏེ་མཁས་པ་དུ་མ་བསྐྱེད་བསྲིངས་གནང་ནས་ད་ལྟ་ཆོས་སྒར་རྒྱས་པོ་ཁྲ་སིལ་སིལ་བསྐྲུན་ཡོད་པ་རེད་དེ་ནི་སློབ་གཉེརགནང་ས་ཡག་པོ་རེད་ད་དུང་འཚོ་བའི་མཐུན་རྐྱེན་ཚང་ངེས་ཡིན་པ་མཐོང་གསལ་རེད་དེ་དག་ལ་བསམ་ཤེས་གནང་དགོས་གལ་ཆེ་རུང་ནང་ཆོས་སློབ་གཉེར་ལ་མ་བརྩོན་པར་གློག་ཀླད་དང་ཁ་དཔར་དྲ་རྒྱ་ལག་ཐོག་ཁ་དཔར་གློག་བརྙན་སྒྲིག་ཆས་དེ་མིན་འཕྲུལ་རིགས་དྲ་རྒྱ་ཁག་བརྒྱུད་ནས་འདོད་ལོག་གི་རིགས་སོགས་རྣམས་ནི་ལུས་ལ་སངས་རྒྱས་ཀྱི་གནང་བའི་གྲ་ཆས་བཞེས་གནང་ཡས་ནི་དགེ་འདུན་སྒྲིག་ཁྲིམས་ལས་མ་མཐུན་ཤ་སྟག་གནང་གི་ཡོད་པ་དངོས་ཡོད་ལ་གཞིག་ནས་རྩ་འགོག་གནང་གལ་ཆེ་བས་བླ་སྤྲུལ་དང་མཁན་པོ་དགེ་བསྐོས་སོགས་དགོན་པའི་ཁྲིམས་སྐྱོང་པ་རྣམས་ཀྱིས་དགོངས་བཞེས་ཡོང་བ་དང་ད་དུང་དགོན་པའི་ནང་གྲ་པས་བུ་མོ་དང་ལག་སྦྲེལ་བཏང་ནས་འགྲོ་སྐྱོད་གནང་བ་་ནི་གྲ་པའི་ཁྲིམས་དང་མ་མཐུན་པ་མཟད་གྲ་པ་ཚོའི་སྤྱོད་ལམ་མི་འོས་མི་འགྲིགས་ཐ་ཤལ་དེ་དག་མི་མང་གི་མཐོང་གི་ཡོད་པ་རེད་དེ་བཞིན་བྱ་སྤྱོད་དེརིགས་སྣང་མེད་མི་འཇོག་པ་གནང་རྒྱུ་དེ་དགོན་པའི་དབུ་འཛིན་ནས་གྲ་་དམངས་ཡོངས་ལ་ཡོད་པའི་ལས་འགན་གལ་འགངས་ཆེ་བ་དེརེད་ཆོས་ཁྲིམས་དང་དགེ་འདུན་སྡེའི་སྒྲིག་གཞི་ཁག་ལ་གཏོར་མཁན་ནི་རྒྱ་དམར་གྱི་འདོད་དོན་འགྲུབ་ཀྱི་ཡོད་པ་རེད་དེ་སྔོན་དགེ་ལུགས་པའི་སྒྲིག་གཞི་གཏན་འབེབས་པ་རྣམས་ལག་བསྟར་ཡོང་བའི་རེ་འདུན་དང་ད་ཡོད་མི་ལེགས་པའི་སྤྱོད་ཚུལ་རྣམས་ཞིབ་རྩད་དགོས་གལ་རེད་ན་དགོངས་བཞེས་གཏིང་ཟབ་ཡོད་པ་བཅས་ད་ལྟ་དེ་ཙམ་ལ་ཡིན་དགྲ་དགའ་རུ་མ་བཅུག་རོགས་གནང་ཞུ་།།

  12. འབའ་གནས་། says:
    2012-08-20 at 9:42 pm

    ཨོ་རྒྱུན་ཉི་མ་ཟེར་བའི་སྐྱ་མིན་སེར་མིན་འདིའི་མཆི་ཏོ་མི་ཐོན་ས་ཟིག་མེད་ཀི

  13. མང་ཐོས། says:
    2012-08-20 at 9:53 pm

    ཨོ་རྒྱན་ཉི་མ་བདེན་གི དགོན་པའི་ནང་ལ་འཕྲུལ་རིགས་འགོག་ཐབས་ཡག་ཤོས་དང་ལས་སླ་ཤོས་དེ་གློག་མེད་པར་བྱས་ན་རང་བཞིན་གྱིས་གློག་ཀླད་དང་། ཁ་པར། བརྙན་འཕྲིན་སོགས་བེད་སྤྱོད་མེད་པར་གཏོང་ཐུབ། ད་རུང་དགོན་སྡེ་ནང་ལ་གཤམ་གྱི་འདི་རྣམས་ངེས་པར་འགོག་དགོས། དགོན་སྡེ་ནང་ནས་དབྱིན་ཡིག་སློབ་པ། ཨང་རྩིས། རྒྱ་ཡིག ཚན་རིག་སོགས་སྦྱང་མི་ཆོག་པ་བཟོ་དགོས། ད་རུང་དགོན་པའི་ནང་ཚགས་ཤོག་འདྲ་མིན་བཙོང་མི་ཆོག་པར་བཟོ་དགོས།

  14. འདྲེ་རྐང་ཐོ། says:
    2012-08-20 at 10:02 pm

    གནའ་དུས་དགོན་པ་བདེན་ས་ཁག་ལ་གློག་ཀླད་ཁ་པར་མེད་ན་ཡང་། །
    སྡོམ་ཁྲིམས་གཙང་མས་ཞི་ཞིང་མཛེས་ལ་ཕྱི་ཡི་མཛད་སྤྱོད་ཡིད་དུ་འོང་། །
    འཆད་རྩོད་རྩོམ་པའི་གཟི་འོད་འབར་བས་དགོན་པའི་ཕྱི་ནང་འོད་ཀྱིས་ཁེངས། །
    དེ་དུས་ཁ་ཡག་ངོ་བསྟོད་མི་དགོས་དད་ལྡན་སྐྱེ་བོས་མཆོད་བཞིན་ཡོད། །

    ཁ་སང་དེ་རིང་དགོན་པ་ཕལ་ཆེར་ཉིན་མ་རེ་ལ་རྒུད་ནས་འགྲོ། །
    བཤད་དང་སྒྲུབ་པའི་སློབ་གཉེར་གནང་མཁན་རེ་ཟུང་རེ་ཟུང་ཙམ་ལས་མེད། །
    སྤྱོད་པ་ལོག་པའི་གྲྭ་གཞོན་དག་གིས་གློག་ཀླད་ཁ་པར་ཐོགས་བྱས་ཏེ། །
    ཞབས་འདྲེན་ཚོད་མེད་ཞུ་བཞིན་འདུག་ན་དགོན་པར་འཕྲུལ་རིགས་དགག་ན་ལེགས། །

  15. lingkg78 says:
    2012-08-20 at 10:02 pm

    ཨོ་རྒྱན་ཉི་མས་གྲྭ་བ་ཚོ་སངས་རྒྱས་རུ་འཇུག་རྒྱུ་མ་རེད།

  16. ལོང་བ། says:
    2012-08-20 at 10:29 pm

    གྲྭ་བའི་སྤྱི་ཚོགས་ནི་ཡར་ཐོན་གྱི་བཀག་རྡོ་ཡིན་པར་ར་སྤྲོད་གསལ་པོ་གནང་འདུག

  17. ལོང་བ། says:
    2012-08-20 at 10:46 pm

    ནམ་རྒྱུན་ཆོས་བྱེད་མི་སྣ་ཚོས་ནང་ཆོས་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཐར་པའི་གོ་འཕང་ཞེས་པ་དེ་བསྐྲུན་བྱེད་ཀྱི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་མིག་ཟུམ་ཟུམ་དང་། ཐར་མོ་སྦྱར་སྦྱར་གྱིས་བཤད་ཀྱིན་ཡོད་ལ། ཐབས་ལམ་དེ་ཡང་། ཕྱིའི་རྣམ་འགྱུར་དང་ལུས་ངག་གི་བྱེད་སྒོའི་ཐོག་ནས་མ་ཡིན་པར། ནང་གི་སེམས་ཅེས་པ་ཞིག་ལ་རག་ལས་ཀྱི་ཡོད་པ་ནི་ཆོས་ལུགས་དེའི་སྡོམ་ཚིག་ཆེ་ཤོས་ཤིག་ཡིན་པར་སོང་། དེའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་ཆོས་བྱེད་མི་སྣས་འཕྲུལ་ཆས་དངོས་སུ་བེད་སྤྱོད་བྱེད་པ་ལས། བྱེད་འདོད་དེ་ཉེས་པ་ཆེ་བ་ནི་བརྒྱ་ཆ་བརྒྱ་ཡིན་པ་ཤེས་དགོས།

  18. བཙན་བྱོལ་བ་ says:
    2012-08-20 at 10:52 pm

    རྩིས་འཕྲུལ་རིགས་རྣམས་སངས་རྒྱས་བསྟན་པའི་དགྲ་བོ་ཞིག་ཏུ་འཛིན་མཁན་རྣམས་བསྟན་པའི་དགྲ་བོ་ངོ་མ་དེ་མི་ཤེས་པ་རང་རེད།

  19. ཐུགས་ཆེ། says:
    2012-08-20 at 11:03 pm

    ཨྱོན་ཉི་མ་མཆོག་གིས་གྲྭ་པ་ཚོ་ཐུགས་ཁུར་གནང་བ་ཡག་པོ་རེད་ཏེ་ དགོན་སྡེ་ཁག་ནས་ཀློག་ཀླད་དང་། ཁ་པར་རིགས་བཀག་འགོག་བྱས་པ་ལས་མི་མང་ནང་གཞོནུ་མང་པོ་ཞིག་གིས་མི་ཚེ་འཕྲོ་བརླག་གཏོང་དང་དཏོང་བཞིན་པ་རེད་དེ་ཚོ་ལ་གཟིགས་ན་ཡག་པོ་འདུག
    ཐུགས་ཆེ།།

  20. ལོང་བ། says:
    2012-08-20 at 11:10 pm

    འདྲེ་རྐང་ལགས། གནའ་དུས་ལས་དེང་སང་གི་ཆོས་བྱེད་མི་སྣ་ཚོ་བཟང་གི་རེད། གནའ་དུས་སུ་ཆོས་ལུགས་མི་སྣ་ཚོས་དཔལ་འབྱོར་དང་མི་མང་བདག་རྒྱུའི་ཆེད་དུ། རྒྱ་སོགས་ཧོར་གསུམ་ལ་རྒྱུགས་ཏེ་ཞྭ་མོ་དང་ཐམ་ཀ་སོགས་ལེན་རྒྱུ་ཁོ་ནར་དམིགས་ཏེ་ནང་ཆོས་ཀྱི་ཚོང་ལས་ཁོ་ནས་དུས་འདས་ཡོད་ལ། རག་གི་མི་རིགས་ནང་ཁུལ་ལ་མི་གསད་ཁྲག་སྦྱོར་གྱི་ལས་ཀ་ཡ་ང་བ་ཇི་སྙེད་ཅིག་གིས་དུས་འདས་ཡོད་པ་ནི་སྨིན་གླིང་དང་སྒོ་མང་གི་སྐོར། ས་སྐྱ་དང་འབྲི་གུང་གི་སྐོར། ཀམ་ཚང་དང་དགེ་ལུགས་གི་སྐོར་སོགས་ལ་ཕྱི་ལྟས་ཤིག་གྱིས་དང་མཁྱེན་ངེས་ལ་སྐྱུགས་ཡང་བྲོ་སྲིད། དེང་སང་སེར་མོ་བ་དེ་ཚོ་སོ་སོ་འཕྲུལ་ཆས་ལ་མགོ་བོ་འཁོར་རུང་མི་མང་ལ་དེ་ཙམ་གྱི་དཀའ་ཁག་སྤྲོད་ཀྱི་མི་འདུག་པས་སོ།།

  21. མིག་བརྒྱད་པ། says:
    2012-08-20 at 11:10 pm

    བཅོམ་ལྡན་འདས་ཀྱིས་ཡུལ་དུས་དང་བསྟུན་ནས་འདུལ་བའི་བཅས་ཁྲིམས་མཛད་པ་རེད། ཐེག་པ་ཆེན་པོའི་གཞུང་གོང་འོག་ཐམས་ཅད་བསྡུར་ནས་སློབ་དཔོན་ཡོན་ཤག་གི་དམ་ཆོས་འདུལ་བའི་དགོངས་དོན་ལྟར་སྟོན་པ་སྐུ་འདའ་ཁར་འདུལ་བ་མདོར་བསྡུས་གསུངས་དགོས་པའི་རྒྱུ་མཚན་དང་། དགག་བྱ་དང་དགོས་པ་ཆེ་ཆུང་ལ་བལྟས་ནས་རུང་བ་དང་མཐུན་ན་སྤྱད་པར་བྱ། རུང་བ་དང་མི་མཐུན་ན་སྤྱད་པར་མི་བྱའོ་ཞེས་པའི་དགག་སྒྲུབ་གནང་གསུམ་གྱི་གནད་ལེགས་པོར་ངེས་ཟིན་པ་གལ་ཆེ། སྟོན་པ་ཞལ་བཞུགས་དུས་གཙུག་ལག་ཁང་སོགས་བཞེངས་སྲོལ་ཡོད་ཀྱང་གྲྭ་ཤག་རྫིག་པོ་དེ་འདྲ་བརྒྱབ་པའི་ལུགས་སྲོལ་ཡོད་པ་མ་རེད། དགེ་སློང་དང་དགེ་སློང་མ་རྣམས་སྦྱངས་བའི་ཡོན་ཏན་ལ་བཅུ་གཉིས་ལ་གནས་ཏེ་བླ་གབ་མེད་པ་དང་དུས་ཁྲོད་པ་དང་ཤིང་དྲུང་པ་དང་བསོད་སྙོམས་པ་སོགས་འཚོ་བ་ངན་ངོན་ཙམ་ལ་བརྟེན་གི་ཡོད་པ་རེད། གནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་ཏིང་ངེ་འཛིན་སྒོམ་པ་གཙོ་ཆེ་བས་རང་བཞིན་གྱིས་འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་སྐྱེ་བའི་རྐྱེན་ཉུང་ཙམ་ཆགས་གི་ཡོད་པ་རེད། དེང་སང་ཁང་བ་རྫིག་པོ་དང་ཅ་ལག་རྫིག་པོ་སོགས་ཉོན་མོངས་སྐྱེ་བའི་རྐྱེན་མང་ཞིང་སྒོམ་སྒུབ་བྱེད་པ་ལ་གེགས་མང་བས་ཤིང་སྡོང་འོག་ནས་ཤིང་དྲུང་བ་བྱེད་མཁན་ཞིག་བྱུང་ན་ཆོས་པ་རྣམ་དག་ལོས་ཡིན་མོད། ཡིན་ཡང་དུས་དུས་ཚོད་དབང་གིས་ཡོང་ཐབས་ཡོད་པ་མ་རེད། ནང་པའི་དགོན་པ་ཐོག་མ་དཔལ་ན་ལེཎ་དྷ་ལྟ་བུར་དགེ་འདུན་མང་པོ་འདུས་ནས་འཆད་རྩོད་རྩོམ་གསུམ་གྱིས་སློབ་གཉེར་དབུ་ཚུགས་པ་ནས་དགེ་འདུན་པའི་འཚོ་བ་དང་འཚོ་བའི་མཐུན་རྐྱེན། གྲྭ་ཤག་སོགས་སྔར་དང་མ་འདྲ་བར་བྱུང་ཡོད་པ་དུས་ཚོད་ཀྱི་དབང་གིས་རེད། གདན་ས་ལ་ཆ་བཞག་ན་ཡང་དངོས་གནས་གྲྭ་བ་གྲྭ་རྐྱང་དཔེ་ཆ་ལྟ་མཁན་ཞིག་ཡིན་ན་དེ་ལ་རོགས་བྱེད་མཁན་ཧ་ལམ་ཡོད་པ་མ་རེད། གང་གི་སྤྲེལ་ལད་འཁྲོབ་མཁན་དེ་ཚོ་ལ་སྦྱིན་བདག་ཡང་འབད་མེད་ལྷུན་འགྲུབ་ཡིན་པ་རེད། རྗེ་གུང་ཐང་བས། བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང་།།གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང་།།ཞེས་གསུངས་པ་ལྟར་ཐན་སྙེ་མགོ་འཕང་མཐོ་བའི་རིགས་དང་བཅུད་ལྡན་སྙེ་མའི་མགོ་བོ་དམའ་བ་གཉིས་ཀ་ཡོད་པ་ངོས་ཟིན་དགོས་པ་གལ་ཆེ།

  22. བོད་ལ་ཞེན། says:
    2012-08-20 at 11:20 pm

    ཨོ་རྒྱན་ཉི་མ་རང་ཉིད་བླ་མ་གོང་མའི་སྤྲུལ་སྐུ་མིང་ཞིག་འཁུར་ནས་སྡོམ་པ་སྲུང་མི་དགོས་པར་མ་རྒན་ཞིག་གི་མཉམ་དུ་ཆང་ས་རྒྱག་པ་གོ་ཐོས་བྱུང་། སོ་སོ་བསླབ་པ་བསྲུང་མི་དགོས་པར་གང་དྲན་བྱེད་མཁན་ཞིག་གི་མཁན་པོ་སྤྲུལ་སྐུ་གཞན་དང་དགེ་འདུན་པ་གཞན་གྱིས་འཕྲུལ་ཆས་ཉར་གྱི་འདུག གཟན་གོན་གྱི་མི་འདུག་ཟེར་སྐྱོན་འཚལ་བ་ནི། རང་གི་མགོ་ལ་གཡག་འགྲོ་བ་མ་མཐོར་བ་གཞན་གྱི་མགོ་ལ་ཞིག་འདུག་ཟེར་ནས་ཧ་ལས་པ་དང་གཅིག་པ་རེད།

  23. བོད་ལ་ཞེན། says:
    2012-08-20 at 11:21 pm

    རང་གི་མགོ་ལ་གཡག་འགྲོ་བ་མཐོང་བར་གཞན་གྱི་མགོ་ལ་ཤིག་འདུག་ཟེར་ནས་ཧ་ལས་པ་དང་གཅིག་པ་རེད།

  24. བོད་ལ་ཞེན། says:
    2012-08-20 at 11:22 pm

    ཨོ་རྒྱན་ཉི་མ་རང་ཉིད་བླ་མ་གོང་མའི་སྤྲུལ་སྐུ་མིང་ཞིག་འཁུར་ནས་སྡོམ་པ་སྲུང་མི་དགོས་པར་མ་རྒན་ཞིག་གི་མཉམ་དུ་ཆང་ས་རྒྱག་པ་གོ་ཐོས་བྱུང་། སོ་སོ་བསླབ་པ་བསྲུང་མི་དགོས་པར་གང་དྲན་བྱེད་མཁན་ཞིག་གི་མཁན་པོ་སྤྲུལ་སྐུ་གཞན་དང་དགེ་འདུན་པ་གཞན་གྱིས་འཕྲུལ་ཆས་ཉར་གྱི་འདུག གཟན་གོན་གྱི་མི་འདུག་ཟེར་སྐྱོན་འཚལ་བ་ནི། རང་གི་མགོ་ལ་གཡག་འགྲོ་བ་མ་མཐོང་བར་གཞན་གྱི་མགོ་ལ་ཤིག་འདུག་ཟེར་ནས་ཧ་ལས་པ་དང་གཅིག་པ་རེད།

  25. དོན་ཡོད་མཁས་གྲུབ། says:
    2012-08-20 at 11:32 pm

    ཁ་པར་དང་གློག་ཀླད་དེ་གྲྭ་པས་ཉར་ན་དགེ་སྐྱོན་གཉིས་ཀ་ཡོད གཅིག བེད་སྤྱོད་ཤེས་ན་དེང་དུས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན་པ་དང་མེད་ན་མི་འགྲིགས། གཉིས། ལགས་ཐོག་ཁ་པར་དང་དྲ་རྒྱ་ཁོ་ནར་མགོ་འཁོར་ནས་སློབ་གཉེར་ལ་འཐུས་ཤོར་བཏང་ན་མི་འགྲིགས། བྱས་ཙང་གཙོ་བོ་བེད་སྤྱོད་གཏོང་མཁན་ཁོ་རང་ལ་ཐུགས་ཡོད། ཚང་མ་རྒྱུགས་པ་ལེབ་བརྡུང་བྱས་ཏེ་བཀག་ན་བོད་ནང་གི་ཛ་དྲག་གནས་ཚུལ་རྒྱལ་སྤྱིའི་ཐོག་ཁྱབ་པ་དེ་དག་གྲྭ་པ་ཚོས་དྲ་རྒྱ་དང་ཁ་པར་བེད་སྤྱོད་བཏང་བ་ལས་བྱུང་བ་མ་རེད་དམ།

  26. གནམ་ལྕགས་རྡོ་རྗེ says:
    2012-08-20 at 11:52 pm

    གྲྭ་བ་ཚོའི་ལག་གི་འཕྲུལ་ཆས་རིགས་འགོག་ཐུབ་སོང་རུང་། ཁོང་རྣམ་པ་ཚོའི་སེམས་ལ་བཅོས་ཐབས་མེད་པས་ཅིག་དཀའ་རྒྱུ་རེད་ཀོ།

  27. དགེ་བསྙེན་རྡོ་རྗེ་ says:
    2012-08-20 at 11:55 pm

    དགོན་སྡེ་ཁག་གི་འཕྲུལ་མ་བཀག་པར། གློག་ཀླད་སོགས་སྔར་མེད་གསར་གཏོད་དགོས་ཀྱང་། འཕྲུལ་ཆས་གསར་པ་བརྟེན་ནས་སྤྱོད་ངན་གསར་པ་འཕེལ་བར་འགོག་པ་ལ་བསྔགས་བརྗོད་དགོས།

  28. ཀ་རྒྱལ་རྡོ་རྗེ། says:
    2012-08-21 at 12:01 am

    གྲ་པས་འཕྲུལ་རིགས་ཤེས་ཡོང་ན། །རྟག་ཏུ་བརྣབ་སེམས་མི་འཆང་བ། །རང་འགོ་ཐོན་ཞིང་སྤྱི་ཚོགས་ལ། །ཅུང་ཟད་ཕན་པའི་རེ་བ་ཡོད།

  29. ཀརྨ་སྐལ་བཟང་ says:
    2012-08-21 at 12:15 am

    བོད་གངས་ཅན་འདི་གྲ་བ་དང་བླ་མའི་འགྱོན་པ་མ་ཏོག་མི་སྐྱ་རྣམས་ཀྱིས་འགྱོན་པ་ལོ་རྒྱུས་ནང་བྱུང་ཡོད་མ་རེད་། གྲ་བ་དང་བླ་མའི་བོད་རྒྱལ་ཁབ་སྲ་བཟུང་སྡོད་ཡོད་རེད་ལགསསསསསསསསསསསསསསསསསས་སྤྲུ་བརྫུན་ཨོ་རྒྱན་ཉི་མ་ཅི་མ་ཤེས་ན་ཁ་རོག་སྡོད་

  30. མང་ཐོས། says:
    2012-08-21 at 12:16 am

    དགོན་པའི་ནང་ལ་འཕྲུལ་རིགས་འགོག་ཐབས་ཡག་ཤོས་དང་ལས་སླ་ཤོས་དེ་གློག་མེད་པར་བྱས་ན་རང་བཞིན་གྱིས་གློག་ཀླད་དང་། ཁ་པར། བརྙན་འཕྲིན་སོགས་བེད་སྤྱོད་མེད་པར་གཏོང་ཐུབ། ད་རུང་དགོན་སྡེ་ནང་ལ་གཤམ་གྱི་འདི་རྣམས་ངེས་པར་འགོག་དགོས། དགོན་སྡེ་ནང་ནས་དབྱིན་ཡིག་སློབ་པ། ཨང་རྩིས། རྒྱ་ཡིག ཚན་རིག་སོགས་སྦྱང་མི་ཆོག་པ་བཟོ་དགོས། ད་རུང་དགོན་པའི་ནང་ཚགས་ཤོག་འདྲ་མིན་བཙོང་མི་ཆོག་པར་བཟོ་དགོས། ཞག་སྒྲོན་གྱི་འགྲོ་སོང་ཅུང་ཙམ་ཆེ་ན་ཡང་སྐྱོན་དེ་ཙམ་ཡོད་རྒྱུ་མ་རེད། སློབ་གཉེར་ཉམས་ཆགས་གཏོང་བའི་རྒྱུའི་རྩ་བ་མཐར་ཐུག་གློག་རེད། འགྱོགས་མྱུར་ངང་དགོན་པའི་ལས་སྣེ་རྣམས་ཀྱིས་གློག་བཀག་འགོག་བྱེད་རོགས།

  31. ལུང་རྟོགས། says:
    2012-08-21 at 12:20 am

    དང་པོ་ཨོ་རྒྱན་ཉི་མ་ལགས་ཁྱེད་རང་དྲ་ཐོག་ལ་ཡོང་རྒྱུ་མཚམས་འཇོག་གྱིས། ཁ་པར་སང་གློག་ཀླད་དེ་ཚོ་རྡོ་ལ་བརྡོབས། དེ་ནས་གཞན་ལ་བཤད་ན་ལན་པོ་ཡོད། རང་ཉིད་རྟག་ཏུ་དྲ་རྒྱའི་ནང་འཛུལ་ནས་གཞན་གྱི་དྲ་རྒྱ་བེད་སྤྱོད་བྱེད་པ་འགོག་དགོས་ཟེེར་ན་དྲང་པོ་མ་རེད་ལ། ཉེན་མཁན་སུ་ཡང་ཡོང་མི་སྲིད།

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-21 at 12:21 am

    འདིར་གྲྭ་པ། ཞེས་པར་སོ་སོའི་ཁ་སྐད་དབང་བཙན་པས། བོད་སྤྱིའི་སྐད་འཆལ་འཆོལ་གྱུར་པ་ལ་དགོངས་པ་བཞེས་མཁན་འདྲ་ཡོད་དམ།

  33. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-08-21 at 12:34 am

    དུས་རབས་ཉེར་གཅིག་པའི་གྲྭ་བ་རྣམས་ལ་འཕྲུལ་ཆས་ཀྱི་རིགས་འགོག་ན། དང་པོ་དེ་བོད་ནང་གི་ཛ་དྲག་གནས་བབ་རྣམས་དུས་གཅིག་ཏུ་སྒོ་བརྒྱབ་པ་མ་རེད་དམ། ད་དུང་ཤིན་ཏུ་མང་མོད་དུས་ཚད་མི་འདུག རྗེས་སུ་རིམ་གྱིས་ཞུ་ཆོག

    སེམས་ཚོར་ཙམ་གྱི་མི་ཕན་འགན་འཁུར་ངེས་པ་དགོས། ཁ་སྟོང་པས་ནམ་ཡང་མི་ཕན་དོན་ལ་གནས་པ་དགོས།།

  34. ཆོས་འཕེལ says:
    2012-08-21 at 1:03 am

    དུས་རབ་ཉེར་གཅིག་པ་འདིར་འཛམ་གླིང་འཕྲུལ་ཆས་ཀྱི་གོང་ན་སྡད། འཕྲུལ་ཆས་ཀྱི་འོག་ཏུ་ཉལ། འཕྲུལ་ཆས་ཀྱིས་དབང་བསྒྱུར་བཞིན་་པའི་སྐབས་སུ་དགོན་པ་གྲྭ་ཚང་ཁག་ཏུ་གྲྭ་བ་ཚད་ལྡན་ཚུལ་མཐུན་གྲངས་མང་ཙམ་ཡོངས་ཐབས་ཀྱི་ཆད་དུ། གློག་ཀླད་གཙོས་པའི་འཛམ་གླིང་གནས་ཚུལ་བལྟ་ཀློག་ཐུབ་པའི་རིགས་གཏན་ནས་བཀག་འགོག་བྱེད་ཡ་ནི་བྱ་ཚོགས་ཀྱི་དཀྱིལ་དུ་ཕེབས་ནས། བྱ་མང་པོ་ཚུར་བསྡུས་འདོད་ནས། བྱ་ཚང་མ་ཚུར་འདུས་ཤིག་ཟེར་འུར་འབོད་བྱེད་པ་དང་གཉིས་སུ་མ་མཆིས་ལ། བོད་བརྒྱུད་ནང་བསྟན་དེ་འཛམ་གླིང་གི་སྤྱི་ནོར་ཡིན་ལ། དེ་འཛམ་གླིང་གི་མི་མང་ལ་འཕྲོད་པ་ཞིག་བྱེད་འདོད་ཡིན་ཞེས་ཁ་ཕོ་དག་ནམ་མཁའི་གཞའི་རྗེས་སུ་བ་མ་འཚོར་བ་ལོས་ཡིན། ད་དུང་ས་དམ་ཧོ་སེས་ཁ་ཆེ་བ་དག་ལ་ལྐོག་ས་རུང་སུལ་བྱེད་ཡ་ཡོད་མ་རེད་པའི་ཚུལ་དང་། སྒེར་སྤྱོད་ཀྱིས་ཁྲིམས་མེད་ལུང་མེད་གང་དྲན་གྱིས་ཉམས་ཆུང་གི་མི་གཞན་སྲོག་ཐོག་གཏོང་ཡ་ཡོད་མ་རེད་ཟེར་ན། ས་དམ་ཧོ་སེའི་ཀུན་སློང་དེ་གང་རེད་བསམ་གྱིན་འདུག མིང་རྫུན་ཁྱེར་བོད་ཀྱི་ཞབས་འདྲེན་ཁྱེར་མཁན་གྱི་སྐྱ་མིན་སེར་མིན། སྐོར་འགམ། བྱི་ཕོ་དག་གིས། དགོན་པ་དང་གྲྭ་ཚང་ལ་འདི་དང་འདི་འདྲ་ཞིག་བྱེད་དགོས་རེད་ཟེར་བའི་ཀུན་སློང་དེ་གང་ཞིག་རེད། ཁོ་ཚོའི་རྒྱབ་རྒྱང་ལ་གང་ཞིག་ཡོད། ཚང་མས་མཁྱེན་གསལ་རེད། དེ་ཙམ་ཡིན

  35. Nike says:
    2012-08-21 at 1:22 am

    ད་གང་ཤེས། སོ་སོ་འདུ་ཁང་ནས་དུ་ཆང་ས་བརྒྱབ་མཁན་ཞིག་ཡིན་བཞྀན་དུ། ད་དུང་དགོན་པར་ཇུས་གཏོགས་བྱེད་པ་ནི་ངོ་མར་ཡ་ང་བའི་གནས་ཁོ་ནའོ།། གཉེན་སྟོན་གྲ་རྒྱས་པོ་དེ་ནས་གཟིགས་ཐུབ།
    http://blog.amdotibet.cn/huawu/archives/52664.aspx

  36. amdo baglab says:
    2012-08-21 at 2:07 am

    ལོང་བ་ནས་་་་་་་་་་་་་་་་་་་་་་་་་་་་་རག་གི་མི་རིགས་ནང་ཁུལ་ལ་མི་གསད་ཁྲག་སྦྱོར་གྱི་ལས་ཀ་ཡ་ང་བ་ཇི་སྙེད་ཅིག་གིས་དུས་འདས་ཡོད་པ་ནི་སྨིན་གླིང་དང་སྒོ་མང་གི་སྐོར། ས་སྐྱ་དང་འབྲི་གུང་གི་སྐོར། ཀམ་ཚང་དང་དགེ་ལུགས་གི་སྐོར་སོགས་ལ་ཕྱི་ལྟས་ཤིག་གྱིས་དང་མཁྱེན་ངེས་ལ་སྐྱུགས་ཡང་བྲོ་སྲིད། དེང་སང་སེར་མོ་བ་དེ་ཚོ་སོ་སོ་འཕྲུལ་ཆས་ལ་མགོ་བོ་འཁོར་རུང་མི་མང་ལ་དེ་ཙམ་གྱི་དཀའ་ཁག་སྤྲོད་ཀྱི་མི་འདུག་པས་སོ།། ང་ཡང་དགོན་པ་དེ་གས་གྲལ་ནས་ཅིག་ཡིན་་་་་་་་་་་་་་་་་་་ཡིན་ན་ཡང་ང་འདུག་སའི་དགོན་པར་མི་བསད་ཁྲག་སྦྱོར་གྱི་ལས་གང་ཡང་བྱུང་མ་སོང་བས་ལོང་བ་ཁྱོད་ཀྱིས་མཐོང་ན་ག་འདྲ་བྱུང་པ་དག་་་་་་་་་་་་་་་དགོན་པ་རེ་རེ་ནས་མཚན་གཞི་རེ་རེ་བྲིས་རོག་གནང་ཞུ་རྒྱུ་དང་།་་་་་་་་་་་་་་་་་་་ཡང་གོང་ས་སྐྱབས་མགོན་ཆེན་པོས་བཀའ་ལས་གྲྭ་པ་དག་དུས་རབས་ཉེར་གཅིག་པའི་གྲྭ་པ་ཞིག་བྱེད་ཐུབ་པ་དགོས་རྒྱུ་དང་། ་་་་་་་་་་་་་་་་་ནང་ཆོས་གཞིར་བཞག་སྟེ་ཚན་རིགས་སོགས་གང་ཐད་ནས་ཡར་རྒྱས་ཀྱི་རྣམ་པ་ཙམ་མིན་པ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོག་ཐུབ་པ་དགོས་རྒྱུ་དང་། དེངས་དུས་ཀྱི་ཤེས་ཡོན་དང་བཅས་པ་གྲྭ་པས་ཤེས་ཐུབ་པ་ཞིག་བྱུང་ན་དེ་ལས་ལྷག་མི་དགོས་པ་དང་།་་་་་་་་་་་་་་་་་དེ་ཙམ་མ་ཟད་ལུས་སྦྱོངས་ཡན་ཆད་ནས་གཟབ་དགོས་པ་རྒྱལ་བས་བཀའ་སྩལ་བ་དག་ཁྱེད་ཅག་གིས་མ་མཁྱེན་པ་ཡིན་ནམ།་་་་་་་་་་་་་་་་་་་ད་དུང་སྤྲུལ་སྐུ་ཨོ་རྒྱན་ཉི་མ་རང་ཉིད་དྲ་ཐོག་ཏུ་ཉུལ་ནས་རྒན་མོ་ཞིག་རག་ཡོད་པ་གོ་བྱུང་བས་ཁོང་གིས་དངོས་གནས་་་་་་་་་་་་་་་མྱོང་བ་དམར་ཁྲིད་ཀྱི་གདམས་པ་རང་ཅག་རྣམས་ལ་གནང་བ་བཀའ་དྲིན་ཤིན་ཏུ་ཆེ་ཡང་།་་་་་་་་་་་་་་་་་་་་་་་གྲྭ་པ་ཡིན་ན་མཐའ་ཅིག་ཏུ་ཀློག་ཀླད་སོགས་བེད་སྤྱོད་བཀག་འགོག་དགོས་པ་ལ་དེ་ཙམ་དགོས་པ་མ་མཐོང་། ་་་་་་་་་་་་་་་་་་ངེད་ཀྱི་གྲྭ་ཚང་འདིར་མཚོན་ན་གློག་བརྙན་གཏན་ནས་གཟིག་མི་ཆོག་པ་དང་། ་་་་་་་་་་་་་་གལ་སྲིད་གློག་བརྙན་བལྟ་ས་ཤག་ཏུ་ཡོད་ཚེ་མར་མེ་སྟོང་མཆོད་དང་། གློག་བརྙན་གཞུང་བཞེས་བྱ་རྒྱུ་དང་། ་་་་་་་་་་་་་་་་གློག་ཀླད་གཟའ་སྤེན་པ་ཆུ་ཚོད་དགུ་དང་ཕྱེད་ནས་་་་་་་་་་་གཟའ་ཉི་མའི་དགུ་ཕྱེད་བར་དང་།་་་་་་་་་་་་་ཡང་དམིགས་བསལ་གུང་གསེང་ཙམ་ལས་གཞན་བེད་སྤྱོད་གནང་བ་མཐོང་ཚེ་གོང་མཚུངས་གི་ཉེས་ཆད་ལས་གཏན་འགོག་བྱ་ཐབས་མ་བྱུང་བ།་་་་་་་་་་་་་་་་རྒྱུ་མཚན་ཡང་སྐྱོན་ཡོན་གཉིས་ཀ་ཡོད་པས་གཙོ་བོ་གང་ཟག་སོ་སོའི་བེད་སྤྱོད་བཏང་སྟངས་ཀྱི་ཁྱད་པར་ལས་གློག་ཀླད་རང་ངོས་ནས་སྐྱོན་ཁོ་ན་ཡིན་པ་ག་ལ་གྲུབ།་་་་་་་་་་་་་་ལྷག་པར་དུ་དེངས་དུས་དང་མཐུན་པར་སྤྱི་ཚོགས་དང་མཐུན་པ་འགྲོ་དགོས་པ་ལས་ཀླད་རྙིང་འཁྲེགས་བཟུང་གི་ལྟ་བ་ཁོ་ནས་ས་ཆོད་དགོས་ན་ཕལ་ཆེར་ལྟོག་ཤི་ཐེབས་པའི་དུས་སུའང་འགྱུར་ཟིན་པས་གུ་ཡང་བསམ་བློ་རེ་ཡོད་ན་ཕན་ལས་གནོད་དེ་ཙམ་མེད།་་་་་་་་་་་་་་་་ཨོ་ཉི་ནས་་་་་་་་་་་་གསར་བྱུང་ཆ་ཚང་བ་ལ་དགག་པ་རྐྱང་རྐྱང་རྒྱབ་ནས་རྙིང་པའི་ལུགས་སྲོལ་ཁོ་ན་དགོས་པ་ཞིག་སེམས་པ་མ་ཟད་་་་་་་ཁོས་ད་དུང་་་་་་་་་་་{རྙིང་ཞེན}་་་་་་་་་་་ཞེས་པའི་དེབ་ཅིག་གསར་བྲིས་བྱ་གི་ཡོད་པ་ཡང་གོ་བྱུང་།་་་་་་་་་་་་་་་་་འོན་ཀྱང་ཁྱོད་ཀྱིས་ཀྱང་ཀློག་ཀླད་ལ་མ་བརྟེན་་་་་་་་་་དེངས་དུས་ཀྱི་འཕྲུལ་ཆས་གང་ལ་ཡང་མ་བརྟེན་པར་རྙིང་ཞེན་གྱི་དེབ་དེ་སྤྱི་ཚོགས་རྙིང་པའི་སྐབས་ལྟར་ལག་བྲིས་ཁོ་ནས་འགྲེམས་སྤེལ་གྱིས་དང་།་་་་་་་་་གཞིས་ནས་དེངས་དུས་ཀྱི་ལམ་སྲོལ་དགག་ན་དགག་རིན་ཡོད་པར་སེམས་སོ།།

  37. གནམ says:
    2012-08-21 at 2:57 am

    རང་ཁ་མི་སོས་བའི་གྲྭ་རྐྱང་དེ་ཚོས་གློག་ཀླད་དང་དེང་རབས་འཕྲུལ་ཆས་ལ་ལྟོ་ག་འདྲ་ཞིག་བྱས་ནས་ལྡུད་ཀྱིན་ཡོད་ན། རྐུ་མ་དང་རྫུན་མ་བྱས་ནས་ལག་ལ་རེག་པ་མིན་པར་ཤོག
    སངས་རྒྱས་བསྟན་པའི་བསྟན་པ་མ་འགྱུར་བར་དུ། གནའ་འི་གྲྭ་བ་དང་དེང་གི་གྲྭ་བ་ཞེས་དབྱེ་བ་ཡོད་པའི་རྣམ་པ་འཛིན་པ་འདི་ཚོས་ཕལ་ཆེར་གོར་ནད་མ་བྱུང་གོང་སྒར་དགོན་པ་ནས་འགྲོ་རྩིས་བྱོས་ན་བཟང་ནི་རེད།

    དགེ་བའི་མདུན་ན་འདུག་པའི་དགེ་མདུན་གཙང་མ་ལ་སྐྱབས་སུ་མཆིའོ།
    འཕྲུལ་ཆས་ཀྱི་མདུན་ན་འདུག་པའི་འཕྲུལ་ཆས་བ་ལ་སྐྱབས་སུ་མི་མཆིའོ།

  38. ཁྱུང་སེང་བུ ། says:
    2012-08-21 at 4:08 am

    འདུལ་བ་ཡུལ་དུས་དང་བསྟུན་ཞེས་བ་འདི་སངས་རྒྱས་ཁྱིས་སྔོན་མ་ནས་མཁྱེན་ཡོད་ཙང་དེ་ལྟར་གསུངས་བ་ཡིན་པ་སྤྲུལ་ཨོ་ཉིས་མཁྱེན་གལ་ཆེ་གི་ཡ། གཞན་ལ་ལྟ་བའི་མིག་ཡོད་ན་རང་ལ་ལྟ་བའི་མེ་ལོང་དགོས་ཟེར་བ་དེ་འདི་འདྲ་བའི་སྐབས་ལ་གོ་དགོས་རེད་ད།

  39. ཚངས་པ། says:
    2012-08-21 at 4:47 am

    བློ་རྩེ་གཅིག་སྒྲིམ་གྱི་གྲྭ་པ་བྱེད་འདོད་ཡོད་པ་རྣམས་ལ་ཅ་དངོས་དེ་དག་གི་ཅང་མི་གནོད། བློ་རྩེ་གཉིས་པ་རྣམས་ལ་དེ་དག་གིས་ཕན་ཐོགས་ཆེན་པོ་ལྡན། གལ་སྲིད་གྲྭ་པའི་སྤྱི་ཚོགས་སུ་སྡོད་མ་ཐུབ་ཚེ་འཇིག་རྟེན་འགྲོ་ལུགས་རྣམས་དེ་ནས་ཤེས། མདོར་བསྡུས་ན་གྲྭ་པ་ཡག་པོ་ཡོང་བར་བཙན་གཤེད་། དང་ཨུ་ཚུགས། ཀླད་རྙིང་མཁྲེགས་བཟུང་བྱས་པ་དེ་ནི་ཅི་ལ་བདེན།

  40. གཡུ་འབྲུག་དཀར་པོ། says:
    2012-08-21 at 7:07 am

    བོད་བརྒྱུད་ནང་བསྟན་པའི་བླ་མ་རྣམ་པས་ནམ་རྒྱུན་སློབ་མ་དང་གྲྭ་པ་རྣམས་ལ་དམ་ཚིག་དང་དག་སྣང་། བསམ་པ་དང་སྤྱོད་ལམ་སོགས་ཡ་རབས་དགོས་ཚུལ། དེ་བཞིན་སློབ་སྦྱོང་བྱེད་དུས་དཀའ་སྡུག་ཁྱེར་དགོས་ཚུལ་སོགས་བཤད་ཅིང་། སློབ་མ་རྣམས་ཀྱིས་མིག་དཔེ་རྗེ་བཙུན་མི་ལ་ལྟ་བུ་རྣམས་ལ་བལྟ་དགོས་པར་བཤད། དེའི་ཤུགས་ཀྱིས་བླ་མ་ཁོང་རང་རྣམས་མར་པ་ལྟ་བུ་ཞིག་ཡིན་དགོས་པར་བསྟན་བཞིན་ཡོད། ངའི་ལུང་པར་བླ་མ་ཞིག་གིས་སློབ་མ་ལ་དུས་རྟག་པར་རྒྱུན་དུ་སློབ་མ་ཟེར་བ་མི་ལ་རས་པ་ལྟ་བུ་དགོས་ཚུལ་གསུངས་ནས་བཀའ་བཀྱོན་གཏོང་གི་ཡོད་པ་རེད། ཐེངས་གཅིག་སློབ་མས་བླ་མར། མར་པ་ལྟ་བུའི་ནུས་མཐུ་ཁྱོད་ལ་ཡང་ཡོད་མདོག་མེད། མི་ལ་ལྟ་བུའི་དད་པ་དང་སྙིང་རུས་ང་ལ་ཡང་མེད་ཅེས་བརྗོད་པས་བླ་མ་གང་ཡང་ལབ་མི་ཕོད་པར་ཧད་དེ་ལུས་པའི་གཏམ་ཡོད།
    དེས་ན་འཕྲུལ་རིགས་སོགས་བེད་སྤྱད་པས་སངས་རྒྱས་བསྟན་པ་ཉམས་དམའ་རུ་གཏོང་བའི་རྐྱེན་བྱེད་པར་བདེན་ན་བླ་མ་དང་སློབ་མ་ཚང་མས་འཕྲུལ་རིག་བེད་སྤྱད་པར་འགོག་དགོས་པ་ལས་གྲྭ་པ་འབའ་ཞིག་ལ་འགོག་པས་མི་ཕན་སྙམ། གྲྭ་པས་འཕྲུལ་རིག་བེད་སྤྱད་གནང་བས་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་རུ་སོང་བ་ངེས་པར་བདེན་ན་གྲྭ་པས་འཕྲུལ་རིག་བེད་སྤྱོད་པ་འགོག་ནུས་ཐབས་ནི་གཏན་ནས་མི་སྲིད་པས། དེ་བས་གྲྭ་ཚང་སྒོ་རྒྱབ་བཞག་ན་ཡག་རེད། འོན་ཀྱང་ཚང་མས་མཁྱེན་དགོས་པ་ཞིག་ནི་གྲྭ་ས་ཞེས་པ་དེ་སངས་རྒྱས་བསྟན་པ་དར་སྤེལ་རྒྱུན་འཛིན་གནང་མཁན་འབའ་ཞིག་མིན་པར། སྤྱིར་བཏང་ནང་ཆོས་དང་འབྲེལ་བའི་སློབ་སྦྱོང་བྱེད་ས་ཞིག་ཏུ་ངོས་འཛིན་དགོས་པ་དེ་ཡིན། ནང་ཆོས་དར་སྤེལ་བྱེད་མཁན་ཞིག་ཏུ་ངོས་འཛིན་ན་ཡང་དེང་སང་གི་སྤྱི་ཚོགས་ནང་དུ་ནང་ཆོས་ལ་བྱ་བ་ཞིག་བྱེད་དགོས་ན་དེང་སང་གི་འཕྲུལ་རིག་ལག་ལེན་སྤྱད་མ་ཤེས་ཚེ་ནང་ཆོས་དར་སྤེལ་བྱེད་རྒྱུར་འགོག་རྒྱེན་བཟོ་བཞིན་པ་ཀུན་གྱིས་མཐོང་ཆོས་རེད། དཔེར་ན་ད་ལྟ་ང་རང་ལས་ཀ་ལེན་བཞིན་པའི་ལས་ཁུངས་དེས་གཏེར་སྟོན་པདྨ་གླིང་པའི་བཀའ་འབུམ་ཞིག་ཕྱོགས་སྒྲིག་བྱེད་བཞིན་ཡོད། པད་གླིང་བཀའ་འབུམ་གློག་ཀླད་དུ་ཕབ་འཛུགས་བྱེད་མཁན་ནི་ང་ལྟ་བུ་ཡི་གེ་ཀློག་ཤེས་པ་ཙམ་དང་འབྲི་ཤེས་པ་ཙམ་ཁོ་ན་ཡིན་པས་ངེད་ཅག་གིས་ཕབ་འཛུགས་བྱས་ཟིན་པ་རྣམས་ལ་ཞུ་དག་གནང་མཁན་ཞིག་ངེས་པར་དུ་དགོས་མཁོ་བྱུང་ཡོད། དེར་བརྟེན་ངེད་ཅག་གིས་བཤད་གྲྭ་ཁག་ཏུ་བཞུགས་པའི་མཁན་སློབ་དགེ་བའི་བཤེས་གཉེན་སྤྱིར་རིག་གཞུང་དང་ལྷག་པར་དུ་ཡང་ནང་དོན་རིག་པ། དེ་ལས་ཀྱང་སྔ་འགྱུར་རྙིང་མའི་རྒྱུད་དང་རྫོགས་ཆེན་གྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་མྱོང་ཡོད་པ། གཏེར་ཆོས་ལ་རྒྱུས་མངའ་ལྡན་པ་འཚོལ་དུས། ཐོག་མ་ནས་དེ་འདྲའི་ཁྱད་ཆོས་ལྡན་པ་ཤིན་ཏུ་དཀོན། འགའ་རེ་ཡོད་ཀྱང་དེ་དག་གིས་གློག་ཀླད་སྤྱད་མཁྱེན་གྱི་མིན་འདུག།
    དེར་བརྟེན་ངས་མཁན་པོ་དང་གྲྭ་པ་སུ་ཞིག་མཇལ་རུང་དབྱིན་ཇི་སྦྱང་རོགས། དབྱིན་ཇི་མ་སྦྱང་ན་དེང་སང་གི་འཕྲུལ་རིག་སྤྱད་མི་ཤེས་ལ། དེ་སྤྱད་མ་ཤེས་ན་ནམ་ཞིག་གི་ཚེ་བཞེས་ལག་ཀྱང་མཆོད་མི་ཤེས་པའི་དུས་སུ་སླེབས་ཡོང་ཞེས་ཞུ་བཞིན་ཡོད་པས་སྤྲུལ་ཨོ་ཉི་དགོངས་འགལ་མ་མཛོད་ཞུ།

  41. རིག་པའི་བུ says:
    2012-08-21 at 7:18 am

    ཨོ་རྒྱན་པ་ཁོང་གིས་འཕྲུལ་ཆས་ཉིན་རེ་བཞིན་བེད་སྤྱོད་བཏང་བཞིན་ཡོད་པས་ཉམ་ཆུང་གྲྭ་བ་ཚོས་ག་རེ་བྱས་ནས་མ་ཆོག་པ་རེད། བླ་མ་འདི་ཚོ་གཞན་ཐོགས་ལ་ཁྲིམས་གདམས་རྒྱུ་དགའ། རང་ཐོག་ལ་བབ་དགོསདངོས་ཡིན་ཚུལ་གྱི་གནས་ཚུལ་ཁྲི་སྟོང་བགྲང་དུ་ཡོད།

  42. རིག་པའི་བུ says:
    2012-08-21 at 7:32 am

    ནོར་བཅོས།
    ཨོ་རྒྱན་པ་ཁོང་གིས་འཕྲུལ་ཆས་ཉིན་རེ་བཞིན་བེད་སྤྱོད་བཏང་བཞིན་ཡོད་པས་ཉམ་ཆུང་གྲྭ་བ་ཚོས་ག་རེ་བྱས་ནས་མ་ཆོག་པ་རེད། བླ་མ་འདི་ཚོ་གཞན་ཐོགས་ལ་ཁྲིམས་གདམས་རྒྱུ་དགའ། རང་ཐོག་ལ་བབ་ཡོང་དུས། དགོས་དབང་ཡིན་ཚུལ་སོགས་ཀྱི་གནས་ལུགས་ཁྲི་སྟོང་མང་པོ་བགྲང་དུ་ཡོད།

  43. ཇ་མ་ says:
    2012-08-21 at 9:15 am

    ཚང་མ་མེད་པར་བཟོས་ན་ཡག་པོ་མ་རེད། འོན་ཀྱང་། དུས་ཚོད་གཏན་འཁེལ་ཡོད་ན་ཡག་པོ་རེད། དཀའ་ངལ་འདི་གཙོ་བོ་སྒྲིག་ཁྲིམས་ཡག་པོ་མེད་པའི་སྐྱོན་རེད་བསམ།

  44. མིག་བརྒྱད་པ། says:
    2012-08-21 at 9:18 am

    ད་ཤི་ན་གསོན་ན་ང་ཚོས་གོང་ས་མཆོག་ལ་ཁ་མིག་ཡར་ལྟ་བྱས་ནས་འགྲོ་རྒྱུ་དེ་རེད། ཉིན་གཅིག་ལ་ཆུ་ཚོད་ཉེར་བཞི་ཡོད་པ་རེད། དུས་ཡུན་དེའི་ནང་ཞོགས་ཀ་ཡར་ལངས་ནས་དགུང་མོ་མ་ཉལ་བར་དུ་ཁ་ཏོན་དགེ་སྦྱོར་གང་འཚམས་ཤིག་བྱེད་གི་ཡོད་པ་རེད། ཞོགས་ཀ་ཆུ་ཚོད་དགུ་བ་ནས་བཅུ་གཅིག་བར་ཆོས་ར་ནས་རྩོད་པ་རྒྱག་གི་ཡོད་པ་རེད། ཉིན་གུང་བཞེས་ལག་མཆོད་རྗེས་ཆུ་ཚོད་ལྔ་བར་དུ་དཔེ་ཁྲིད་དང་བགྲོ་གླེང་བྱེད་གི་ཡོད་པ་རེད། དགུང་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་མཚན་གྱི་བཅུ་གཅིག་བར་ཆོས་ར་རྩོད་གི་ཡོད་པ་རེད། དེ་ནས་ནང་དུ་ལོག་རྗེས་ཀློག་ཀླད་མེད་མཁན་ཚོས་དཔེ་གཟིགས་དང་ཀློག་ཀླད་ཡོད་མཁན་ཚོས་ཀློག་ཀླད་བསྔོགས་རྒྱུ་ནི་རྒྱུན་ལྡན་གནས་ཚུལ་རེད། ཆུ་ཚོད་མང་ཆེ་བ་ཆོས་ཕྱགས་སུ་གཏོང་གི་ཡོད་པ་རེད། ཀློག་ཀླད་བེད་སྤྱད་ནས་འདོད་ཆགས་ཇེ་ཆུང་དུ་འགྲོ་རྒྱུ་རེ་བ་རྒྱག་གི་ཡོད།

  45. མྱི་དཀར་ says:
    2012-08-21 at 12:37 pm

    ཧཧཧ། རང་མགོ་མི་ཐོན་མཁན་དགོན་སྡེའི་གྲྭ་པ་ལ་སློབ་གསོ་བྱེད་འདོག ཧཧཧཧཧ། ཨོ་ཉི་ཧཧཧ

  46. ཨོ་རྒྱན་ཉི་མ། says:
    2012-08-21 at 1:00 pm

    ཁ་ནས་བཤད་པར་རང་འགོ་ཐོན་དགོས་མེད། ལག་པས་འབྲི་ལ་རོགས་འགོ་ཐོན་དགོས་མེད། ཧཧཧཧཧཧཧཧཧཧ

  47. ཀ་རྒྱལ་རྡོ་རྗེ། says:
    2012-08-21 at 1:00 pm

    གཡུ་འབྲུག་དཀར་པོས་བདེན་པ་འདྲ་བཤད་འདུག
    དེང་དུས་ཀྱི་གྲ་པ་ཞིག་བྱེད་བསམ་ན་ཚང་མ་སྦྱང་དགོས་ཡོད་ལས་ཆེ།
    ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱི་མི་བསླབ་པ། །དངོས་དེ་གང་ཡང་ཡོད་མ་ཡིན། གསུངས་འདུག་པས་འགྲོ་ལ་ཕན་པར་བསམ་ན་ཚང་མ་ཤེས་དགོས་ཡོད་པ་དེ་ནས་མཁྱེན་རྒྱུ།

  48. ཀ་རྒྱལ་རྡོ་རྗེ། says:
    2012-08-21 at 1:11 pm

    amdo baglab་པ་ཁྱོད་ཀྱིས་ཡག་པོ་གསལ་བཤད་བྱས་འདུག་འོན་ཀྱངལོང་བ་དེ་ལ་དྲིས་པའི་དྲི་བ་དེ་ཁྱེད་རང་རྒྱལ་རབས་ལ་ལྟོས་དང་ཤེས་ཀྱི་རེད་ལོང་བ་དེ་ནི་ཆོས་མེད་སྨྲ་བ་ཞིག་ཡིན་ལས་ཆེ།

  49. ཤེས་དགའ་ says:
    2012-08-21 at 7:01 pm

    གྲྭ་རྒན་དེ་ཚོས་ཤ་བཅད་ཐུབ་ན་གྲྭ་གཞོན་ཚོས་གློག་ཀླད་བཀག་ཐུབ།

  50. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-22 at 1:49 am

    སློབ་སྦྱོང་ཡོད་པ་དང་སློབ་སྦྱོང་གི་འབྲས་བུ་ལ་སྤྱོད་ཤེས་ན། གློག་དང་གློག་ཀླད་སྤྱོད་པ་རྒྱན་དུ་འགྲོ། སློབ་སྦྱོང་མེད་པ་དང་དེའི་འབྲས་བུ་ལ་སྤྱོད་མ་ཤེས་ན། གློག་དང་ཀློག་ཀླད་འགོག་པས་ཅི་ཕན། ཅང་མི་ཕན་ནོ།།

  51. ཀརྨ་ཡེ་ཤེས says:
    2012-08-22 at 2:10 am

    དུས་རབས་ཉེར་གཅིག་པའི་ནང་པ་ཟེར་བ་དེ། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང༌། དེང་དུས་ཀྱི་ཤེས་ཡོན་དེ་དག་ཆ་ཚང་བེད་སྤྱོད་བྱས་པའི་ཐོག་ལ་ནང་པ་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་དེར་བརྟག་དཔྱད་བྱས། བསམ་བློ་བཏང༌། མྱོང་བ་ལ་བསྐོར་བའི་ཐོག་ཤེས་ནས་དད་པ་ཐོབ་པ་དེ་འདྲ་ཞིག་བྱུང་ན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་རེད།

    ང་ཚོའི་མང་ཚོགས་ཀྱིས་ཤེས་ཡོན་བསླབ་དགོས་པ་དང༌། དེང་དུས་ཀྱི་སློབ་སྦྱོང་བསླབས་ནས་ཤེས་ཡོན་ཅན་བྱེད་དགོས་ཞེས་བརྗོད་པ་ལྟར། ཆོས་དེ་ཡང་ཤེས་ཡོན་ཅན་གྱི་ནང་པ་ཞིག་བྱེད་དགོས་པ་ལས། ཤེས་ཡོན་མེད་པའི་ནང་པ་བྱས་ན་རྗེས་ལུས་རེད། ཚང་མས་ཨུ་ཚུགས་བརྒྱབ་རྩོལ་བ་བྱས་ཏེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དྲངས་པའི་དད་པ་ཞིག་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དྲངས་པའི་སྙིང་རྗེ། དེ་འདྲའི་ནང་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།།

  52. དགེ་བསྙེན་རྡོ་རྗེ་ says:
    2012-08-22 at 3:09 am

    འཕྲུལ་ཆས་མ་ཁོག ཚུལ་འཆལ་ཁོག

    གློག་ཀླད་མ་ཁོག རྗེས་ལུས་ཁོག

    དེང་གི་མ་ཁོག ཀླད་རྙིང་ཁོག

    རྗེས་ལུས་མ་སྡོད། དཔུང་མཉམ་ངོམས།

  53. ལོང་བ། says:
    2012-08-22 at 7:11 pm

    Amdo ལགས་མཚན་གཞི་ངས་བཀོད་ག་ལ་དགོས། ལོ་རྒྱུས་ལ་རྒྱང་གཟིགས་གནང་དང་མཁྱེན་ངེས་རེད། དཔེར་མཚོན་ཙམ་ཞུས་ན། འབྲི་གུང་གླིང་ལོག་དང་། ཀར་དགོན་དགེ་བསྒྱུར་སོགས་ལ་སོམ་ཤིག

  54. ལོང་བ། says:
    2012-08-22 at 7:14 pm

    Amdo ཕྱི་ལྟས་ལོ་རྒྱུས་ཀྱི་ཐོག་ལ་ཡིན་པ་ལས་ཁྱེད་ཀྱི་མིཚེའི་སྟོད་སྨད་ཙམ་ལ་ཞུ་གི་མེད།

  55. ལོང་བ། says:
    2012-08-22 at 7:16 pm

    ཀ་རྡོ་ལགས། ཆོས་མེད་སྨྲ་བའི་ཚད་ཅིག་་་་་་་་་་་་་་་་་་་

  56. མྱི་དཀར་ says:
    2012-08-22 at 8:40 pm

    དགོན་སྡེའི་སྒྲིག་ཁྲིམས་དགོན་སྡེའི་ལས་བྱེད་ཀྱིས་གཟིགས་པ་ལས་མར་ལོག་མར་འགྲིལ་དང་། དྲ་འབུ་སྐྱ་མིན་སེར་མིན་ཐམས་ཅད་ལ་ཇུས་གཏོགས་གང་ཡང་མེད། དེ་ལས་རང་ཁ་གསོ་ཐབས་ཀྱི་སྐོར་རེ་བྲིས་ན་མི་བཟང་གི།

  57. གླག་སྨྱོན says:
    2012-08-23 at 8:55 am

    ཆོས་ཉིད་ནི་སུས་ཀྱང་མི་ཁོག་པའི་སྟོབས་ཆེན་ཞིག་ཡིན་པས་ན་མི་རྒན་ཀླད་མཁྲེགས་དག་གི་འདོད་པ་ནམ་ཡང་འགྲུབ་མི་ཐུབ་བོ། གྲྭ་བ་བཙུན་པ་ཞིག་བྱེད་དགོས་ན་ངེས་པར་ཀུན་སྤྱོད་སློབ་གསོ་ལེགས་བཅོས་བྱས་ན་མ་གཏོགས་འཁྲུལ་རིགས་ཅི་ཙམ་ཤུགས་ཆེན་བཀག་ཀྱང་། དེང་དུས་མི་ཞིག་ལ་ཆ་མཚོན་ན་རྒྱང་འབུད་དུ་གཏོང་བྱེད་ཞིག་ལས་གཞན་ཅི་ཡང་མ་རེད། དེས་ཕྱིར་ང་ཚོས་ངེས་པར་དུ་ལག་དུ་བསྟར་དགོས་པ་ནི་དགོན་སྡེའི་སློབ་གསོ་་དེང་དུས་་ཀྱི་འགྲོ་ལུགས་དང་མཐུན་པ་ཞིག་བྱེད་རྒྱུ་ནི་མེད་དུ་མི་རུང་པའི་ཁ་ཚ་དགོས་གཏུགས་ཤིག་རེད་འདོད།

  58. རིན་ཆེན says:
    2012-08-23 at 11:03 am

    ཧ་ཧ་ཧ་ཧ་་་་་་་་་ ད་ཡིན་ན་བོད་པའི་སྤྱི་ཚོགས་འདི་ཀླད་རྙིངའཁྲིག་བཟུང་གི་སྤྱི་ཚོགས་སུ་སྒྱུར་འགྱུར་ངེས། ནམ་ཞིག་བོད་པ་སྤྱི་ཡོངས་ཡར་རྒྱས་འགྲོ་བར་མཐོང་མི་འདོད་པ་གཡོ་ཁྲམ་གྱིས་བྱ་བ་ཞིག་བརྩམ་ངེས་རེད། ད་ལྟ་གྲྭ་བ་དང་ཨ་ནིང་ཚོར་ཚོད་གམ་བྱེད་ནས་ནམ་ཞིག་སྤྱི་ཡོངས་ལ་འཆོང་ངེས་རེད། གང་ཡིན་ཟེར་ན་བོད་པ་ཚོ་རྨོངས་གཉེན་ལས་གསད་པའི་དྭོགས་གནད་ཆེ་ཤོས་དེ་རེད། གཞན་ལ་ཁ་གཡར་ནས་འགོག་ཐབས་བྱ་བ་ནི་སྲིད་བྱུས་ལེགས་ཤོས་དེ་རེད། ལྷད་པར་གདན་སའི་གྲྭ་བ་ཚོར་ཤེས་ཡོན་མེད་པ་མཁྱེན་བཞིན་ད་དུངས་འཕྲུལ་ཆས་རིགས་འགོག་ཐབས་བྱས་པ་ནི་དགོས་མེད་ཀྱི་ངལ་བ་བརྩམ་པ་ཞིག་ལས་གཞན་ཅི། ཕྱོགས་གཅིག་ནས་མཚན་རིག་སློབ་གྲྭ་གསར་འཛུགས་དགོས་པ་དང་ཕྱོགས་གཅིག་ནས་མཚན་རིག་སྦྱོང་བྱེད་་བཀག་འགོག་བྱེད་པ་གཉིས་ནང་འགལ་ཞིག་མ་རེད་དམ། སློབ་སྦྱོང་ལ་གནོད་ཀྱི་འདུག་ཟེར་ངེས་རེད།གློག་ཀླད་བརྒྱུད་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་མཐོང་གསལ་ལྟར་གཞན་རྣམས་ཀྱང་ཕལ་ཆེར་གཅིག་འགྱུར་རེད། ངོ་རྒོལ་མཐའ་གཅིག་ཏུ་ཡོད། སྤྱིར་གདན་སའི་དགེ་ཚུལ་སློང་གི་གྲྭ་བ་ཚོས་རང་རང་གིས་བསྲུང་བྱ་དེ་ཡི་མ་འགྲིག་པ་ཞིག་མེད་ལ། གདན་ས་གྲྭ་ཚང་ལ་མདོ་བའི་བཅས་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས་གཉིས་གསར་གཏོད་མི་དགོས་པ་རེད། རྦོ་བོ་དང་རྨོ་བོ་ཞིག་ཡོང་ནས་ཁྲིམས་སྒྲིགས་གསར་བཟོ་བྱས་པ་ནི་ཆེས་འོས་པ་དང་མི་མཚམས་པ་ཞིག་གོ

  59. རིན་ཆེན says:
    2012-08-23 at 11:05 am

    ཧ་ཧ་ཧ་ཧ་་་་་་་་་ ད་ཡིན་ན་བོད་པའི་སྤྱི་ཚོགས་འདི་ཀླད་རྙིངའཁྲིག་བཟུང་གི་སྤྱི་ཚོགས་སུ་སྒྱུར་འགྱུར་ངེས། ནམ་ཞིག་བོད་པ་སྤྱི་ཡོངས་ཡར་རྒྱས་འགྲོ་བར་མཐོང་མི་འདོད་པ་གཡོ་ཁྲམ་གྱིས་བྱ་བ་ཞིག་བརྩམ་ངེས་རེད། ད་ལྟ་གྲྭ་བ་དང་ཨ་ནིང་ཚོར་ཚོད་གམ་བྱེད་ནས་ནམ་ཞིག་སྤྱི་ཡོངས་ལ་འཆོང་ངེས་རེད། གང་ཡིན་ཟེར་ན་བོད་པ་ཚོ་རྨོངས་གཉེན་ལས་གསད་པའི་དྭོགས་གནད་ཆེ་ཤོས་དེ་རེད། གཞན་ལ་ཁ་གཡར་ནས་འགོག་ཐབས་བྱ་བ་ནི་སྲིད་བྱུས་ལེགས་ཤོས་དེ་རེད། ལྷད་པར་གདན་སའི་གྲྭ་བ་ཚོར་ཤེས་ཡོན་མེད་པ་མཁྱེན་བཞིན་ད་དུངས་འཕྲུལ་ཆས་རིགས་འགོག་ཐབས་བྱས་པ་ནི་དགོས་མེད་ཀྱི་ངལ་བ་བརྩམ་པ་ཞིག་ལས་གཞན་ཅི། ཕྱོགས་གཅིག་ནས་མཚན་རིག་སློབ་གྲྭ་གསར་འཛུགས་དགོས་པ་དང་ཕྱོགས་གཅིག་ནས་མཚན་རིག་སྦྱོང་བྱེད་་བཀག་འགོག་བྱེད་པ་གཉིས་ནང་འགལ་ཞིག་མ་རེད་དམ། སློབ་སྦྱོང་ལ་གནོད་ཀྱི་འདུག་ཟེར་ངེས་རེད།གློག་ཀླད་བརྒྱུད་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་མཐོང་གསལ་ལྟར་གཞན་རྣམས་ཀྱང་ཕལ་ཆེར་གཅིག་འགྱུར་རེད། ངོ་རྒོལ་མཐའ་གཅིག་ཏུ་ཡོད། སྤྱིར་གདན་སའི་དགེ་ཚུལ་སློང་གི་གྲྭ་བ་ཚོས་རང་རང་གིས་བསྲུང་བྱ་དེ་ཡི་མ་འགྲིག་པ་ཞིག་མེད་ལ། གདན་ས་གྲྭ་ཚང་ལ་མདོ་བའི་བཅས་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས་གཉིས་གསར་གཏོད་མི་དགོས་པ་རེད། རྦོ་བོ་དང་རྨོ་བོ་ཞིག་ཡོང་ནས་ཁྲིམས་སྒྲིགས་གསར་བཟོ་བྱས་པ་ནི་ཆེས་མི་འོས་པ་དང་མི་མཚམས་པ་ཞིག་གོ

  60. རིན་ཆེན says:
    2012-08-23 at 11:09 am

    སྤོ་བོ་ལ་བཅོས་སྒྱུར་གནང་རོགས།

  61. རྣ་བ་བརྒྱདཔ་ says:
    2012-08-23 at 11:40 am

    རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། དངོས་དེ་གང་ཡང་ཡོད་མ་ཡིན། མ་བསློབ་པར་ནི་ཀུན་མཁྱེན་དུ། འགྲོ་ན་ལས་འབྲས་ག་ལ་མདེན།„ མི་མཐུན་ཕྱོགས་རྣམས་མ་ཤེས་པར། སྡོམ་པ་སྲུང་ཚུལ་མི་ཤེས་པའི། མཐུན་དང་མི་མཐུན་ཕྱོགས་གཉིས་པོ། རིགས་པའི་རབ་དུ་སྦྱངས་བར་བྱ། དགེ་ཚུལ་བླང་འདུས་སོ་དྲུག་དང། དགེ་སློང་ཉེས་བརྒྱ་ང་གསུམ་སོགས། ལེགས་པར་སྲུང་བ་དེ་ཡིས་འཚངས། ཤེས་གསར་འཕྲུལ་རིགས་སྲུང་ཅི་ཕན། འཚོ་བ་སློང་ཞིང་རི་ལ་གནས། འཇིག་རྟེན་བྱ་བ་ཀུན་བཏང་ནས། ཟས་གོས་གཉེན་ལ་མི་ཆགས་པའི། འདས་པའི་རྗེས་སུ་འབྲང་ངམ་ཅི།

  62. དགེ་བསྙེན་རྡོ་རྗེ་ says:
    2012-08-23 at 1:51 pm

    ལོང་བས་མི་མཐོང་དགུ་མཐོང་དང་། །
    འོན་པས་མི་གོ་གོ་དགུ་གོ །
    མིག་གཉིས་ལོང་ཡང་མིག་གསུམ་པས། །
    ཀརྡོས་ཆོས་མེད་སྨྲ་བ་མཐོང་། །

  63. ཤེས་དགའ་ says:
    2012-08-24 at 12:00 am

    རང་ལ་རྣམ་དཔྱོད་མེད་པ་ཙམ་ལ་ཧ་ལས་རྒྱུ་མེད། མེད་པ་ལ་མེད་པར་མ་གོ་ནའང་དེ་ཙམ་ཧ་ལས་རྒྱུ་མེད། མེད་ཀྱང་ཡོད་པར་རློམ་པའི་མངོན་པའི་ང་རྒྱལ་ཅན་གྱི་ཀླད་རྙིང་ཁྲོམ་པའི་སྦལ་པ་འདི་ཚོ་མཐོང་དུས་ངོ་མ་རིགས་གནས་གསར་བརྗེ་ཟེར་བ་དེ་ལོས་དགོས་བསམ་ཡོང་གིན་འདུག

  64. མིག་བརྒྱད་པ། says:
    2012-08-24 at 12:20 am

    དེང་སང་ནང་སྟོང་ཕྱི་རྫིག་གི་བཞུགས་ཤག་རྫིག་པོ་འདི་ཚོ་སྔོན་ལ་ངེས་རྩ་མེད་བཟོ་དགོས་པ་རེད། དམ་ཆོས་འདུལ་བའི་ནང་དུའང་ཁང་པ་ཁང་ཆེན་གྱི་ལྷག་མའི་ལྟུང་བ་དགོངས་བཞེས་གནང་མཁན་འདྲ་ཡོད་ན་མེད་མེད་ན་ཁང་བ་རྫིག་པོ་བརྒྱབ་ཡོང་དུས་དེའི་ནང་དུ་གློག་འདྲ་མིན་འཛུགས་དགོས་ཆགས་སོང་བ་རེད། དང་པོར་སྔོན་ལ་གློག་དེ་ཚོ་མེད་པར་བཟོ་བཞག་ན་འཕྲུལ་རིགས་རྣམས་རང་བཞིན་ཁེགས་འགྲོ་གི་རེད། ཡང་མིན་ན་དགེ་འདུན་པ་བགྲེས་པ་ཚོ་ལ་གློག་ལྡན་བཞུགས་ཤག་ཡོད་པ་བྱས་ནས་གྲྭ་གཞོན་ཚོ་གློག་ལྡན་ཁང་པ་མེད་པར་བཟོ་ཐུབ་པ་བྱུང་ན་ལས་དེ་མིན་ཁག་པོ་རེད། ཡང་མིན་ན་དམ་ཆོས་འདུལ་བའི་དགོངས་དོན་ལྟར་ཤིང་དྲུང་བ་དང་བླ་གབ་མེད་པ། དུར་ཁྲོད་པ་དང་བསོད་སྙོམས་པ་ཞིག་ཏུ་འགྱུར་ཐུབ་ན་སྤོང་བ་པ་ཚད་ལྡན་ཞིག་ཆགས་པར་ཐེ་ཚོམ་མེད།

  65. མཐོ་སྒང་དར་ཆེན། says:
    2012-08-24 at 12:42 am

    ཨོ་རྒྱན་ཉི་མས་གསུངས་པ་དེ་ནང་དོན་ཡག་པོ་འདུག།
    ཡི་རང་དགའ་ཚོར་ཆེ། ང་རང་མི གཅིག་བསམ་འཆར་བྲིས་པའི་དོན་བསམ་དགོས་པས་ཁོ་གཅིག་རེད་མས་རེད་བཤད་བསྡད་པ་དེ་བློ་ཕམ་བྱུང་།
    རྒན་གོང་མ་རྣམས་ཀྱིས་ཞལ་རྒྱུན་ལ།
    སྒྲིག་རང་ཁུར། སྡོམ་པ་རང་སྲུང་རེད་། ཅེས་གསུངས་པ་ནང་བཞིན་མང་པོ་མང་ཡས་བྱས་མི་ཆོག་མས་བྱས་མི་ཆོག་ཟེར་བསྡད་མ་དེ་ལས་སྡུག་ཏུ་འགྲོ་ཉན་ཡོད། དམར་པོས་ཀླ་ཀློས་རིགས་གནས་གསར་བརྗེ་སྐབས་གང་འདྲ་བཀག་ཡོད་ཀྱང་སྐབས་དེ་དུས་གང་བསྟན་པ་སྲོག་འབན་ལ་བཞག་ནས་ད་དུང་ཆོས་ཕྱོགས་ཀྱི་ལམ་ལ་ཐབས་ཤེས་ཡོད་རྒུ་རྩལ་ནས་འགྲོ་ཡིས་་ཡོད། དེང་སང་འཚོ་བ་སོགས་གང་ས་ནས་སྐྱོན་མེད་ཀྱང་སྐྱིད་ཉལ་དང་ལ་མ་འགྲིག་མ་སྣ་ཚོགས་ཡོང་སྙམས་བྱེད་ཀྱིས་འདུག་པ་དེ་ཆོས་ཉིད་ཅིག་རེད། དེ་ཡིན་དུས་གྲིམ་ཅིག་གྲིམ་ལ་ལྷོད་ཅིག་ལྷོད། དེ་ལ་ལྟ་བའི་གནས་ཤིག་ཡོད་ཅེས་གསུངས་པ་ནང་བཞིན་མིན་འགྲོ་སྙམ། ངས་བསམ་པར་ལག་བཟུང་ཁ་དཔར་དེ་སློབ་གཉེར་གནང་གནང་མི་ཆོག་རྒྱུ་ཆོས་རྒྱད་བཞི་དག་གཡུང་དྲུང་བོན་ངག་བཅས་པའི་མོས་མཐུནཞིག་གནང་སྤྱིའི་ལམ་ཞིག་བཞག་ན་འཚམས་པོ་འདུག དྲན

  66. རྣ་བ་བརྒྱད་པ། says:
    2012-08-24 at 2:43 am

    འཇིག་རྟེན་གྲགས་པའི་རྗེས་འཇུག་བླུན་པོ་དང། ཡོད་ཚད་རང་གི་འདོད་པའི་ཧམ་སེམས་དང། སྡ་ཕྱི་ནང་འགལ་ཆེ་བས་རྫུན་ཚིག་སོགས། མ་ཡིན་དྲང་བོའི་སེམས་ཀྱིས་དཔྱད་པ་ན། གྲྭ་བའི་སྤྱོད་ལམ་སེམས་ལ་རག་ལས་ཤིང། སེམས་ཀྱི་ཁྱེར་སོ་དགེན་ལ་རག་ལས་སྙམ། དགེན་གྱིས་བསླབ་བྱ་ནན་གྱི་བརྩལ་བ་དང། དགེ་བསྐོས་ལ་སོགས་བསྒྲིགས་བདག་རྣམས་ཀྱིས་ཀྱང། རང་རང་བཅས་འཚམ་དམ་པོར་བསྡམས་པ་ན། དེ་ལས་ལྷག་པའི་ཐབས་ལམ་མེད་དམ་སྙམ། དེ་བའི་གྲོང་ཁྱེར་དབུས་ཀྱི་སྲང་ལམ་ན། ཁ་དོག་ངན་པའི་གཟན་ཆད་ཕྲག་དུ་ཁུར། གཡས་རིང་གཡོན་ཐུང་ཅན་གྱི་ཤམ་ཐབ་དེའི། ཕྱེད་ཀ་ཐུར་དུ་ལུག་པའི་གྲྭ་རྒོད་འགའ། ནམ་རྒྱུན་འཆམ་ཉུལ་བྱེད་པའི་སྤྱོད་པ་དང། མཛེས་ཆོས་ཅན་གྱི་རྫུན་དང་གཡོ་རྒྱུ་ཡི། གཞན་འགོ་སྐོར་ཐབ་བྱེད་པ་སྣ་ཚོགས་འདི། ཁྱིམ་སུན་འབྱིན་པར་བྱེད་པ་བླ་མེད་པའི། འདི་ལ་ཐུགས་སྣང་ཆེ་ཙམ་མཛད་ན་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme