Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགོངས་སེལ་ཞིག བོད་རྔ་བར་སེམས་གཏད་པ།

Posted on 2011-04-26 By ཁ་བརྡ་ 4 Comments on དགོངས་སེལ་ཞིག བོད་རྔ་བར་སེམས་གཏད་པ།

(རྩོམ་ཡིག་འདི་ནི་བོད་རྔ་བའི་ཡུལ་མི་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཆེད་ཕུལ་བ་ལགས།)

འཇིགས་མེད་ཚེ་རིང་།
ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༣ ཉིན་རི་བོ་རྡ་རམ་ས་ལར་ཚ་བ་ཅུང་ཆེ་ཞིང་། གུས་པོའི་འདུག་ཤག་གཡས་གཡོན་དུ་གད་སྙིགས་བསྲེགས་པའི་དྲི་ངན་གང་སར་མཆེད་བཞིན་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མདོ་སྨད་རྔ་བའི་ཡུལ་དུ་རྒྱ་གཞུང་གིས་གཉའ་གནོན་དང་རྡུང་གཅོག་གསོད་འཕྲོག་བྱེད་བཞིན་པའི་གནས་ཚུལ་རྒྱང་སྒྲོག་བྱེད་ཀྱི་འདུག ངས་གློག་ཀླད་ཀྱི་ཁ་ཕྱེས་ནས་QQདྲ་འབྲེལ་གླེང་མོལ་ལས་བོད་ནང་གི་ངོ་ཤེས་དག་ལ་འབྲེལ་བ་བྱེད་འདོད་ཞུས་པ་ཡིན། “ཏུས ཏུས ཏུས” ང་ལ་QQནང་དུ་སྔ་ས་ནས་ངོ་ཤེས་ཤིག་གིས་སྐད་ཅིག་བཞག་འདུག “རྔ་བར་ན་ཙིའི་དཔུང་ཆེན་སླེབས་འདུག ཁྱོད་ཚོས་ཅི་བྱེད་ཀྱི་ཡོད།” ངས་ཚིག་དུམ་གཉིས་ཅན་གྱི་འཕྲིན་ཡིག་འདི་ལ་ཡང་ཡང་བལྟས་ཤིང་། ཚིག་དུམ་འདི་གཉིས་ཡང་ཡང་བཟླས་པ་ཡིན། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་ཚོགས་ཆུང་གིས་བོད་རྔ་བའི་ཐད་གླེང་སློང་ཅི་བྱས་དང་། ཨ་རི་དང་ཡུ་རོབ་སོགས་ནས་རང་རེའི་རྒྱབ་དཔུང་དུ་སྤྲོས་པའི་གནས་ཚུལ་རིང་པོ་ཞིག་བྲིས་ཚར་སོང་། གནས་ཚུལ་འདི་དག་ཁོ་ལ་གཏོང་དགོས་པ་ཡིན་ནམ། ང་ལ་བློ་དོགས་སྐྱེས་ཤིང་། ངས་ཁོ་ཚོའི་ཟུངས་ཁྲག་གིས་སྒྲོན་བཞིན་པའི་དཔལ་འབར་གྱི་མེ་ལྕེ་ལ་བསམ་བློ་བཏང་སྟེ་སྐྱི་གཡའ་བའི་ཚོར་བ་ཞིག་སླེབས་སོང་། ང་ནི་མི་སྙིང་ཆུང་ཞིག་ཡིན་པས་གཞིས་བཞུགས་པར་ངར་ཤུགས་སློང་བྱེད་ཀྱི་སྨན་འདི་ཡོངས་སུ་གསུབ་ནས་“དགོངས་པ་མ་ཚོམས་”ཞེས་བྲིས་ཏེ་བཏང་བ་ཡིན།

རྡ་རམ་ས་ལར་མི་མང་གི་སྐད་འབོད་བསྟུད་མར་གྲགས་ཤིང་། ཡ་ང་བའི་རྔ་ཡུལ་གྱི་གནས་སྟངས་ནི་ཇེ་སྡུག་ནས་ཇེ་སྡུག་ཡིན་པའི་གནས་ཚུལ་ཐོན་གྱི་འདུག ཞུམ་པ་མེད་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དང་། བགྲེས་སོང་ཕོ་མོ་གཉིས་ཀྱི་ཚེ་སྲོག་འཕྲོག་པའི་གནས་ཚུལ་སོགས། བསམ་པ་ཙམ་གྱིས་ཞེ་སྡང་དང་ཁོང་ཁྲོ། འཇིགས་སྣང་སོགས་རིམ་པར་སླེབས། མིའི་ཚེ་སྲོག་ནི་རྩ་ཆེན་ཞིག་ཡིན་པ་ཤེས་བཞིན་དུ་རྒྱ་དམག་གི་སྨྱོ་ཧམ་དང་གཏུམ་སྤྱོད་བོད་མིའི་ཚེ་སྲོག་གི་སྟེང་དུ་རྟ་རྒོད་སྤང་ལ་ཤོར་བ་བཞིན་སླེབས་ཤིང་། རྒྱ་དམག་འདི་དག་ལ་ཚེ་སྲོག་གི་རྩིས་ཐང་དང་མིའི་ཀུན་སྤྱོད་ཀྱི་ངེས་ཤེས་ཡེ་ནས་སྟོང་བ་འདི་ཅི་ཞིག་མ་འགྲིག་པ་ཡིན་ནམ།

ངའི་མིག་ལམ་དུ་མདོག་ལྗང་སེར་ཅན་གྱི་ལྭ་བ་གྱོན་ཞིང་། བོད་མི་རྣམས་ཀྱིས་མཐོང་ཡང་མ་མྱོང་བའི་དྲག་ཆས་གོ་མཚོན་ཐོགས་པའི་འཇིགས་སྐུལ་བ་མང་པོ་ལོ་མང་རིང་ཞི་བདེ་བག་ཕེབས་ཀྱིས་འཚོ་བ་རོལ་བའི་རྔ་བའི་མི་མང་གི་ཕྱོགས་སུ་སླེབས་ཤིང་། རྔ་བ་སྟོད་སྨད་བར་གསུམ་དུ་ཅི་ཞིག་ཟ་རྒྱུ་ཡོད་མེད་དང་། ཅི་ཞིག་འཐུང་རྒྱུ་ཡོད་མེད་ལ་ཧམ་སེམས་ཀྱིས་ཞིབ་ལྟ་བྱས། གློ་བུར་དུ་མེ་མདའི་སྐད་ཀྱིས་རྔ་ཡུལ་ཡོངས་སུ་ཁེངས་ཤིང་། སེམས་ཀྱི་དག་ཞིང་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཆེན་མོ་ཞིག་མེ་ལྕེ་ཁྲོད་དུ་ཡལ་བར་གྱུར། དགེ་འདུན་པ་ཉིས་སྟོང་ལྷག་གི་སློབ་སྦྱོང་བྱེད་ས་འདི་གཏོར་བཤིག་མཁན་གྱི་ལག་འོག་ནས་རིམ་པར་ཡལ་རྗེས། ལོ་རྒྱུས་ཡིག་ཚགས་ཁྲོད་ཀྱི་ལྷ་སྟེང་དགོན་གྱི་མིང་བྱང་འདི་ལས་ལྷག་མེད་དུ་གྱུར། བཙན་པོའི་དམག་དཔུང་གི་ཁྲོད་དུ་མཛད་རྗེས་ཆེ་ཞིང་བློ་སྟོབས་ལྡན་ལ་ཕྱི་བཤོལ་མེད་པའི་རྩེ་རྣོ་བའི་མདུང་རིང་དང་། དངོ་མི་ཐོགས་པའི་རལ་གྲི་འཆང་མཁན་གྱི་དཔའ་བོ་མང་པོ་ནང་པའི་ཆོས་ཀྱིས་བྱམས་སེམས་ཅན་གྱི་མི་རྒྱུད་དུ་བསྐྲུན་ཞིང་། བརྩེ་སེམས་ཀྱིས་ཁེངས་ཏེ་འཇིག་རྟེན་ཁམས་གཅེས་པར་སྐྱོང་བའི་དུས་སུ་བར་མེད་དུ་གྲགས་པའི་མེ་མདའི་སྐད་སྒྲའི་ངོགས་སུ་འཐིམས། ཤུལ་དུ་ལུས་པ་ནི་ཕ་མེད་མ་མེད་ཀྱི་བྱམས་སེམས་ཅན་གྱི་མི་རྒྱུད་ཁག་ཅིག་ཡིན། རི་དྭགས་རྔོན་པའི་ཚོར་བ་ཙམ་ལས་མེད་པའི་དམག་ལྭ་ལྗང་སེར་ཅན་གྱི་འཇིགས་སྐུལ་བ་དག་དགོད་སྒྲའི་ཁྲོད་ཕྱིར་ཐོན་བྱས་ཤིང་། འཁྱེར་འདོད་པ་ཆ་ཚང་འཁྱེར་ནས་ཕྱིན་སོང་། དེ་དུས་ཕྱི་ལོ་ ༡༩༣༥ རེད།

བྱམས་སེམས་ཅན་གྱི་མི་རྒྱུད་ཀྱིས་བསླབས་པ་ནི་བྱམས་སེམས་གཅིག་བུ་ག་ལ་ཡིན། ལས་དབང་དང་། རྒྱུ་འབྲས། བཟོད་པ། ཀུན་ཁྱབ་སེམས་འཁུར་ལྡན་པའི་རིག་གནས་ཅི་འདྲའི་མང་པོ་ཞིག་ཁོ་ཚོས་རྟོགས་ཏེ་ཉམས་ལེན་བྱེད་བཞིན་འདུག་ཨང་། རྔ་བའི་མི་མང་གིས་རང་གི་རིག་གནས་ཉམས་ལེན་དང་མདུན་བསྐྱོད་ཀྱི་གོམ་པ་མཚམས་འཇོག་བྱས་མྱོང་མེད་པ་དང་། ཤུལ་ལུས་སྐྱ་སེར་གཉིས་ཀྱིས་རང་འགན་ཕྲག་ཏུ་བླངས་ཏེ་གཟི་བརྗིད་ལྡན་པའི་དགོན་པ་གསར་བཞེངས་ཀྱིས་སེམས་ཀྱི་དག་ཞིང་ལོངས་སུ་སྤྱོད་པའི་རྣམ་པ་ཕུན་སུམ་ཚོགས་པར་བསྐྲུན་སྟེ་ཞི་བདེ་བག་ཕེབས་ཀྱི་འཚོ་བར་འབད་བརྩོན་བྱས།

འོན་ཀྱང་། འཇིགས་སྐུལ་བ་སླར་ཡང་སླེབས་ཤིང་། དབང་བསྒྱུར་དང་བཙན་འཛུལ་གྱི་འདོད་པ་སྔར་ལས་ཆེ་བ་བྱུང་། “ས་རྒྱལ་ཁབ་ཀྱི་ཡིན་། ཆུ་རྒྱལ་ཁབ་ཀྱི་ཡིན་”ཟེར་བའི་བཤད་ཡམས་ཤིག་བསྒྲགས་ཤིང་། བོད་མི་རྣམས་ལ་རྒྱལ་ཁབ་སུ་ཡིན་ནམ་སྙམ་པའི་དྲི་བ་འཁོར་ཡོད་ངེས། ཡ་མཚན་པ་ཞིག་ལ་རྒྱལ་ཁབ་དེ་ནི་ངོ་གདོང་སྐྱ་བེར་བེར་གྱི་གཟུགས་པོ་ཐུང་ཞིང་། ཁྱིའི་སྣ་དང་འདྲ་བོ་ཡོད་པའི་རྒྱ་མི་བཙན་འཛུལ་བ་ཚོ་ཡིན། དེ་ནས་བཟུང་རྔ་ཁོག་གིས་མཚོན་པའི་བོད་ཡུལ་ཡོངས་སུ་ཁྲག་རྒྱུན་ཆད་པའི་དུས་ཚོད་ཡལ་མྱོང་མེད་ཅིང་། ཁྲག་འདོན་པར་དགའ་བའི་བཙན་འཛུལ་བའི་འགྲམ་པར་དམར་གོར་གོར་ཀྱི་སྐྱིད་མདོག་ཤར་ཏེ་“མི་ཡིས་རང་དོན་མ་བསྒྲུབས་ན།། གནམ་སའི་དབར་དུ་གནས་ཐབས་མེད།།” ཟེར་བའི་རྒྱ་མིའི་གཏམ་དཔེ་དེ་ཁོ་ཚོས་ལྐོག་ཏུ་ཡང་ཡང་བསྐྱོར་གྱིན་ཡོད། རྒྱ་མི་ལས་གཞན་གྱིས་མི་ཐོས་སར་་་་་་་་་

འཇིགས་སྐུལ་དང་གཉའ་གནོན། རྡུང་གཅོག་གསོད་འཕྲོག་གི་མནར་གཅོད་འོག་ནས་ལོ་ངོ་བདུན་ཅུ་དོན་གསུམ་འདས་པའི་ཕྱི་ལོ་ ༢༠༠༨ ལོར་རྔ་བའི་མི་མང་གིས་སྙིང་རྗེའི་མཚོན་དོན་གྱི་གཟུངས་སྔགས་ཡི་གེ་དྲུག་མ་བཟླས་ཤིང་། བདག་གཞན་མཉམ་བརྗེ་ཡི་ཆོས་ཀྱི་དགོངས་དོན་རྒྱ་དམར་འཇིགས་སྐུལ་བར་སློབ་ཁྲིད་བྱས། “ཐག ཐག ཐག”སྐྱབས་ཡུལ་དགེ་འདུན་པ་གཅིག་དང་། སློབ་གྲྭར་འགྲོ་བའི་བུ་མོ་ཞིག་ས་རུ་འགྱེལ། ད་དུང་དེ་ལས་ཀྱང་མང་པོ་རླངས་པ་ཐུ་ལུ་ལུའི་ཟུངས་ཁྲག་ནང་དུ་བསྙལ་སོང་། ང་ཚོའི་དྲན་ཡུལ་དུ་སྙན་ཚིག་ཅིག་འཁོར། སྙན་ཚིག་དེ་ནི་མི་ཤི་རྟ་འགྱེལ་ལ་ཞེ་སུན་བྱུང་བའི་རི་བོ་དགེ་ལུགས་པའི་སྙན་ངག་སྨྲ་བ་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པ་ལགས་ཀྱི་“འཛིན་མ་རུས་པའི་གོས་དཀར་ནི།། བར་བར་ཁྲག་གི་ལྟིང་ཀ་འཁྱིལ།། ལ་ལར་ཁྲག་རྒྱུན་དྲོན་མོ་འབབས།། ”ཞེས་པ་འདི་ཡིན། སྙན་ཚིག་རྐང་བ་གསུམ་པོ་འདི་ཡིས་རྔ་ཡུལ་གྱི་རྣམ་པ་ཡོངས་སུ་མཚོན་པར་བྱས་ཤིང་། ང་ལ་འདི་ལས་ཀྱང་ཁ་གསལ་ལ་ཚིག་ཉུང་བའི་བརྗོད་པ་ཅི་ཡང་མ་བྱུང་། དྲག་སྤྱོད་གཞུང་གི་ཀླ་ཀློའི་རུ་དཔུང་སྔར་ལས་ཀྱང་སྣོན་པ་བྱས་ཤིང་། བྱམས་སེམས་ཅན་གྱི་མི་རྒྱུད་རྣམས་འུ་ཐུག་པ་བཟོས་སོང་།

བཟོད་བསྲན་ཆེ་ལ་བློ་སྤོབས་ཉམས་པ་མེད་པའི་བདེན་དོན་གྱི་མགོ་བོ་ཡར་ལ་བཀྱགས་ཤིང་། ཚེ་སྲོག་གིས་བདེན་དོན་གྱི་ལ་རྒྱ་རྩོད་པའི་བོད་ཕྲུག་གཞོན་ནུ་ཞིག་གིས་རང་སྲོག་དོར། “བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་མི་རྣམས་ཀྱིས་ཀྱང་རང་དབང་གི་འཚོ་བ་རོལ་ཆོག་དགོས། བོད་མི་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་དད་མོས་བྱེད་སར་གུས་བཀུར་བྱེད་པའི་རང་དབང་དགོས། ང་ཚོ་ལ་རང་ཉིད་ཀྱི་བདག་དབང་དགོས། ”ཞོགས་པའི་ཉི་ཟེར་གྱི་དྭངས་གཙང་དང་འགྲོགས་པའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་གིས་མངོན་འདོད་མང་དག་ཅིག་མནབས་ནས་ཀིརྟི་དགོན་པའི་ཕྱོགས་སུ་སླེབས་ཤིང་། ཁོང་གི་ཆོས་ཀྱི་གྲོགས་པོ་རྣམས་དང་། ཡུལ་མི་རྣམས་ཀྱིས་ཁོང་གི་མངོན་འདོད་དེ་རང་ཉིད་ཀྱི་མངོན་འདོད་ཡིན་པའི་གསལ་བསྒྲགས་བསྐྱངས། ཏང་ཀྲུང་དབྱང་ནས་སླེབས་པའི་ཁ་པར་གྱི་ཏིར་སྒྲ་རྔ་བའི་རྫོང་སྲིད་གཞུང་ནས་སིང་སིང་གྲགས་ཤིང་། དྲག་སྤྱོད་གཞུང་གི་གཏུམ་དྲག་ཅན་གྱི་ཁྱི་ཚོགས་ཤར་གྱིས་རྔ་བ་ཀིརྟི་དགོན་པའི་ཕྱོགས་སུ་སླེབས་ནས་ཐག་ཐག་ཐག་གི་མེ་མདའི་སྐད་སྒྲ་བར་མེད་དུ་བསྒྲགས་བྱུང་། ད་དུང་ཚེ་སྲོག་ཅི་ཙམ་ཞིག་རྒྱ་དམར་གྱི་དགོད་སྒྲ་དང་མཉམ་དུ་མཇུག་བསྡུས་ཡོད་ཨང་།

ང་རང་རི་བོ་ཆུང་ཆུང་རྡ་རམ་ས་ལའི་སྒང་ནས་དྲན་མེད་ཚོར་མེད་དུ་ལུས་ཤིང་། གསར་ལམ་ཁག་ཏུ་ཉིན་རྒྱུན་ཛ་དྲག་གི་གནས་ཚུལ་སྤེལ་གྱིན་འདུག དྲ་རྒྱའི་གཞུང་ངོས་སུ་རྔ་བའི་མིང་བྱང་གིས་ཁེངས་ཤིང་། རྔ་བའི་རྒྱལ་གཅེས་དཔའ་བོར་བསྟོད་པའི་སྙན་ངག་གི་ཚོར་རླབས་ཐུལ་མགོ་བརྩམས། ཐེག་ཆེན་ཆོས་གླིང་དུ་རྔ་ཡུལ་དང་། བོད་ས་ཡོངས་སུ་དྲག་སྤྱོད་གཞུང་གི་མེ་མདའི་མཆུ་སྦུག་ཏུ་དྲངས་པའི་དཔའ་བོ་རྣམས་དང་། བཙོན་ལུས་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་བྱེད་ཀྱི་ཡིན་ཞིང་། ངས་ཀྱང་《སྨོན་ལམ་ཕྱོགས་བསྒྲིགས་》ཀྱི་དེབ་ཁྱེར་ནས་ཐེག་ཆེན་ཆོས་གླིང་དུ་སྨོན་ལམ་འདེབས་པར་འགྲོ་རྒྱུ་ཡིན།

རིགས་རྒྱུད་གཅིག་པའི་རྔ་བའི་མི་མང་ལགས། ངས་ནི་སྨོན་ལམ་གྱི་ཆོ་ག་འདི་གཉེར་ཏེ་རང་སེམས་སྡུག་གིས་མནན་པའི་གདོང་པ་ཕྱི་རུ་སྟོན་པ་ལས་ཅི་ཡང་མི་ནུས་པས་“དགོངས་པ་མ་ཚོམས་”ཞུ་རྒྱུ་ཡིན།
བོད་ལྕགས་ཡོས་བཙན་བྱོལ་ལོ་༥༡པ་ཕྱི་ལོ་༢༠༡༡ཟླ་༤ཚེས་༢༥དགོང་མོ།

རྩོམ་རིག

Post navigation

Previous Post: འདྲེ་རུ་སྐྱེ་བའི་སྔ་གཞུག་གི་མྱི།
Next Post: ནེའུ་ཡོག་དང་ནེའུ་ཇར་སེའི་ས་གནས་བོད་རིགས་ཡོངས་ཀྱི་སྙན་ལམ་དུ་ཆེས་ཛ་དྲག་དང་བློ་འཚབ་ཀྱིས་སྙན་སེང་ཞུ་རྒྱུར།

Comments (4) on “དགོངས་སེལ་ཞིག བོད་རྔ་བར་སེམས་གཏད་པ།”

  1. བཀྲ་ཤིས་ནག་ལྡང་། says:
    2011-04-26 at 5:39 pm

    རང་ཉིད་རྩོམ་པ་པོ་ཡིན་ཟེར་མཁན་དང་། རང་གི་ཡན་ན་མེད་འདོད་མཁན་དག་གིས་བོད་ཀྱི་ཛ་དྲག་གི་གནས་སྟངས་འདི་ལྟ་བུའི་སྐོར་ལ་རྩོམ་ཡིག་འབྲི་ཐུབ་ན་འཚོ་བ་དངོས་ལ་གདོང་གཏུགས་པ་རེད། དེ་མིན་ཁ་རྒྱག་པ་རེ་བཤད་ནས་བསྡད་ནས་ཅི་བྱེད།

  2. གནམ་ལྕགས། says:
    2011-04-27 at 4:04 am

    དངོས་གནས་དོན་དང་ལྡན་པའི་རྩོམ་ཡིག་ཅིག་སྤེལ་འདུག འཇིགས་མེད་ཚེ་རིང་ལགས་ལ་ཐུགས་རྗེ་ཆེ་ཞུ།

  3. ཀིརྟི་སྐྱབས། says:
    2011-04-27 at 4:12 pm

    རྩོམ་ཡག་པོ་བྲིས་འདུག རྔ་པ་ཀིརྟི་དགོན་པ་འདི་རྒྱ་དམར་གྱིས་རྩ་མེད་མི་བཟོ་བའི་སྨོན་ལམ་ཚུན་ཆད་འདེབས་དགོས། རྒྱ་དམར་གྱིས་རྩ་མེད་བཟོ་ཐབས་སུ་ཁ་གཡར་ས་ཞིག་མ་རྙེད་པར་བསྡད་ཡོད་པས། ཀིརྟི་དགོན་པའི་གྲྭ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་འཚེ་མེད་ཞི་བ་དང། བྱུང་ན་རྒྱ་ནག་གི་རྩ་ཁྲིམས་དང་མ་འགལ་བའི་ཐོག་ནས་རྩོད་པ་བྱེད་ཐུབ་ན་ལེགས། ཕྱི་ལོགས་ནས་ཀྱང་ལས་འགུལ་སྤེལ་སྟངས་ནོར་མི་རུང། རྔ་པ་ས་ཁུལ་གྱི་མི་མང་ཙམ་མིན་པར་བོད་མི་ཡོངས་དང། བོད་དོན་རྒྱབ་སྐྱོར་བ་ཕྱི་ནང་མི་རིགས་ཡོངས་ཀྱིས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ།

  4. ལ་སྟོད་བུ། says:
    2011-04-27 at 4:36 pm

    ཀིརྟི་སྐྱབས་ནི་ཀིརྟི་སྐྱབས་རང་རེད།
    ངེད་ཅག་ནང་པས་འཚེ་མེད་ཞི་བའི་ལམ་བུར་བཞུགས་དགོས་པ་མ་ཟད་༧གོང་ས༧་མཆོག་ནས་ཀྱང་རྟག་ཏུ་འཚེ་མེད་ཞི་བའི་ལམ་ནས་བདེན་པ་རྩོད་དགོས་བདེན་པ་ལ་བདེན་པའི་རྒྱབ་སྐྱོར་ཡོད།
    ང་ཚོར་བདེན་པ་ཡོད་དུས་བདེན་པའི་གྲུབ་འབྲས་ཀྱང་ངེས་པར་དུ་ཡོང་གི་རེད།
    ཅེས་གསུངས་ཡོད།
    གྲྭ་བས་རང་ཉིད་ཀྱིས་རང་ཉིད་མེར་བསྲེགས་བྱས་པ་དེ་སྲིད་ཀྱི་ཕྱོགས་ནས་བཤད་ན་འགྲིག་པ་ཞིག་དང།
    ཆོས་སམ་ནང་པས་བཤད་ན་དེ་ནོར་འཚེ་བ་རང་རེད།
    ལྷག་པར་དུ་འདུལ་བའི་གཞུང་ནས་གཅིག་གསུངས་ཡོད།
    དེ་མིན་རྒྱ་ནག་གིས་ཁག་དཀྲིས་ཏེ་དགོན་པ་སྒོ་རྒྱབ་ཀྱང་སྲིད་པ་རེད།
    ཞུ་ཕྱོགས་ནོར་ཡོད་ན་གསན་ཕྱོགས་མ་ནོར་བ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme