Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་ལྡན་པས་གནས་ཆུང་དང་རྟ་མགྲིན་དང་ལྷ་མོ་སོགས་བརྟེན་པའི་འབྱུང་ཁུངས།

Posted on 2012-11-02 By སྤོབས་པ་མཐའ་ཡས། 97 Comments on དགེ་ལྡན་པས་གནས་ཆུང་དང་རྟ་མགྲིན་དང་ལྷ་མོ་སོགས་བརྟེན་པའི་འབྱུང་ཁུངས།

སྤོབས་པ་མཐའ་ཡས།
གནས་ཆུང་ཆོས་ཀྱི་རྒྱལ་པོ་ནི་སློབ་དཔོན་པདྨ་སམ་བྷ་ཝས་ཆོས་འཁོར་བསམ་ཡས་ཀྱི་དཀོར་སྲུང་དུ་མངའ་གསོལ། ཆོས་སྐྱོང་དེ་ཉིད་རི་བོ་དགེ་ལྡན་པའམ་བཀའ་གདམས་གསར་མ་བས་ཀྱང་བརྟེན་སྲོལ་བྱུང་། དེ་ཉིད་ཀྱི་འབྱུང་ཁུངས་ནི་བཀའ་གདམས་པའི་ཡབ་རྒན་འབྲོམ་སྟོན་པ་ཉིད་ལ་ཐུག་ཡོད། དེ་ཡང་འབྲོམ་སྟོན་པ་མངའ་རིས་སུ་ཇོ་བོའི་དྲུང་དུ་ཕེབས་སྐབས་ཆོས་སྐྱོང་འདིས་གྲོགས་དན་མཛད་ཚུལ་ཞིག་འབྲོམ་སྟོན་པའི་རྣམ་ཐར་དུ་གསལ། དེ་ཡང་འབྲོམ་སྟོན་པའི་རྣམ་ཐར་ཞིག་ལས་འདི་ལྟར་འབྱུང་། དེ་ནས་མི་གྲོང་མ་བརྒྱུད་པར་བྱང་ལམ་ནས་ཐེགས་པས། དང་པོར་མི་ངོ་མི་ཤེས་པ་ཞིག་གིས་ལམ་སྣེ་བྱས། ལམ་ཁ་ཞིག་ཏུ་ཁོ་ན་རེ། ད་སྣ་ཤུད་ཀྱི་འཁྲུགས་པ་ལངས་པས་ང་འགྲོ་དགོས་ཟེར་ནས་ཚུབ་མར་རེངས་ཀྱིས་སོང་། དུས་ཕྱིས་ཀྱང་འབྲོམ་གྱི་ཞལ་ནས། དེ་པེ་དཀར་དུ་འདུག ཆོས་གཤའ་མར་བྱེད་ན་ཁོང་ཡང་ཆོས་སྐྱོང་བཟང་པོར་འདུག་གསུང་། ཞེས་འབྱུང་བས་སྤྱིར་ན་བཀའ་གདམས་ལྷ་ཆོས་བདུན་ལྡན་ཞེས་ལྷ་སྲུང་སོགས་མང་པོ་གསོལ་གསོལ་མཆོད་མཆོད་ལ་མི་མཉེས་ཀྱང་འབྲོམ་སྟོན་པས་པེ་དཀར་ལ་དམིགས་བསལ་གྱིས་བསྔགས་པ་བརྗོད་པ་དེ་ནི་བཀའ་གདམས་གསར་མ་སྟེ་རི་བོ་དགེ་ལྡན་པས་ཀྱང་གནས་ཆུང་ཆོས་རྒྱལ་བརྟེན་སྲོལ་བྱུང་བའི་རྒྱུ་མཚན་གཅིག་ཡིན།
དཔལ་རྟ་མགྲིན་གྱི་ཆོས་སྐོར་ནི་སློབ་དཔོན་པདྨ་སམ་བྷ་ཝའི་ཐུགས་དམ་ཞིག་ཡིན་ཞིང་ཁོང་གིས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ལ་གནང་ནས་བཟུང་བོད་ལ་དར་མགོ་ཚུགས། དེ་བཞིན་དུ་རྟ་མགྲིན་ནི་ཇོ་བོའི་རྗེའི་ཐུགས་དམ་ཞིག་ཀྱང་ཡིན། དེའི་སྐོར་ཡང་ཇོ་བོའི་རྣམ་ཐར་ན་འདི་ལྟར་གསལ། དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ཏེ། འཕན་ཡུལ་ལན་པ་སྤྱིལ་བུར་ཆོས་མང་པོ་གསུངས། ཉིན་ཞིག་ཇོ་བོ་ཆོས་ཁྲི་ཁ་ནས་ལྷུང་བས། ཇོ་བོའི་ཞལ་ནས། འདི་ན་མི་མ་ཡིན་ཆེན་པོ་ཞིག་འདུག ཁྱེད་ཀྱིས་དེ་ང་ལ་མི་སྦྲོན་པ་གསུང་བ་དང་། མི་མ་ཡིན་ལ། ད་ཁྱོད་ཡིན་ཅིག་གསུངས་ནས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་པ་མཛད་དེ་བཏུལ། དེ་ཡང་སྤྱིར་ན་ཇོ་བོ་བོད་དུ་ཕེབས་ནས་སྔགས་ཀྱི་ཆོས་མང་པོ་ཡོངས་གྲགས་སུ་མ་གསུངས་པ་དང་། ཡི་དམ་ཁྲོ་བོའི་སྒྲུབ་པ་མཛད་ཚུལ་གཞན་མེད་ཀྱང་དཔལ་རྟ་མགྲིན་གྱི་སྒྲུབ་པ་མཛད་པ་འདི་དམིགས་བསལ་གྱི་གལ་ཆེན་དུ་གྱུར་ཡོད་པ་དེ་ནི་བཀའ་གདམས་གསར་མ་སྟེ་རི་བོ་དགེ་ལྡན་པས་རྟ་མགྲིན་བརྟེན་པའི་རྒྱུ་མཚན་ཞིག་ཡིན།
དཔལ་ལྷ་མོ་ནི་སྔ་འགྱུར་གྱི་རྒྱུད་ལས་བྱུང་བའི་ཆོས་སྐྱོང་ཞིག་ཡིན། ཆོས་སྐྱོང་དེ་ཉིད་ཀྱང་བཀའ་གདམས་གོང་མ་རྣམས་ཀྱི་སྲུང་མ་ཡང་ཡིན། དེའི་སྐོར་ཡང་པོ་ཏོ་བའི་སློབ་མ་དབུས་ཀྱི་ཀ་ཆེན་གཉིས་ཀྱི་ཡ་གྱལ་གླང་ཐང་པ་རྡོ་རྗེ་སེང་གེའི་རྣམ་ཐར་ན་འདི་ལྟར་གསལ། ལན་ཅིག་གི་ཚེ་ཚེ་རེ་རབས་ཐམས་ཅད་དུ་དགེ་སློང་གི་དངོས་པོ་དང་མི་འབྲལ་བའི་དམ་བཅའ་བརྟན་པོ་མཛད་པས། དཔལ་ལྷ་མོ་དྲེའུའི་སྐད་ལྷང་ངེར་བྱོན་ནས་དེའི་བར་དུ་ངས་ཁྱོད་ཀྱི་གྲོགས་བྱའོ་གསུངས། ཞེས་འབྱུང་། དེ་བཞིན་བཀའ་གདམས་པའི་གདན་ས་བྱ་ཡུལ་པའི་གདན་རབས་འཆད་སྐབས་སུ་ཡང་དཔལ་ལྷ་མོའི་བཀའ་བྱུང་ནས་ཟེམ་གྱིས་གདན་ས་མཛད་སོགས་འབྱུང་། དེ་ལྟར་དཔལ་ལྡན་ལྷ་མོ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་གང་ཟག་དག་ལ་སྡོང་གྲོགས་མཛད་མཁན་ཞིག་ཡིན་པའི་ཡིད་ཆེས་བྱེད་པས་བཀའ་གདམས་གསར་རྙིང་གི་ཆོས་སྐྱོང་གལ་ཆེན་ཞིག་ཏུ་བརྩི་སྲོལ་བྱུང་།

རང་གིས་ཤེས་པ་གཞན་ལ་སྒྲོག་པ་དང་།།
གཞན་གྱིས་ཤེས་པ་རང་གིས་ལེན་པའི་ཆེད།།
བདེན་པའི་གཏམ་གྱི་གླེང་མོལ་བྱེད་པ་འདི།།
ཁ་བརྡ་དྲ་བར་ཞུགས་པའི་དགོས་པ་ཡིན།།

དཔྱད་རྩོམ།

Post navigation

Previous Post: མེ་ཡི་འབར་སྟངས།
Next Post: སེམས་ཀྱི་མཛའ་མོ་དྲན་པ།

Comments (97) on “དགེ་ལྡན་པས་གནས་ཆུང་དང་རྟ་མགྲིན་དང་ལྷ་མོ་སོགས་བརྟེན་པའི་འབྱུང་ཁུངས།”

  1. རྫ ་ཚེ་རིང་བཀྲ་ཤིས། says:
    2012-11-02 at 9:17 pm

    ལགས་སོ། ཐུགས་རྗེ་ཆེ། ཡོངས་སུ་བཀླགས་ཡོད། རིན་ཐང་ཅན་དུ་འདུག
    འོན་ཀྱང་། རྟ་མགྲིན་ལྟ་བུར་མཚོན་ན་རྒྱུ་མཚན་དེ་ཡིན་མིན་སོགས་དཔྱད་བྱར་འདུག་ཀྱང་གནས་སྐབས་བཏང་སྙོམས་སུ་བཞག་གོ།

  2. འཇམལ་དཔལ་རྣོན་པོ། says:
    2012-11-02 at 10:02 pm

    དགེ་ལྡན་པས་རྟ་མགྲིན་བསྟེན་ཟེར་བ་ཡང་་་་སེ་ར་བྱེས་པའི་གྲྭ་ཚང་གཅིག་པུ་རེད། སེ་ར་བྱེས་པ་གྲྭ་ཚང་གི་རྟ་མགྲིན་བསྟེན་སྲོལ་དེ། སེ་ར་ཐོག་མར་ཕྱག་འདེབས་སྐབས་སུ་དགེ་བཤེས་ཆེན་པོ་རྗེ་རིན་པོ་ཆེའི་དངོས་སློབ་གཅིག་གིས། ཁོ་རང་གི་ཕ་ཡབ་རྙིང་མའི་སྔགས་རྒན་ཞིག་ལས་བརྒྱུད་ནས་ཡོང་བ་རེད།

  3. dechensemkyi says:
    2012-11-02 at 10:08 pm

    རྫ་ཚེ་རིང་བཀྲ་ཤིས་ལགས། གནས་སྐབས་ལ་བཏང་སྙོམ་དུ་མ་འཇོག

  4. གནམ says:
    2012-11-02 at 10:09 pm

    རྟ་མགྲིན་ནི་ང་ཆུང་དུས་ངའི་ཁ་འདོན་ཞིག་ཡིན། རྫ་མགོ་རི་མགོ། ས་སྟོང་ལུང་སྟོང་སོགས་ནས་གཉིད་ཉལ་བ་ལ་དགའ་བོ་ཡོད་པས། ས་དགྲ་འདྲེ་གདོན་སོགས་ཀྱིས་གནོད་པ་མེད་སྤྱད་ཕ་མ་དྲིན་ཆེན་གཉིས་ཀྱིས་གནང་བའི་ཞལ་ལུང་རྩ་ཆེན་ཞིག་ཡིན། ལྷ་མོ་དང་གནས་ཆུང་གཉིས་བསང་ཁ་གསོལ་ཁ་ནས་བཅོལ་བ་འདྲ་བྱེད་པ་ཙམ་ལས་རྟ་མགྲིན་ལྟར་གཟུངས་སྔགས་འདྲ་ཡོད་མེད་མི་ཤེས། དེ་ག་འདྲ་རེད། དེ་འདྲ་འདྲ་ཡོད་དམ། ལྐུག་པ་ང་།

  5. dechensemkyi says:
    2012-11-02 at 10:18 pm

    གནམ་ལགས། དཔལ་ལྡན་ལྷ་མོ་ལ་ནི་གཟུངས་སྔགས་ཡོད་རེད། བྷྱོ་རེ་མ་ཏི་བྷྱོ་བྷྱོ་སོགས་བྷྱོ་བདུན་མ་ཟེར་བ་ཞིག་ཡོད་རེད། གནས་ཆུང་ཆོས་རྒྱལ་ཆེན་པོའི་གཟུངས་ཟེར་བ་ཞིག་ནི་མཐོང་མ་མྱོང་།

  6. བཀྲིས། says:
    2012-11-02 at 10:21 pm

    སྙན་པོ་བྱུང་། གནས་ཚུལ་གསར་པ་གང་ཙམ་རྟོགས་སོང་། བཀའ་དྲིན་ཆེ། སྔོན་མ་གོ་ཐོས་ལ། སློབ་དཔོན་རིན་པོ་ཆེ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། དེ་བཞིན་རྗེ་རིན་པོ་ཆེ་རྣམ་པ་གསུམ་ཐུགས་རྒྱུད་གཅིག་ཡིན་པའི་གསུངས་སྲོལ་འདུག། དེའི་འབྱུང་ཁུངས་ག་ནས་ཡིན་ནམ༎

  7. གནམ says:
    2012-11-02 at 10:28 pm

    ལགས་སོ། དེ་ན་ཆོས་སྐྱོང་སྲུང་མས་ཆོས་དགོན་གཉིས་སྲུང་བ་ལས་གཞི་བདག་ལྟར་གཞི་ཁྱིམ་འཁོར་བ་ལ་ལྟ་སྐྱོང་བྱེད་ནི་ཨེ་རེད།

  8. dechensemkyi says:
    2012-11-02 at 10:37 pm

    གནམ་ལགས། ཆོས་སྐྱོང་སྲུང་མས་འཁོར་བ་ལ་ལྟ་རྟོག་བྱེད་མིན་དེ་ནི་ངའི་ཤེས་ཚད་ལས་བརྒལ་བའི་དྲི་བ་ཞིག་རེད། ངས་འདི་ན་ལོ་རྒྱུས་ཀྱི་སྐོར་ཞིག་གླེང་གི་ཡོད་མ་གཏོགས་དེའི་ནུས་མཐུ་སོགས་ནི་གླེང་ཤེས་མ་སོང་ལགས།

  9. མྱི་དཀར་ says:
    2012-11-02 at 10:37 pm

    གནས་ཆུང་གི་སྐུ་མདོག་དང་ཆ་ལུགས་ག་འདྲ་ཡོད་པ་གསལ་བཤད་གནང་རོགས་ཞུ།

  10. dechensemkyi says:
    2012-11-02 at 10:46 pm

    མྱི་དཀར་ལགས། སྐུ་མདོག་ནི་དམར་པོ་རེད། ཆ་ལུགས་ནི་ཟ་ངེ་ཟིང་ངེ་ཧ་ཅང་ཆེན་པོ་རེད། ངས་འདི་ནས་ཁ་ནས་བཤད་དགོས་ན་བཤད་ཚག་པོ་འདུག དྲ་སྟེང་དུ་གནས་ཆུང་གི་མིང་ཐོག་ནས་བཙལ་ན་མང་པོ་མཐོང་གི་འདུག

  11. བོད་ཀྱི་བཙན་པོ། says:
    2012-11-02 at 11:04 pm

    ལས་རྒྱུ་འབྲས་ལ་ཡིད་ཆེད་ཡོད་ན་སྲུང་མ་དགོས་དོན་མེད་ སྲུང་མ་ལ་བརྟེན་མཁན་རྣམས་ལས་རྒྱུ་འབྲས་ལ་ཡིད་ཆེད་མེད་

  12. ཨ་རིག་དགེ་མཐོང་གིས། says:
    2012-11-02 at 11:13 pm

    བོད་སྤྱི་ཚོགས་ཀྱིས་སེམས་དང་བསམ་པའི་ངོས་སུ་ཤ་དང་རུས་པའི་གསེང་དུ་འཐིམ་ཡོད་པའི་སྲུང་མ་དག་གི་ལོ་རྒྱུས་སམ་འབྱུང་ཁུངས་རེ་བཤད་ན་དགེ་མཚན་འདུག སྤོབས་པ་མཐའ་ཡས་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།
    རྟ་མགྲིན་སྐོར་ལ་བསམ་འཆར་ཅིག་འདུག ཡིན་ནའང་ཁུངས་ལུང་མེད་པར་འུར་བརྒྱབ་ན་ཡག་པོ་མི་འདུག་སྙམ་སྟེ་ཕྱིར་བུད་སོང་ང་། རྗེས་སུ་མཇལ་ཡོང་།

  13. མེ་ཏོག་དཀར་པོ། says:
    2012-11-02 at 11:21 pm

    རྒྱལ་པོ་པེ་དཀར་དང་གནས་ཆུང་གཅིག་པ་ཨ་ཡིན།
    གནས་ཆུང་ནི་རྒྱལ་པོ་སྐུ་ལྔའི་ནང་གི་གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་རེད་པ།
    པེ་དཀར་ནི་མུ་རུབ་བཙན་པོས་བློན་པོའི་བུ་གཅིག་བསད་པའི་ཆད་པར་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་དུ་བཏང་བ་ལྟར། སྒོམ་གྲྭའི་བཅོམ། ཀ་ཅ་འཁྱེར་ཏེ་འོངས་པའི་ཀ་ཅའི་རྗེས་སུ་འབྲང་ཏེ་དབུས་སུ་འབྱོར། དེ་ལ་སློབ་དཔོན་པདྨས་བསམ་ཡས་ཀྱི་དཀོར་སྲུང་དུ་བསྐོས་པར་གྲགས།

  14. ལེགས་བཤད། says:
    2012-11-02 at 11:36 pm

    ལྷ་མོ་དམག་ཟོར་མ་བོད་ལ་གདན་འདྲེན་མཁན་ཕ་དམ་པ།
    མགོན་པོ་ཕྱག་དྲུག་པ་གདན་འདྲེན་མཁན་ཁྱུང་པོ་རྣལ་འབྱོར།
    མགོན་པོ་ཞལ་བཞི་པ་གདན་འདྲེན་མཁན་གཉན་ལོ་ཙཱ་བ་དར་མ་གྲགས།
    མགོན་པོ་ཕྱག་བཞི་པ་གདན་འདྲེན་མཁན་དཔལ་ཆེན་རྒ་ལོ།
    རྣམ་སྲས་གདན་འདྲེན་མཁན་ཟངས་དཀར་ལོ་ཙཱ་བ།
    ཚོགས་བདག་གླང་སྣ་ཅན་གདན་འདྲེན་མཁན་འབྲོག་མི་ལོ་ཙཱ་བ།
    བེག་རྩེ་གདན་འདྲེན་མཁན་གཉན་ལོ་ཙཱ་བ་དར་མ་གྲགས།
    འོན་ཀྱང་སྐྱེས་བུ་ཆུང་ངུའི་སྲུང་མ་ཆོས་རྒྱལ་བོད་ལ་གདན་འདྲེན་མཁན་སུ་ཡིན་འདུག་ལོ་རྒྱུས་ནང་གསལ་ཁ་མེད་པས་རྣམ་པ་ཚོར་རྒྱུས་ཡོད་ན་གསུངས་རོགས་ཞུ། དེར་མ་ཟད་ལྷ་མོའི་སྔགས་བྷྱོ་བྷྱོ་སོགས་ཞང་ཞུང་གི་སྐད་ཡིན་པར་དགེ་བཤེས་ཤེར་རྒྱམ་ཚང་གིས་གསུངས་མྱོང་། ལ་ལས་ལེགས་སྦྱར་ཡིན་ཚུལ་བཤད་མོད་ཀློག་ཚེ་བོད་ཡིག་ལྟར་ཀློག་གི་འདུག་པ་སྐྱོན་ཞིག་རེད།

  15. ལེགས་བཤད། says:
    2012-11-02 at 11:39 pm

    བོད་ཀྱི་བཙན་པོ་ལགས་སྲུང་མ་སྟེན་མཁན་རྣམས་ལས་འབྲས་ལ་ཡིད་ཆེས་མེད་པའི་རྒྱུ་མཚན་གསུངས་རོགས།

  16. ལེགས་བཤད། says:
    2012-11-02 at 11:44 pm

    རྒྱུན་ལྡན་གྱི་མིའི་མྱོང་ཚོར་ལས་འདས་པའི་ཆོས་སྐྱོང་སྲུང་མ་ལ་ཡིད་ཆེས་བརྟན་པོ་ཡོད། ཆོས་སྐྱོང་རྣམས་རྒྱལ་ལོ། རྒྱལ་བར་གྱུར་ཅིག །ཆོས་སྐྱོང་སྲུང་མ་རྣམས་བདེན་པ་ཡིན། གང་དུ་བདེན་པ་ཡོད་ན་ཆོས་སྐྱོང་སྲུང་མ་ཡོད། གང་དུ་བདེན་པ་མེད་ན་ཆོས་སྐྱོང་སྲུང་མ་ཡང་མེད།

  17. འདྲེ་རྐང་ཐོ། says:
    2012-11-03 at 12:11 am

    སྤོབས་མཐའ་ལགས་ནས་་་ངོ་མས་རིན་ཐང་ལྡན་པའི་རྩོམ་ཡིག་སྤེལ་བར་འདྲེ་ངས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ཆུང་དུས་སེ་རའི་རྟ་མགྲིན་རང་བྱུང་དེ་ལ་ཐེངས་ཁ་ཤས་ཤིག་མཇལ་མྱོང་ཙམ་ལས་ལོ་རྒྱུས་རྩ་ནས་ཤེས་ཀྱིན་མེད། དེ་བཞིན་དུ་ལྷ་མོ་ཡང་ཅི་ལྟར་སྲུང་མར་གྱུར་སྟངས་སོགས་རྩ་ནས་དོ་སྣང་མ་བྱུང་། ཨ་མདོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གནས་ཕུག་ན་ལྷ་མོའི་རྡོ་སྐུ་རང་བྱུང་མྱི་ཆེན་གྱི་གཟུགས་འདྲ་ཞིག་ཡོད་པར་ཐེངས་མང་མཇལ་མྱོང་ཙམ་ལས་་་་ཐོག་མར་སུས་སྲུང་མར་བསྐོས་པ་སོགས་མི་ཤེས།
    ལྷ་མོའི་གཟུངས་སྔགས་ཤིག་་་་༧གོང་ས་ཐམས་ཅད་མཁྱེན་པའི་ཕྱག་རྩོམ་ལྷ་མོའི་འཕྲིན་བཅོལ་ཐུང་ངུ་དེའི་ནང་ན་ཡོད་འདྲ་ཞིག་དྲན།

  18. མཚོ་མོ། says:
    2012-11-03 at 12:16 am

    རྟ་མགྲིན་ཁ་འདོན་དེ་ཕ་མའི་ངག་ནས་ང་རང་གིས་ཀྱང་ཆུང་དུས་ནས་ཤེས་པར་གྱུར་ཡང་་མཚན་ལྟ་བུ་སྐྲག་སྣང་སྐྱེས་དུས་མ་གཏོགས་འདོན་སྲོལ་མེད།

    ད་བྱེད་དུས་ལོ་རྒྱུས་འདི་འདྲ་ཡིན་པ་འདྲ།

  19. གནམ says:
    2012-11-03 at 1:18 am

    ནུས་མཐུ་མི་ཤེས་བའི་ནུས་མཐུ་འདི་ནི་ནུས་མཐུ་ཞིག་ཡིན་པས། སྤོབས་ལ་ལགས་བདེན། ནུས་མཐུ་མི་བཤད། ནུས་མཐུ་ཤེས་སོང་ན་ནུས་མཐུ་ཞིག་གི་ལྐོག་གྱུར་ཤོར་སོང་བས་གསོན་ཉམས་དེ་འདྲ་མི་བདེན། ཡིན་ན་ཡང་།
    གདན་འདྲེན་མཁན་ཡོད་ན་གདན་དྲངས་ཡོང་སའི་ཡུལ་གནས་ཞིག་ཡང་ཡོད་རྒྱུ་རེད་འདུག་ན་དེ་དག་གང་ནས་རེད། མགོན་པོ་ནི་རྒྱ་གར་ཞིག་ན་ཡོད་པ་འདྲ། རྡོ་རྗེ་གདན་གྱི་ཐག་ཉེ་ཞིག་ན་ཅིག་གིས་ཁོང་མཇལ་ཐུབ་སོང་བ་རེད་ཟེར་ནས་གནས་ཞིག་འདུག།
    ལེགས་བཤད་ལགས་དང་སྤོབས་པ་ལགས། མ་ཤེས་བ་ལ་བཀའ་བཀྱོན་མ་གནང་། ཁྱོད་གཉིས་ལ་སྐུ་ཚེགས་མེད་ན། དོན་དམ་པར། འདི་དག་སུ་སུ་ཡིན་པའི་ཤེས་འདོད་ཞིག་ཡོད་ཀི།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-11-03 at 1:50 am

    སྤྱིར་སྟངས་གསུང་སྲོལ་ལ་རྟ་མགྲིན་ནི། སྤྱན་རས་གཟིགས་དྲག་ཏུ་ཁྲོས་པ་དང་། དཔལ་ལྡན་ལྷ་མོ་ནི། ས་བཅུ་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་དྲག་ཏུ་ཁྲོས་པར་གསུང་སྲོལ་འདུག
    པེ་དཀར་དང་གནས་ཆུང་གཉིས་ལྷ་གཅིག་ཡིན་སྟངས་ནི། མེ་དཀར་གྱིས་གསུངས་པ། པེ་དཀར་ནི་མུ་རུབ་བཙན་པོས་བློན་པོའི་བུ་གཅིག་བསད་པའི་ཆད་པར་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་དུ་བཏང་བ་ལྟར། སྒོམ་གྲྭའི་བཅོམ། ཀ་ཅ་འཁྱེར་ཏེ་འོངས་པའི་ཀ་ཅའི་རྗེས་སུ་འབྲང་ཏེ་དབུས་སུ་འབྱོར། དེ་ལ་སློབ་དཔོན་པདྨས་བསམ་ཡས་ཀྱི་དཀོར་སྲུང་དུ་བསྐོས་པར་གྲགས་པ་དེ།
    ཕྱིས་སུ་ལྷ་ཆེན་པོ་དེ་ཕུག་རོན་ཞིག་ལ་སྤྲུལ་ནས་གནས་ཆུང་ཆུང་གཅིག་ལ་སྐྱབས་བཅོལ་བས་ན། གནས་ཆུང་ཞེས་མཚན་ཕྱིས་སུ་ཆགས་ཚུལ་གྱི་ཁུངས་ཤིག་ཀྱང་བཀླགས་མྱོང་བས་གསལ་པོ་རང་མི་དྲན།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-11-03 at 1:55 am

    འོན་ཀྱང་སྐྱེས་བུ་ཆུང་ངུའི་སྲུང་མ་ཆོས་རྒྱལ་བོད་ལ་གདན་འདྲེན་མཁན་སུ་ཡིན་འདུག་ལོ་རྒྱུས་ནང་གསལ་ཁ་མེད་པས་རྣམ་པ་ཚོར་རྒྱུས་ཡོད་ན་གསུངས་རོགས་ཞུ། ཞེས་པ་ལ།
    སྐྱེས་བུ་ཆུང་ངུའི་སྲུང་མ་ཆོས་རྒྱལ་འདི་ནི་རྗེ་རིན་པོ་ཆེའི་སློབ་མའམ། གསོལ་དཔོན་ཁོང་གི་མཚན་བརྗེད་སོང་བ། ཁོང་རང་ཉིད་རྗེའི་བསྟན་སྲུང་ཕྱིར་དྲག་ཏུ་ཁྲོས་པ་རེད། ང་ཆུང་སློབ་གྲྭར་བསྡད་དུས་དེ་ལྟ་བུ་ཅིག་གོ་ལོ་ཐོས་ལོ་གཅིག་དྲན་བགྱིད་འདུག་པས་སྐྱོན་བསལ་དག་ཐེར་གནང་གྲོགས་གནོངས།

  22. བྱི་ལ says:
    2012-11-03 at 1:59 am

    མཆན་བཅུ་བཞི་པའི་དྲྭ་གྲོགས་ ལེགས་བཤད་ལགས། (ཀློག་པའི་ཚེ་བོད་ཡིག་ལྟར་ཀློག་གི་འདུག་པ་སྐྱོན་ཞིག་ རེད་) གང་གི་སྐྱོན་ཡིན་པའི་ཐུགས་དོགས་བྱུང་། གསལ་བཤད་གནང་རོགས་གྱིས།

  23. ཁྲི་རལ་པ། says:
    2012-11-03 at 2:01 am

    དཔལ་ལྡན་ལྷ་མོ་ནི་དགེ་ལུགས་པའི་ཁྲོད་རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་སླེབས་པ་༧གོང་ས་སྐྱབས་མགོན་ཆེན་པོའི་ཆོས་སྐྱོང་བསྟེན་ཕྱོགས་སྐོར་གྱི་བཀའ་སློབ་དུ་གསལ།གནས་ཆུང་ནི་སློབ་དཔོན་རིན་པོ་ཆེས་དམ་ལ་བཏགས་པ་དེ་གར་གསལ་འདུག་ག

  24. རྒྱ་གར་རྨ་བྱ། says:
    2012-11-03 at 2:24 am

    སྤོབས་པས་བསྣམས་ཡོང་བའི་བགྲོ་གཞི་ཡག་པོ་རེད།

    ཤོད་སྟངས་འཁྱོག་སོང་ན་རྙོག་སྒྲ་མང་རོགས་རེད།

    དང་པོ་བོད་དུ་གསང་སྔགས་དར་རྒྱུ་མང་དྲགས་པས་རེད།

    གཉིས་པ་མང་ཚོགས་སུ་ཤེས་ཡོན་གྱི་ཚུ་ཚད་སྐྱོ་དྲགས་པས་རེད།

    བླ་དཔོན་འགའ་ཡིས་ལྷ་སྲུང་དེ་དག་མགྲོན་ཤོག་ལྟ་བུས་རིམ་བཞིན་བོད་དུ་གདན་དྲངས།

    དེ་ལ་ཚང་མ་ཧང་སངས་ཏེ་དད་དམ་ཆེན་པོས་བསྟེན།

    དེ་སྔོན་གྱི་སྤྱི་ཚོགས་ནི་ཆོས་དང་དད་མོས་ཀྱི་སྤྱི་ཆོགས། ཚང་མ་ལ་སོ་་་་་་བཀའ་གསོའི་སྤྱི་ཚོགས།

    ད་ལྟ་ནི་རྒྱུ་མཚན་ལ་ཕྱོགས་མཁན་གྱི་གྲངས་ཀ་ཇེ་མང་དུ་འཕེལ་བས་དེ་ཚོ་ཚང་མ་མི་དགོས་པའི་རྙོག་སྒྲ་རེད།

    དེས་ན། དགེ་ཆོས་དང་༧གོང་ས་མཆོག་གིས་གནས་བརྟན་པའི་ཐེག་པར་བསྔགས་པ་ཆེན་པོ་གནང་བ་ལ་རྒྱུ་མཚན་ཧ་ཅང་ཆེན་པོ་རེད་སྙམ།

  25. ཀརྡོ་གཉེར་ཕྱག་པ་ says:
    2012-11-03 at 2:27 am

    ངས་ཀྱང་ཚར་གཅིག བོན་ཆོས་ནས་བརྒྱུད་པ་ལྷ་སའི་དཔལ་ལྷ་དང་། དཔལ་ལྡན་ལྷ་མོའམ་དཔལ་ལྡན་དམག་གཟོར་རྒྱལ་མོ་གཉིས་ནོར་སོང་བ་ལྟར།
    ལྷ་མོ་དེ་གཉིས་མིང་འདྲ་བས། ལྷ་མོ་དེ་གཉིས་མ་ནོར་བར་གྱིས། བྷྱོོ་བདུན་མ་འདི་ཞང་སྐད་ཡིན་པའི་ཁུངས་རྙེད་དཀའ་བ་ཙམ་མི་འདུག་གམ། ད་དུང་དཔྱད་པར་འཚལ། །

  26. ཨ་རིག་དགེ་མཐོང་གིས། says:
    2012-11-03 at 3:18 am

    དྲ་གྲོགས་ལེགས་བཤད་ནི་དངོས་གནས་ལེགས་པར་བཤད་མཁན་ཞིག་རེད།

  27. དབྱངས་ཅན་འབངས། says:
    2012-11-03 at 3:30 am

    མ་གཅིག་དམག་ཟོར་རྒྱལ་མོ་དགེ་ལྡན་པ་དང་འབྲེལ་ཚུལ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཉིད་ཀྱི་སྲུང་མའི་གཙོ་བོར་མཛད་ཅིང་། ཁོང་སེར་འབྲས་གཉིས་ཀྱི་ཁྲི་པ་གནང་སྐབས་གདན་ས་གཉིས་པོའི་སྲུང་མར་མངའ་གསོལ་མཛད་པ་བཟུང་གདན་ས་འདི་གཉིས་དང་མ་བུར་འབྲེལ་བའི་དགེ་ལྡན་པའི་གཞི་དགོན་ཕལ་ཆེ་བའི་སྲུང་མར་བཀུར་ཞིང་། ལྷག་པར་དུ་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་བཀའ་སྲུང་ཁྱད་པར་ཅན་ཡིན་པར་བརྟེན། དེས་ཀྱང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་སྨོས་མ་དགོས་པ་རེད།
    གནས་ཆུང་ཆོས་སྐྱོང་དགེ་ལྡན་པ་དང་འབྲེལ་ཚུལ་ནི། སློབ་དཔོན་ཐུགས་རྗེ་ཅན་གྱི་བཀའ་བཞིན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཀའ་སྲུང་དུ་གྱུར་པ་ནས་བཟུང་། འབྲས་སྤུངས་གཙོར་བྱས་ནས་རྒྱལ་དབང་གང་རུང་གི་ཕྱག་བཏབ་པའམ། ཡང་ན་༸གོང་ས་སྐུ་ཕྲེང་རིམ་པས་ཐད་ཀར་སྐྱོང་བའི་དགེ་འདུན་གྱི་སྡེ་མང་དག་ནང་བསྟེན་གསོལ་མཛད་ལམ་བྱུང་།

  28. སྤོབས་པ་མཐའ་ཡས། says:
    2012-11-03 at 3:33 am

    ངག་རྒྱུན་ལས་རྒྱལ་དབང་དགེ་འདུན་གྲུབ་པ་སྔགས་པ་ཞིག་གི་སྲས་ཡིན་པས་དམག་ཟོར་མ་བསྟེན་སྲོལ་བྱུང་ཚུལ་དང་སེ་ར་རྗེ་བཙུན་རྙིང་མ་བ་ཞིག་གི་བུ་ཡིན་པས་རྟ་མགྲིན་བརྟེན་སྲོལ་བྱུང་ཟེར་བ་དེ་ནི་གཅིག་བྱས་ན་མི་ཤེས་མཁན་གྱིས་ཕྱོགས་རིས་ཀྱི་སྐད་ཆ་ལྟ་བུ་མིན་པའི་ངེས་པ་མི་འདུག ཁོང་རྣམ་པས་ཕའི་ཞེན་ཁོགས་བྱེད་མཁན་དེ་འདྲ་ག་ལ་ཡིན། ལྷ་སྲུང་དེ་དག་ནི་བཀའ་གདམས་གོང་མ་དག་གི་དུས་ནས་བསྟེན་སྲོལ་ཡོད་པའི་སྒྲུབ་བྱེད་དུ་ངས་འདིར་བཀའ་གདམས་པའི་མེས་པོ་ཚོའི་རྣམ་ཐར་གྱི་ཁུངས་དྲངས་པ་ཡིན།

  29. སྤོབས་པ་མཐའ་ཡས། says:
    2012-11-03 at 3:45 am

    དགོངས་དག རྒྱལ་དབང་དགེ་འདུན་གྲུབ་པ་མ་རེད་རྒྱལ་དབང་དགེ་འདུན་རྒྱ་མཚོ་རེད།

  30. དབྱངས་ཅན་འབངས། says:
    2012-11-03 at 3:49 am

    བཀའ་གདམས་པའི་དགེ་བཤེས་དེ་དང་དེས་བསྔགས་པའམ་བསྟེན་གསོལ་མཛད་པ་དེས་དགེ་ལུགས་ནང་དར་བ་ཞིག་མིན་པར་སེམས་ཏེ། བཀའ་གདམས་པའི་ཕྱག་སྲོལ་རྣམས་ཕྱིས་སུ་བོད་ཀྱི་ཆོས་བརྒྱུད་ཚང་མར་འདྲེས་པའི་ཕྱིར་ཏེ། རྫོགས་ཆེན་པོའི་སྔོན་འགྲོའི་ཁྲིད་རྣམས་བཀའ་གདམས་ཀྱི་མན་ངག་རྐྱང་ཡིན། དེ་བཞིན་དུ་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཞེས་མཉམ་མེད་དྭགས་པོ་ལྷ་རྗེ་ནས་ཐུན་མོང་ལམ་སྦྱོང་རྣམས་བཀའ་གདམས་པའི་མན་ངག་རྩལ་དུ་གདོན་པ་དང་། ས་སྐྱ་པའི་ལམ་འབྲས། དགེ་ལྡན་པའི་ལམ་རིམ་བློ་སྦྱོང་བཅས་ཐུན་མིན་སྔགས་ཀྱི་ཟབ་ཁྱད་དེ་དང་དེ་མ་གཏོགས་བྱང་ཆུབ་སེམས་སྦྱོང་སྐོར་རྣམས་ཇོ་བོ་བཀའ་གདམས་པ་ལས་མ་བརྒྱུད་པ་གཅིག་ཀྱང་མེད་དོ།། དེའི་ཕྱིར་བཀའ་གདམས་པའི་དམ་པ་གོང་མ་འགའི་སྲུང་མ་ཡིན་པའམ་བསྔགས་པའི་རྒྱུ་མཚན་ཙམ་གྱིས་དགེ་ལྡན་པའི་སྲུང་མ་ཆགས་པ་ཞིག་མིན་ནོ་སྙམ་སྟེ་གྲོགས་པོ་ཚོས་འཐད་མིན་དཔྱད་པར་ཞུ།

  31. དབྱངས་ཅན་འབངས། says:
    2012-11-03 at 4:22 am

    སྔ་མ་དེ་ངག་རྒྱུན་མ་རེད། ལྷ་མོའི་བླ་བརྒྱུད་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་རང་གི་ཡབ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་ལས་དབང་དང་མན་ངག་གསལ་བས་སོ།། སྤྱིར་ཕས་བསྟེན་ཅིང་བུས་ཀྱང་དེ་བསྟེན་ན་ཕ་ལ་ཞེན་ཁོག་བྱས་ནས་བསྟེན་པས་མ་ཁྱབ་བོ།། ལར་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལྟ་ང་ཚོ་ལྟ་བུ་རྒྱུ་མཚན་གང་ཡང་མེད་པར་ཕཞེན་གཏན་ནས་མིན་ཏེ། ཁོང་གིས་ལྷ་མོ་བླ་མཚོའི་གནས་སྒོ་ཕྱེ་ཞིང་དེས་དུས་དེང་སང་ཡང་ཡ་མཚན་གཟུགས་རིས་སྣ་ཚོགས་ཀྱིས་གཟུར་གནས་ལྷ་མེད་སྨྲ་བ་པོ་ཚོ་ཡང་མངོན་སུམ་པ་བསྨྱོན་སྡིང་མི་ནུས་པར་རང་གི་གྲུབ་མཐའ་ཐེ་ཚོམ་གྱི་དཔྱང་ཐག་ལ་བཇུ་བཞིན་ཡོད། མ་ཟད་ཁོང་གིས་བྷྱོ་བདུན་མ་དུང་ཕྱུར་གསུམ་དྲངས་པར་རྣམ་ཐར་ནང་གསལ་བས་དགོས་པ་ཁྱད་པར་ཅན་མེད་པར་ཁོང་ལྟ་བུའི་སྐྱེས་བུ་དམ་པ་བསྟན་འགྲོའི་བྱ་བ་རྒྱ་ཆེན་པོ་དེའི་གསེབ་ནས་ཞེན་ཁོགས་ཀྱི་ཀུན་སློང་གཅིག་པུས་དེ་འདྲ་ཞིག་གནང་ཨེ་ཡོང་བསམ་སྟེ། ད་དུང་བགྲོ་གླེང་བྱའོ།།

    སེ་ར་བྱེས་པས་བླ་མ་རྗེ་བཙུན་པས་སྲོལ་གཏོད་བཤད་པ་ནི་ཆེས་མ་དག་སྟེ། བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་སེང་གེས་བྱེས་གྲྭ་ཚང་བཙུགས་པ་དང་རྟ་མགྲིན་ཡང་གསང་གི་སྒྲུབ་པ་ཡང་དེ་དུས་ནས་བཙུགས་པ་སེ་ར་བར་ཡོངས་གྲགས་རེད།

  32. དབྱངས་ཅན་འབངས། says:
    2012-11-03 at 4:23 am

    མན་ངག་གསན་པར་གསལ་ ཞེས་པར་བཅོས་རྒྱུ།

  33. གཡུ་བྲག་པ says:
    2012-11-03 at 4:25 am

    བརྗོད་བྱ་དང་བགྲོ་གླེང་ཚང་མར་ལྷོད་ཅིག་འདུག ཧ་ཅང་ཡག་པོ་བྱུང་།

  34. དབྱངས་ཅན་འབངས། says:
    2012-11-03 at 4:25 am

    ནོར་བཅོས།
    སེ་ར་བྱེས་པས་རྟ་མགྲིན་ཡི་དམ་དུ་མཛད་པ་དེ་་བླ་མ་རྗེ་བཙུན་པས་སྲོལ་གཏོད་བཤད་པ་ནི་ཆེས་མ་དག་སྟེ། བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་སེང་གེས་བྱེས་གྲྭ་ཚང་བཙུགས་པ་དང་རྟ་མགྲིན་ཡང་གསང་གི་སྒྲུབ་པ་ཡང་དེ་དུས་ནས་བཙུགས་པ་སེ་ར་བར་ཡོངས་གྲགས་རེད།

  35. རྟ་བདུན་དབང་བོ says:
    2012-11-03 at 5:19 am

    ཆོས་རྒྱལ་ནི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་སྲུང་གཙོ་བོ་རེད་འདུག་པས། ཆོས་རྒྱལ་ཀྱི་ཆོས་སྐོར་གདན་དྲངས་མཁན་ར་ལོ་ཙ་བ་ཡིན་ནམ་སྙམ། །

  36. བཙན་ནག་པ་ says:
    2012-11-03 at 5:50 am

    དཔལ་ལྡན་ལྷ་མོ་དང་རྟ་འགྲིན་ནི་སྤྱན་རས་གཟིགས་དྲགས་ཏུ་ཁྲོས་པ་ཞིག་རེད། དེའི་ཁུངས་ཡང་། ༸རྒྱལ་དབལ་སྐལ་བཟང་རྒྱ་མཚོའི་མཛད་པའི་འཕགས་བསྟོད་ལས།
    ལ་ལར་དགེ་སྦྱོར་ཁྲོ་རྒྱལ་རྟ་འགྲིན་ལེགས་ལྡན་ནག་པོའི་ཚོགས་ལ་སོགས།
    དྲགས་ཤུགས་ས་གསུམ་གས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་ངལ།
    ཞེས་གསུངས། ངག་ཐོག་ནས་བྲིས་པས་ཚིག་དག་མིན་མ་ཤེས་དོན་ལ་ད་ག་རེད།

  37. བསོད་ནམས། says:
    2012-11-03 at 5:50 am

    ཁ་བྱང་ནོར་འདུག

  38. དགེ་བསམ says:
    2012-11-03 at 7:45 am

    དྲ་གྲོགས་ཚོར་འདྲི་རྒྱུ་ཞིག་ལ
    ཆོས་སྐྱོང་སྲུང་མ་ཚོའི་་རྒྱ་དཔོན་མཐོང་ན་
    འཇིགས་སྐྲག་སྐྱེས་ནས་
    ཤོར་འགྲོ་ཟེར་ནོ་བདེན་པ་ཡིན་ནམ།།
    ད་དུང་ང་བརྒྱད་སྐབས་ལྷ་པ་དག་ཡང་
    ལྷ་འབེབ་མ་ཐུབ་པའི་སྐད་ཆ་ཡང་གོ་ཐོས་འདུག
    ང་སྔོན་ཆད་ཡུལ་ན་ཡོད་དུས་སྐད་ཆ་འདི་འདྲ་མང་པོ་ཞིག་ཐོས་མྱོང་།

  39. ཐུབ་བསྟན says:
    2012-11-03 at 8:00 am

    དགེ་ལུགས་ལམ་རིམ་སྲུང་མ་རྒྱལ་ཆེན་ཤུགས་ལྡན་མ་རེད་པས

  40. ཀརྡོ་གཉེར་ཕྱག་པ་ says:
    2012-11-03 at 8:04 am

    དགེ་ལུགས་པའི་ལམ་རིམ་གྱི་སྲུང་མ་རྒྱལ་ཆེན་ཤུགས་ལྡན་མ་རེད་ལགས།

  41. ལོག་སྨྲ་ཚར་གཅོད། says:
    2012-11-03 at 9:10 am

    གུས་པ་ནི་འཚེ་མེད་ཀྱི་སློབ་དཔོན་ཆེན་པོ་ལས་འབྲས་སྨྲ་བའི་ཁྱུ་མཆོག་མཉམ་མེད་བུ་རམ་ཤིང་པའི་སྟོན་པ་ཤཀྱ་ཐུབ་པ་ཉག་གཅིག་ལས་གཞན་མི་མངོན་ལྐོག་གྱུར་དབྱིངས་ཀྱི་ལྷ་སྲུང་སུ་ལའང་ཡིད་ཆེས་དང་ཁས་ལེན་ནམ་ཡང་མེད། འོན་ཀྱང་སྟོན་པའི་གསུང་ནང་དུ་ཡང་ནང་པའི་ལག་ཆ་ཡག་ཤོས་ཏེ་ཚོད་དཔག་གི་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་གྲུབ་ཐབས་མེད་པ་མང་པོ་ཡོད་ལ་དོན་དངོས་དང་མི་མཐུན་པའང་མང་པོ་ཡོད། དེ་བཞིན་ཁས་བླང་སྔ་ཕྱི་འགལ་བ་དང་རང་ཚིག་སྔ་ཕྱི་འགལ་བའི་སྟོན་པའི་གསུང་རབས་རྣམས་ལ་སྐྱོན་འགེབས་ཀྱི་ཚུལ་དུ་དྲང་དོན་དང་ངེས་དོན་གཉིས་ཀྱི་རྣམ་བཞག་འདི་ནི་ལག་པ་ཕྱིས་ས་དཔེ་མེད་ཅིག་འཕགས་བོད་ཀྱི་དད་མོས་པ་རྣམས་ཀྱིས་རྙེད་སོན་བྱུང་ནས་ཚང་མ་ཡིད་ཆེས་ཀྱི་གནས་སུ་བཀོད་ཐུབ་ཙམ་བྱུང་བ་རེད། ཁྱེད་ཚོས་ཚང་མས་ལྷ་སྲུང་རྣམས་དང་ཚེ་སྔ་ཕྱི། ལས་རྒྱུ་འབྲས་སོགས་ལ་ཡིད་ཆེས་དང་ཁས་ལེན་བརྟན་པོར་བྱེད་སྟངས་ལ་བལྟས་ན་ཏན་ཏན་ཚད་མས་ངེས་པ་རྙེད་ཡོད་ཤག་རེད་འདུག ཚད་མས་མ་དམིགས་བཞིན་དུ་ཡོད་ཚད་དང་གསུངས་ཚད་ཁས་ལེན་བྱས་པ་ཡིན་ན་ནི་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དོན་མ་རྟོགས་པ་ཡིན་ཞིང་རྨོངས་དད་ཀྱི་ཁོངས་སུ་མི་གཏོགས་པའི་ངེས་པ་མེད།

  42. འཇམ་རྡོ says:
    2012-11-03 at 9:13 am

    དྲི་བ་གཉིས་དང་ལན་འདེབས་གཉིས།
    དྲི་བ། བྷ་ཏ་ཧོར་ཟེར་བ་ད་ལྟའི་ཡུལ་གང་ལ་ངོས་བཟུང་ན་འཐུས་ལགས་མཁྱེན་ལྡན་དག
    ལན། ༡པད་འབྱུང་གིས་གདན་འདྲེན་དུས་པེ་ཧར་གྱི་མཚན་གྱིས་འབོད་ལ། རྗེས་སུ་འབྲས་སྤུངས་གཤམ་གྱི་དགོན་པ་དེ་ལ་པེ་ཧར་གྱི་་བཞུགས་གནས་ཆུང་བ་ཞེས་གྲགས་པས་གནས་ཆུང་དུ་གྲགས་པས།དགེ་ལྡན་པས་བསྟེན་པ་དེ་ནི་གནས་ཆུང་རང་ཡིན་ལ། སྐུ་ཞབས་ཙོང་ཁ་བའི་སློབ་བུ་དག་དང་འབྲེལ་བ་ཡོད་པ་ཞིག་རེད་སྙམ།
    ༢དཔལ་ལྷ་དེ་ནི་ཕྱིས་ཀྱི་འབྲི་གུང་ཨ་ཕྱི་བཞིན་བོད་ལ་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་པར་རྗེས་སུ་ཆོ་ལོ་མང་དུ་བཏགས་ནས་ཕྱི་རྒྱལ་པ་ཞིག་ཏུ་འགྱུར་ཉེན་འདུག དཔེར་ན་རྒྱལ་དབང་མཆོག་བོད་མི་ས་སྐྱེས་རྡོ་སྐྱེས་ཞིག་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཟེར་པ་དེ་ལས་སྤྲུལ་བ་ཟེར་པ་དེ་གལ་ཆེ་བ་མཐོང་ལ་སྤྲུལ་བ་དང་སྤྲུལ་གཞི་གཉིས་མ་ནོར་བར་གྱིས་ཤིག

  43. ལེགས་བཤད། says:
    2012-11-03 at 9:17 am

    བློ་བཟང་རྒྱལ་བསྟན་མ་ལས། སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ།།མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས།།ཞེས་གསུངས་པ་ལྟར་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་ཆེན་པོ་རྒྱུད་ལ་ལྡན་པའི་སྐྱེས་བུ་ཆེན་པོའི་སྲུང་མ་སྙིང་རྗེ་ལས་མྱུར་མཛད་མགོན་དང་། འཁོར་བ་ལས་ཐར་བའི་ངེས་འབྱུང་གི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་སྐྱེས་བུ་འབྲིང་གི་སྲུང་མ་རྣམ་སྲས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་བས་ངན་སོང་ཙམ་ལས་ཐར་བའི་སྐྱེས་བུ་ཆུང་ངུའི་སྲུང་མ་དགེ་སྡིག་ཤན་འབྱེད་ཆོས་རྒྱལ་ཡིན་ཏེ། སྐྱེས་བུ་གསུམ་གྱི་ལམ་གྱི་ཉམས་སུ་བླངས་བྱའི་རིམ་པ་ལྟར་སྦྱར་ནས་གོ་བ་ལེན་ཆོག་པ་ཡིན་ནོ། །

  44. མངའ་རིས་ཕྲིན་ལས། says:
    2012-11-03 at 9:17 am

    གནས་ཆུང་སྲུང་མ་བསྟེན་མཁན་ཚོས་གླིང་གེ་སར་སྒྲུང་བཤོད་པ་དང་། གླིང་གེ་སར་ལྷར་བསྟེན་མི་ཉན་སྲུང་སྲོལ་གཅིག་འདུག་གང་རེད། བདེན་པ་ཡིན་ན། གནས་ཆུང་སྔོན་མ་བོད་རང་བཙན་མགྱོགས་པོ་ཐོབ་ཀྱི་ཡོད་ཟེར་ལུང་བསྟན་གནང་བ་གོ་རྒྱུ་འདུག་བདེན་ནམ།

  45. རྫ ་ཚེ་རིང་བཀྲ་ཤིས། says:
    2012-11-03 at 9:31 am

    ལོག་སྨྲ་ཚར་གཅོད་ཀྱིས་བཤད་པ་ནི་མ་ལེགས་ཏེ།
    མཉམ་མེད་བུ་རམ་ཤིང་པ་ལ་ཡིད་ཆེས་ཕྱིན། དེས་ལྷ་དང་འབྱུང་པོ་མི་མ་ཡིན་སོགས་ཀྱི་གནས་དང་ཀུན་ཏུ་སྤྱོད་པ་དེ་དག་དང་རྗེས་སུ་འབྲེལ་བའི་ཆོ་ག་དང་རིག་སྔགས་སོགས་སྔགས་ཙམ་མིན་པར་ཉན་ཐོས་ཐེག་པར་གཏོགས་པའི་གཞུང་དུའང་ཤིན་ཏུ་མང་པོ་གསུངས་པ་དག་ཇི་ལྟར་བྱ།
    དེ་བས་མདོ་སྡེ་རིན་པོ་ཆེ་རྣམ་ལ་གཟིགས་རྟོག་ཅུང་ཟད་མཛོད་ཅིག
    དེ་བཞིན་རྟ་མགྲིན་སོགས་བསྟེན་སྲོལ་དག་ཀྱང་། གོང་དུ་མཆན་པ་སོ་སོས་བཤད་པ་ལྟར། སྐབས་དེ་དང་དེའི་སྲོལ་གཏོད་མཁན་གྱི་བརྒྱུད་པའི་བླ་མ་རྣམ་རང་རང་ལ་ལས་དང་སྨོན་ལམ་ཅི་རིགས་པས་བཀའ་བབ་པ་རྒྱུ་མཚན་གཙོ་བོ་ཡིན་པ་ལས། བཀའ་གདམ་རྙིང་མས་བསྟེན་མ་བསྟེན་དེ་རྒྱུ་མཚན་གཙོ་བོ་མིན། གལ་ཏེ་ཡིན་ན། བཀའ་གདམ་གྱི་ལྷ་གཙོ་བོ་སྒྲོལ་མ་དང་མི་གཡོ་བ་སོགས་ལ་དམིགས་བསལ་གནང་དགོས་ཀྱང་དེ་ལྟར་མ་གནང་བས་སོ།
    ཁྱད་པར་རྗེ་ཡིས་ཡི་དམ་བསྟེན་སྟངས་དང་གཞུང་དང་མན་ངག་གང་ལ་གཙོ་བོར་འཛིན་རྒྱུ་སོགས་ནི་གཙོ་བོ་འཇམ་དབྱངས་ཀྱི་ཞལ་བཀོད་ལྟར་གནང་བ་ཙམ་རེད་སྙམ།

  46. འཇམ་རྡོ says:
    2012-11-03 at 9:37 am

    སྲུང་མ་གནས་ཆུང་དང་གནས་ཆུང་སྐུ་རྟེན་ལ་དབྱེ་བ་ཇི་ལྟར་འབྱེད་རིགས་ལགས།

  47. ཨ་ཕྱི says:
    2012-11-03 at 9:54 am

    དཔལ་ལྡན་ལྷ་མོ་དང་ཨ་ཕྱི་ཆོས་སྒྲོན་གཉིས་གཅིག་པ་རེད། དགེ་ལུགས་ཀྱིས་ལྷ་མོ་དང་ཞ བཀའ་བརྒྱུད་པས་ཨ་ཕྱི་འབོད་སྲོལ་འདུག

  48. བྱི་ལ says:
    2012-11-03 at 10:27 am

    བདག་ཅག་ཚོར་ཡེ་ཤེས་པའི་ལྷ་བསམ་གྱིས་མི་ཁྱབ་པ། སྐྱབས་དང་རེ་ས་ཡོད་བཞིན་དུ། འཇིག་རྟེན་པའི་ལྷ་དུག་ལྔ་དུག་གསུམ་གྱི་གང་བུ་ཅན་འདི་དག་ལ་སྐྱབས་བཅོལ་བ་ནི་ཤིན་ཏུ་་བྱབ་ཆུང་བའི་ལས་ཀ་མ་ཡིན་ནམ།

  49. མགོན་པོ་ཕྱག་གཉིས་པ། says:
    2012-11-03 at 10:52 am

    བཀའ་གདམས་པས་བསྟེན་པ་དེ་དགེ་ལྡན་པས་བསྟེན་པའི་རྒྱུ་མཚན་དུ་ཇི་ལྟར་འགྲོ་བ་དེ་ལ་གསལ་ཁ་བཏོད་རོགས། དབྱངས་ཅན་འབངས་ཀྱི་དོགས་སློང་དེར་ཡི་རང་ཡོད།

  50. རི་རྒྱལ་ཏི་སེ། says:
    2012-11-03 at 12:01 pm

    ༤༧༽ཨ་ཕྱི་ལགས། ཡོངས་གྲགས་དཔལ་ལྡན་ལྷ་མོ་ཞེས་པའི་སྲུང་མ་དེ་ནི། རྒྱ་གར་བྱོན་པ་ཞིག་ཡིན་ཀྱང༌། བཀའ་བརྒྱུད་བྱེ་བྲག་པ་ཞིག་གི་སྲུང་མ་ཨ་ཕྱི་ཞེས་པ་དེ་ནི། བོད་དུ་བྱོན་པའི་སྲུང་མ་ཞིག་རེད་འདུག་སྙམ།

  51. དབྱངས་ཅན་འབངས། says:
    2012-11-03 at 2:13 pm

    དཔལ་ལྡན་ལྷ་མོ་དམག་ཟོར་མའི་སྐོར་ངོ་སྤྲོད་སྙིང་བསྡུས།

    ལྷ་མོའི་ཁུངས། མེ་ལྕེ་འབར་བའི་རྒྱུད། སྡེ་ཚན་རྙིང་རྒྱུད།
    མཚན། དཔལ་ལྡན་ལྷ་མོ། དམག་ཟོར་རྒྱལ་མོ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། ལྷ་མོ་རེ་མ་ཏི།
    གཞན་ཡང་། མིང་བརྒྱ་མ་ལ་མཚན་སྟོང་མ།། ཞེས་པ་ལྟར་བགྲང་གིས་མི་ལང་།
    སྤྲུལ་གཞི། ལྷ་མོ་དབྱངས་ཅན་མ།
    སྤངས་རྟོགས། ངེས་དོན་དུ་སངས་རྒྱས་ཟིན་ཀྱང་དྲང་དོན་དུ་ས་བཅུའི་དབང་ཕྱུག་གི་སེམས་དཔའ།
    སྤྲུལ་པ། བོད་དུ་ཨ་ཕྱི་མ་སོགས་དང་། གཞན་ཡང་བགྲང་གིས་མི་ལང་།
    སྨོན་ལམ། སངས་རྒྱས་འོད་སྲུང་དྲུང་དུ་ཤཱཀྱ་ཐུབ་པ་དང་ལྷན་ཅིག་དེའི་བསྟན་པ་སྲུང་བར་སྨོན་ལན་བཏབ།
    ཁྲོ་ལུགས། སྲིན་པོ་ལྟར་ཁྲོས་པ།
    ཕྱག་མཚན། གཡས་རྡོ་རྗེས་མཚན་པའི་བེ་ཅོན་དང་གཡོན་ནལ་བུའི་ཐོད་པ།
    འཁོར། ཆུ་སྲིན་གདོང་ཅན་དང་སེངྒེ་གདོང་ཅནགཉིས་སོགས།
    དངོས་གྲུབ། སྤྱིར་འཕྲིན་ལས་བཞིའི་དངོས་གྲུབ། ཁྱད་པར་དྲག་པོའི་དངོས་གྲུབ།
    རྒྱ་གར་ནས་བོད་དུ་དར་སྤེལ་གནང་མཁན། གྲུབ་ཆེན་ལྭ་ཝ་དམར་པོ་དང་ལོ་ཙཱ་བ་ལྕེ་འབྱུང་གནས་བཟང་པོ།
    དགེ་ལུགས་ནང་ཤུགས་ཆེར་སྤེལ་མཁན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ།
    བསྟེན་མཁན། དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཕལ་མོ་ཆེ།

    ད་དུང་ཁ་སྐོང་གནང་རོགས།

  52. འཇམ་རྡོ says:
    2012-11-03 at 2:14 pm

    དྲི་བ། བྷ་ཏ་ཧོར་ཟེར་བ་ད་ལྟའི་ཡུལ་གང་ལ་ངོས་བཟུང་ན་འཐུས་ལགས་མཁྱེན་ལྡན་དག

  53. མགོན་པོ་ཕྱག་གཉིས་པ། says:
    2012-11-03 at 2:35 pm

    བྷ་ཏ་ཧོར་དེ་ཀན་གྲུར་ངོས་འཛིན་མཁན་ཞིག་དང་སིར་བྷི་རེས་ཁོངས་དེ་པ་ཅིག་ལ་ངོས་འཛིན་མཁན་གཉིས་འདུག

  54. མགོན་པོ་ཕྱག་གཉིས་པ། says:
    2012-11-03 at 3:58 pm

    ༡ ཨ་ལེགསི་བྷར་ཛེན་གྱིས། བྷ་ཏ་ཧོར་ནི་ཧོས་གུར་དྲུ་གུའི་རྒྱལ་པོ་ཆེན་པོ་ཨོར་ཁོན་ཧོས་གུར (745 – 840)གྱི་མངའ་ཁོངས་སུ་གཏོགས་པའི་སོག་པོ་དང་བྷེ་ཁོལ་མཚོའི་ཡུལ་ཏེ་སི་བྷི་རེའི་ལྷོ་དང་སོག་པོའི་བྱང་ཞེས་གསལ།

    ༢ ཨེ་ཤར་གླིང་གི་མུ་ཏིག ཅེས་པའི་དབྱིན་དེབ་ནང་། བྷ་ཏ་ཧོར་ནི། ཨ་མདོ་དང་རྒྱ་ནག་ཀན་སུའི་ས་མཚམས་ཆི་ལིན་རི་བོའི་རྒྱུད་ཀྱི་ཡུལ་ཏེ་དུས་རབས་བརྒྱད་པའི་ནང་བོད་ཀྱི་མངའ་ཁོངས་སུ་གྱུར་པ་དེ་ལ་ངོས་འཛིན།

  55. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-03 at 7:18 pm

    ལྷ་མོ་དང་གནས་ཆུང་གཉིས་ནི་དགའ་ལྡན་ཕོ་བྲང་གི་སྲུང་མ་གཙོ་བོ་རེད། དགེ་ལྡན་པའི་དགོན་པ་མང་ཆེ་བའི་དེ་དག་བསྟེན་སྲོལ་ཡོད་ནའང་། རྗེ་རིན་པོ་ཆེའི་སྲུང་མ་གཙོ་བོ་ནི་མགོན་པོ་ཕྱག་དྲུག། གཤིན་རྗེ། ཆོས་རྒྱལ་གསུམ་རེད། ཡིན་ནའང་གདན་ས་ཁག་དང་གྲྭ་ཚང་སོ་སོར་ཐུན་མོང་མ་ཡིན་པའི་སྲུང་མ་ཆོས་རྒྱུད་ཚང་མའི་ནང་འདུག དཔེར་ན་བཀའ་བརྒྱུད་ཀྱི་མར་པ་ལོ་ཙྩའི་སྲུང་མ་གཙོ་བོ་ལྷ་མོ་དུད་སོལ་མ་རེད། ཡིན་ནའང་ཀརྨ་བཀའ་བརྒྱུད་ཀྱི་སྲུང་མ་གཙོ་བོ་མགོན་པོ་བེར་ནག་ཅན་དང་ལྷ་མོ་རང་བྱུང་རྒྱལ་མོ། འབྲུག་པ་བཀའ་བརྒྱུད་པའི་མགོན་པོ་ཕྱག་བཞི་པ། འབྲི་གུང་པའི་ཨ་ཕྱི་ལྟ་བུ་རེད། དེ་དེ་བཞིན་དུ་འབྲས་སྤུངས་སྒོ་མང་གི་སྲུང་མ་གཙོ་བོ་མགོན་པོ་ཕྱག་དྲུག ་བློ་གསལ་གླིང་གི་གནས་ཆུང་། སེར་བྱེས་ཀྱི་རྟ་མགྲིན་ལྟ་བུ་རེད། ད་དུང་ཁང་ཚན་སོ་སོར་ཐུན་མིན་གྱི་སྲུང་མ་ཡོད་སྐད་འདུག

  56. ངོ་ལུག says:
    2012-11-03 at 7:40 pm

    དབྱིན་ཡིག་ལམ་ནས་བྲིས་པའི་བོད་ཀྱི་ལྷ་སྲུང་གཞི་བདག་ཟེར་བ་འདྲ་བའི་དེབ་ཡོད་པར་འདུག རྒྱ་ཡིག་ལ་བསྒྱུར་བཞག་པའི་དེབ་མཐུག་པོ་ཞིག་ཡོ་རེད། ངས་ང་རང་གི་སྲུང་མའི་ལོ་རྒྱུས་འགའ་ཡང་དེབ་དེའི་ནང་ཇི་ལྟར་བྲིས་འདུག་བལྟ་མྱོང་། བོད་ཡིག་ལམ་ནས་འདིའི་སྐོར་ཕྱོགས་སྒྲིག་དགོས་པ་གལ་ཆེན་པོ་རེད། ད་ལྟ་རྒན་རབས་པ་ཚོའི་ཁོག་ནང་གི་སྣག་ཚ་ཡོད་ཚད་ཤོག་བུའི་སྟེང་དུ་འབེབས་གལ་ཆེན་པོར་མཐོང་། རྒན་རབས་ཚོ་ཕྱིན་ཚར་ན་ཤེས་མཁན་ཉུང་ནས་ཉུང་རེད། ཤོག་བུའི་ཐོག་ཏུ་འབེབས་ཐུབ་ན་ཡག་པོ་མཐོང་། གང་ལྟར་བོད་ཀྱི་རིག་གཞུང་ཀུན་ལ་དོ་སྣང་བྱེད་མཁན་ལ་རྗེས་སུ་ཡི་རང་ཡོད།

  57. སྤོབས་པ་མཐའ་ཡས། says:
    2012-11-03 at 7:53 pm

    བགྲོ་གླེང་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ། མགོན་པོ་ཕྱག་གཉིས་པས་བཀའ་གདམས་པས་བརྟེན་ན་དེ་དགེ་ལྡན་པས་བརྟེན་པའི་རྒྱུ་མཚན་དུ་གང་འདྲ་བྱས་ནས་འགྲོ་ཚུལ་དྲིས་པའི་ལན་ནི་འདི་ཡིན། བཀའ་གདམས་རྙིང་མ་གནས་གྱུར་ནས་དགེ་ལྡན་པར་གྱུར་པ་རེད། དེ་ཡང་བཀའ་གདམས་པ་དང་དགེ་ལྡན་པ་གཉིས་ཀའི་ཕ་ཆོས་ཐུན་མིན་དེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་པ་དེ་རེད།
    ངས་གོ་ཚོད་ལྟར་ན་བྷ་ཏ་ཧོར་གྱི་ཡུལ་ནི་ཀན་སུའི་ཞིང་ཆེན་གྱི་རྒྱ་བོད་སོག་གསུམ་གྱི་མི་སྡེ་འདྲེས་མར་གནས་ས། དཔའ་རིས་དང་ཁད་ཉེ་ས་ཞིག་ན་སྒོམ་གྲྭ་བཅོམ་ཤུལ་ཡང་ད་ལྟ་མཐོང་དུ་ཡོད་ཅེས་ཐོས།
    གནས་ཆུང་དང་གེ་སར་མི་མཐུན་དོན་དེ་ནི་གེ་སར་གྱིས་ཧོར་ལ་དམག་དྲངས་ནས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་ནས་ངན་གསོད་བྱས་པ་རེད། གནས་ཆུང་གི་ཕ་ཡུལ་ཧོར་ཡུལ་རེད། དེར་བརྟེན་དད་ལྡན་ཚོའི་སེམས་ལ་ཁོང་གཉིས་ཕན་ཚུན་མི་དགའ་སྙམ་པའི་རྣམ་རྟོག་སྐྱེས་པ་ཙམ་རེད།
    མ་གཞི་དེང་སང་ཡང་དེ་ཕྱོགས་སུ་གེ་སར་ཟེར་ན་གཏན་ནས་མི་དགའ་བ་མ་ཟད་རྟ་རྐྱང་བུ་གཏན་ནས་ཉར་སྲོལ་མེད་ཟེར། གེ་སར་གྱིས་དམག་སླེབས་ནས་ཧོར་མི་ཚོར་མཚན་མོར་འབྲོ་ཆོག་ཆོག་བྱེད་སྲོལ་བྱུང་ནས་ད་དུང་ཡང་དགོང་མོའི་ཟས་ཟོས་རྗེས་སུ་ཅ་དངོས་ཚང་མ་བསྡུ་བསོག་བྱས་ནས་འགྲོ་ཆོག་ཆོག་ལྟ་བུ་བྱེད་པའི་སྲོལ་རྒྱུན་ཡོད་ཟེར། ས་ཆ་དེ་ནི་ཀན་སུའི་ཁོངས་གཏོགས་རྒྱ་བོད་སོག་གསུམ་འདྲེས་པའི་སྡེ་ཞིག་རེད་ཟེར་བ་ཙམ་ལས་མིང་དྲན་གྱི་མི་འདུག དགོངས་དག

  58. སྤོབས་པ་མཐའ་ཡས། says:
    2012-11-03 at 8:22 pm

    ཨ་ཕྱི་ལགས། འབྲི་གུང་པའི་ཨ་ཕྱི་ཆོས་སྒྲོན་འདི་དཔལ་ལྡན་ལྷ་མོ་ཡིན་པའི་རྒྱུ་མཚན་གང་ཡོད་རེད་ལགས།

  59. འཇམ་རྡོ says:
    2012-11-03 at 8:35 pm

    ཨོ་བྱས་ན་ང་ཚོ་བོད་པ་ཚོར་ག་དུས་ཡིན་ཡང་ཕྱི་རྒྱལ་གྱི་སྲུང་མ་དང་དམག་དཔོན་བླ་མ་སོགས་དགོས་པ་དེ་ཅིའི་ཕྱིར་ཡིན་ལགས།

  60. སྤོབས་པ་མཐའ་ཡས། says:
    2012-11-03 at 9:06 pm

    འཇམ་རྡོ་ལགས། ཆོས་སྐྱོང་སྲུང་མ་ལ་ཕྱི་རྒྱལ་ནང་རྒྱལ་ཟེར་བའི་ས་མཚམས་ནི་འབྱེད་ཤེས་མ་སོང་། འདི་རྒྱལ་མཚམས་སྲུང་ནས་འདུག་མཁན་རྒྱ་གར་དང་ཕ་ཀི་སི་ཐན་གྱི་དམག་འདྲ་བ་ཞིག་ཡིན་གྱི་མ་རེད་བསམ་ནས་བསྡད་ཡོད།

  61. བཀྲིས། says:
    2012-11-03 at 9:25 pm

    ད་བགྲོ་གླེང་འདི་ངོ་མ་དོན་ལྡན་ཞིག་རེད། ཐུགས་རྗེ་ཆེ། གནས་ཚུལ་གསར་པ་མང་པོ་ཤེས་བྱུང་། རྗེས་མ་གོ་སྐབས་བཙལ་ནས། རྒྱལ་བ་རིན་པོ་ཆེའི་དྲུང་ནས་དཔལ་ལྡན་ལྷ་མོའི་དབང་དང་རྗེས་གནང་ཞིག་ཞུ་ཐུབ་པ་བྱེད་ཀྱི་ཡིན། ཨ་རོ་དེ་ཟེར་དུས། དཔལ་ལྡན་ལྷ་མོའི་དབང་ཟེར་བ་ཞིག་བསྐུར་རྒྱུ་ཨེ་ཡོད།

  62. རི་རྒྱལ་ཏི་སེ། says:
    2012-11-03 at 10:05 pm

    ཨ་ཕྱི་ལགས། ཁྱེད་རང་གི་མིང་ལ་ཨ་ཕྱི་ཟེར་དགོས་དོན་གང་ཡིན་པ་དང༌། འབྲི་གུང་ཚང་གི་སྲུང་མ་ཨ་ཕྱི་ཞེས་པ་ཞིག་ཡོད་ཟེར་གྱིན་འདུག་ན། སྲུང་མ་དེ་ངོ་སྤྲོད་རོབ་ཙམ་ཞིག་གནང་ཐུབ་བམ།

  63. ལེགས་བཤད། says:
    2012-11-03 at 10:11 pm

    འབྲུག་པ་བཀའ་བརྒྱུད་ཀྱི་ཡི་དམ་ནི་འཁོར་ལོ་སྡོམ་པ་བདེ་མཆོག་ཡིན་པ་ཡོད། སྲུང་མ་ནི་སྒོ་མོ། ཚེ་བདག །གཞི་བདག །ཇག་པ་མེ་ལེན་བཞི་རེད། སྔ་འགྱུར་རྙིང་མའི་ཆོས་སྐོར་ན་ཡོད་པའི་རྟ་མགྲིན་ནི་ཡི་དམ་གྱི་ལྷ་ཡིན་པ་ལས་དྷརྨ་པཱ་ལའམ་སྲུང་མའི་གྲས་ལ་བཞག་མིན་དཔྱད་དགོས། སྤྱིར་བདེ་གསང་འཇིགས་གསུམ་ལྟ་བུ་ལྷ་ཡི་རྣལ་འབྱོར་དུ་བསྟེན་དུ་རུང་ཡང་སྲུང་མའི་རིགས་ལ་དེ་ལྟར་མི་རུང་། དེར་མ་ཟད་སྲུང་མ་རྣམས་ནི་དཀྱིལ་འཁོར་གྱི་གྲལ་དུ་མི་ཚུད་པས་རྗེས་གནང་ཙམ་ཡོད་ཆོག་ཀྱང་དབང་བསྐུར་བ་མེད་དེ། དེ་ལ་གཟུགས་སྐུ་སྒྲུབ་བྱེད་ཀྱི་ལྷའི་རྣལ་འབྱོར་སྒོམ་པ་མ་བཤད་པའི་ཕྱིར་རོ། །

  64. ལེགས་བཤད། says:
    2012-11-03 at 10:35 pm

    ཀྱེ་མ་རྭ་ལོ་རྡོ་རྗེ་གྲགས།
    ཁྱེད་ནི་གང་དུ་བཞུད།
    ཁྱེད་ཀྱི་སེམས་པ་གང་དུ་ཡོད།
    ཁྱེད་ཀྱི་ཡིད་དུ་འོང་བའི་
    གནས་ལུགས་ལྟར་ན་
    ཁྱེད་ངའི་གན་དུ་ཡོད།
    དུས་ཀྱི་བགྲོད་པ་རེ་རེ་བཞིན་
    གར་འགྲོ་མེད་པའི་རྣམ་ཤེས་འཁྱམས་པོ་ཞིག
    སུས་ཀྱང་མི་མཐོང་བའི་
    སྲོག་རླུང་གི་རྒྱུ་བ་ཕྲ་མོ་ཞིག
    ཁྱེད་ཀྱི་སྐུ་མདུན་དུ་
    རེ་བ་དང་འདུན་པ་ཡོད་ཚད་
    འགྲོ་འོང་བརྒྱ་ཕྲག་གི་གསང་བ་དང་ལྐོག་གྱུར་སྒོམ་བཞིན།
    རྩ་དབུ་མའི་འདབ་བརྒྱད་ན་
    ལས་རླུང་གི་རྒྱུ་བ་འགགས་ནས་
    མིག་མདུན་གྱི་དགའ་མ་ནི་
    བདེ་ཆེན་གྱིས་རོལ།
    དྲོད་དང་འོད་རླབས་ཀྱིས་ཁེངས་བའི་ཁང་བཟང་འདི་ན་
    གསེར་གྱི་སྒྲོན་མེ་སྦར་མོད་
    རང་ཉིད་སུ་ཞིག་ཡིན་པ་ཡང་མི་ཤེས་
    ཁྱེད་གང་དུ་གནས་པའང་རྟོགས་མི་སྲིད།

  65. མེ་ཏོག་དཀར་པོ། says:
    2012-11-03 at 10:48 pm

    ལེགས་བཤད་ཀྱིས་བཤད་པ་ལྟར་རྟ་མགྲིན་ནི་ཡི་དམ་ལས་སྲུང་མ་མ་རེད།

    ཡི་དམ་ནི་མགོན་སྐྱབས་ཞུ་ས་རེད།
    ཆོས་སྐྱོང་ནི་ལས་ལ་བསྐུལ་ས་རེད་ཡང་ན་གཡོག་པོ་བསྐུལ་ས་རེད། ཁོང་གཉིས་ལ་དཔོན་གཡོག་གི་ཁྱད་ཡོད་དྲན།

  66. འདྲེ་རྐང་ཐོ། says:
    2012-11-03 at 10:57 pm

    སྲུང་མ་དེ་ཚོར་་་ནད་ན་ཚ་དང་སྐྱེ་འཆིའི་རང་བཞིན་ཅན་ཞིག་རེད་དམ།

  67. རི་རྒྱལ་ཏི་སེ། says:
    2012-11-03 at 10:58 pm

    ༼ཆོས་སྐྱོང་ནི་ལས་ལ་བསྐུལ་ས་རེད་ཡང་ན་གཡོག་པོ་བསྐུལ་ས་༽ཞིག་ཡིན་ན། བླ་མ་མཆོད་པ་ལས། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་ཆོས་སྐྱོང་སྲུང་མ་སྟེ། ཞེས་པའི་ཚིག་དེར་འབྲེལ་བཤད་ཅིག་གནང་རོག

  68. བོད་ཀྱི་བཙན་པོ། says:
    2012-11-03 at 11:00 pm

    ང་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེད་དང་དད་པ་བྱེད་མཁན་ཞིག་དང་ལས་རྒྱུ་འབྲས་ལ་ཡིད་ཆེད་ཆིན་པོ་ཡོད་མཁན་ཞིག་ཡིན་ འོན་ཀྱངཉེ་བའི་བོད་ཀྱི་ལོ་རྒྱུད་ལ་ཕྱི་མིག་ཞིག་བལྟ་དུས་་སྲུང་མ་ཟེར་བ་རྣམས་ལ་ཡིད་ཆེད་རྩ་བ་ནས་མེད་པར་རྒྱུར་སོང་ དེར་རྟེན་གོང་གི་རྩོམ་ཡིག་དང་མཆན་རྣམས་ཀློག་ཀྱང་ཡིདཆེདགང་ལ་་སྐྱེས་ འོན་ཀྱང་ཁྱེད་ཚོའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་

  69. འདྲེ་རྐང་ཐོ། says:
    2012-11-03 at 11:05 pm

    བོད་རང་གིས་མ་འཇོན་པ་་་སྲུང་མའི་མགོ་ལ་འཇོག་མི་ཉན་་་ལས་འབྲས་ལ་གནོད་འགྲོ།

  70. མེ་ཏོག་དཀར་པོ། says:
    2012-11-03 at 11:17 pm

    འོ་ན། ” ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་ཆོས་སྐྱོང་སྲུང་མ་སྟེ།”ཞེས་བླ་མ་ཡི་དམ་ཆོས་སྐྱོང་ལ་ཁྱད་མེད་སོང་བ་རེད་དམ།
    རྡོ་རྗེ་གཞོན་ནུ་ལ་མཚོན་ན་ཡི་དམ་ཁོ་རང་ཡིན་ལ། དེའི་འཁོར་དུ་ཤྭ་ན་མཆེད་བཞི། ཕྲ་ཐབས་ཉི་ཤུ། སོགས་སྲུང་མ་ཡིན་པ་བཞིན། ད་དུང་ཡི་དམ་ཡིན་ན་སངས་རྒྱས་ཡིན་དགོས་ལ་ལྟར་སྣང་ལ་སྲུང་མ་དེ་དག་ས་བཅུའི་སེམས་ལས་ཡན་ན་མེད་པ་དེ་འདྲ་རེད།
    དབྱིངས་ལ་ཁྲོ་བ་མི་མངའ་་ཡང་། །འཁོར་གྱི་མ་མོ་མཁའ་འགྲོའི་ཚོགས། །སྐྱོན་མཐོང་ཙམ་ནས་ཆད་པ་གཅོད། །ཅེས་པ་དེས་ཀྱང་ཁྱད་པར་རགས་གམ་རྟོགས་ཐུབ།
    བོས་པའི་ཚེ་ན་སྙན་མ་སྲ། །
    གཡབ་པའི་ཚེ་ན་སྤྱན་མ་རྟུལ། །
    འབད་པའི་ཚེ་ན་མཐུ་མ་ཆུང་། །
    བྲན་ལྟར་བསྐུལ་ལོ་སྙིང་མ་རིང་། །ཞེས་འདི་ཆོས་སྐྱོང་ངམ་སྲུང་མ་བསྐུལ་སྟངས་རེད།
    མདོར་ན་སྲུང་མ་ནི་ watch man ཡང་ན་ body guard རེད།

  71. ལེགས་བཤད། says:
    2012-11-04 at 12:02 am

    ད་གྲུབ་ཚོགས་རྣམས་འཛོམས་ཤོག་ཨ།

  72. ལེགས་བཤད། says:
    2012-11-04 at 12:39 am

    ཆོས་རྗེ་ཀུན་ལེགས་ཚང་གིས།
    གར་ཡང་མ་ཕྱིན་ཕྱོགས་བཅུར་ཕྱིན་པས་གང་ཡང་མ་མཐོང་ཐམས་ཅད་མཐོང་།།
    ཞེས་པ་ལྟར་བདེ་ཆེན་གྱི་ཡེ་ཤེས་གཅིག་ཉིད་གར་མཁན་བཞིན་གར་སྣ་ཚོགས་པའི་ངོ་བོར་རོལ་བ་བཞིན་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མའི་རྣམ་པར་རོལ་བ་ན་སྐབས་བསྟུན་གྱི་དེ་དང་དེའི་རང་རང་གི་ལས་སམ་མོས་པ་ལྟར་འཛིན་ཆོག་གོ །

  73. ལེགས་བཤད། says:
    2012-11-04 at 12:47 am

    ཨ་རོ། མེ་དཀར། གཡབ་པའི་ཚེ་ན་སྤྱན་མ་རྟུལ། །ཞེས་པའི་དོན་གོ་མ་སོང་།

  74. མེ་ཏོག་དཀར་པོ། says:
    2012-11-04 at 1:04 am

    དེ་ནི་ཆོས་སྐྱོང་བསྐུལ་ཐབས་ཀྱི་ཆ་་ཤས་གཅིག དར་ནག་གམ་དར་དམར་པོ་གུ་གུལ་གྱི་བདུག་པ་བཅས་གཡབ་པ་ན་མ་མཐོང་མདོག་མ་བྱེད་ཨ་ཟེར་བ་རེད།

  75. མེ་ཏོག་དཀར་པོ། says:
    2012-11-04 at 1:08 am

    ལེགས་བཤད་ལགས། སྣང་ལུགས་གཙོ་བོར་བྱས་ཏེ་བཤད་རོགས། གནས་ལུགས་ལ་གཡུག་ཞོགས། དེ་ནི་སངས་རྒྱས་ཀྱི་གཟིགས་སྣང་རེད། རྒྱལ་པོའི་འབྱོར་བ་སྤྲང་པོ་ལ་འཕྲོད་མིན་ལ་ལྟ་ན་དཀའ་ལས་ཁག་རོགས་རེད།

  76. གཡུ་བྲག་པ says:
    2012-11-04 at 1:33 am

    ང་ཚོས་ནམ་རྒྱུན་འདི་འདྲ་བབས་ཆག་ཕན་ཚུན་བརྩི་འཇོག་གིས་བགྲོ་གླེང་གནང་ན་ཅི་མ་རུང་།

  77. འཇམལ་དཔལ་རྣོན་པོ། says:
    2012-11-04 at 1:09 am

    སྤོབས་མཐས་བཤད་པ་ཚང་མ་ནོར་བ་རེད། ནོར་བ་རེད་ཟེར་ན་སྔོན་མའི་བཀའ་གདམས་པས་འདོན་མྱོང་ཡོད་མིན་མི་ཤེས་རུང་། སྲུང་མ་དམར་ནག་རྣམས་གཉིས་དགེ་ལྡན་པས་བསྟེན་སྲོལ་ནི་གོང་ས་རིམ་བྱོན་གྱི་སྲུང་མར་བསྟེན་པ་ལས་བྱུང་བར་རྣམ་ཐར་ལོ་རྒྱུས་ཁག་ཏུགསལ་། རྟ་མགྲིན་དེ་རིང་འཇོག་འཇོག་་

  78. ལོག་སྨྲ་ཚར་གཅོད། says:
    2012-11-04 at 1:15 am

    ལོག་སྨྲ་ཚར་དུ་གཅོད་པའི་རལ་གྲི་འདི།།
    དངོས་བྱུང་རིག་གསར་རྡོ་ལ་ལེགས་བརྡར་ནས།།
    མི་མངོན་རྣམ་རྟོག་ལྷ་སྲུང་ལྗོན་པ་ལ།།
    རྨོངས་དད་ཞགས་པས་བསྟེན་སྲོལ་འཆིང་བ་དེ།།
    རིགས་པའི་བུ་ཡིས་ལན་བརྒྱར་དུམ་བུར་གཏུབ།།

  79. མེ་ཏོག་དཀར་པོ། says:
    2012-11-04 at 1:34 am

    གཡུ་བྲག་པ་ལགས། རྒན་སྤོབས་པས་ལྕགས་ཚན་འཕྱར་ཙམ་འཕྱར་ཙམ་བྱས་དུས་བགྲོ་གླེང་བབ་ཆགས་འདི་འདྲ་མི་འབྱུང་ཀ་མེད་རེད།

  80. མེ་ཏོག་དཀར་པོ། says:
    2012-11-04 at 1:37 am

    བོས་པའི་ཚེ་ན་སྙན་མ་སྲ། །
    གཡབ་པའི་ཚེ་ན་སྤྱན་མ་རྟུལ། །
    འབད་པའི་ཚེ་ན་མཐུ་མ་ཆུང་། །
    སྒྲོལ་བའི་ཚེ་ན་ངང་མ་རིང་། །
    བྲན་ལྟར་བསྐུལ་ལོ་སྙིང་མ་རིང་། །འོ་འདི་འདྲ་རེད།

  81. ལེགས་བཤད། says:
    2012-11-04 at 2:16 am

    ལག་པས་སྙོབ་ཚད་མིག་གིས་མཐོང་བ་ཙམ།།
    ཚད་འཛིན་དངོས་ལུགས་རིག་པའི་ཐིག་ཤིང་གིས།།
    ཞི་བདེའི་ལྷ་ཡི་ལྗོན་ཤིང་གཞལ་དཀའ་བས།།
    བླུན་པོའི་དད་པ་དེ་ཡང་ཉེ་བར་མཁོ།།

  82. མེ་ཏོག་དཀར་པོ། says:
    2012-11-04 at 2:21 am

    ཉེ་བར་མི་མཁོའི་རྫས་ཤིག་སྲིད་ན་མེད། །
    མཁོ་ཚད་ལག་ཏུ་ལེན་པའང་ལེགས་ཡིན་ནམ། །
    ཇི་སྲིད་རང་གི་རྣམ་དཔྱོད་འཇུག་གི་བར། །
    བླུན་པོའི་ཐག་ལ་དཔྱང་བར་མ་བྱེད་ཅིག །

  83. ཀརྡོ་གཉེར་ཕྱག་པ་ says:
    2012-11-04 at 2:31 am

    དཔལ་ལྡན་ལྷ་མོ་དང་། འབྲི་གུང་པའི་སྲུང་མ་ཨ་ཕྱི་ཚེ་རིང་ཆོས་སྒྲོན་གཉིས་སོ་སོར་ཡོད་རེད། དཔལ་ལྡན་དམག་གཟོར་རྒྱལ་མོ་ནི། རྒྱ་གར་ནས་དང་། སྔར་སངས་རྒྱས་འོད་སྲུངས་སྐབས་ནས་ཞེས་གསུངས་པ་ཟིནད་པ་ལྟར་དང་། ཨ་འཕྱི་ནི། ཚེ་རིང་མཆེད་ལྔ་ལྟར་བོད་མོ་ཡིན་པ་འདྲ། ངས་ནོར་ཡོད་ན་དག་བཅོས་མཛོད་ཅིག །

  84. འདྲེ་ནག་མགོ་དགུ་ says:
    2012-11-04 at 2:36 am

    དེ་ཡང་ཐེག་ཆེན་གྱི་མདོ་སྔགས་གཉིས་ཀའི་སྐབས་སུ་སངས་འཕགས་ཐམས་ཅད་རྒྱུད་ཅིག་ཏུ་སྒྲུབ་མཁན་དང་རྒྱུད་ཐ་དད་དུ་སྒྲུབ་མཁན་ཡོད་པ་ལས། དང་བོ་ལྟར་ན་སློབ་དཔོན་རིན་པོ་ཆེ་དང་རྗེ་རིན་པོ་ཆེ་ཐུགས་རྒྱུད་གཅིག་ཡིན་པར་སྨོས་མ་དགོས་ལ། གཉིས་པ་ལྟར་ན་ཡང་བཀའ་གདམས་གླེགས་བམ་ལས། སློབ་དཔོན་རིན་པོ་ཆེ་དང་ཨ་ཏི་ཤ་དང་རྗེ་རིན་པོ་ཆེ་གསུམ་བླ་མ་དྲི་མ་མེད་པ་སྟེ་སངས་རྒྱས་སྣང་བ་ཡས་ཀྱི་སྤྲུལ་པ་ཡིན་པར་གསུངས་ཤིང་། བཀའ་ཐང་བསྡུས་པ་ལས། ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས། །ཅེས་དང་། ཡང་གཞན་དུ་ཁོང་གིས། ང་ཡི་སྤྲུལ་པ་མར་མེ་མཛད་པ་འབྱུང་། །ཞེས་ཁོང་གསུམ་རྒྱུད་གཅིག་ཡིན་པར་གསུངས་སོ། །

  85. ལེགས་བཤད། says:
    2012-11-04 at 3:06 am

    རྗེ་ཙོང་ཁ་བ་ཚང་གི་ཡོད་ན་མེད་ན་ཡི་དམ་གྱི་ལྷ་གཙོ་བོ་ལྔ་སྟེ་གསང་བ་འདུས་པ། བདེ་མཆོག་ཧེ་རུ་ཀ །ཀྱེེ་རྡོར། དཔལ་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་འཇིགས་བྱེད་ལྔ་པོ་རེད། ལམ་རིམ་གྱི་སྲུང་མ་གཙོ་བོ་གསུམ་ཏེ་མྱུར་མཛད་མ་དང་རྣམ་སྲས། ཆོས་རྒྱལ་གསུམ་རེད། གཞན་གནས་ཆུང་དང་ལྷ་མོ་ནི་དུས་ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་སྐབས་ནས་བྱུང་བ་ཞིག་རེད། མིང་བརྒྱ་མ་ལ་མཚན་སྟོང་མ་ཞེས་པ་ལྟར་དཔལ་ལྡན་ལྷ་མོ་ནི་རྒྱ་གར་རྒྱ་ནག་བལ་བོ་བོད་སོགས་སུ་ཤཱཀ་ཐུབ་ཀྱི་བསྟན་པ་ལ་དམིགས་བསལ་གྱི་གྲོགས་དམ་མཛད་པའི་སྲུང་མ་སེམས་ཤུགས་ཅན་དང་སྐུ་དྲིན་ཆེན་པོ་ཡིན། འོན་ཀྱང་རྒྱ་གར་ལའང་ལྷ་མོ་སྒྲོལ་དཀའ་མ་དང་ལྷ་མོ་རལ་གཅིག་མ་སོགས་ལྷ་མོའི་མཚན་མང་དུ་མཆིས་ཀྱང་ལྷ་མོ་ནག་མོ་ཟེར་བ་དེ་ཡིན་ནམ་སྙམ། བོད་ལའང་བ་རུ་བརྒྱ་རྩ་དང་སྣར་ཐང་བརྒྱ་རྩ། རིན་འབྱུང་བརྒྱ་རྩའི་གྲས་སུ་བཞུགས་པའི་དེ་ཡིན་མིན་དཔྱད་དགོས།

  86. ཀརྡོ་གཉེར་ཕྱག་པ་ says:
    2012-11-04 at 9:47 am

    ༸ཆོས་རྗེ་ངག་དབང་དཔལ་ལྡན་མཆོག་ལྷ་མོའི་མོ་དཔེའི་མཆོད་བརྗོད་དུ།
    དྲན་པ་ཙམ་གྱིས་དངོས་གྲུབ་སྟེར་བའི་དཔལ། །དཔལ་ལྡན་འདོད་ཁམས་དབང་མོ་ལས་ཀྱི་མཐའ། །མཐའ་ཡས་ལྐོག་གྱུར་ཆོས་ཚུལ་དཔལ་མོ་གང་། །གང་འདིར་མངོན་སུམ་མགྲོན་དུ་འགུགས་པའི་རྒྱུ། །རྒྱུ་ཐབས་རྣོ་མཐོང་ལྷ་ཕྲུག་གཞོན་ནུ་མཚར། །མཚར་དུ་འཛིན་ལ་ལེགས་བྲིས་དབང་པོ་ཡང་། །ཡང་ཡང་མིག་སྟོང་བགྲད་དེ་དབྱིངས་ནས་བལྟ། །བལྟ་འདོད་མཁས་ཀུན་དགྱེས་པའི་ལང་ཚོ་མོམས། །

  87. རྩ་འགབ་ཚང་། says:
    2012-11-04 at 8:57 pm

    རྟ་མགྲིན་དང་ལྷ་མོ་དགེ་ལྡན་པའི་བསྟན་པར་གཟིགས་སྐྱོང་གནང་མཁན་ཞིག་ཡིན་པས་དབང་དུ་བཏང་ན། དེ་རང་ནངས་མོ་དགེ་ལྡན་པའི་བཤད་སྒྲུབ་ཉམ་ཆག་གི་སྐབས་འདིར། རྟ་མགྲིན་དང་ལྷ་མོ་སྤོར་ཏོ་རྨོར་ཏོ་ཆགས་ཏེ། འདྲེ་ཤ་བཏགས་ཕར་ཟད། ལྷ་རང་ཡང་མ་ཐོན་པར། རྒན་གསོ་ཁང་ལ་ལོག་པ་ཡིན་འགྲོ

  88. རྩ་འགབ་ཚང་། says:
    2012-11-04 at 8:59 pm

    ཁོ་ཚོས་ཆོས་སྐད་བསྒྲགས་པ་ལས། ཆོས་དོན་མི་འཚོར་བ་ག་རེས་ཡིན་ནམ།

  89. ཀརྡོ་གཉེར་ཕྱག་པ་ says:
    2012-11-05 at 12:23 am

    སྤྱན་རས་གཟིགས་དངོས་དྲག་ཏུ་ཁྲོས་པ་མགོན་པོ་ཕྱག་དྲུག་སོགས་དང་མི་འདྲ་བར་། དཔལ་རྟ་མགྲིན་ནམ་རྟ་མཆོག་རོལ་པ་ནི། ཡི་དམ་ལས་བསྟན་སྲུང་ཙམ་ཞིག་མ་རེད།
    དཔེར་ན། འཇམ་དཔལ་དབྱངས་དངོས་དཔལ་རྡོ་རྗེ་གཤིན་གཤེད་དམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱང་། ཡི་དམ་ཡིན་པ་ལས་སྲུང་མ། མ་ཡིན་ཡང་སྲུང་མར་བསྟེན་མཁན་ཡོད་པ་འདྲ། ངའི་བཤད་པར་ནོར་འཕྱུགས་འདྲ་ཡོད་ན་སྐྱོན་བསལ་གཙང་དག་གནོངས་གྲོགས་ཞུ།

  90. དབྱངས་ཅན་འབངས། says:
    2012-11-05 at 4:22 am

    མཆེད་གྲོགས་ཚོ་སྐུ་ཁམས་བཟང་།
    དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་ཡི་དམ་དང་ཆོས་སྲུང་ནི། ཡི་དམ་རྣམ་གསུམ་དང་ཆོས་སྐྱོང་རྣམ་གཉིས་སམ། ཡང་ན་སྐྱེས་བུ་གསུམ་གྱི་སྲུང་མ་ཅེས་གྲགས་པ་ལྟར། གསང་བདེ་འཇིགས་གསུམ་དང་མགོན་ཆོས་གཉིས་རེད། དེ་ཡང་ཟབ་ཁྱད་ཆེན་པོ་སྟེ། སྒྱུ་ལུས་དང་འོད་གསལ་གྱི་གནད་ལ་འདུས་པ་རྩ་བཤད་ཀྱི་རྒྱུད་སྡེ་རང་ནས་རྒྱུད་སྡེ་གཞན་ལ་གསལ་ཁ་མེད་ཅིང་འདི་ནས་བླང་དགོས་པའི་དམིགས་བསལ་གྱི་ཟབ་ཁྱད་ཡོད་པས་དཔལ་གསང་བ་འདུས་པ་དང་། གཏུམ་མོའི་རྣལ་འབྱོར་ལ་འཁོར་ལོ་སྡོམ་པ་ནས་འབྱུང་བ་བཞིན་རྒྱུད་སྡེ་གཞན་ལ་མེད་པས་དཔལ་འཁོར་ལོ་བདེམཆོག་དང་། བསྲུང་འཁོར་ལ་གཤིན་རྗེ་གཤེད་ཀྱི་རྒྱུད་དག་ལས་ལྷག་པ་ཞིག་མི་དམིགས་པས་དེའི་ཆ་ནས་རྡོ་རྗེ་འཇིགས་བྱེད་དེ། དེའི་ཕྱིར་ཡི་དམ་ལ་རྣམ་པ་གསུམ་མཛད་པ་ཡིན། ཆོས་སྐྱོང་གཉིས་སམ་གསུམ་མཛད་པ་ཡང་། ཐབས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེས་དྲངས་པའི་རྒྱ་ཆེ་བའི་སྤྱོད་པ་རྣམས་སྒྲུབ་པ་པོའི་རྒྱུད་ལ་མ་སྐྱེས་པ་སྐྱེད། སྐྱེས་པ་སྤེལ། དེ་དག་གི་མི་མཐུན་ཕྱོགས་ལས་སྲུང་བའི་ཆ་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྟེ། དཔེར་ན་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་མགོན་པོ་ཕྱག་དྲུག་པའི་བསྙེན་པ་ཞིག་མཛད་པའི་རྗེས་ཐུགས་ལ་སྙིང་རྗེ་ཉམས་མྱོང་ཁྱད་པར་ཅན་འཁྲུངས་ཚུལ་འཇིགས་བྱེད་ཆོས་འབྱུང་ལས་གསུངས་པ་ལྟར་དང་། ཤེས་རབ་སྟོང་པ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དང་དེས་མཚོན་པའི་ཟབ་པའི་སྤྱོད་པ་རྣམས་སྐྱེད་སྤེལ་སྲུང་བའི་ཆ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྟེ། ནང་ལྟར་ན་ཡང་འཇམ་དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར་དང་གསང་བ་ལྟར་ན་ནི་དེ་དང་དབྱེར་མེད་པའི་ཕྱིར་རོ།། སྐྱེས་བུ་གསུམ་གྱི་སྲུང་མ་ནི་མགོན་ཆོས་རྣམ་གསུམ་སྟེ། དེའི་སྦྱོར་ཚུལ་གོང་དུ་དྲྭ་གྲོགས་ཞིག་གིས་སྦྱར་ཟིན་འདུག་པས་སླར་སྤྲོས་ན་ཟློས་སྐྱོན་དུ་སེམས་སོ།།
    དུས་འཁོར་གྱི་བསྟན་པ་ལ་རྗེ་ཙོང་ཁ པ་ཆེན་པོ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ཏེ། ཁོང་གི་བླ་མ་རེད་བདའ་བ་དུས་འཁོར་གྱི་རྒྱུད་ཚད་ལྡན་དུ་མི་བཞེད་ཀྱང་རྗེ་རིན་པོ་ཆེས་ཁོང་གི་རྗེས་སུ་མ་འབྲངས་པར་རྒྱུད་གཞན་དང་བཤད་སྲོལ་མི་མཐུན་ཡང་རྒྱུད་ཚད་ལྡན་བཞེད་ཅིང་། འཆད་ཉན་ཀྱང་རྒྱ་ཆེར་མཛད་དོ།། དེའི་བཀའ་བབས་པ་ནི་མཁས་གྲུབ་མཁྱེན་པ་སྟེ། ཁོང་གིས་འགྲེལ་ཆེན་དྲི་མེད་འོད་ཀྱི་འགྲེལ་བཤད་མཇུག་ཞང་ཞུང་བ་དང་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་དང་གཞན་ཟིན་བྲིས་དང་སྒྲུབ་ཐབས་སོགས་ཁ་སྐོང་མང་པོ་ཞིག་གསུང་འབུམ་ཁྲོད་བཞུགས།
    ཀྱེ་རྡོར་ལ་ཡང་མཁས་གྲུབ་རྗེས་རྒྱུད་བརྟག་གཉིས་ཀྱི་འགྲེལ་ཆེན་དང་སྒྲུབ་ཐབས་དཀྱིལ་ཆོག་སྨོན་ཤིས་སོགས་ཆ་ཚང་བ་བཞུགས།
    དེང་སང་ཡོངས་གྲགས་ལ་འདི་ལྟར་སྣང་ཡང་། ཀློང་རྡོལ་གསུང་འབུམ་སྨད་ཆ་( གངས་ཅན་རིག་མཛོད། ༢༡/ ཤོག་གྲངས། ༥༧༣) ནང་འདི་ལྟར། “རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཐུགས་དམ་ལྷ་དྲུང་གི་ནང་གི་ནང་ནས། མཆོག་སྒྲུབ་པའི་ལྷ་བཞི་ནི། འདུས་པ་འཕགས་ལུགས། ཡེ་ཤེས་ཞབས་ལུགས། བདེ་མཆོག དུས་ཀྱི་འཁོར་ལོ།བཞི་དང་། བར་ཆད་སྲུང་བའི་ཡི་དམ་གཉིས་ནི། འཇིགས་བྱེད། ཕྱག་རྡོར་འཁོར་ཆེན་ཡིན།” ཞེས་གསལ་བས་དགོངས་པར་ཞུ།

  91. ཀརྨ་སྐལ་བཟང་ says:
    2012-11-05 at 9:26 am

    སྲུང་མ་ལ་ཡིད་ཆེས་མེད་་ག་སྲིད་སྲུང་མ་ཡོད་ན་བོད་བསྟན་པ་ལ་མ་སྲུང་པ་ག་རེད་ཡིན་ནམ་?
    སྲུང་མ་སྲུང་མ་ཟེར་མཁན་དེ་ཚོ་སྐུག་པ་གླེད་མེད་ཤ་རྟག་རེད་ཧཧཧཧཧཧཧཧབ

  92. སྙན་བཟང་གཡུང་དྲུང་ཚེ་རིང says:
    2012-11-05 at 9:36 am

    བོད་གནའ་རབས་ཀྱི་རྒྱལ་པོ་ཆེན་པོ་བཞི་སོགས་མིའི་ཁོག་ཏུ་བརླམས་ཏེ་ལུང་བསྟན་བྱེད་པའི་སྲོལ་དེ་ཉིད། དུས་རབས་བཅུ་བདུན་པའི་སྨད་ཀྱི་ཆར་དགའ་ལྡན་ཕོ་བྲང་གིས་གཞུང་བསྟེན་བསྟན་སྲུང་ཞེས་གནས་ཆུང་ཆོས་རྒྱལ་སོགས་མིའི་ཁོག་ཏུ་བརླམས་ཚུལ་ལ་གསོལ་མཆོད་གནང་སྲོལ་བྱུང་བ་རེད། དགོངས་དག ད་དྲི་བ་འདི་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་པར་འཇིག་རྟེན་གྱི་ལྷ་ལ་སྐྱབས་སུ་མཆི་བ་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་མ་རེད་དམ། རྒྱས་སྲས་ཐོགས་མེད་ཀྱིས་རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས་ཞེས་གསུངས་པ་མ་རེད་དམ། ངའི་སེམས་ལ་འདི་འདྲ་ཞིག་དྲན་བྱུང་། འཇིག་རྟེན་ལས་འདས་པའི་ལྷ་སྲུང་རྣམས་དགེ་འདུན་དཀོན་མཆོག་ཏུ་གཏོགས་པས་སྐྱབས་ཡུལ་དུ་བཟུང་འོས་པ་བྱོས། འཇིག་རྟེན་པའི་ལྷ་སྲུང་དཔེར་ན་དཀར་ཕྱོགས་སྐྱོང་བ་རྣམས་སྐྱབས་ཡུལ་དུ་བཟུང་མི་འོས་ཀྱང་། བསྟན་པ་སྲུང་བ་དང་འགྲོ་བའི་ཕན་བདེའི་སྒྲུབ་པའི་འཕྲིན་ལས་བཅོལ་དུ་རུང་བ་ལྟ་བུ་རེད་ཅེས་བཤད་ཆོག དེས་ན་ང་ཚོས་དཀར་ཕྱོགས་སྐྱོང་བ་དག་ལའང་སྨོན་ལམ་རྒྱག་པ་དང་། ཕྱག་འཚལ་བ་སོགས་མཆོག་གསུམ་ལྟ་བུའི་གཏན་གྱི་སྐྱབས་ཡུལ་དུ་ངོས་འཛིན་གྱི་ཡོད་པ་འདི་ནོར་བ་མ་རེད་དམ།

  93. ཀརྡོ་གཉེར་ཕྱག་པ་ says:
    2012-11-05 at 9:42 am

    བླ་མ་མཁྱེན།
    བླ་མ་ཡི་དམ་མཁའ་འགྲོ་གསུམ། །
    རྩ་གསུམ་མཚན་གྱིས་གསོལ་ཞིང་བསྟོད། །
    བླ་མ་ཡི་དམ་ཆོས་སྲུང་གསུམ། །
    མཁའ་འགྲོ་ཆོས་སྲུང་ཁོངས་སུ་གཏོགས། །
    ཆོས་སྲུང་མཁྱེན།
    བོས་པའི་ཚེ་ན་སྙན་མ་སྲ། །
    གཡབ་པའི་ཚེ་ན་སྤྱན་མ་རྟུལ། །
    འབད་པའི་ཚེ་ན་མཐུ་མ་ཆུང་། །
    སྒྲོལ་བའི་ཚེ་ན་ངང་མ་རིང་། །

  94. མེ་ཏོག་དཀར་པོ། says:
    2012-11-05 at 9:43 am

    དེས་ན་གནས་ཆུང་འཇིག་རྟེན་ལས་འདས་པར་ཁས་བླངས། འཇིག་རྟེན་པའི་ལྷ་ལ་གཏན་གྱི་སྐྱབས་སུ་ཁས་བླངས་ནས་ཕྱག་འཚལ་མཆོད་འབུལ་བྱེད་མི་ཆོག་ལ་དེ་དག་ལ་གུས་པ་དང་། ཕྱག་འཚལ་མཆོད་འབུལ་བྱེད་མི་ཆོག་པ་ནང་པས་བཤད་མེད།

  95. ཀུན་དགའ་ says:
    2014-10-31 at 1:28 am

    མཁྱེན་ལྡན་རྣམ་ཚོར་བྲི་རྒྱུ་ཞིག་ལ། འདིར་ཁྱེད་རྣམས་ཀྱི་ཆོས་སྐྱོང་དམར་ནག་གཉིས་ཀྱི་གཟུངས་སྔགས་འདྲ་ཡོད་མེད་གསལ་པོ་ཞིག་གསུང་མི་འདུག་ན། དེ་གསལ་པོ་ཞིག་ཤེས་འདོད་ཡོད་པས་ཡིན་ཅི་འདིར་བཀོད་གནང་ཡོང་ཞུ།

  96. མྱི་བྱ་མ་རྟ། says:
    2018-08-20 at 3:30 pm

    རྟ་མགྲིན་གྱི་ཆོས་སྐོར་ནི་བཅོམ་ལྡན་འདས་རང་ཉིད་རྟ་མགྲིན་གྱི་ངོ་བོར་སྐུར་བཞེང་ནས་གསུང་ཞིག་ཡིན་བསམ་སོང་། དེ་ཡང་རྙིང་མ་རྒྱུད་འབུམ་ཡིན་ནམ་གང་ལྟར་རྒྱུད་ཞིག་རེད་་་་རྫོགས་པ་རང་བྱུང་གི་རྒྱུད་ཟེར་བ་ལེའུ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེར་ཡོད་སྙམ། སེར་བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་ནི་གསང་སྔགས་རྙིང་མའི་བླ་མ་རྟོག་ལྡན་ཡོན་ཏན་མགོན་པོའི་བུ་རེད་རྟོག་ལྡན་གྱིས་བུ་ལ་ངའི་ཡི་དམ་དང་མི་འབྲལ་བ་བྱོས་གསུང་ནས་གྲུབ་ཐོབ་འདའ་ཆར་བའི་ཕུར་པ་ཡང་གནང་བ་རེད་རྒྱུ་མཚན་དེས་ན་བྱེས་བ་གྲྭ་ཚང་གི་ཡི་དམ་ཆག་པ་དང་་་སེ་རའི་ཕུར་མཇལ་ཟེར་བའི་བྱུང་བ་ཡང་དེ་ནས་ཤེས་དགོས།།

  97. མྱི་བྱ་མ་རྟ། says:
    2018-08-20 at 3:34 pm

    རྟ་མགྲིན་གྱི་ཆོས་སྐོར་ནི་བཅོམ་ལྡན་འདས་རང་ཉིད་རྟ་མགྲིན་གྱི་ངོ་བོར་སྐུར་བཞེང་ནས་གསུང་བ་ཞིག་ཡིན་བསམ་སོང་། དེ་ཡང་རྙིང་མ་རྒྱུད་འབུམ་ཡིན་ནམ་གང་ལྟར་རྒྱུད་ཞིག་རེད་་་་རྫོགས་པ་རང་བྱུང་གི་རྒྱུད་ཟེར་བ་ལེའུ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེར་ཡོད་སྙམ། སེར་བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་ནི་གསང་སྔགས་རྙིང་མའི་བླ་མ་རྟོག་ལྡན་ཡོན་ཏན་མགོན་པོའི་བུ་རེད་རྟོག་ལྡན་གྱིས་བུ་ལ་ངའི་ཡི་དམ་དང་མི་འབྲལ་བ་བྱོས་གསུང་ནས་གྲུབ་ཐོབ་འདའ་ཆར་བའི་ཕུར་པ་ཡང་གནང་བ་རེད་རྒྱུ་མཚན་དེས་ན་བྱེས་བ་གྲྭ་ཚང་གི་ཡི་དམ་ཆག་པ་དང་་་སེ་རའི་ཕུར་མཇལ་ཟེར་བའི་བྱུང་བ་ཡང་དེ་ནས་ཤེས་དགོས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme