Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་བའི་བཤེས་གཉེན་ཆེན་པོ་འབུམ་རྙིང་མཁན་པོ་ཐུབ་དགའ་ལ་རྗེས་དྲན་ཞུ་བ།

Posted on 2012-05-02 By ཁ་བརྡ་ 8 Comments on དགེ་བའི་བཤེས་གཉེན་ཆེན་པོ་འབུམ་རྙིང་མཁན་པོ་ཐུབ་དགའ་ལ་རྗེས་དྲན་ཞུ་བ།

རྫ་ཚེ་རིང་བཀྲ་ཤིས།

ངས་དེ་རིང་གླེང་བཞིན་པ་འདི་ནི་ཕྲན་གྱི་དགེ་བའི་བཤེས་གཉེན་མཁན་ཆེན་ངག་དབང་དར་རྒྱས་སམ་ཡོངས་གྲགས་སུ་འབུམ་རྙིང་མཁན་རིན་པོ་ཆེ་ཐུབ་དགའ་ཚང་ཡིན། ཁོང་ནི་ངའི་ཕ་ཡུལ་རྫ་ཆུ་ཁ་ན་རྒན་རབས་པར་གཏོགས་པའི་རིས་མེད་ཀྱི་སྐྱེས་ཆེན་ཁྱད་པར་བ་ཉུང་ཉུང་ཞིག་སྐུ་འཚོ་བཞུགས་གནང་བཞིན་པའི་གཅིག་རེད། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཁོང་ཉེ་ཆར་སྐུ་གཤེགས་ཟིན་པ་འདྲ། ད་ལྟ་རང་ཕྲན་གྱི་ངོ་དེབ་ཀྱི་ཐོག་ཏུ་དྲ་གྲོགས་ཤིག་གིས། གུར་མོ་ཆེ་ཞིག་གི་འགྲམ་དུ་མི་མང་འདུ་ཚོགས་ཆེན་པོ་ཡོད་སའི་པར་ཞིག་བཏང་འདུག་པར་མ་ཟད། འདི་ནི་མཁན་པོ་ཐུབ་དགའ་སང་གི་སྐུ་གདུང་ཞུགས་འབུལ་གྱི་སྐབས་ཀྱི་པར་རེད་ཅེས་བྲིས་འདུག

མ་གཞི་ཁོང་ནི་སྤྱིལ་བུ་རང་ཤོང་ཙམ་གྱི་ནང་དུ་བཀའ་གདམས་པའི་རྣམ་ཐར་གཙང་མ་སྐྱོང་གནང་ནས་བཞུགས་མཁན་ཞིག་ཡིན། ཁོང་ནི་ལམ་ལུགས་རྙིང་པའི་སྐབས་མདོ་ཁམས་ཀྱི་སྐད་གྲགས་ཆེ་བའི་དཔལ་རི་བོ་དགེ་ལྡན་པའི་མཚན་ཉིད་ཀྱི་གྲྭ་ས་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དུ་སློབ་སྦྱོང་གནང་བ་ཞིག་རེད། ཁོང་ནི་མི་མང་དང་ཧ་ཅང་ཐག་ཉེ་སར་གཅར་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་ཡིན། ཁོང་གིས་མི་མང་གི་ཆེད་དུ་མོ་འདེབས་གནང་གིན་ཡོད་ཅིང་། ཕྱག་མོ་ཧ་ཅང་ཐིགས་པོ་རེད། མ་ཟད། དུས་ཚོད་བྱུང་ན་ཁོང་ཚོའི་ཆེད་དུ་ཆོ་ག་རིམ་གྲོ་ཡང་གནང་རོགས་མཛད་ཀྱི་རེད། འོན་ཀྱང་ཁོང་གྲོང་ཆོག་པ་ཞིག་གཏན་ནས་མ་རེད། ཁོང་གིས་རྟག་ཏུ་གཞུང་བཀའ་པོད་ལྔ་ལ་འཆད་ཉན་གནང་གི་རེད་ལ། ཁོང་གི་དགོན་པ་ནི་སེར་ཤུལ་རྫོང་གི་ཉེ་འདབས་ཀྱི་འོག་གི་ལམ་ཁར་ཆགས་པའི་འབུམ་རྙིང་དགོན་རེད། དེར་དགེ་འདུན་པ་བརྒྱ་ཕྲག་མང་པོ་ཡོད་ཅིང་། མང་པོ་ཞིག་ད་ལྟའང་རྒྱ་གར་དུ་སློབ་གཉེར་གནང་བཞིན་ཡོད། ངས་ཞུ་ཐུབ་པ་ཞིག་ལ་དེ་དག་ཚང་མ་ཁོང་གི་ལམ་སྟོན་དང་ཐུགས་རྗེ་ཐོབ་པར་མ་ཟད། ཡུན་རིང་གཅེས་པའི་བུ་ལྟར་ཆོས་དང་ཟང་ཟིང་གིས་བསྐྱངས་ཡོད་རེད། ཁོང་གི་ཕྱག་རྫས་གང་ཡོད་པ་ནི་ངེས་པར་ཆོས་ཕྱོགས་སུ་གཏོང་གི་རེད། ལོ་རེ་བཞིན་སྤོང་དག་ཀྱང་གནང་གི་རེད།

ངའི་ཚོར་སྣང་ལ་འབུམ་རྙིང་དགོན་ཀྱི་གྲྭ་པ་དག་གི་གྲྭ་གཤིས་དེ་དགོན་པ་གཞན་གྱི་གྲྭ་པ་ལས་ཡག་པ་ཡོད་ཅིང་། གྲྭ་པ་ཚང་མ་གཉོམ་ཆུང་ཚུལ་མཐུན་དང་གུས་ཞབས་ཆེ་བ་མཇལ་བདེ་བོ་ཡོད་པ་བཅས་ཡིན། གང་ལྟར་ང་རྟག་ཏུ་དགོན་པ་དེར་འགྲོ་སྐབས་ཀྱི་ཚོར་བ་ནི་དགོན་པ་གཞན་དང་མི་འདྲ་བ་ཞིག་ཡིན། སྨོས་མ་དགོས་པ་ཞིག་ལ། དེ་ནི་མཁན་རིན་པོ་ཆེའི་ཀུན་སྤྱོད་དང་སློབ་སྟོན་གྱི་མིག་དཔེ་ཁོ་ནས་བྱས་པ་རེད། ཁོང་གི་སློབ་མ་རྣམས་དང་ཡང་གུས་པ་ཤིན་ཏུ་ཉེ་བོ་ཡོད་དེ། རྒྱུ་མཚན་ནི་ཁོང་རྣམ་པས་ཀྱང་ཕྲན་ལ་གུས་བརྩེ་བཅོས་མིན་དུ་གནང་གིན་ཡོད་ལ། ཁོང་རྣམ་པས་ཀྱང་ང་ཆོས་གྲོགས་ཞིག་ཏུ་བརྩི་གནང་གིན་ཡོད།

ཁོང་ནི་གྲུབ་མཐའ་རིས་མེད་ཅིག་རེད། ཡིན་དང་ཡིན། ཁོང་གིས་ལྟ་གྲུབ་འཆད་སྐབས་༸རི་བོ་དགེ་ལུགས་པའི་གྲུབ་མཐའ་དང་གཞན་གྱི་ལྟ་གྲུབ་བསྲེ་གི་མ་རེད་ལ། རང་སྐྱ་ཐུབ་པའི་འཆད་སྟངས་ཡོད་པ་རེད། ལྟ་གྲུབ་ཀྱི་བཞེད་མཚམས་ནི་ཧ་ཅང་གསལ་པོ་རེད། ཡིན་ན་ཡང་ཁོང་གིས་ཉམས་ལེན་གནང་སྐབས་བསྟན་པ་ཐམས་ཅད་འགལ་མེད་དུ་གཟིགས་ཀྱིན་ཡོད་པ་དང་། ཕན་ཚུན་ཁ་ཞེ་གཉིས་མེད་ཀྱི་མཐུན་ལམ་གནང་གིན་ཡོད། ང་ལ་ཕྱག་རྟེན་དང་འབུལ་བ་གང་ཡང་མེད་པའི་ཐོག་ནས་སྔ་མོ་ནས་མཁན་རིན་པོ་ཆེར་གཅར་གྱིན་ཡོད། ཁོང་གིས་རྒྱ་དཔངས་འདོམ་གང་ལས་མི་བརྒལ་བ་ཙམ་གྱི་ཁང་མིག་ཆུང་ཆུང་ཞིག་ཏུ་རྒྱུན་དུ་གཞན་ལ་མཇལ་ཁ་གནང་གིན་ཡོད་ཅིང་། རྒྱུན་གྱི་ཞལ་ཟས་ཀྱི་བྱ་བ་དང་ཁ་ཏོན་གྱི་རིགས་ནི་ཕལ་ཆེར་དེར་གནང་གིན་ཡོད། འོན་ཀྱང་དངོས་སུ་ཆོས་འབྲེལ་གནང་སྐབས་ནི་སྦུག་གི་མཆོད་ཁང་ཆུང་ཆུང་དེར་ཕེབས་ནས་ཆོས་ཀྱི་སྟན་བཤམས་པ་ལ་བཞུགས་གནང་སྟེ། དྲན་པ་ཉེ་བར་བཞག་པས་ཆོས་གསུང་གིན་རེད། ངས་ཁོང་གི་མདུན་ནས་ལམ་རིམ་བསྡུས་དོན་དང་། ལམ་གཙོ་རྣམ་གསུམ། ལམ་རིམ་གསེར་ཞུན་མ། རྟེན་འབྲེལ་བསྟོད་པ་སོགས་ཆེད་དུ་ཞུས་པ་ཡིན། ཕྲན་ལ་ཤེས་རབ་དང་བརྩོན་པ་དམིགས་བསལ་བ་གང་ཡང་མེད་ན་ཡང་། གུས་པ་ནི་བཅོས་མིན་དུ་བྱས་པ་ཡིན་ལ། དགའ་བའང་ཕྱོགས་མེད་དུ་ཚོར་མྱོང་།

ངའི་བླ་མ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་གི་དགོངས་རྫོགས་སུ་བཤད་གྲྭའི་ངོས་ནས་མཁན་རིན་པོ་ཆེ་སྤྱན་དྲངས་སྐབས་ངས་ཆེད་དུ་ཞུ་བ་ཞུས་ནས་ང་ཚོ་ཤུལ་ལུས་སློབ་མ་ཚོར་བཀའ་སློབ་ཅིག་གནང་རོགས་ཞུས་པ་ཡིན། ཁོང་གིས་དེ་དུས་གསར་རྙིང་གི་ཆོས་ཟེར་བ་དེ་འོམ་ཆུ་༼ཁོང་གི་དགོན་པའི་འགྲམ་གྱི་འོམ་ཞེས་པའི་ལུང་པ་ནས་འབབ་པའི་ཆུ༽དང་ཅག་འ་༼ཨ་རིག་བཤད་གྲྭའི་མདུན་ཐད་ནས་འབབ་བཞིན་པའི་ཆུ་ཡིན། ཅག་འ་ནི་ལུང་པའི་མིང་ཡིན་ཡང་ཕལ་ཆེར་སོག་སྐད་ཡིན་པ་འདྲ༽ཡི་ཆུ་གཉིས་ལ་དཔེ་བཞག་ནས་ང་ཚོ་འོམ་ཆུས་སྐོམ་པ་སེལ་གྱིན་ཡོད་རེད་ལ་ཁྱེད་ཚོ་ཅག་འའི་ཆུས་སྐོམ་པ་སེལ་གྱི་ཡོད་རེད། ཡིན་ན་ཡང་ཚང་མ་དྭངས་ཤིང་བསིལ་བའི་བཏུང་ཆུ་རེད། ང་ཚོའི་དགོན་པ་འོམ་ཆུའི་འགྲམ་དུ་ཡོད་སྟབས་འོམ་ཆུ་འཐུང་གི་ཡོད་པ་ཙམ་རེད་གསུངས་པ་དེ་དྲན་གྱི་འདུག ཁོང་གི་གསུང་དེའི་དོན་ནི་སོ་སོའི་མེ་ཏོག་གང་ལ་ཕོག་པའི་ཆོས་སྐལ་དེར་སོ་སོས་ཉམས་ལེན་བྱེད་ན་ཡང་དོན་ལ་ཚང་མ་གཅིག་པ་རེད་ཅེས་པའི་དོན་རེད། ཡང་སྐབས་ཤིག་ཁོང་གིས་ལམ་རིམ་གསེར་ཞུན་གྱི་བཀའ་ཁྲིད་གནང་སྐབས་སྔོན་ལབ་བསྟན་རྒྱས་རྡོ་རྗེ་འཆང་སེར་ཤུལ་དུ་ཕེབས་སྐབས་ད་བར་ཀ་བ་ཆོས་ཅན་ཞེས་ཆོས་ཅན་གཞན་ཡུལ་ཐོག་ནས་བཙལ་བ་རེད། ད་ནས་རང་ཉིད་ཆོས་ཅན་དུ་བཞག་ནས་ཁ་རང་ལ་སྐོར་བའི་ཆོས་པ་ཞིག་བྱེད་དགོས་གསུངས་པ་རེད་ཅེས་གསུང་།

ང་བཙོན་ཁང་དུ་བཙུད་སྐབས་རོགས་པ་གང་ལེགས་གནང་མཁན་གྱི་ཁྲིན་ཏུར་བཅའ་སྡོད་སེར་ཤུལ་རྫོང་གི་དོན་གཅོད་ཀྱི་དཔོན་པོ་ཞིག་ཡོད། ཁོང་ནི་ཕ་ཡུལ་དཀར་མཛེས་ཡིན་ཡང་། སེར་ཤུལ་རྫོང་དུ་ལས་ཀ་ཧ་ཅང་ཡུན་རིང་བྱས་མཁན་ཞིག་རེད། ཁོང་ནི་བོད་མི་གཞན་དག་དང་འདྲ་པར་སེམས་ཀྱི་གཏིང་ནས་༸སྐུ་མདུན་ལ་དད་པ་ཆེན་པོ་བྱེད་མཁན་ཞིག་ཡིན་པར་མ་ཟད། ཁོང་གིས་རྟག་ཏུ་མཁན་རིན་པོ་ཆེ་པདྨ་ཚེ་དབང་དང་འབུམ་རྙིང་མཁན་པོ་གཉིས་ནི་ཁྱེད་ཚོ་རྫ་ཆུ་ཁའི་བླ་མ་རྩ་ཆེ་ཤོས་རེད་ཅེས་ཡང་ཡང་ལབ་པར་མ་ཟད། ཁོས་ཁྱེད་ཚོས་བླ་མ་ཡག་ཤོས་ལ་བརྩི་བཀུར་བྱེད་ཤེས་གི་མ་རེད་ཅེས་རྫོང་གི་སྲིད་གྲོས་ཀྱི་ནང་གི་བླ་སྤྲུལ་ཁག་དང་མཁན་རིན་པོ་ཆེ་མཚུངས་བསྡུར་གྱི་འཁང་རའང་ཕྲན་བུ་བྱེད་ཀྱིན་ཡོད། གང་ལྟར་གཞུང་གི་ལས་བྱེད་དེ་ཚོས་ཀྱང་མཁན་རིན་པོ་ཆེ་ནི་དངོས་གནས་དྲང་གནས་ཀྱི་ཆོས་པ་ཟེར་བ་དེ་རེད་ཅེས་ལབ་ཀྱིན་ཡོད་ལ། རྩི་བཀུར་ཧ་ཅང་ཆེན་པོ་རེད། ང་ཕྱིས་སུ་བཙོན་ཁང་དུ་བཙུད་སྐབས་ཀྱང་རིན་པོ་ཆེས་ཕྲན་གྱི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གི་མཚམས་སྦྱོར་གནང་བ་དང་། བཙོན་ནས་ཐོན་རྗེས་ཞལ་མཇལ་ཞུས་ཞིང་།

ཁོང་གིས་ཀྱང་ཕྲན་བཙོན་ནས་གྲོལ་བར་ཐུགས་མཉེས་ཚོར་ཆེན་པོས་གནང་སྦྱིན་ཡང་བསྩལ་ཞིང་། ཕྱག་དབང་དང་ཞལ་ཏ་ཡང་གནང་བྱུང་། ཆེས་ཐ་མར་ངས་མཁན་རིན་པོ་ཆེ་མཇལ་བ་ནི་ང་ཐའེ་ཝན་ལ་མ་ཡོང་སྔོན་གྱི་དགུན་ཁ་དེར་རིན་པོ་ཆེ་དུས་ཐུང་ནང་༸གོང་ས་མཆོག་གི་ཞལ་མཇལ་ཞུ་བར་ཐེངས་གཅིག་ཕེབས་པ་དེ་དུས་རེད། ངས་ཁོང་ཉིད་ཕེབས་པ་ཐོས་ཤིང་། ཆེད་དུ་མན་ཇུའི་ཊི་ལའི་མགྲོན་ཁང་ཞིག་ནས་མཇལ་ཁ་ཞུས་པར་མ་ཟད། ཕྱི་དྲོ་མེ་འཁོར་དུ་བཞུགས་ནས་རྡོ་རྗེ་གདན་དུ་ཆིབ་ཐོན་མ་གནང་བར་སྐུ་མདུན་དུ་བསྡད་པ་ཡིན། ང་ནི་ཁོང་ལ་གུས་པ་བཅོས་མིན་དུ་ཡོད། ད་དུང་ངས་སྔ་ཕྱིར་བྲིས་པའི་རྩོམ་ཡིག་གི་དེབ་གཟུགས་དག་ཀྱང་སྤྱན་འབུལ་བྱས་པར་མ་ཟད། མཁན་རིན་པོ་ཆེ་མཆོག་དང་མཉམ་པར་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ད་ལྟ་དེ་བས་ཀྱང་རིན་ཐང་ཆེན་པོ་རེད་སྙམ་པ་ཚོར་གྱིན་འདུག
པར་དེ་ནི་ད་ལྟའང་ངའི་ངོ་དེབ་ཀྱི་པར་མཛོད་དུ་ཉལ་ཡོད། དེ་ནི་སྤྱི་ལོ་༢༠༠༩ ཟླ་༢པའི་ཚེས་༨རེད། སྐབས་དེའི་མཁན་རིན་པོ་ཆེ་དང་མཇལ་ཁ་ཞུས་པའི་སྐོར་ཕྲན་བུ་ཞིག་རང་གི་ཉིན་ཐོར་བྲིས་པའི་དུམ་བུ་འགའ་ཞིག་བསྡུས་ཏེ་བཀོད་ན་འདི་ལྟར། འབུམ་རྙིང་མཁན་པོ་ཐུབ་དགའ་རིན་པོ་ཆེ་འདིར་ཕེབས་ཡོད་པ་གོ་བ་བཞིན་གར་བཞུགས་རྩད་བཅད་ནས་མན་ཇི་ཊི་ལའི་ཛམྦྷ་ལ་མགྲོན་ཁང་དུ་བཞུགས་པར་བཅར། སྐུ་ལུས་ནི་མ་མཇལ་བའི་ལོ་གསུམ་རིང་སྐྱོ་རུ་ཞེ་དྲགས་ཕྱིན་འདུག བཙོན་གྲོལ་ཐོབ་རྗེས་མཇལ་སྐབས་ཁོང་སྐུ་མཚམས་ལྟ་བུར་བཞུགས་ཡོད་ཀྱང་ད་ལྟ་ལས་ཤིན་ཏུ་གཞོན་པ་ལྟ་བུ་ཡོད། ཕལ་ཆེར་ཉིན་མང་པོར་ལམ་ལ་ཞུགས་པ་སོགས་ཀྱིས་ཀྱང་ཡིན་སྲིད། དེ་ནས་ཞལ་ཏ་ཞིབ་ཏུ་བྱས། །སངས་རྒྱས་འདས་འཁྲུངས་ཀྱི་ལོ་ཚིགས་དང་། བསྟན་པའི་གནས་ཚད་ད་ལྟ་བྱར་ཡོད་ཡིན་ཞེས་པར་དུས་འཁོར་གྱི་འཆད་ཚུལ་སོགས་ཀྱི་བཀའ་མོལ་དང་དྲི་བ་འདྲ་གནང་བར་བཀའ་ལན་གང་ཤེས་ཞུས། ཞལ་ནས་ཀྱང་། ཕྲན་དང་ཐུག་པར་ཐུགས་མཉེས་པོ་བྱུང་ཚུལ་གསུང་། སངས་རྒྱས་ཀྱི་གནས་གཙོ་བོ་རྡོ་རྗེ་གདན་ཙམ་དང་༸རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུ་བ་ཙམ་ལས་སྐུ་ལས་ཀྱི་གནས་སྟངས་སོགས་ཀྱིས་གནས་མང་པོ་ཞིག་མཇལ་རྒྱུའི་ཐུགས་རྩོལ་མི་གནང་བར་སྐུ་ཁམས་ངལ་གསོ་ལ་ཐུགས་སྣང་གཙོ་བོ་གནང་དགོས་པའི་གསལ་འདེབས་ཞུས་པར་ཞལ་བཞེས་བཟང་པོ་གནང་། སྙུན་གཞི་བཞེས་ཤིང་དགུང་ན་བདུན་ཅུ་དོན་དགུར་ཕེབས་ཟིན་པས་རྗེས་ནས་མཇལ་བ་ནི་ཤིན་ཏུ་ཁག་པོ་རེད་སྙམ་པ་བྱུང་། ཕྱི་དྲོ་ཆུ་ཚོད་བསུམ་པ་ཙམ་ནས་མེ་འཁོར་འབབ་ཚུགས་སུ་ཕེབས་ནས་རྡོར་གདན་དུ་ཕེབས་གནང་རྒྱུའི་བར་སྒུག་ནས་ཕེབས་སྐྱེལ་ཞུས་ཤིང་། སྨོན་ལམ་བཏབ་ནས་དབུ་ཐོད་གཏུགས་ཏེ་བརྩེ་ཞིང་འཁྲེངས་པའི་ངང་ནས་ཞལ་གྱེས། ཞེས་བཀོད་འདུག

དངོས་པོ་གང་དང་གང་སྤྱད་པ། ། དེ་དེ་དྲན་པའི་ཡུལ་དུ་འགྱུར། ། ཞེས་པ་དེ་ཅིས་མ་བདེན། ཚང་མ་རྨི་ལམ་བཞིན་འདས་པར་གྱུར། འོན་ཀྱང་ཁོང་གི་ཐུགས་རྗེ་དང་ཡེ་ཤེས་ལ་ནམ་ཡང་ཡོལ་བ་མི་སྲིད། ད་ནི་འདི་ལྟར་བསམ་པར་འོས། ང་ཚོ་ཆོས་ཀྱི་གྲོགས་པོ་དང་ཁོང་གི་རྗེས་སུ་འཇུག་པ་ཚང་མས་མཉམ་དུ་རླབས་ཆེན་གྱི་སྐྱེ་བུ་དམ་པ་ཁོང་ཉིད་དོན་ལ་ནམ་ཡང་མི་ནུབ་པའི་ཡིད་ཆེས་དང་གསོལ་འདེབས་རྟག་ཏུ་བྱེད།
འདི་ནི་གུས་སློབ་ཙམ་དུ་གཏོགས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཁན་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་གཏམ་ཐོས་པ་དེ་མ་ཐག་པར་འཕྲལ་དུ་བྲིས་པ་སྟེ། སྐྱེ་བ་ཀུན་ཏུ་དགེ་བའི་བཤེས་ཀྱིས་མཉེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སྤྱི་ལོ༢༠༡༢ཟླ་༥ཚེས་༡ལའོ།

སྣ་ཚོགས།

Post navigation

Previous Post: སྲུང་མ་དང་སྐུ་རྟེན་ཕལ་ཆེ་བའི་དེ་ཉིད།།
Next Post: མི་མཐོང་སེམས་པ་མ་མཐོང་བུ་མོས་ཁྱེར།

Comments (8) on “དགེ་བའི་བཤེས་གཉེན་ཆེན་པོ་འབུམ་རྙིང་མཁན་པོ་ཐུབ་དགའ་ལ་རྗེས་དྲན་ཞུ་བ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-02 at 10:59 am

    རྣལ་འབྱོར་པ་རྫ་བཀྲ་ཤིས་ཚེ་རིང་མཆོག་གིས་རང་གི་དགེ་བའི་བཤེས་གཉེན་མཁན་ཆེན་ངག་དབང་དར་རྒྱས་སམ་ཡོངས་གྲགས་སུ་འབུམ་རྙིང་མཁན་རིན་པོ་ཆེ་ཐུབ་དགའ་ཚང་གི་རྗེས་དྲན་བྲིས་པ་བཀླགས། དགེ་བའི་བཤེས་གཉེན་རྗེས་དྲན་གྱིས་སྒྲུབ་པའི་མཆོད་པར་བརྩོན་པ་ནི་ཡ་རབས་ཅན་ཀུན་གྱིས་བྱེད། དྲན་ཐོ་ལེགས་པར་བཀོད་པ་ཀློག་བདེ་ཞིང་གོ་སླ། འོན་ཀྱང་སྒྲ་འགའ་ཞིག་ལ་དཔྱད་པར་བྱ། བཞུགས་གནང་ ཞུ་བ་ཞུས་ གསུངས་པ་རེད ་བཀོད་འདུག ཅེས་ལ་སོགས་ལ་ཉེ་ལམ་དྲ་གྲོགས་ཤིག་ན་བྲིས་པ་བཞིན། བྱ་ཚིག་གཅིག་རང་བཀོལ་ན། ལུང་པ་སོ་སོའི་ཁ་སྐད་མ་འདྲེས་པ་ལ་ཕན་སྙམ། སྩལ་ལ་བསྩལཅེས་འབྲི་བ་ནི་བཀའ་བསྟན་གསུང་འབུམ་དག་དང་འགལ་ཞིང་། མ་བརྟགས་པའི་བྲིས་སུ་མཐོང་། སྐྱེ་བུ་དམ་པ་ དེ་མ་ཐག་པར་། ཞེས་པ་དག་ཏུ་བདག་གི་བློ་ལ་ནི། སྐྱེས་བུ་དམ་པ་དང་། དེ་མ་ཐག་ཏུ། ཞེས་གསལ་ལོ།།

  2. མེ་ཏོག་དཀར་པོ། says:
    2012-05-02 at 11:12 am

    ལ་དྭགས་པ་ལེགས། ཉིད་ཀྱིས་༼དྲ་གྲོགས་ཤིག་ན་བྲིས་པ་བཞིན༽འདི་དྲྭ་གྲོགས་ཤིག་ནས་བྲིས་པ་བཞིན་གསུངས་འདོད་པ་འདྲ། བདག་གིས་དྲྭ་གྲོགས་ཤིག་གིས་བྲིས་པ་བཞིན་ཞེས་བྲིས། དོན་ལ་གནས་སམ་ཉིད་ཀྱིས་དགོངས།

  3. རྫ ་ཚེ་རིང་བཀྲ་ཤིས། says:
    2012-05-02 at 12:32 pm

    ངས་མེ་ཏོག་དཀར་པོས་གསུངས་འདོད་པ་ཞེས་པ་གསུང་འདོད་ཅེས་བྲིས་ན་ག་འདྲ་འདུག
    ཡིག་ནོར་ཐུག་མེད། དག་བཅོས་ཐུག་མེདཧཧ
    ཁྱེད་རྣམ་པས་བཀླགས་པར་ཐུགས་རྗེ་ཆེ། ཁྱེད་པར་རྒན་ལ་དྭགས་པས་དག་བཅོས་ཀྱི་དགོངས་ཚུལ་བཏོན་པ་ལེགས།

  4. མེ་ཏོག་དཀར་པོ། says:
    2012-05-02 at 12:41 pm

    ཁྱེད་པར་ཁྱད་པར་ལ་བཅོས། གསུངས་འདོད་པ་རང་དག་པ་འདུག་གོ

  5. མེ་ཏོག་དཀར་པོ། says:
    2012-05-02 at 1:14 pm

    བྲིས་ན་ག་འདྲ་འདུག འབྲི་ན་ཡག་པོ་འདུག

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-02 at 2:49 pm

    མེ་ཏོག་དཀར་པོ་ལེགས་ཀྱིས། འདི་དྲྭ་གྲོགས་ཤིག་ནས་བྲིས་པ་བཞིན་གསུངས་འདོད་པ་འདྲ། བདེན་ནོ། ཁྱེད་ཀྱི་རིག་པ་བཟང་ལ་གཡོ་མེད་པར་པད་མ་དཀར་པོ་ཞེས་འོས་པར་སྣང་ངོ་། །

  7. སྤྲུལ་སྐུ་དབང་ཆེན says:
    2012-05-02 at 6:55 pm

    སློབ་བུའི་དད་པས་བླ་མའི་རྗེས་དྲན་བྲིས།
    བླ་མས་ཐུགས་རྗེ་སློབ་མའི་རྒྱུད་གྲོལ་ཞིང་།
    དཔོན་སློབ་རྟེན་འབྲེལ་ཉི་ཟླའི་འོད་སྣང་གིས།
    དམན་པ་བདག་ཀྱང་ཀུ་མུད་དགོད་པར་གྱུར།།

  8. མགོ་ལོག་ཟླ་བྷེ ། says:
    2012-05-03 at 4:16 am

    མཁན་ཆེན་ཚེ་བཀྲ་ལགས་སུ་ཡི་རང་དང་ཁོང་གི་བླ་མ་ལ་ཡང་གུས་བརྩི་ཡོད ། གཞན་དྲ་གྲོགས་རྣམ་པ་ལགས ། ལ་དྭགས་ལེགས ། མེ་དཀར་ལེགས་སོགས་བྲིས་འདུག དེ་འདྲ་ཨེ་ཡིན་ན༼ ནམ ༽ ། ལགས་མིན་འགྲོ །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme