Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགུ་རེ་སུ་ཝང་།

Posted on 2008-06-02 By དགེ་རབ་ 5 Comments on དགུ་རེ་སུ་ཝང་།

དགུ་རེ་སུ་ཝང་།
༼བདེན་དོན་ལ་ཕྱོགས་ཤིང་དྲང་ཚུགས་ཆེ་བའི་བུད་མེད་དགུ་རེ་སུ་ཝང་ལས་འཕྲོས་པའི་ཁ་བརྡ།༽
འགར་ཚེ་རྒྱལ།

ཉེ་དུས་བོད་མི་རིགས་ཀྱིས་ཞི་བའི་གྱེན་ལངས་ངོ་རྒོལ་སྐབས་ཨ་རིར་སློབ་གཉེར་བྱེད་པའི་རྒྱ་ནག་གི་བུད་མེད་དགུ་རེ་སུ་ཝང་ཞུ་བ་ཞིག་གིས་བོད་མིའི་བདེན་དོན་ལ་དྲང་ཚུགས་ཀྱིས་རྒྱབ་སྐྱོར་བྱས་པར། ཨ་རིར་གནས་སྡོད་རྒྱ་རིགས་རྣམས་ཀྱིས་ཁོ་མོར་དམའ་འབེབས་འཇིགས་སྐུལ་དང། རྒྱ་ནག་གཞུང་གིས་རྒྱལ་བཙོང་པའི་ཉེས་མིང་གཡོགས་ཏེ་ཁོ་མོ་རྒྱལ་ཁོངས་ནས་སྤྱུགས་པའི་གནས་ཚུལ་དེའི་ཐད། ཕྲན་གྱི་བསམ་ངོར་བུད་མེད་སྒེར་བ་དེའི་བསམ་བློའི་ལངས་ཕྱོགས་དང་རྒྱ་ནག་གཞུང་གི་དམངས་འཛིན་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་བདེན་རྫུན་གྱི་ཧེ་བག་ཆེན་པོ་ཡོད་པའི་ཐོག་ནས་བུད་མེད་དེའི་བསམ་བློའི་རྩ་དོན་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྐད་ཆ་འགའ་བཤད་འདོད། ཡིན་ནའང་འདི་ལ་ལྟ་ཚུལ་གཞན་ཞིག་གིས་རྒྱ་ནག་གི་བུད་མེད་དཀྱུས་མ་ཞིག་ལ་འདི་ལྟར་སྔགས་བརྗོད་དང་རྒྱབ་སྐྱོར་བྱེད་རན་མི་འདུག་ཟེར་མཁན་དང། རྒྱ་ནག་གི་བུད་མེད་ཞིག་འདི་ལྟར་གླེང་ནས་ཁྱོད་ཅི་ཉེས་ཟེར་མཁན་འགའ་རེ་ཡོད་སྲིད་པས། དེར་འུ་ཅག་བོད་མིའི་འཐབ་རྩོད་འདི་བདེན་པའི་འཐབ་རྩོད་ཅིག་ཡིན་སྟབས་འདི་ལ་བདེན་པའི་རྒྱབ་སྐྱོར་བྱེད་མཁན་ཚོར་དགྲ་གཉེན་ཕྱོགས་འཛིན་མེད་པར་གདེང་འཇོག་བྱེད་རྒྱུ་འུ་ཅག་གི་འོས་འགན་ཡིན་པའི་ཆ་ནས་དང་། ལྷག་པར་དགུ་རེ་སུ་ཝང་ཞུ་བ་རྒྱ་མི་ཞིག་ཡིན་པའི་ངོས་ནས་སྤྱིར་མིའི་རིགས་ལ་དགོས་པའི་ཁེ་དབང་དང་ཁྱད་པར་བོད་མིའི་རང་དབང་ཐད་ནས་པདེན་པའི་རྒྱབ་སྐྱོར་བྱས་ཏེ། ཁོ་མོ་སྒེར་ངོས་ནས་སྤྲོ་སྣང་འཁྱིལ་བའི་བདེ་སྐྱིད་མང་པོ་ཞིག་སད་ཀྱིས་བཅོམ་པ་ལྟར་ཡལ་བའི་གྱོང་གུད་དེ་སྤྱི་དོན་ཞིག་གི་ཆེད་ཡིན་སྟབས།
འཛམ་གླིང་ཧྲིལ་པོ་བདེན་དོན་དང་ཞི་བདེ་ལ་ཕྱོགས་པའི་དུས་མཚམས་འདིར་ཁོ་མོ་ལྟ་བུའི་བསམ་བློ་འཛིན་མཁན་ཚོ་དགོས་གལ་དུ་མཐོང་ནས་གླེང་བ་ལས་གཞན་ཁེ་ཕན་དང་དམིགས་ཡུལ་ངན་པ་གང་གི་ཆེད་དུའང་མིན་ཟེར་བ་དེ་ཡིན།

ད་ལོ་སྟེ་ཉིས་སྟོང་བརྒྱད་ལོའི་བོད་མིའི་རང་དབང་རྩོད་ལེན་གྱི་ཞི་བའི་ངོ་རྒོལ་ལས་འགུལ་སྐབས་རྒྱ་ནག་གཞུང་གིས་དྲག་སྤྱོད་བྱས་ཉེས་དེའི་རྐྱེན་པས། རྒྱལ་ཁབ་གཞན་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཞི་བདེ། དམངས་གཙོ་དོན་གཉེར་བྱེད་པའི་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ལ་སྔར་ལས་ངེས་ཤེས་ཐོབ་ཅིང་དྲང་བདེན་གྱིས་བལྟས་ཏེ་བདེན་པའི་རྒྱབ་སྐྱོར་ཤུགས་ཆེར་བྱས་པས། གོང་ས་༧རྒྱལ་བ་རིན་པོ་ཆེ་གཙོས་བོད་མི་ཚོར་བློ་སྤོབས་དང་སེམས་ཤུགས་ཆེ་རུ་འཕར་ཏེ་འཛམ་གླིང་ཁྱོན་ཡོངས་ཞི་བདེ་ཡོང་བའི་རེ་བ་ཆེན་པོ་ཞིག་དང་། ལྷག་པར་བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་ཡིད་ཆེས་ཀྱང་ཆེན་པོ་ཞིག་སྐྱེ་རུ་བཅུག་ཡོད།
ང་ལ་དེ་བས་ཀྱང་བོད་རྒྱའི་གནད་དོན་དེ་འབྲེལ་ཚོར་སྣང་གཞན་ཞིག་སྐྱེས་པ་ནི། ཨ་རིའི་ Duke Universityསྒྲོའུ་ཁུ་གཙུག་ལག་ཁང་དུ་སློབj སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་གི་བུད་མེད་ལོ་གཞོན་དགུ་རེ་སུ་ཝང་ཞུ་བས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་བྱས་པར། རྒྱ་གཞུང་གི་ངོས་ནས་ཁོ་མོར་སྐྱོན་བརྗོད་དང་འཇིགས་སྐུལ་གྱིས་རྒྱལ་ཁབ་ངོ་ལོག་པའི་ཉེས་མིང་གཡོགས་པ་གོ་ཐོས་བྱུང་པས་ཚོར་སྣང་དང་བསམ་ཚུལ་དམིགས་བསལ་བ་ཞིག་བྱུང་མྱོང་། དེ་རིང་༼ཁ་བརྡ་དྲ་དེབ་༽སྟེང་ཁོ་མོའི་ཀུན་སློང་དང་བསམ་བློའི་འདུ་ཤེས་གསལ་བའི་དགུ་རེ་སུ་ཝང་མོ་རང་གིས་བྲིས་པའི་༼ངའི་རྒྱ་ནག ངའི་བོད། བར་འདུམ་བྱས་ཀྱང་རྒྱལ་ཚོང་བ་ཞིག་ཏུ་འབོད་༽ཅེས་པའི་རྩོམ་ཡིག་ཚེ་རིང་དོན་གྲུབ་ཞུ་བས་བོད་བསྒྱུར་བྱས་པ་ཞིག་དངོས་སུ་མཐོང་འཕྲལ། ངས་ཁོ་མོའི་མི་གཤིས་ཀུན་སྤྱོད་དང་། བསམ་བློ། ལྟ་བ་བཅས་དང་འབྲེལ་ཚོར་ཤུགས་ཀྱིས་དྲངས་པའི་སྐད་ཆ་འགའ་གླེང་འདོད་སྐྱེས། སྤྱིར་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་དབང་འཐབ་རྩོད་བྱེད་པའི་ཡུལ་གྱར་བ་ཞིག་གི་ངོས་གི་བཤད་ན། རང་གི་ཕ་ཡུལ་དང་གྱེས་ནས་ཕྱི་ཡུལ་ན་ཁེར་རྐྱང་གི་གདུང་བས་འཚོ་བ་ནི་སོ་སོའི་སྤྱི་ཚོགས་ལ་ཕྱོགས་ཤིང་ཞེན་པས་འགན་བབ་ཕྲག་ཏུ་འཁུར་བ་ཞིག་ཡིན་སྟབས། རང་གི་ངོས་ནས་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་བློ་དཀར་གཞུང་དྲང་གི་མི་ཞིག་ཡིན་པ་དང་། མི་རིགས་ཀྱི་ངོས་ནས་རང་ཉིད་རྒྱལ་གཅེས་ལྷག་བསམ་ཅན་ཞིག་ཏུ་རྩིས་ཆོག་ནའང་། ཁོ་ཚོས་ཕྱོགས་རིས་དང་སྒེར་སེམས་མི་འཛིན་པར་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཆ་ནས་བལྟ་ཐུབ་ཀྱི་མེད་སྟབས་དམིགས་བསལ་གྱི་མི་སྣ་གལ་འགངས་ཆེ་བ་ཞིག་མ་རེད་སྙམ།
དེ་བས་ང་ལ་ལྟ་སྟངས་གཞན་ཞིག་ཡོད་པ་ནི་ཕྱོགས་གཏོགས་རིས་བྲལ་གྱི་ལྟ་བས་སུ་ལའང་རང་དབང་གི་བདེན་དོན་ལ་དྲང་ཚུགས་ཀྱིས་བལྟས་ཤིང་། དམངས་གཙོ་དང་འདྲ་མཉམ་དགོས་པར་ཡོལ་གཟུར་དང་ནོངས་འགྱོད་མེད་པར་མཐའ་གཅིག་ཏུ་བཤད་ཕོད་མཁན་དང་སྒྲུབ་ཕོད་མཁན་གྱི་ལྷག་བསམ་ཅན་ཏེ་སྤྱི་དོན་གྱི་སླད་རང་གི་རྒྱལ་ཁབ་ནས་སྤྱུགས་པའི་ཡུལ་གྱར་བ་ཚོ་ནི། འཛམ་གླིང་ཞི་བདེར་ཕྱོགས་བཞིན་པའི་དུས་མཚམས་འདིར་ང་ལ་མཚོན་ན་ཁོ་ཚོ་ནི་ཆེས་རླབས་ཆེན་དང་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་ཞིག་ཏུ་མཐོང་གི་ཡོད། ཁོ་ཚོའི་ངོས་ནས་རང་གི་མི་རིགས་དང་རྒྱལ་ཁབ་ལ་བློ་མི་དཀར་བ་ཞིག་གཏན་ནས་མ་རེད་ལ། རང་གི་མི་རིགས་དང་སྤྱི་ཚོགས་ལ་ངོ་ལོག་དང་རྒྱབ་འགལ་བྱེད་མཁན་གྱི་མི་གཤིས་གྱོང་པོ་ཅན་ཞིག་དེ་བས་མ་རེད།ཡིན་ནའང་ཁོ་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་དང་མི་མཐུན་པར་མི་གཞི་དམའ་འབེབས་བྱེད་མཁན་གྱི་སྲིད་དབང་ལ་ཕྱོགས་ཞེན་མི་འཛིན་པར་མཐའ་གཅིག་ཏུ་གདོང་ལེན་བྱེད་ཕོད་པ་དང་། ཐ་ན་རང་གི་ཁེ་ཕན་དང་བདེ་སྡུག་ལའང་མི་བལྟ་བར་འགྲོ་བ་མི་སྤྱི་ཡོངས་ལ་དགོས་ངེས་འདྲ་མཉམ་གྱི་ཐོབ་ཐང་དེ་བློ་སྤོབས་ཆེན་པོ་དང་དྲང་པོ་དྲང་བཞག་གིས་བརྩོན་ལེན་བྱེད་པའི་ལྟ་བ་བཟུང་སྟེ། རང་གི་རྒྱལ་ཁབ་ཀྱི་སྲིད་ལུགས་ངན་པའི་དབང་བསྒྱུར་ལའང་ཁ་གཏད་གདོང་ལེན་བྱས་རྐྱེན། ཁོ་ཚོའི་རང་དབང་གི་ཐོབ་ཐང་དང་བདེ་སྐྱིད་ཀྱི་ལོངས་སྤྱོད་མང་པོ་ཞིག་ལག་ཏུ་ཤོར་ཏེ་ངོ་ལོག་པ་དང་རྒྱལ་བཙོང་བའི་ཉེས་མིང་འོག་ཕ་མ་སྤུན་བྲལ་གྱིས་གཞན་ཡུལ་དུ་གྱར་ནས་འཚོ་བ་རོལ་དགོས་བྱུང་ཡོད། ཡིན་ནའང་ཁོ་ཚོར་འཇིགས་ཞུམ་དང་ཡོལ་གཟུར་མེད་པར་རང་གི་ལྟ་བ་དེ་མུ་མཐུད་རྒྱུན་འཛིན་བྱེད་པའི་སྙིང་སྟོབས་དང་བློ་སྤོབས་སྔར་ལས་ཤུགས་ཆེར་ཡོད་པས། ཁོ་ཚོ་ནི་དངོས་དོན་འཛམ་གླིང་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་དགོས་ངེས་ཀྱི་ཕྱོགས་བྲལ་དྲང་བདེན་གྱི་བསམ་བློ་བ་ཤ་སྟག་རེ ད་ཅེས་བཤད་ཆོག།
དེ་མཚུངས་སྐབས་དོན་ངས་འདིར་གླེང་འདོད་པ་ནི་རྒྱ་ནག་གི་བུད་མེད་གཞོན་སྐྱེས་དགུ་རེ་སུ་ཝང་ཞུ་བའི་སྐོར་ཡིན་ལ། ཁོ་མོ་ནི་ཕ་མ་སྤུན་ཉེ་མེད་པའི་ཁེར་རྐྱང་གི་དྭ་ཕྲུག་ཅིག་མ་རེད་ལ། རྒྱལ་ཁབ་དང་ཕ་ཡུལ་མེད་པའི་བུད་མེད་ཁེར་ཆད་ཅིག་དེ་བས་མ་རེད། ཡིན་ནའང་ད་ཆ་ཁོ་མོ་ནི་རང་གི་མི་རིགས་དང་རྒྱལ་ཁབ་ནང་ཐོབ་ཐང་ཅི་ཡང་མེད་པར་ཡུལ་མི་མང་པོ་ཞིག་གིས་སྐྱོན་བརྗོད་མཛུབ་མོ་འཛུགས་སའི་བུད་མེད་ཡུལ་གྱར་བ་ཞིག་ཆགས་ཡོད། དེ་ཡང་ཁོ་མོས་མི་སྤྱོད་འདས་པའི་གཤིས་ཀ་སྟེ་མི་གསོད་ཁྲག་སྦྱོར་གྱི་ལས་ཅི་ཡང་བྱས་མེད་ལ། རྐུ་འཁྱེར་འཕྲོག་བཅོམ་གྱི་བྱ་སྤྱོད་སྤེལ་བའི་ཁྲིམས་འགལ་གྱི་ནག་ཉེས་རིགས་དེ་བས་བསགས་མེད། ཁོ་མོས་དྲང་བདེན་གྱི་ལམ་ཁ་ཞིག་ནས་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་དགོས་ངེས་ཀྱི་ཐོབ་ཐང་ཞིག་བརྩོན་ལེན་བྱས་ཏེ། བོད་མི་ཚོའི་རང་དབང་འཐབ་རྩོད་ལ་བདེན་པའི་རྒྱབ་སྐྱོར་གྱི་སྐད་ཆ་འགའ་བཤད་པས་ཁོ་མོ་ད་ལྟའི་ཁེར་རྐྱང་གི་གནས་སུ་གྱར་བ་རེད། ཁོ་མོར་མཚོན་ན་རྒྱ་ནག་གི་སྲིད་དབང་སློབ་གསོའི་འོག་འཚར་ལོངས་བྱུང་བ་ཞིག་ཡིན་ནའང་། དྲང་བདེན་ལ་གཞོལ་ཞིང་བདེན་དོན་ལ་རྒྱབ་སྐྱོར་བྱས་པའི་སྤྱི་སེམས་དེས་ཁོ་མོ་ནི་ཕྱོགས་བྲལ་གྱི་བུད་མེད་བསམ་བློ་བ་ཞིག་ཡིན་པ་ར་སྤྲོད་གསལ་བོ་བྱས་ཡོད། ཉེ་སྔོན་སྒྲིའུ་ཁུ་གཙུག་ལག་ཁང་གི་སྒོ་འགྲམ་དུ་སློབ་ཕྲུག་གཙོས་བོད་རྒྱ་གཉིས་བར་ཕན་ཚུན་ཕྱོགས་བཟུང་ཁ་གཏད་གྱིས་ལངས་ནས་ངོ་རྒོལ་སྤེལ་རེས་ཀྱི་དུས་ཟིང་སྐབས། དགུ་རེ་སུ་ཝང་གིས་ཕྱོགས་ཞེན་གྱི་འདུ་ཤེས་བོར་ཏེ་མཐའ་གཉིས་སུ་མ་ལྷུང་པར་བོད་མིའི་གནས་ལུགས་ལ་དྲང་ངེས་ཀྱིས་བལྟས་ཏེ། ཀུན་སློང་ཡང་དག་གིས་ཕན་ཚུན་ཞི་འདུམ་ཡོང་བའི་རེ་བ་བཟུང་ནས་བར་གནས་གཟུ་པ་བྱས་ཀྱང་། སྲིད་དབང་སྒེར་གཅོད་ཀྱི་སློབ་གསོའི་འདུ་ཤེས་ཟབ་པའི་རྒྱ་མི་ཚོའི་ངོས་ནས་ཁོ་མོར་ངོ་ལོག་པའི་ཆོ་ལོ་སྤྲད་དེ། དམའ་འབེབས་དང་། སྐྱོན་བརྗོད། འཇིགས་སྐུལ་ཤུགས་ཆེར་བྱས་ཤིང་། དེ་འཕྲལ་རྒྱ་ནག་སྲིད་གཞུང་ངོས་ནས་ཀྱང་རྒྱལ་བཙོང་བའི་ཉེས་མིང་སྐྱོན་འཛུགས་གིས་ཁོ་མོ་གནས་དབྱུང་བཏང་ཞིང་། ཁོ་མོའི་ཕ་མ་གཉིས་ཀྱང་དམར་གསོད་བྱེད་རྒྱུའི་འཇིགས་སྐུལ་བསྟན་ཏེ་ད་ཆ་གནས་གཞན་དུ་གསང་ཡིབ་ལ་འགྲོ་དགོས་ཆགས་པ་དང། ཁོ་མོ་ད་ནས་བཟུང་རང་གི་རྒྱལ་ཁབ་དང་ཕ་ཡུལ་དུ་འགྲོ་འདུག་མི་ཆོག་པའི་བུད་མེད་ཡུལ་གྱར་བ་ཞིག་ཏུ་གྱུར། དེ་ནི་ཁོ་མོ་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་དང་རང་གི་མི་རིགས་དང་རྒྱལ་ཁབ་ལ་ཕྱོགས་ཞེན་གྱིས་བཟོས་པ་ཞིག་མ་རེད། ཁོ་མོའི་དྲང་བདེན་དང་ཕྱོགས་བྲལ་གྱི་བསམ་བློའི་ལྟ་བ་འཛིན་སྟངས་ཏེ་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་དགོས་ངེས་ཀྱི་འདྲ་མཉམ་ཐོབ་ཐང་དེའི་ཆེད་དུ་འདི་ལྟར་རང་གི་མཛའ་སེམས་དང་འབྲེལ་བའི་བདེ་སྐྱིད་མང་པོ་ཞིག་དང་བྲལ་བའི་ཡུལ་གྱར་བ་ཞིག་ཆགས་པ་རེད། མཐར་གཏུགས་ནས་བརྗོད་ན་ཁོ་མོས་བཤད་པ་བཞིན་༼བློ་ཐག་གཙང་བཅད་ཀྱིས་ཧམ་སྤྱོད་དང་འཇིགས་སྐུལ་ལ་གདོང་བཏད་དེ་༽བོད་མིའི་རང་དབང་ལ་རྒྱབ་སྐྱོར་གྱིས་སྨྲ་བརྗོད་རང་དབང་བེད་སྤྱོད་པས་ཡིན་མོད། འོན་ཀྱང་རྒྱ་ནག་སྲིད་གཞུང་གིས་དེ་ལས་ལྡོག་སྟེ་ཁོ་མོར་དམའ་འབེབས་སྐྱོན་བརྗོད་ཀྱིས་རྒྱལ་ཁུངས་གྱི་ཐོབ་ཐང་ཡོད་ཚད་རྩིས་མེད་ཀྱིས་རྒྱང་ཕུད་བཏང་བ་ནི། ཏང་སྲིད་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་གཞི་རྩའི་གཏན་འབེབས་རྩ་ཁྲིམས་ལག་བསྟར་མ་བྱས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གཏན་འབེབས་མཛད་པའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་ཡིག་ནང་གསེས་དོན་ཚན་བཅུ་དགུ་པར། ༼སྐྱེ་བོ་རེ་རེར་རང་དབང་གི་ཐོག་ནས་བསམ་ཚུལ་འཆང་བ་དང་འདོན་པའི་ཐོབ་ཐང་ཡོད་༽ཅེས་པའི་རྩ་དོན་དང་རྒྱབ་འགལ་བྱས་ཏེ། འགྲོ་བ་མིའི་རིགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་སྨྲ་བརྗོད་རང་དབང་རྡོག་རལ་བཏང་བ་ཞིག་ཡིན་པས། དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་དམངས་གཙོ་དང་། རང་དབང་། ཞི་བདེ་བཅས་ལ་ཕྱོགས་པའི་འགྲོ་བ་མིའི་རིགས་སུས་སྣང་ཆུང་དུ་མི་འཇོག་པར་གདོང་ལེན་བྱས་ཏེ། དགུ་རེ་སུ་ཝང་གི་དམིགས་གཞི་ལས་དོན་དེ་རླབས་ཆེན་གྱི་བསམ་བློ་ཞིག་དང་དྲང་བདེན་གྱི་བྱ་སྤྱོད་ཅིག་ཡིན་པས། ཁོ་མོ་དང་ཁོ་མོ་ལྟ་བུའི་མི་རིགས་རིང་ལུགས་ཀྱི་ལྟ་བ་དོར་ཏེ། འགྲོ་བ་མིའི་རིགས་སྤྱི་ཁྱབ་ཀྱི་ཐོབ་ཐང་ལ་འདྲ་མཉམ་དྲང་བདེན་གྱི་འདུ་ཤེས་འཛིན་མཁན་ཚོར་མིའི་རིགས་ཀྱི་སྤྱི་ཚོགས་ནང་ཚང་མས་གདེང་འཇོག་གིས་ཁོ་ཚོའི་བསམ་བློ་དང་། ལྟ་བ། སྨྲ་བརྗོད་བཅས་ལ་བརྩི་སྲུང་དང་དཀའ་ངལ་ཅི་བྱུང་ལ་རོགས་འདེགས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་དགོས།
ང་ལ་མཚོན་ན་དགུ་རེ་སུ་ཝང་ཞུ་བར་འདྲིས་ཆ་མེད་ལ་སྔགས་བརྗོད་དང་རྒྱབ་སྐྱོར་བྱེད་དགོས་པའི་སྒེར་གྱི་ཁེ་ཕན་དང་འབྲེལ་བ་དེ་བས་ཅི་ཡང་མེད། ཁོ་མོ་ནི་ངའི་སྤུན་ཉེ་དང་མཛའ་བཤེས་སོགས་གང་ཡང་མ་རེད་ལ། ཐ་ན་ང་དང་རིགས་རུས་གཅིག་པའི་མི་རིགས་ཀྱང་མ་རེད། ཁོ་མོ་ཉེ་སྔོན་འདིར་ངས་གསར་འགྱུར་བརྒྱུད་ལམ་ནས་གོ་ཐོས་བྱུང་པའི་རྒྱ་རིགས་བུད་མེད་དཀྱུས་མ་ཞིག་རེད། ཡིན་ནའང་འདི་ནི་ངའི་འདུ་ཤེས་འཛིན་སྟངས་ཤིག་སྟེ། གཡོ་ཟོལ་དང་ཧམ་སྤྱོད་ལ་གདོང་ལེན་བྱས་ཏེ་ཕྱོགས་ཞེན་མེད་པར་དྲང་བདེན་གྱི་བྱ་བ་རང་ཚུགས་ཡོད་པའི་སྒོ་ནས་སྒྲུབ་ཕོད་མཁན་ཚོ་ནི་ནམ་རྒྱུན་ངའི་མཐེ་བོང་སྒྲེང་ས་དང་སྔགས་བརྗོད་བྱེད་སའི་མི་ཡིན། དེའི་ཕྱིར་ངའི་སྣང་ངོར་ཁོ་མོ་ནི་བུད་མེད་དཀྱུས་མ་ཞིག་ནས་ཕར་བརྒལ་གྱི་བུད་མེད་རླབས་ཆེན་ཞིག་ཏུ་མཐོང་ནས་ང་རང་མི་སྒེར་གྱི་ལྟ་སྟངས་ངོས་ནས་ཁོ་མོར་སྔགས་བརྗོད་བྱེད་འདོད་ཡོད་ལ། སེམས་བསམ་པའི་གཏིང་ནས་གཤམ་གྱི་སྐད་ཆ་འདི་ཚོ་ཁོ་མོའི་དམིགས་ཡུལ་དང། ལྟ་བ། ཕུགས་རེ་བཅས་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཁ་བརྡ་དྲ་དེབ་སྟེང་བརྒྱུད་འདི་ལྟར་གླེང་ན་འདོད། སྐད་ཆ་འདིར་རིན་ཐང་དང་དགོས་པ་ཅི་ཡང་མེད་ནའང་དགུ་རེ་སུ་ཝང་གིས་གོ་རྟོགས་ཐུབ་པར་ང་ལ་རེ་བ་དང་ཡིད་ཆེས་ཡོད་པས། སུས་ཀྱང་ཕབ་བསྒྱུར་བརྒྱུད་འགོད་སོགས་ཀྱི་རོགས་འདེགས་རྒྱབ་སྐྱོར་བྱེད་ན་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དགུ་རེ་སུ་ཝང་ལ་བཤད་རྒྱུར། རང་ཉིད་ཀྱི་བདེ་སྐྱིད་མང་པོ་ཞིག་དྲང་བདེན་གྱི་བསམ་བློ་དང་ལྟ་བ་དེས་ང་ཚོ་བོད་མི་ཚོ་གཙོས་མིའི་རིགས་ཀྱི་ཐོབ་ཐང་ཞིག་གི་ཆེད་དུ་ཕུལ་བ་ཁྱེད་ཀྱི་རླབས་ཆེན་བྱས་རྗེས་རེད་ལ། འཛམ་གླིང་ཁྱོན་ཡོངས་རང་དབང་དང་། དམངས་གཙོ། ཞི་བདེར་ཕྱོགས་པའི་དུས་འདིར་ཁྱེད་ཀྱི་བསམ་བློ་དང་ལྟ་བ་དེ་ཆེས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པས། ངས་ཁྱེད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ། རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་མི་རབས་མང་པོའི་རིང་བརྒྱུད་པའི་ཕ་ས་ཕ་ཡུལ་གྱི་ཆུང་བྱིས་དུས་ནས་འཚར་ལོངས་བྱུང་སའི་རང་གི་ཁྱིམ་གཞིས་དྲོན་མོའི་ཕ་མ་སྤུན་ཉེ་དང་། འདྲིས་ཆ་ཟབ་ཅིང་ཁ་ཁོག་མཐུན་པའི་ཡུལ་མི་མཛའ་གྲོགས་ཚོ། ཐ་ན་རྐང་གོམ་པ་སྤོ་ཤེས་ཙམ་ནས་མིག་ལམ་དུ་རྟག་ཏུ་སྣང་ཞིང་གོམས་ལོབས་སུ་གྱུར་བའི་ཁོར་ཡུག་སོགས་དང་བྲལ་བའི་མི་ཞིག་ལ་མཚོན་ན། བོད་མིའི་ཁ་དཔེར། ༼རང་ཡུལ་གད་པ་ཡིན་རུང་སྐྱིད་༽ཅེས་པ་ལྟར་ལྷ་ཡུལ་ལྟ་བུའི་ཡུལ་ལུང་ཞིག་ནས་སྐྱིད་སྡུག་གང་གིས་འཚོ་ནའང་། རང་སྐྱེ་སའི་ཕ་ཡུལ་ཇི་ལྟར་ཐབས་རྡུགས་རུང་ནང་སེམས་པའི་ཁ་ལོ་རང་གི་ཕ་ཡུལ་ལ་ཕྱོགས་ཤིང་རང་གི་ཕ་ཡུལ་མི་དྲན་མཁན་གཅིག་ཀྱང་མེད། དགུ་རེ་སུ་ཝང་ཁྱེད་ལ་མཚོན་ནའང་འདི་དང་གཅིག་མཚུངས་ཡིན་པས་ཁྱེད་ཀྱི་ཡིད་སེམས་ན་གྱེས་གདུང་གི་སྐྱོ་ངལ་ལོས་ལྕི།
མ་གཞི་ཁྱེད་ཀྱི་གདུང་སེམས་ཀྱི་དཀའ་སྡུག་དེའི་འབྱུང་རྩ་ང་ཚོ་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་ནས་ཡོད་སྟབས། ངས་ཁྱེད་ལ་རྒྱབ་སྐྱོར་དང་ཁ་ཁོག་མེད་པར་དགོངས་དག་ཞུས་ཆོག
དགུ་རེ་སུ་ཝང་བློ་ཕམ་མ་སྐྱེས། ཁྱེད་ཀྱི་རྒྱལ་ཁབ་དང་མི་མང་གིས་ཁྱེད་ལ་སྡང་སེམས་ཀྱིས་སྐྱོན་བརྗོད་དང་ཁ་རྡུང་ཇི་ལྟར་བཏང་ཡང་། དེ་ནི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་དབང་བསྒྱུར་དང་། དབང་བསྒྱུར་སློབ་གསོའི་གཡོ་ཟོལ་བྱས་ཉེས་ཀྱིས་བསླུས་པའི་ཡུལ་མི་ཚོའི་འདུ་ཤེས་འཛིན་སྟངས་ཤིག་སྟེ། སུས་ཀྱང་དེ་ལ་ཁ་གཏད་དང་གདོང་ལེན་བྱེད་ངེས་ཡིན། འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ངོས་ནས་ཁྱེད་ནི་སྐྱོན་ཉེས་ནོར་འཁྲུལ་ཅི་ཡང་མེད་པའི་དཀར་པོ་དཀར་རྐྱང་ཞིག་དང་། ཁྱེད་ཀྱི་རྩ་དོན་དམིགས་ཡུལ་དང་འབྲེལ་བའི་ལྟ་བ་དང་ལངས་ཕྱོགས་དེ་དྲང་པོ་དྲང་བཞག་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་ལ།
གནམ་འོག་ན་བདེན་དོན་ལ་ཕྱོགས་ཤིང་ཞི་བདེ་ཡིས་འཚོ་བའི་འགྲོ་བ་མིའི་རིགས་ཚང་མ་ཁྱེད་ལ་ཡིད་ཆེས་དང། སྨོན་འདུན། དགའ་སྣང་བཅས་བྱེད་པའི་ཁྱེད་ཀྱི་མི་རིགས་དང་བདེན་པའི་རྒྱབ་ལྗོངས་ཡིན་པས། ཁྱེད་ནི་ནམ་ཡང་བློ་ཕམ་དང་དོགས་ཟོན་མི་དགོས་པར་ཞི་བདེ་དང་དྲང་བདེན་གྱི་སླད་དུ་མགོ་བོ་དགྱེ་སྟེ་མདུན་ནས་མདུན་དུ་བསྐྱོད་ཆོག

ཕྱི་ལོ ༢༠༠༨ ལོའི་ཟླ་ ༥ ཚེས་ ༢༩ ཉིན་བྲིས།
ཟུར་བཤད།
དྲ་ངོས་རྩོམ་སྒྲིག་པ་ཞིག་གི་ངོས་བཤད་ནའང་དུས་དེབ་སོགས་ཀྱི་རྩོམ་སྒྲིག་པ་ཇི་བཞིན་རྩོམ་འགོད་སྒྲིག་འཛུགས་ཤིག་ངེས་པར་ཡོད་དགོས་པ་གཞིར་བཞག ༼ཁ་བརྡ་དྲ་དེབ་༽ཀྱི་བདག་གཉེར་དོ་དམ་ལྷན་རྒྱས་ཀྱིས་ཕྲན་གྱི་རྩོམ་ཡིག་འདི་དྲ་དེབ་སྟེང་འགོད་ཆོག་པའི་ཆ་རྐྱེན་ཡོད་ཕྱིན་འགོད་འཇུག་བྱ་རྒྱུ་དང་། ཆ་རྐྱེན་མེད་ན་དྲ་དེབ་ཀྱི་རྩོམ་འགོད་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུ་གལ་ཆེ་བས། དེ་དོན་མ་བཀོད་ཀྱང་འགལ་ཉེས་དང་ལེ་བདའ་ཅི་ཡང་མེད།
གཞན་རྩོམ་གྱི་ཚིག་དོན་ཐད་ནས་ཀྱང་ཅུང་གོང་འོག་མ་འགྲིགས་པ་དང་ཚིག་སྦྱོར་མ་བདེ་པ་སོགས་ཡོད་ན་བཅོས་བཟོ་བྱ་ཆོག་པའི་རང་དབང་ཁྱེད་ཅག་ལ་ཡོད་པས་དེ་དོན་ཐུགས་འཇགས་འཚལ།
ཁ་དྲོ། བཀྲ་ཤིས། དོན་འགྲུབ།

རྩོམ་རིག

Post navigation

Previous Post: ངེད་ཀྱི་ཉིན་ཐོ༌།
Next Post: ངའི་ཁྱིམ་ཚང༌།

Comments (5) on “དགུ་རེ་སུ་ཝང་།”

  1. Rabjor says:
    2008-06-04 at 9:39 pm

    འགར་ཚེ་རྒྱལ་ལགས།

    ཁྱེད་ཀྱི་རྩོམ་དུ་རྒྱ་ནག་གཞུང་གིས་དགུ་རེ་སུ་ཝང་ལ་རྒྱལ་བཙོང་པའི་ཉེས་མིང་གཡོགས་ཏེ་ཁོ་མོ་རྒྱལ་ཁོངས་ནས་སྤྱུགས་པའི་གཏམ་ཞིག་བཀོད་འདུག་པ་འདིའི་ཡོང་ཁུངས་གསུང་རོགས་གནང་།

  2. འགར་ཚེ་རྒྱལ། says:
    2008-06-06 at 7:33 am

    རབ་འབྱོར་ལགས། སྐད་ཆ་དེའི་ཡོང་ཁུངས་འདི་ཡིན་ཞེས་གཞུང་ལུགས་ལྟ་བུ་ཞིག་ངོས་འཛིན་རྒྱུ་མེད་པས། དགོངས་འགལ་མེད་པར་ཞུ། རྩོམ་ཡིག་ཅིག་འབྲི་ན་ཚིག་དུམ་རེ་ལ་ཡོང་ཁུངས་རེ་དགོས་པའི་ངེས་པ་ད་ལྟའི་བར་མེད་པས་སྐུ་ཉིད་རྩོམ་སྟེགས་སྟེང་ལ་འཛེག་མ་ཐག་དང་། སྤྱི་ཚོགས་ཐོག་ལ་བུད་མ་ཐག་པའི་རྩོམ་པ་པོ་ཨ་སར་བཤད་ལ་དགའ་བ་ཞིག་ཡིན་པ་འདྲ། ཨ་ལ་ཀུ་རེ་ཡིན། དགོངས་པ་མ་ཚོམ།
    དགུ་རེ་སུ་ཝང་གིས་༼ངའི་རྒྱ་ནག ངའི་བོད། བར་འདུམ་བྱས་ཀྱང་རྒྱལ་ཚོང་པ་ཞིག་ཏུ་འབོད་༽ཅེས་རྩོམ་གྱི་ཁ་བྱང་བྲིས་ཡོད་པས། དེ་ལས་འཕྲོས་ཏེ་བསམ་བློ་བཏང་ན་སྤྱིར་མི་ཞིག་ལ་རྒྱལ་ཚོང་པའི་ཉེས་མིང་བཏགས་ན་ངོ་ལོག་པར་བརྩི་བ་སྨྲས་མ་དགོས་པ་ཞིག་དང་། མི་ཞིག་ལ་རྒྱལ་ཁབ་ལ་རྒྱབ་འགལ་བྱས་པའི་ནག་ཉེས་གཡོགས་ཤིང་ཕ་མ་གཉིས་ཀྱང་དམར་གསོད་བྱ་རྒྱུའི་འཇིགས་སྐུལ་གྱིས་གསང་ཡིབ་ལ་འགྲོ་དགོས་ཆགས་ཡོད་ན། མི་དེ་ད་བཟོད་རང་ཉིད་རྒྱལ་ཁོངས་སུ་འདུག་ཐབས་མེད་པ་མངོན་གསལ་རེད། རང་ཉིད་ཐར་ཐབས་ཀྱི་ཡུལ་ལུང་གཞན་དུ་བསྐྱོད་པའམ་སྔོན་ནས་རྒྱལ་ཁབ་གཞན་དུ་ཡོད་རུང་སླར་རྒྱལ་ཁབ་ཏུ་བསྐྱོད་ན་ཉེན་ཁ་ཆེ་བས། གང་ལྟར་གནའ་བོའི་རྒྱ་ནག་གི་ཁྲིམས་སྲོལ་ལམ་ལུགས་ལྟར་རྐང་ལྕགས་ལག་ལྕགས་བརྒྱབ་ནས་དངོས་སུ་རྒྱང་ཕུད་བཏང་མེད་ཀྱང་། རྒྱལ་ཁབ་ཀྱི་ངོས་ནས་ཐོབ་ཐང་མང་པོ་ཞིག་རྩིས་མེད་ཀྱིས་འཐབ་རྩོད་བྱས་ཡོད་སྟབས་རྒྱལ་ཁོངས་ནས་སྤྱུགས་པར་ངོས་འཛིན་བྱས་ཆོག་པར་སྙམ།
    སྐུ་ཉིད་ལ་ཞུ་རྒྱུ་ནི། དགུ་རེ་སུ་ཝང་མོ་རང་གིས་ ༼ངའི་རྒྱ་ནག ངའི་བོད། བར་འདུམ་བྱས་ཀྱང་རྒྱལ་ཚོང་པ་ཞིག་ཏུ་འབོད་༽ཅེས་རང་ཉིད་རྒྱལ་བཙོང་པ་ཞིག་ཏུ་འབོད་པར་བཤད་ཡོད་པའི་སྐད་ཆ་དེའི་ཁུངས་གང་ནས་འཚོལ་ཞིབ་ཀྱིས་རྙེད་ན་ངའི་སྐད་ཆ་དེ་ཡང་ཁུངས་དེ་ལ་གཏུགས་ཆོག གཞན་སྐུ་ཉིད་ལ་འདྲི་རྒྱུ་ཞིག་ཡོད། ཆབ་སྲིད་ཀྱི་བདག་དབང་ཡོད་ཚད་འཕྲོག་ཏེ་ཚེ་གང་བཙོན་འཇུག་བྱས་པའི་མི་ཞིག་ཡིན་ན་རྒྱལ་ཁུངས་ནས་ཕུད་ཡོད་མེད་དང་། ཚེ་གང་བཙོན་འཇུག་བྱ་འཆར་དང་སྲོག་ཁྲིམས་གཅོད་འཆར་ཡོད་པའི་མི་ཞིག་བྲོས་ཐར་གྱི་རྒྱལ་ཁབ་གཞན་དུ་བསྐྱོད་ན་མི་དེ་རྒྱལ་ཁོངས་ནས་སྤྱུགས་ཡོད་མེད་གསུང་རོགས། ཁ་དྲོ། བཀྲ་ཤིས།
    འགར་ཚེ་རྒྱལ་ལམ་རྩེ་སྐར་གྱིས།

  3. རབ་འབྱོར། says:
    2008-06-06 at 10:05 am

    ཐུགས་རྗེ་ཆེ།་་ངའི་དྲི་བ་ལ་ལན་འབྱོར་སོང་།སྐུ་ཉིད་ནས་སྐད་ཆ་དེའི་དེའི་ཡོང་ཁུངས་གཞུང་ལུགས་ལྟ་བུ་ཞིག་ངོས་འཛིན་རྒྱུ་མེད་ཅེས་པ་འདིས་ངའི་དྲི་ལ་ལན་ཕོག་སོང་།དགོངས་དག ངས་ཁྱེད་ཀྱི་དྲི་བ་ལ་ལན་རྒྱག་ཤེས་ཀྱི་མི་འདུག

  4. grabsal says:
    2008-06-06 at 2:14 pm

    གྲོགས་པོ་ཚོ།
    ང་ཚོས་སྐད་ཆ་བཤད་བཞིན་པའི་རྒྱ་མོ་དེའི་དབྱིན་སྐད་ཀྱི་མིང་ལ་ Grace Wang ཟེར་ལ། རྩོམ་འདིའི་ཡོང་ཁུངས་ཀྱི་གསར་འགྱུར་ནི་དབྱིན་ཡིག་ཐོག་ གཤམ་གསལ་གྱི་འབྲེལ་ཐག་སྟེང་འདུག
    http://www.washingtonpost.com/wp-dyn/content/article/2008/04/18/AR2008041802635.html
    ཐུགས་རྗེ་ཆེ།

  5. sherab says:
    2008-06-06 at 5:28 pm

    བུ་མོ་ཝང་ཟེར་བ་འདིས་བོད་ཀྱི་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་སྐད་ཆ་གཅིག་ཀྱང་བཤད་མྱོང་མེད། བོད་ཀྱི་ཐོབ་ཐང་ལ་སྐད་ཆ་གཅིག་ཀྱང་ཤོད་མྱོང་མེད།
    ཝང་གི་ལྟ་བ་འདི་ཡིན་ཅེས་ཀྱང་ཤོད་མྱོང་མེད། ཁོ་མོས་ཁ་གསལ་ཐོག་ཚིག་གཅིག་བཤད་པ་ནི་”ཚང་མས་རྒྱག་
    རེས་མི་རྒྱོབ། ཁོང་ཚོ་མ་བྱེད། ཕན་ཚུལ་སྐད་ཆ་ཤོད་ཟེར་བ་འདི་རེད།

    རྗེས་སུ་རྒྱ་མི་ཚོས་ཝང་ལ་སྐྱོན་འཛུགས་བྱས་པ་དང་། ཁོ་མོ་བདུད་ལ་རྩིས་པའི་སྐབས་གཞི་ནས་
    བོད་དོན་གྱི་གནས་ཚུལ་སླེབས་སོང་སྙམ།

    ཝང་གིས་བོད་ལ་ཕན་པའི་སྐད་ཆ་འདི་བཤད་པ་རེད་ཅེས་མཐོང་ཡས་མིན་འདུག གལ་ཏེ་བོད་པ་ཞིག་གིས་ཝང་ལྟ་བུའི་སློབ་གསོ་རྒྱབ་ན་འདིར་འཛམ་གླིང་མིས་དོ་སྣང་བྱེད་ཨེ་མྱོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme