Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ལྡན་ལྔ་མཆོད་ཀྱི་སྙན་ཐུང་།

Posted on 2014-12-162014-12-16 By ཡེ་ཤེས་ 45 Comments on དགའ་ལྡན་ལྔ་མཆོད་ཀྱི་སྙན་ཐུང་།

ཀླུ་སྨྱོན།
 
འཇམ་མགོན་ཆོས་ཀྱི་རྒྱལ་པོ། །
གངས་ཅན་མཁས་པའི་གཙུག་རྒྱན། །
ཟོལ་བསྟོད་འདི་ཚོ་མེད་ན། །
ཁྱོད་ནི་ཨ་མདོའི་གྲྭ་རྐྱང་། །
དགེ་འདུན་ཆོས་འཕེལ་ཇི་བཞིན། །
གྲྭ་པ་གྲྭ་རྐྱང་ཞིག་གིས། །
ཕ་ཡུལ་ཨ་མདོ་བསྐྱུར་ནས། །
དབུས་ལམ་འགྲིམས་པའི་གཏམ་རྒྱུད། །
མཁས་པ་ཡིན་ན་ཡིན་ཆུགས། །
སྦྱིན་བདག་ཡོད་ན་ཡོད་ཆུགས། །
ཨ་མདོའི་གྲྭ་རྐྱང་ཁྱོད་ལ། །
རྩམ་པ་མེད་དུས་ཡོད་སྲིད། །
སློབ་མ་མང་ན་མང་ཆུགས། །
གདན་འདྲེན་ཡོད་ན་ཡོད་ཆུགས། །
ཨ་མ་དྲན་པའི་གདུང་བས། །
ཁྱོད་ལ་མནར་གཅོད་བཏང་ཡོད། །
བྱ་དེ་ར་སྒྲེང་ཁུ་བྱུག །
གསུང་སྐད་སྙན་མོ་མ་སྒྲོགས། །
ཨ་མདོ་བློ་བཟང་གྲགས་པས། །
ཨ་མ་དྲན་ཐེངས་མང་གི །
མཁས་པའི་གྲགས་པ་འབར་རྗེས། །
ལྷ་ཚོགས་ཞལ་མཇལ་མང་རྗེས། །
སློབ་ཚོགས་གྲངས་ཀ་འཕེལ་བས། །
ཨ་མདོའི་གྲྭ་རྐྱང་ཁྱོད་ཀྱང་། །
མི་ནས་ལྷ་རུ་བསྒྱུར་སོང་། །
བསྟོད་པ་བྱེད་དུས་ལྷ་རེད། །
ཐང་ཀ་བཞེངས་དུས་ལྷ་རེད། །
ཡིད་ལ་སྒོམ་དུས་ལྷ་རེད། །
མི་ཡི་རྗེས་ཤུལ་མི་འདུག །
ཁྱོད་དང་ངེད་གཉིས་སྐྱེས་ས། །
ཨ་མ་གཉིས་ཀྱི་པང་རེད། །
ཤ་ཁྲག་ལུས་པོ་ཡོད་པས། །
མི་ཞིག་མིན་ན་གང་རེད། །
ཁྱོད་ཀྱིས་དགོན་པ་བཏབ་སོང་། །
ཁྱོད་ཀྱིས་བསྟན་བཅོས་བརྩམས་སོང་། །
ལྟ་ལོག་ཟེར་དུས་སྨད་སོང་། །
བདུད་སྤྲུལ་ལབ་ནས་དམོད་སོང་། །
ས་སྐྱ་མ་དགའ་ཁྲོས་སོང་། །
ཀར་གླིང་ལུང་བསྟན་རྩུབ་སོང་། །
ཁྱོད་ཀྱང་མི་ཁ་ངན་པས། །
དག་པའི་ཞིང་དུ་བདས་སོང་། །
ཡིན་ཡང་བོད་ཀྱི་ཕྱེད་ཀ །
སོག་པོའི་རྒྱལ་ཁམས་ཡོངས་རྫོགས། །
ཁྱོད་ཀྱི་བུ་རབས་ཚ་བརྒྱུད། །
དངོས་ཡོད་ལོ་རྒྱུས་འདི་ཚོ། །
བསུབ་འདོད་ཡོད་ན་ལྟས་ངན། །
ཁྱོད་རང་དག་པའི་ཞིང་ན། །
བདེ་མོ་སྐྱིད་པོ་ཡིན་ནམ། །
ང་ནི་ས་མཐའ་ཞིག་ཏུ། །
ཁྱོད་རང་དྲན་ནས་བསྡད་ཡོད། །
དག་པའི་ཞིང་དུ་མཇལ་རྒྱུ། །
ཚོགས་བསགས་ལག་ཁྱེར་མེད་པས། །
ལྟག་སྒོ་འགྲོ་སྒོ་ཆུང་ཆུང་། །
ཕྱེ་རྒྱུ་ཡོད་ན་ཁྱེད་མཁྱེན། །
དགའ་ལྡན་ལྔ་མཆོད་ཟེར་དུས། །
ཡོད་པས་བརྒྱ་འབུལ་སྟོང་མཆོད། །
མེད་པས་མེ་ཏོག་མཆོད་འབུལ། །
ང་ནི་འདི་ཙམ་འབུལ་ལོ། །

སྙན་ངག

Post navigation

Previous Post: རང་ལུས་མེར་བསྲེགས་གནང་འདུག
Next Post: ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་བརྙན་གསར་འགྱུར།

Comments (45) on “དགའ་ལྡན་ལྔ་མཆོད་ཀྱི་སྙན་ཐུང་།”

  1. ཅོ་རི་ཉི་མ། says:
    2014-12-16 at 12:57 pm

    བཤེས་གཉེན་བརྟེན་ཚུལ་ཟེར་བའི།
    དབང་སྒྱུར་འཕྲུལ་གྱི་སྲིད་ཇུས།
    གངས་ཅན་བོད་ལ་འཆད་པས།
    མི་ཡི་དབང་རང་ཤོར་སོང་།།

    བཙན་པོ་བོད་ཀྱི་མི་རིགས།
    བླ་མའི་བྲན་གཡོག་ཆགས་ཡོད།
    རང་དབང་དམངས་གཙོའི་ཉི་ཟེར།
    གངས་ལ་འཕོག་ས་མ་རེད།།

    བླ་མའི་ཅི་གསུངས་བཀའ་རེད།
    མཛུབ་མོ་ག་སྟོན་ཤར་རེད།
    སྡུག་གི་རྒྱ་མཚོའི་ནང་དུ།
    མི་མཆོང་རང་དབང་མི་འདུག

    དེང་རམས་ཉེར་གཅིག་ནང་དུ།
    རྨོངས་དད་གཉིད་ལ་ཉལ་བའི།
    གདོང་དམར་བོད་ཀྱི་མི་རིགས།
    སྐྱོབ་པའི་ཐབས་ཤིག་སྟོན་རོགས།།

  2. ཅོ་རི་ཉི་མ། says:
    2014-12-16 at 12:59 pm

    མི་ཡི་རང་དབང་ཤོར་སོང་།།་་་ཞེས་བཅོས་རོགས་བྱོས།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-16 at 4:49 pm

    སྟོན་པ་ཤཀ་ཐུབ་དྲུང་དུ།
    ཤེལ་གྱི་ཕྲེང་བ་ཕུལ་འདུག
    སྟོན་པ་འདས་པའི་རྗེས་ལ།
    སློབ་དཔོན་པདྨར་སྤྲུལ་འདུག

    སྔ་འགྱུར་ཉམས་པའི་དུས་སུ།
    ཨ་ཏི་ཤ་རུ་སྤྲུལ་ནས།
    བཀའ་གདམས་གསར་མ་སྤེལ་འདུག
    ཐ་མ་བློ་བཟང་གྲགས་པ།

    འཇམ་དབྱངས་རྣམ་གསུམ་ནང་གི།
    རྩེ་ཕུད་མཁས་པའི་གཙུག་རྒྱན།
    ད་ལྟ་མི་རུ་བརྫུས་ན།
    ༸བཅུ་བཞི་པ་ཉིད་ཡིན་ངེས།

  4. དྲི་མེད་ལྷག་བསམ། says:
    2014-12-16 at 9:00 pm

    ཀླུ་སྨྱོན་ལགས། ཀརྨ་གླིང་པའི་ལུང་བསྟན་ན་༧རྗེ་ལ་སྐྱོན་བརྗོད་ཀྱང་མེད། པད་གླིང་ལུང་བསྟན་ཟེར་བའི་བཅོས་མ་དེ་དང་། བོན་རྡོ་རྗེ་གླིང་པའི་ལུང་བསྟན་གཉིས་ཡིན་པ་འདྲ། དེ་བཞིན་པད་གླིང་བཀའ་ཐང་ལའང་བདེན་རྫུན་གཉིས་ཡོད་པ་དགོངས་མཛོད། །

  5. BONPO says:
    2014-12-16 at 9:21 pm

    བོན་གཡུང་དྲུང་གླིང་པ་དང། ཆོས་རྡོ་རྗེ་གླིང་པ། ཞེས་གང་ཟག་གཅིག་ལ་མཚན་མི་འདྲ་བ་གཉིས་སམ་དེ་ལས་མང་བ་ཡོད་པ་འདྲ། དེ་དག་གདུལ་བྱ་མི་འདྲ་བ་འདུལ་བའི་ཆེད་དུ་ཡིན་ལས་ཆེ། དེ་འདྲ་ཡིན་དུས་གཡུང་དྲུང་གླིང་པའི་མཚན་ནས་བྲིས་འདུག་གམ། ཡང་ན་རྡོ་རྗེ་གླིང་པའི་མཚན་ནས་བྲིས་འདུག་དཔྱད་དགོས་པར་སེམས་སོ། །

  6. བསམ་ཤེས། says:
    2014-12-16 at 10:19 pm

    རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་ནང་ལ་གངས་ཅན་གྱི་སྙིང་ནོར་གསང་སྔགས་སྙིང་མའི་ལྟ་བ། སྤྱོད་པ། རིམ་གཉིས་སོགས་ལ་སྐྱོན་བརྗོད་གནང་པ་མཇལ་རྒྱུ་མིན་འདུག ལྷག་པར་དུ། རྗེ་རིན་པོ་ཆེའི་ཐུགས་སྲས་སུ་གྲགས་པ་མཁས་གྲུབ་རྗེ་དང་། རྒྱལ་ཚབ་རྗེ། རྒྱལ་དབང་སྐུ་འཕྲེང་དང་པོ་དགེ་འདུན་གྲུབ་སོགས་ཀྱི་གསུང་ལ་གསང་སྔགས་སྙིང་མའི་ཆོས་ལ་སྐྱོན་བརྗོད་ཞུས་པ་མཐོང་རྒྱུ་མིན་འདུག ལྷག་པར་དུ་མཁས་གྲུབ་རྗེས་རྗེ་རིན་པོ་ཆེར་རྫོགས་ཆེན་སྐོར་ལ་བཀའ་དྲི་ཞུ་སྐབས། རྗེ་རིན་པོ་ཆེས་བློ་ཐག་ཆོད་པོས། རྫོགས་པ་ཆེན་པོའི་ཟབ་ཆོས་ནི། གསང་སྔགས་ཀྱི་ཉམས་ལེན་ལམ་མཐོན་པོ་ཡིན་པ་དང་། ལམ་དེས་སྐྱེས་བུ་གྲངས་ལས་འདས་པ་ཐར་པའི་གནས་ལ་འདྲེན་པར་བྱེད་པས། དེ་ལ་སྐྱོན་བརྗོད་བྱས་ན་ངན་སོང་ལ་ལྷུང་བའི་རྒྱུ་རེད་གསུངས་པ་མཁས་གྲུབ་རྗེས་གསལ་པོ་བྲིས་འདུག མཁས་གྲུབ་ཀྱི་གསུང་ཐོར་བུའི་ནང་ལ་གཟིགས།

    རྗེ་རིན་པོ་ཆེར་སྐྱོན་ཡོང་ས་གཙོ་བོ་ནི་ས་སྐྱའི་ཕྱོགས་ནས་ཡིན་ཞིང་། དེ་ཡང་གཙོ་བོ་ཕྲག་མདོག་གི་ཀུན་ནས་བསླངས་ནས་བྱུང་བ་རེད་ཅེས་ཚད་ལྡན་བླ་མ་མང་པོས་གསུངས། གཙོ་བོ་ནི། རྗེ་རིན་པོ་ཆེས་ས་སྐྱའི་ཕྱོགས་ལ་ལངས་ནས་གྲུབ་མཐའི་རྙོག་ཟིང་ལ་ཐུག་པར་ཚྭ་དང་རྡོར་གྱི་ཞལ་འདེབས་ཕུལ་མེད་པ་དེས། ས་སྐྱའི་ཕྱོགས་ཀྱི་མི་མང་པོ་ཞིག་དགའ་བར་བྱས་མེད། འོན་ཀྱང་རྗེ་རིན་པོ་ཆེས་ས་སྐྱར་སྐྱོན་བརྗོད་དང་མི་འདོད་པའི་རྣམ་པ་ཡེ་ནས་མེད་པར། ཁོང་གི་རྩ་བའི་བླ་མ་རྗེ་བཙུན་རེད་གདའ་བར་སྙིང་ཁོངས་རུས་པའི་གཏིང་ནས་ཞབས་ཏོག་བསྒྲུབས་ཡོད་པ་དང་། དགྱེས་རྡོར་སྐོར་ལ་ས་སྐྱའི་མཁས་གྲུབ་རྣམས་ལ་བསྟོད་པ་ཆེན་པོ་བགྱིས་པ་ནི་ཁོང་གི་གསུང་ལས་ཤེས་ཐུབ།

  7. མེ་ཏོག་དཀར་པོ says:
    2014-12-16 at 11:39 pm

    ལམ་རིམ་ཆེན་མོའི་ནང་ཧ་ཤང་དང་ཧ་ཤང་ཟེར་བ་འདི་སུ་ལ་གཟས་སམ།

  8. རྒྱ་གར་རྨ་བྱ། says:
    2014-12-17 at 12:04 am

    སྙིང་རྗེ་པོ་ཞིག་བྲིས་གནང་འདུག

  9. ཀརྡོ་གཉེར་ཕྱག་པ་ says:
    2014-12-17 at 12:21 am

    རམ་རིམ་ཆེན་མོའི་ནང་གི་ཧ་ཤང་ནི། རྒྱའི་ཧ་ཤང་ཆད་མཐར་ལྷུང་བ་དག་ལ་གོ་དགོས་སྙམ་མོ།།

  10. དྲི་མེད་ལྷག་བསམ། says:
    2014-12-17 at 1:49 am

    རྗེ་བླ་མས་སྔ་འགྱུར་ལ་དགག་པ་གཏན་ནས་མེད་པར་མ་ཟད། ལམརིམ་ཏུ། གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་བ་ཉིད་ལ་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོགས་པའི་རྒྱ་ནག་ཧ་ཤང་གི་བསྟན་པ་འགྲིབས་པར་བྱས་པ་ལ། སློབ་དཔོན་ཆེན་པོ་ཀཱ་མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་པས་སྐུ་དྲིན་ཤིན་ཏུ་ཆེ། །ཞེས་གསུངས་པས། ཧ་ཤང་གི་ལྟ་བ་དགག་པའི་ཚེ་སྔ་འགྱུར་སྒོམ་རིམ་གྱི་དགོངས་པ་གཞིར་བཞག་ནས་གསུང་པ་ཡིན་པས། ལམ་རིམ་ཞི་ལྷག་སྔ་འགྱུར་མདོ་ཕྱོགས་ཀྱི་སྒོམ་རིམ་དེ་ཁོ་ན་ལྟར་ལགས་ཏེ། སྒོམ་རིམ་ཐོག་མཐའ་བར་གསུམ་ཏུ་གང་ཟག་དབང་པོ་དང་བསྟུན་ནས་སྒོམ་ཚུལ་དུ་མ་ཡོད་པ་གཞུང་རང་གི་དངོས་བསྟན་ཡིན་ནོ། །སྒོམ་རིམ་ཏུ་མ་གསུངས་པའི་ཞི་ལྷག་ནི་ལམ་རིམ་ཏུའང་མེད་དོ། ། དེ་ཡང་བསྟན་པའི་སྲོལ་བཙུག་པ། རྒྱ་ནག་ཧྭ་ཤང་གི་ལུགས་དགག་པ། རྒྱལ་བའི་དགོངས་པ་གཏན་ལ་ཕབ་པ་སོགས་སྐུ་དྲིན་ཆེ་བའི་སློབ་དཔོན་སྔ་འགྱུར་བ་ཡིན་པར་གསུངས་པས་རྗེ་བླ་མ་རང་གི་དགོངས་པ་ལས་གཞན་དུ་མ་སེམས་ཤིག །

  11. སྤོབས་པ་མཐའ་ཡས། says:
    2014-12-17 at 3:29 am

    ཧ་ཤང་དགག་པ་ནི་རྙིང་མ་དགག་པ་ག་ལ་ཡིན། དེ་ཡིན་ན། འཇུ་མི་ཕམ་པའི་གསུང་དུ་ཡང་ཧ་ཤང་དགག་པ་ཡོད་པས་ཁོང་གིས་ཀྱང་རྙིང་མ་བཀག་པ་ཡིན་ནམ། ཀློང་ཆེན་པའི་གསུང་དུ་ཡང་། འདུ་ཤེས་བཀག་ནས་རྟོག་མེད་གནས་པ་ལ།།གནས་ལུགས་ཉིད་ཅེས་མངོན་པའི་ང་རྒྱལ་འཛིན།།དེེ་ཉིད་གོམས་པས་དུད་འགྲོའི་སར་འཕེན་ཅིང་།།མ་གོམས་ན་ཡང་བསམ་གཏན་གཟུགས་མེད་ཉིད།།ཅེས་པ་དེ་ཧ་ཤང་གི་ལུགས་དགག་པ་ཡིན་པར་ཤེས་དགོས།

  12. མེ་ཏོག་དཀར་པོ says:
    2014-12-17 at 4:14 am

    ཧ་ཤང་བཀག་པས་རྙིང་མ་བཀག་ཟེར་བ་མིན་ཀྱང་ཧ་ཤང་ལྷམ་གྱི་སྐད་ཆ་ཞིག་ཀྱང་ཡོད་དོ།།

  13. བྱམས་པ། says:
    2014-12-17 at 4:40 am

    ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
    December 16th, 2014 at 4:49 PM
    སྟོན་པ་ཤཀ་ཐུབ་དྲུང་དུ།

    སྟོན་པ་ཤཀ་ཐུབ་དྲུང་དུ།
    ཤེལ་གྱི་ཕྲེང་བ་ཕུལ་འདུག
    སྟོན་པ་འདས་པའི་རྗེས་ལ།
    སློབ་དཔོན་པདྨར་སྤྲུལ་འདུག

    སྔ་འགྱུར་ཉམས་པའི་དུས་སུ།
    ཨ་ཏི་ཤ་རུ་སྤྲུལ་ནས།
    བཀའ་གདམས་གསར་མ་སྤེལ་འདུག
    ཐ་མ་བློ་བཟང་གྲགས་པ།

    འཇམ་དབྱངས་རྣམ་གསུམ་ནང་གི།
    རྩེ་ཕུད་མཁས་པའི་གཙུག་རྒྱན།
    ད་ལྟ་མི་རུ་བརྫུས་ན།
    ༸བཅུ་བཞི་པ་ཉིད་ཡིན་ངེས།
    དོན་ལ་གནས་པ་ཞིག་རེད།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-12-17 at 7:57 am

    ས་སྐྱ་པ་མི་ཤེས་པ་དག་གིས་རྗེ་བསོད་ནམས་སེང་གེས་རྗེ་ཙོང་པ་ཆད་ལྟར་ལྷུང་ཞེས་རྗེ་ཙོང་ཁ་པར་མ་གུས་ལྟར་བྱེད་པ་མཐོང་། འོན་ཀྱང་ས་སྐྱ་བདག་ཆེན་རིན་པོ་ཆེས། རྗེ་ཙོང་ཁ་པ་རྗེ་བཙུན་འཇམ་པའི་དབྱངས་དངོས་དང་། རྗེ་བསོད་ནམས་སེང་གེ་ཡང་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན། རྗེ་བཙུན་འཇམ་པའི་དབྱངས་དང་རྗེ་བཙུན་འཇམ་པའི་དབྱངས་རྩོད་པ་ཡིན་པ། རང་ཅག་སྐྱེ་བོ་ཐ་མལ་པས་མི་ཤེས་སོ། ཞེས་༧ས་སྐྱ་གོང་མ་བདག་་ཆེན་་རིན་པོ་ཆེས་རང་གི་དངོས་སློབ་ཨ་རི་པ་ངག་བསོད་ནམས་བསྟན་འཛིན་ལ་གསུངས། བསོད་ནམས་ཀྱིས་བདག་ལ་དེ་ལྟར་བདག་ལ་བཤད་པ་ལོ་ངོ་ལྔ་བཅུ་མ་ཟིན་སྔོན་དུ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་ཐོས་པ་ལ་ཆད་བསྣན་མེད་པ་ལྟར་བྲིས་སོ།

  15. དྲི་མེད་ལྷག་བསམ། says:
    2014-12-17 at 9:16 am

    རྒྱལ་དབང་ལྔ་བ་ཆེན་པོས། །
    འཛམ་གླིང་རྒྱན་གྱུར་ཁ་སྤུ་ཅན་རྣམས་ཀྱི། །
    གཞུང་རྒྱ་འགྲོལ་བའི་ས་དགེའི་མཁས་རྣམས་དང་། །
    ཟོག་རྫུན་འཕྲུལ་གྱིས་གཞན་བློ་བྲིད་པ་རྣམས། །
    ཁྱད་པར་ཤེས་པའི་བློ་ལྡན་ཉིད་ལས་སུ། ། ཞེས་པ་ལྟར་རྒན་ལ་དྭགས་པས་ས་དགེའི་འཇམ་དབྱངས་རྣམ་གཉིས་ཀྱིས་རིག་པའི་རྩལ་འགྲན་པར་གསུང་པ་མད་དོ། །

  16. མེ་ཏོག་དཀར་པོ says:
    2014-12-17 at 9:19 am

    མཁས་པ་ཀ་རྡོ་བས།
    སྔ་འགྱུར་ཉམས་པའི་དུས་སུ།། ཞེས་གསུངས་འདུག་ན་འདི་རྒྱབ་རྟེན་དུ་ལུང་རིགས་དཔེ་གསུམ་ཡིད་ཚིམ་པ་ཞིག་ཅིས་གསུང་བར་ཞུ།

  17. དྲི་མེད་ལྷག་བསམ། says:
    2014-12-17 at 9:24 am

    ཧྭ་ཤང་གི་ལྷམ་གྱི་སྐད་ཆའམ་དྲི་ཙམ་ཡོད་པས་དགག་པ་གནད་དུ་འགྲོ་བ་མིན་ཏེ། ཀུན་མཁྱེན་གོ་རམ་པའི་ལྟ་བའི་ཤན་འབྱེད་ལས། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་ཡོད་མིན་མེད་མིན་གྱི་ལྟ་བ་ཁས་བླང་པ་ལ། རྒྱ་ནག་ཧྭ་ཤང་གི་ལྟ་བ་ཡིན་ནོ་ཞེས་བརྟག་དཔྱད་མ་བྱས་པའི་ཚིག་རང་དགའ་བ་འཇིག་རྟེན་གྱི་ཁམས་སུ་འཕངས་པ་ནི་བསྟན་པའི་སྙིང་པོ་སྤྲོས་བྲལ་ཉམས་པའི་ཆེད་དུ་བདུད་རིགས་ཀྱིས་བྱིན་གྱིས་བརླབས་ནས་བཀྱེ་བར་བྱེད། ཅེས་གསུངས་པའི་དོན་ལ་མཉམ་པར་འཇོག་པར་འཚལ་ལོ། །

  18. lobsang199 says:
    2014-12-17 at 9:26 am

    རྗེ་བློ་བཟང་གྲགས་པ། ཁྱེད་ག་རེ་བྱེས་ནས་ཨ་མདོ་ལུང་པ་ནས་དཀའ་ལས་ཆེན་པོ་རྒྱབ་སྟེ་དབུས་ལ་ཕེབས་པ་ཡིན། ཁྱེད་ཨ་མདོ་རང་དུ་བཞུགས་པ་ཡིན་ན་དེང་སང་གི་མཁས་རློམ་པ་དེ་ཚོ་ལ་ཁྱེད་ཀྱི་གསུངས་བུམ་ཁག་གི་ “པ‚‚ དེ་ “བ‚‚ ལ་སྒྱུར་བའི་དཀའ་ཚེག་ཆེན་པོ་དེ་འདྲ་མྱོང་དགོས་ས་མ་རེད་པ། མགོ་སྟོད་ཀྱི་ཁྱེད། བར་གྱི་འཇམ་བཞེད། ཐ་མའི་དགེ་ཆོས་རྣམས་ཨ་མདོ་སྐྱེས་པའི་སྐྱེ་མགོ་མཆོད་མི་འདུག་བསམ་གྱི་འདུག ངས་ཀྱང་བསམ་གྱི་འདུག་ཁོང་ཚོས་ཀྱང་་་་།

  19. BONPO says:
    2014-12-17 at 12:26 pm

    རྙིང་མའི་ལུས་ཀྱི་ཆ་ཤས་རེ་རེ་ནས་བཀག་ཡོད་ནའང། ད་དུང་རྙིང་མ་བཀག་མེད་རབས་བཤད་བསྡད་ན་སུ་སྣང་བར་འགྲོ། རྙིང་མའི་ལུས་ཀྱི་ཆ་ཤས་རེ་རེ་ནས་ལྷུ་ལག་ཡར་བཀྲལ་མར་བཀྲལ་བྱས་ཚར་བའི་རྗེས་སུ་། ད་གཟོད་རྙིང་མ་ཞེས་པ་ངོས་འཛིན་བྱེད་སའི་ཕུང་པོ་རང་སྐྱ་བ་ཞིག་རྙེད་རྒྱུ་ཡང་དཀའ་ཡོང་། ཡིན་ནའང་ཁྱེད་རྣམ་པ་ཚོས་དགོངས་པ་བཞེས། རེད་དམ་མ་རེད་ལགས། །

    སྤྱིར་སྟངས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་གཅིག་གམ་དོན་གཅིག་ཏུ་འདོད་ཚར་བའི་རྗེས་སུ། ད་གཟོད་གཞན་ལས་ཁྱད་དུ་འཕགས་པའི་རྙིང་མའི་ལྟ་བ་ཨ་ཏི་ཡོ་ག་ཟེར་བ་འབུར་དུ་ཐོན་པ་ཞིག་གང་ནས་འཇོག་རྒྱུ་རྙེད། ། དེ་ཡང་རེད་དམ་མ་རེད་ལགས། །

    ཇོ་ནང་པས་མར་གཟིགས་ཡོང་དུས། ཁྱེད་ཚོས་འདོད་པའི་རང་སྟོང་གི་ལྟ་བ་དབུ་མ་ཆེན་པོ་ཟེར་བ་དེ་ནི། དབུ་མ་ཕལ་བ་ཟེར་བ་ཞིག་རེད་འདུག། དབུ་མ་ཆེན་པོ་ཞེས་པའི་མཚན་གྱི་འཇུག་ཡུལ་དངོས་དེ་ནི་གཞན་སྟོང་གི་ལྟ་བ་དེ་རང་ཡིན་པར་གསུངས་བཞག དེ་འདྲ་ཡིན་དུས་ཁྱེད་ཚོ་དངོས་གནས་དབུ་མ་ཕལ་བ་པ་ཡིན་ནམ། འདིའི་སྐོར་ནས་ཁས་ལེན་ཟིན་མཚམས་འདྲ་ཡོད་ན་བློ་བསྐྱེད་ཅིག་གནང་རོགས། ཤེས་འདོད་པ་ཡིན། །

  20. ཀརྡོ་གཉེར་ཕྱག་པ་ says:
    2014-12-17 at 12:28 pm

    # 16 མེ་ཏོག་དཀར་པོ་ལགས་ཀྱིས་མཆན་བཏབ་པ།:
    December 17th, 2014 at 9:19 AM
    མཁས་པ་ཀ་རྡོ་བས།
    སྔ་འགྱུར་ཉམས་པའི་དུས་སུ།། ཞེས་གསུངས་འདུག་ན་འདི་རྒྱབ་རྟེན་དུ་ལུང་རིགས་དཔེ་གསུམ་ཡིད་ཚིམ་པ་ཞིག་ཅིས་གསུང་བར་ཞུ།
    ལན་དུ།
    དར་མས་འདུལ་བསྟན་བསྣུབས། སིལ་བུ་ཐོར་བས་གདུལ་བསྟན་ཡང་ཉམས་ལ་ཁད་ཀྱི་དུས་སུ། ཐོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བསམ་བཞིན་དུ་བྱོན་པ་འདྲ་བར་བྱུང་། བྱང་སེམས་དང་། གསང་སྔགས་ཉམས་ཡོད་མེད་སུས་ཀྱང་བརྗོད་པར་དཀའ། དེ་རིང་དེ་ཙམ་མོ།།

  21. ཀརྡོ་གཉེར་ཕྱག་པ་ says:
    2014-12-17 at 12:31 pm

    ་་་་་་་་་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་གཅིག་་་་་་་་་་་་་་

  22. BONPO says:
    2014-12-17 at 12:36 pm

    ལུང་རིགས་མན་ངག་གནད་དུ་བཟུང་བ་དང་།
    བསླབ་པ་གསུམ་ལ་གཅེས་པར་འཛིན་པ་དང་།
    དཀོན་མཆོག་གསུམ་ལ་སྙིང་ནས་མོས་པ་བཅས།
    བློ་བཟང་རྒྱལ་བའི་བསྟན་པ་རྒྱས་པར་ཤོག། །

    ཁོང་གི་དགོངས་རྫོགས་ལ་མཆོད་སྤྲིན་སྨོན་ལམ་དུ་ཕུལ། །

  23. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 12:59 am

    བསྐྱེད་རྫོགས་མ་སྒོམ་རྫོགས་ཆེན་ལྟ་བ་མེད། །
    ཆོས་དྲུག་མ་སྒོམ་ཕྱག་རྒྱ་ཆེན་པོ་མེད། །
    ལམ་འབྲས་མ་སྒོམ་ས་སྐྱའི་ལྟ་གྲུབ་མེད། །
    སྟོང་ཉིད་མ་སྒོམ་བདེ་སྟོང་དབྱེར་མེད་མེད། །
    གཞན་སྟོང་སྦྱོར་དྲུག་མ་སྒོམ་ཇོ་ནང་མེད། །

  24. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 1:01 am

    སྙིང་མ་པས།
    བསྐྱེད་རྫོགས་མ་སྒོམ་རྫོགས་ཆེན་ལྟ་བ་མེད། །
    བཀའ་བརྒྱུད་པས།
    ཆོས་དྲུག་མ་སྒོམ་ཕྱག་རྒྱ་ཆེན་པོ་མེད། །
    ས་སྐྱ་པས།
    ལམ་འབྲས་མ་སྒོམ་ས་སྐྱའི་ལྟ་གྲུབ་མེད། །
    དགེ་ལུགས་པས།
    སྟོང་ཉིད་མ་སྒོམ་བདེ་སྟོང་དབྱེར་མེད་མེད། །
    ཇོ་ནང་པས།
    གཞན་སྟོང་སྦྱོར་དྲུག་མ་སྒོམ་ཇོ་ནང་མེད། །

  25. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 1:07 am

    རྫོགས་ཆེན་ཕྱག་ཆེན་ལམ་འབྲས་དང་། །
    བདེ་སྟོང་དབྱེར་མེད་དབུ་མ་དང་། །
    ཇོ་ནང་གཞན་སྟོང་གཅིག་ཏུ་ངེས། །
    དེས་ན་དག་སྣང་དཔྱད་ཞིབ་མཛོད། །

  26. འཇིགས་མེད་བློ་གྲོས། རིགས་སློབ། says:
    2014-12-18 at 4:32 am

    དྲི་མེད་ལྷག་བསམ་ལགས།

    འཛམ་གླིང་རྒྱན་གྱུར་ཁ་སྤུ་ཅན་རྣམས་ཀྱི། །ཞེས་སོགས་ཀྱི་༸གོང་ས་ལྔ་པའི་གསུང་དེ་གང་ནས་ཡིན་གསུང་རོགས།

  27. དྲི་མེད་ལྷག་བསམ། says:
    2014-12-18 at 6:47 am

    ཀ་རྡོ་ལགས་ལ་རྩེད་མོ་་ཞིག་ཞུ་ན།
    རྙིང་མ།
    མཚན་འཛིན་བསྐྱེད་རྫོགས་མི་དགོས་་རྫོགས་ཆེན་ཡོད། །ཐེག་པ་དགུ་ཡི་རྩེ་མོ་་ཨཏི་ཡིན། །
    བཀའ་བརྒྱུད།
    ཆོས་དྲུག་མི་དགོས་ཕྱག་རྒྱ་ཆེན་པོ་ཡོད། །མདོ་ལམ་ཕྱག་ཆེན་དབང་ལ་ལྟོས་པ་མེད། །
    ས་སྐྱ་པས།
    ལམ་འབྲས་མིན་པའི་ས་སྐྱའི་ལྟ་གྲུབ་ཡོད། །མཁའ་སྤྱོད་ཡང་ཕུར་ལམ་འབྲས་གཞུང་ལ་མེད། །
    དགེ་ལུགས་པ།
    སྟོང་ཉིད་མ་སྒོམ་བདེ་སྟོང་དབྱེར་མེད་ཡོད། །ཁ་སྦྱོར་ཐབས་ཀྱིས་ཆེ་བའི་སྔགས་ལམ་ཡིན། །
    ཇོ་ནང་པ།
    གཞན་སྟོང་སྦྱོར་དྲུག་མ་སྒོམ་ཇོ་ནང་ཡོད། །དེ་ཉིད་བཅུ་བཞི་སྒོམ་པའི་ཇོ་ནང་མང་། །
    མ་ཡིན་དགག་དང་མེད་དགག་གཅིག་དོན་གཅིག་གམ། །ཐབས་དང་ཤེས་རབ་ཁྱད་པར་བྱར་མེད་དམ། །
    འདི་དག་དོན་དུ་གཅིག་གམ་ཚིག་ཏུ་གཅིག །ཁས་ལེན་གནང་ན་ཁྱོད་ཀྱི་དམ་བཅའ་ཤེས། །

  28. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 9:33 am

    མ་ཡིན་དགག་དང་མེད་དགག་གཉིས། །
    དོན་གཅིག་སོང་བའི་དུས་ཅིག་མེད། །
    སྤྱིར་ན་སྟོང་ཉིད་མེད་དགག་ལ། །
    བསྐྱེད་རྫོགས་སྐབས་སུ་མ་ཡིན་དགག་མཐོང་། །

  29. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 9:38 am

    འོནད་ཀྱང་།
    སྟོང་ཉིད་མེད་དགག་ཡིན་ལ་རྩོད་པ་མེད། །
    སྟོང་མེ་དགག་འདོད་པ་མི་ཤེས་བླུན། །
    སྟོང་ཉིད་མ་ཡིན་དགག་དང་གཞན་སྟོང་དུ། །
    བཀྲལ་བ་རང་ཉིད་གྲུབ་མཐའི་ཁྱད་སྟོན་ཙམ། །

  30. མེ་ཏོག་དཀར་པོ says:
    2014-12-18 at 10:31 am

    དར་མས་བསྟན་པ་བསྣུབས་དུས་གསང་སྔགས་ཉམས་ཡོད་མེད་སུས་ཀྱང་བརྗོད་པར་དཀའ་ཞེས་པའི་ཚིག་ར་སྤུའི་འུར་རྡོ་དེ་གོང་དུ་སྔ་འགྱུར་ཉམས་པའི་དུས་སུ།། ཞེས་པའི་མགོ་བཅོམ་སྟངས་ལ་གཅིག་གཟིགས་དང་ཀ་རྡོ་རབ་འབྱམས་ལགས།།

  31. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 11:56 pm

    དྲ་གྲོགས་མེ་ཏོག་དཀར་པོ་ལགས། སྤྱར་བསྟན་གནས་མི་གནས་ཚད་གཞི་དེ་གདུལ་གནས་དང་མི་གནས་ཐུག་་པ་བཞིན། བོད་ཀྱི་སྔ་འགྱུར་རྙིང་བསྟན་གནས་མ་གནས་དེའི་གདུལ་བསྟན་གནས་དང་མི་གནས་ཐུག་དགོས། དེ་ཡང་མི་གཅིག་གསང་རྙིང་ཉམས་ལནེ་ནང་གདུལ་བསྟན་སོ་ཐར་རིགས་བདུན་གངགར་རུང་མེད་ན་མི་འགྲིགས། གསང་སྔགས་སྒོམ་པ་སྐྱབ་འགྲོ་ཙམ་གྱི་དེག་བསྙེན་གྱིས་གསང་སྔགས་བསྟན་པ་འ།ིན་ཐུབ་ཀྱང་། དེས་གདུལ་བསྟན་འཛིན་པ་མི་ཆོག་གོ།

  32. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 11:58 pm

    འཁོར་རྣམ་བཞིའི་སྐོར་ལ། ཅུང་ཟད་སོམས་ཤི་ཀྱེ།

  33. མེ་ཏོག་དཀར་པོ says:
    2014-12-18 at 11:58 pm

    ཨ་ལས། དེ་འདྲ་རེད་པེ།

  34. མེ་ཏོག་དཀར་པོ says:
    2014-12-18 at 11:59 pm

    དགེ་སློང་མ་ཨེ

  35. ཀརྡོ་གཉེར་ཕྱག་པ་ says:
    2014-12-19 at 12:02 am

    ང་ཚོ་བོད་ཆོས་གསར་པ་དེ་ཚོས། རྙིང་བླ་བ་མ་ཟེར་དུས། སློབ་དཔོན་པདྨ་མ་གཏོགས། སློབ་དགེ་སློང་ཞི་བ་འཚོ་བློ་མི་འཆར་བ་འདི་བླུན་རྟགས་རེད། དེ་བཞིན་དགེ་ལུགས་ཟེར་དུས་དགེ་དགེ་སློང་རྣམ་དག་ཅིག་གིས་གཞུང་ཆེན་པོ་ཏི་ལྔ་སྦྱངས་པ་མ་གཏོགས། གསང་བདེ་འཞིགས་ཉམས་ལེན་ཡོད་བློ་ལ་མི་འཆར་བ་འདི་ཡང་གླེན་རྟགས་ཅིག་རེད་དོ།། །།

  36. ཀརྡོ་གཉེར་ཕྱག་པ་ says:
    2014-12-19 at 12:05 am

    རེད། དགེ་སློང་མ་ཡི་སྡོམ་ཆད་པ་དེ་ཡང་། བསྟན་པའི་ཆ་མ་ཚང་བར་གྱུར་པ་མ་རེད་དམ། ལགས། མེ་དཀར་ལགས།

  37. ཀརྡོ་གཉེར་ཕྱག་པ་ says:
    2014-12-19 at 12:08 am

    དགེ་བསྙེན་རིག་པ་འཛིན་པལས། དགེ་སློང་རིག་པ་འཛིན་པ་མཐོ་བ་རེད་དོ། །འབྲུག་པ་ཚོ། ཧཧཧ།

  38. མེ་ཏོག་དཀར་པོ says:
    2014-12-19 at 12:12 am

    བཀའ་བརྒྱུད་པ་ཟེར་དུས་དབེན་པའི་གནས་སུ་དཀའ་ཐུབ་སྤྱད་པའི་མི་ལ་རས་པ་མ་དྲན་པར་ཞྭ་མོ་དམར་ནག་རང་ལ་མགོ་འཐོམ་པ་ཡང་བླུན་རྟགས་ཤིག་མིན་ནམ་ལགས། ལགས་ཀ་རྡོ་ལགས།

  39. ཀརྡོ་གཉེར་ཕྱག་པ་ says:
    2014-12-19 at 12:26 am

    ཨ་ཏི་ཤའི་སྔོན་ལ་གདུལ་བསྟན་ཉམས་ལ་ཁད་ཟེར་དུས། དེ་དུས་རྙིང་ཆོས་ལས་གཞན་ནི་མེད། དེ་ཡང་དེ་དུ་ཀྱི་ངདགེ་སློང་རིག་པ་འཛིན་པ་ནི། མོ་གཤམ་བུའི་སྤུན་མཆེད་གྱུར་པས། དེས་ན། འུར་རྡོའི་རྡོ་ངའི་དམ་བཅའ་ལ་མི་ཕོགས་པར། དེ་དུས་ཀྱི་རྙིང་དགེ་སློང་ཚོར་ཕོགས་སོང་དང་། ཧཧཧཧཧཧ།། །།

  40. ཀརྡོ་གཉེར་ཕྱག་པ་ says:
    2014-12-19 at 12:31 am

    མི་ལའི་སྔོན་ལ། བླ་མ་མར་པའི་ཐུགས་བརྒྱུད་ལ། བཀའ་བརྒྱུད་ཀྱི་བསྟན་པ་དར་ཟིན་པ་རེད། དགེ་སློབ་གཉིས་སུ་སྔོན་ལ་སྐྱེས་པ་་ཡིན་མིན། མི་ཤེས་མཁན་ཁྱོད། ཁ་བརྡར་་འོངས་བ། ངོ་མི་ཚའམ། ཧཧ། སྐུ་རྩེད་ཡིན་གདའ།

  41. ཟུར་གནས། says:
    2014-12-19 at 1:07 am

    ཀླུ་སྨྱོན་མཆོག་གིས་རྗེ་རིན་པོ་ཆེ་འཇམ་དབྱངས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་གནང་གི་ཡོད་དམ།

  42. མེ་ཏོག་དཀར་པོ says:
    2014-12-19 at 1:32 am

    དགེ་སློང་ཞི་བ་འཚོའི་སྔོན་ལ། སྔགས་པ་པདྨ་འབྱུང་གནས་ཀྱི་ཐུགས་ལ་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཟིན་པ་མིན་ནམ་ཞེས་མཁས་དབང་ཀ་རྡོ་པ་ལའང་ཀུ་རེ་ཞུས་སོ།།

  43. ཀླུ་སྨྱོན། says:
    2014-12-21 at 3:27 pm

    ཟུར་གནས་ལགས། ངས་རྗེ་ཙོང་ཁ་པ་ཨ་མདོའི་གྲྭ་རྐྱང་ངམ་བླ་རྒན་འཇམ་པའི་དབྱངས་ལ་དད་པ་ཆེན་པོ་ཡོད་མཁན་ཞིག་ཏུ་ངོས་འཛིན་བྱེད་པ་མ་གཏོགས་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཞིག་ཡིན་པ་ངོ་མ་མི་ཤེས་ལ་ཤེས་འདོད་ཀྱང་མེད།

  44. ཀརྡོ་གཉེར་ཕྱག་པ་ says:
    2014-12-21 at 11:59 pm

    བོད་རིགས་བཙན་པོ་ཁྲི་སྲོང་སྡེ་བཙན་འཇམ་དབྱངས་སྤྲུལ་པར་ངོས་འཛིན་ཐུབ་ས་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ཤར་ཙོང་ཁ་པའམ། བླ་མ་བློ་བཟང་གྲགས་པའམ། ཨ་མདོ་སྣ་བོ་ཆེ་མཆོག ཁོང་འཇམ་དབྱངས་སྤྲུལ་པར་ངོས་འཛིན་ན་བོད་མི་ཚོ་ངོ་ཚ་དགོས་པ་དང་། དཔའ་ཞུམ་དགོས་པ་གང་ཡང་མཐོང་མ་སོང་ལགས།། །།

  45. ཀརྡོ་གཉེར་ཕྱག་པ་ says:
    2014-12-22 at 12:08 am

    ཨ་མདོའི་ཡུལ་དུ་ལྟེ་ཁྲག་ལྷུང་། །
    དབུས་གཙང་ཁུལ་དུ་ཐོས་བསམ་མཛད། །
    འཁོར་དག་མཉམ་དུ་སྒོམ་སྒྲུབ་མཛད། །
    འཇམ་དབྱངས་དངོས་སུ་ཞལ་གཟིགས་ནས། །

    བསྟན་བཅོས་ཆེན་མོ་བཅོ་བརྒྱད་མཛད། །
    འཇམ་དབྱངས་རྣམ་གསུམ་གྲལ་དུ་ཚུད། །
    བཀའ་འདམས་གསར་མའི་སྲོལ་ཀ་གཏོད། །
    འཇམ་སྤྲུལ་མིན་ན་སུ་ཞིག་རེད། །

    རས་འཕགས་མགོན་པོ་ཕྱག་དྲུག་དང་། །
    རྣམ་སྲས་དམ་ཅན་ཆོས་རྒྱལ་སོགས། །
    ཐུགས་དམ་དམ་ཚིག་ལ་གནས་ནས། །
    དགེ་ལྡན་བསྟན་པ་སྲུངས་ཤིག་ཀྱེ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme