Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཀར་ངོགས་འཚོལ་བའི་གཏམ་རྒྱུད།

Posted on 2008-11-14 By དགེ་རབ་ 16 Comments on དཀར་ངོགས་འཚོལ་བའི་གཏམ་རྒྱུད།

རྭ་རྒྱ་བློ་དབང་
དུང་ཟླའི་གཟི་བྱིན་སྤྲིན་ལ་ཡིབ་པའི་རྒྱུས་མེད་ས་མཐའི་མཚན་ལྗོངས་ཏེ། །
འཇམ་རླུང་བསིལ་མ་དལ་བར་གཡུག་པའི་སྟོང་འཇགས་ལྷོ་མཐའི་ཐང་ཆེན་དུ། །
ཁྲ་ཆུང་མིག་མདའ་སྐོར་ཙམ་བྱས་པས་རི་ཐང་འདྲིས་མའི་སྨག་རླབས་ཁྲོད། །
ལྷེམ་ལྷེམ་འཚེར་བའི་འོད་སྣང་གང་ཞིག་མུན་པའི་གཤེད་དུ་འབར་བ་མཐོང་། །
 
ཅི་ཞིག་ད་ལྟ་གཉོམ་པོར་བཞད་པའི་འོད་ཀྱི་སྣང་བ་འདི་ཙམ་ཡང་། །
བསྐལ་བའི་མེ་དཔུང་གྱེན་ཏུ་འཕྱུར་བའི་མེ་སོན་མཆོག་ཏུ་འགྱུར་སྙམ་སྟེ། །
གང་ཞིག་རི་རབ་རྡུལ་དུ་རློག་པའི་ཆུ་ཀློང་ཆེན་པོའི་རླབས་ཤུགས་ཀྱང་། །
མི་མཐོང་ས་ཡི་གཏིང་ལ་ཡིབ་པའི་ཆུ་མིག་དག་ལས་བྱུང་མིན་ནམ། །
 
གློ་བུར་རང་གི་ཉེ་སར་བལྟས་པས་ལུས་ཀྱི་གྲིབ་མ་མཐོང་མ་གྱུར། །
མིག་ཟུང་ནམ་མཁའི་མཐོངས་ལ་གཏད་པས་དགུ་བརྩེགས་མུན་པས་མགོ་བོ་མནན། །
དངངས་མ་སྐྲག་གི་བསམ་པའི་ཟུར་ལ་མཆེ་གཙིགས་སྡེར་མོ་བགྲད་པ་དག །
ཤ་ཁྲག་རུས་པའི་གཏིང་མ་འཆའ་ཕྱིར་ང་ཡི་ཕྱོགས་ཀུན་བསྐོར་བར་སྣང་། །
 
སྡོད་དང་འགྲོ་བའི་གནས་མལ་མ་མཐོང་ལྷོག་ལྷོག་སྙིང་རྩ་འདར་བཞིན་དུ། །
འོད་ཀྱི་སྣང་བ་འཕྲོས་པའི་ཕྱོགས་དེར་འཁྱར་འཁྱོར་གོམ་པ་དལ་བུར་སྤོས། །
རྐང་ཟུང་འདེགས་འཇོག་བརྗེ་སྤོར་བྱེད་ལ་ས་གཞིའི་བདེ་སྙོམས་མི་མཐོང་ཞིང་། །
མུན་པའི་གསེང་ལམ་གར་ཡོད་མ་ངེས་མཚན་མོའི་མུན་པ་གཤགས་མགོ་བརྩམས། །
 
ཡན་ལག་ལྔ་ཡི་ངར་ཤུགས་མ་ལྷོད་དམིགས་འདུན་འོད་ཀྱི་ངོགས་དམ་པར། །
འགྱེལ་མ་ལངས་ཀྱིས་མདུན་དུ་བསྐྱོད་པས་ལུས་པོ་རྔུལ་ཆུས་བརླན་གྱུར་ཅིང་། །
གོམ་པའི་འདེགས་ཤུགས་ཡ་མ་ཡོར་དུ་དབང་མེད་ས་ལ་འགྲིལ་ན་ཡང་། །
འབྲོང་ཡག་དར་མའི་ཁྲག་རྒྱུན་རྒྱུ་བའི་སྙིང་གི་སྟོབས་ཤུགས་ག་ལ་ཉམས། །
 
འཇིགས་མེད་དམ་བཅའི་གོ་ཆ་བགོས་ཏེ་རབ་སྟུག་མུན་པའི་གསེང་རུམ་ལས། །
བདེ་འཇམ་ཡངས་པའི་བཤུལ་ལམ་འཚོལ་ལ་རྣམ་ལྔའི་དབང་བོ་བཀོལ་ན་ཡང་། །
རྡོ་འཛིང་ཚེར་མའི་རྩུབ་རེག་ཙམ་ལས་ཅི་ཡང་མ་རྙེད་མུན་ནག་ཏུ། །
ཀྱེ་མ་ཀྱེ་ཧུད་གང་དུ་བགྲོད་སྙམ་ཡ་ཆུང་སེམས་པ་སྡུག་ལ་འབྱར། །
 
སྟོང་གསུམ་ཁམས་འདི་མུན་པར་འདྲེས་སམ་དཀར་ཆ་ཙམ་ཡང་མི་སྣང་ལ། །
ཕྱོགས་དང་མཚམས་ཀྱི་བཀོད་པ་དེ་ཡང་འདི་ཙམ་སྙམ་པ་མ་མཆིས་མོད། །
རབ་རིབ་དོན་སྤྱིའི་རྟོགས་ལྗོངས་ངོས་སུ་གསལ་ཞིང་འཚེར་བའི་འོད་མདངས་ཆེ། །
རིན་ཆེན་སྲོག་གི་དགྲ་རུ་ལངས་ཀྱང་མེ་སོན་རྟེན་ལ་འཚོལ་དགོས་སྙམ། །
 
དེ་ལྟར་བསམ་ཞིང་རྡོ་འཛིང་ཚེར་མའི་རུ་མཚོན་གཟེང་བའི་རྩེ་མོ་རུ། །
ཅི་ཡང་མ་བསམ་ཧད་ཀྱིས་བགྲོད་པས་ཚེར་མའི་གཟེར་རྣོན་ལུས་སུ་ཟུག །
ན་ཟུག་མ་བཟོད་ཤུགས་ཀྱིས་འཕག་པས་ཡན་ལག་བྲག་ལ་བརྡབས་པ་ཡིས། །
རུས་པའི་ལྷུ་ཚིགས་སོ་སོར་འཐོར་བས་སྙིང་གི་འཕར་ལྡིང་ཡུལ་ཙམ་ཉམས། །
 
གངས་སེང་འོ་མའི་ཟུངས་བཅུད་འཛོམས་པས་ངར་ཤུགས་དེ་ནི་ཉམས་མིན་ཏེ། །
དཔའ་དང་སྟོབས་ཀྱིས་ཀུན་ནས་ཁེངས་པའི་དྲན་པ་སླར་ཡང་རྙེད་པའི་ཚེ། །
ལུས་ནས་འཛར་བའི་ཁྲག་གི་དྭངས་མ་འོད་ཀྱི་ངོ་བོར་སྨིན་གྱུར་ཏེ། །
མ་རིག་སྨག་གི་སྒྲིབ་གཡོག་དབྲལ་ཏེ་མདུན་མའི་བཤུལ་རིང་གསལ་བར་བྱས། །
 
ཨེ་མ་ང་ཡིས་ཡུན་རིང་བཙལ་བས་འོད་དཀར་སྣང་བའི་གཟི་བྱིན་ཆེ། །
གསལ་ཙམ་ངང་ལ་རབ་ཏུ་འབར་ཏེ་འཛམ་གླིང་འོད་དུ་བསྐྲུན་བྱས་པས། །
ཁྲག་རྒྱུན་འཛར་བའི་རྨ་ཁ་མ་བསམ་ལྷུ་ཚིགས་འཐོར་ལ་བཟོད་བགྱིས་ཏེ། །
དགའ་སྤྲོ་སྣང་བས་མཆོང་ཐེངས་གཅིག་ལ་མཛེས་པའི་འོད་ཕུང་མཐོ་རུ་བཏེགས། །
 
དྲན་ཤེས་བུ་ཆུང་བདག་ཏུ་མ་བཟུང་ངེས་མེད་ཡན་པའི་བར་གླགས་སུ། །
བརྩེ་སེམས་དྲོན་མོའི་དྭངས་ཤེལ་ངོས་ལ་ཁ་བ་དཀར་པོའི་རང་མདངས་བཀྲ །
གངས་ལྗོངས་མ་མའི་ནུ་རིན་བསམ་ཞིང་སྐྱོ་གདུང་ཆུ་བོ་འཕྱུར་བའི་རྒྱུན། །
བྱང་ཁོག་བྲག་གི་རི་ལ་བརྡབས་པས་འཆར་སྣང་ཚིག་གི་སྟོང་གཏམ་རྫོགས། །
 
༢༠༠༣ ཟླ་ ༥ ཚེས་ ༤ ལ་བྲིས་ཤིང་ཁ་བ་དུས་དེབ་ཅིག་གི་སྟེང་དུ་བཀོད་ཡོད་མོད། འདོན་ཐེངས་མ་ངེས་པས་དགོངས་དག་ཞུ།
ཉེ་སྔོན་དུས་བབ་ཀྱི་ཁོ་བོའི་ཟིན་བྲིས་ནང་རྩོམ་སྒྲིག་པས་གདེང་འཇོག་ཚད་མཐོར་བྱས་པ་དང་། དྲ་གྲོགས་རེ་འགས་ཀྱང་ལེགས་རབས་བཤད་ཀྱི་འདུག་མོད། རང་ཉིད་ཀྱིས་རང་ཉིད་ལ་ཚོད་འཛིན་བྱེད་ཤེས་ཀྱི་མི་འདུག  དེ་བཞིན་ཁ་བརྡ་དྲ་ཚིགས་ནང་དུ་ཡང་ངའི་སྐོར་ཞིག་གླེང་གི་འདུག་པས་དེ་སྔ་བྲིས་པའི་སྙན་རྩོམ་འདི་རང་ཉིད་ཀྱིས་བསམ་ན་ཅིག་ཡིན་པར་འདོད་ཡོད་པས། ཁ་བརྡའི་ནང་ཨ་ཁུ་ཀླུ་སྨྱོན་སོགས་ལ་གླེང་གཞི་རུ་ཕུལ་ཏེ་རང་ཉིད་ལ་ཚོད་བགམས་ཐེངས་ཤིག་བྱེད་པར་འདོད། ང་རང་རྩོམ་རིག་གི་བློ་སྦྱོང་ཕྱོགས་ནས་ཅི་ཡང་ཡོད་པ་ཞིག་མིན། འོན་ཀྱང་འབད་རྩོལ་མང་པོ་ཞིག་བརྒྱུད་མྱོང་བའི་རྩོམ་དགའ་ཞིག་ཡིན།

སྙན་ངག

Post navigation

Previous Post: བོད་ཀྱི་རྩ་དོན་ཆེད་རང་གི་བསམ་ཚུལ།
Next Post: དམིགས་ཡུལ་མེད་པ་རེད་དམ་ཡང་ན་ཐབས་ལམ་ནོར་པ་རེད།

Comments (16) on “དཀར་ངོགས་འཚོལ་བའི་གཏམ་རྒྱུད།”

  1. ཨ་རིག་འགྱུར་མེད། says:
    2008-11-14 at 12:52 pm

    རྩོམ་འདི་ཅན་པོ་ཅུང་ཙམ་མཁྲེགས་གི ང་ལྟ་བུ་ཞིག་གིས་འགྲོ་ཞོར་འདུག་ཞོར་དུ་བཀླག་ན་མི་གོ་གི ཡིན་ནའང་། ངས་ཐེངས་འགར་བཀླག་རྗེས་ངོ་མ་ཅིག་ཡིན་པའི་བཟོ་འདྲ་བོ་ཞིག་འདུག ཡིན་ནའང་། འདི་འདྲ་ཞིག་རེད། འདི་འདྲ་ཞིག་མ་རེད་ཟེར་རྒྱུ་ཞིག་ཀྱང་མི་འདུག ཁྱོད་ཚོས་བལྟས་ན་འདི་ལ་དགེ་སྐྱོན་ཞིག་གླེང་རྒྱུ་ཨེ་ཡོད་གི ངས་བལྟས་ན་ཚིག་བསྒྲིགས་སྟངས་དེ་ཅུང་ཙམ་ཨུ་ཚུགས་བརྒྱབ་པའི་གཤིས་ཤིག་མེད་དམ་སྙམ། ཡིན་ནའང་། མཐའ་གཅིག་ཏུ་འདི་རེད་ཟེར་བ་ཞིག་ཀྱང་མི་འདུག གཙོ་བོ་ཚོར་སྣང་དེ་ལྟ་བུ་ཞིག་སྤྲད་སོང་།

  2. ཀླུ་སྨྱོན། says:
    2008-11-14 at 2:53 pm

    ཐོག་མར་ཞུ་རྒྱུ་ཞིག་ལ། བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱིས་ལོ་ངོ་དུ་མའི་གོང་དུ་ཁོང་གི་སྙན་ངག་གྲགས་ཅན། ང་ཡིས་ཉི་ཟླའི་འོད་ཀྱི་འབྱུང་ཁུངས་འཚོལ་ཞིང་བསྙེགས་ཞེས་པ་དེ་བརྩམས་གནང་ནས་རང་གི་སེམས་ནང་མེ་ལྕེ་ནང་བཞིན་དྲག་ཏུ་འབར་བཞིན་པའི་གངས་ཅན་པའི་སྐྱོ་གདུང་དེ་མུན་པའི་ཀློང་ནས་ཉི་ཟླ་འཚོལ་བའི་གཏམ་རྒྱུད་ཅིག་དང་སྦྱར་ནས་གདུང་ཡུས་གསེང་མཐོར་གྱེར་བ་རེད་ལ། དེས་བློ་སྒོ་ཕྱེས་ནས་ངས་ཀྱང་རབ་རྟོག་གི་རྒྱན་གྱིས་བཅིངས་པའི་སེམས་ཚོར་དྲག་པོ་དེ་ལུག་རྫིའི་སྙན་ངག་དང་གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད་ཅིག་ཏུ་བཅོས་ནས་སྤེལ་དགོས་བྱུང་། བོད་ནང་དུ་ངས་ཨ་ཁུ་ཡི་དམ་ཚང་གི་བྱེད་ཐབས་དེ་སྤྱད་པས་ང་ལ་རླུང་རྟ་བརྒྱུགས་ནས་ཆབ་སྲིད་ཀྱི་ཉེས་མིང་མ་ཕོག་ཙམ་བྱུང་། ངས་བསམས་ན་སྐུ་ཞབས་བློ་དབང་གི་བློ་སྒོ་ཡང་གོང་གི་སྙན་ངག་འདི་དག་གིས་ཕྱེས་པ་ལོས་ཡིན། གོ་རིམ་བཞིན་བྱས་ན་སྙན་ངག་འདི་དག་གི་འདྲ་མཚུངས་ཀྱི་ཆ་སྟེ། དང་པོར་རབ་རིབ་མུན་པའི་ཁོར་ཡུག་ཅིག དེ་ནས་འོད་སྣང་ལ་དུང་བའི་ཚར་བ་ཞིག དེ་ནས་རྒྱང་རིང་གི་འོད་སྣང་ཕྲ་མོ་ཞིག དེ་རྗེས་འོད་སྣང་དེ་འཚོལ་འདོད་ཅིག དེ་ཡི་གེགས་དང་བར་ཆད་འཇིགས་པོ་དག དེ་དག་ལས་ཐར་བའི་དཔའ་གདེང་ལྡོག་མེད་ཅིག མཐའ་མར་འོད་སྣང་དེ་ཁྱེར་ནས་ཕྱིར་ལོག་པ་བཅས་ཁྱོན་བསྡོམས་བྱུང་རིམ་ཆེན་པོ་ལྔ་ཡིས་སྙན་ངག་འདི་དག་གྲུབ་པར་བྱས་ཡོད་ལ། བློ་དབང་ལགས་ནས་ཀྱང་རྒྱབ་རྟེན་དུ་གྱུར་པའི་སྙན་ངག་འདི་ཚོའི་ཚིག་སྦྱོར་ལ་བཙན་གཡེམ་བྱས་པ་མ་ཡིན་པར་རང་གི་སྨྱུག་རྩལ་བཀོལ་ནས་ལྷོ་མཐའི་གྲྭ་རྐྱང་ཞིག་གིས་གདུང་ཡུས་ལྷུང་ལྷུང་ཆུ་རྒྱུན་ལྟ་བུའི་ཚིག་ཕྲེང་གི་བར་བར་དག་ནས་གསལ་སྟོན་བྱས་འདུག ང་རང་ཡང་ལྷོ་མཐའི་ལྷིང་འཇགས་ཀྱི་མཚན་ལྗོངས་ནས་རང་སེམས་ཀྱི་གདུང་བ་གླུ་རུ་ལན་མང་ལེན་མྱོང་བའི་སྐྱེ་བོ་ཞིག་ཡིན་པས། ངས་སྙན་ངག་འདི་ཀློག་ཞོར་སྐུ་ཞབས་བློ་དབང་དང་མཉམ་དུ་མུན་པའི་ཁྲོད་ཀྱི་ལམ་ཕྲན་དེར་གོམ་པའི་འདེག་འཇོག་སྒྱུར་བཞིན་པའི་ཚོར་བ་ཞིག་ང་ལ་སྐྱེས་བྱུང་། གང་ལྟར་སྐྱོ་གདུང་གིས་མགོ་བཙུགས། རེ་བ་ཡིས་གཞུང་བསྲིངས། ལེགས་གྲུབ་ཀྱིས་མཇུག་བསྡུས་པའི་སྙན་ངག་འདི་ལྟ་བུ་དག་ནི་ད་ལྟའི་རང་རེའི་གནས་བབ་དང་སྦྱར་ན་མུ་མཐུད་དེ་གང་མང་མང་ཞིག་སྤེལ་ཐུབ་ན་རབ་རེད། ངས་འདི་ཙམ་མ་གཏོགས་ཅང་མ་ཤེས། སྤྱིར་རིག་པ་མེད་ལ་ད་ལྟ་ན་རྒས་རྫི་ལྡིབ་ཏུ་གྱུར་ནས་བཤད་འདོད་པ་རེ་ཡོད་ཀྱང་ལམ་སེང་ལམ་སེང་བརྗེད་འགྲོ་གིན་འདུག

  3. ཚེ་རིང་གི་བུ says:
    2008-11-14 at 6:01 pm

    ྐླུ་སྨྱོན་ཧེ་རུ་ཀས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་གི་སྙན་ངག་ཡང་ཡང་བྐླགས་པར་བརྟེན། ཁོང་ལ་ཡིད་འགུལ་ཧ་ཅང་ཆེན་པོ་ཐེབས་སུ་བཅུག་པ་ནི། ཁོང་གིས་སྤེལ་བའི་མཆན་བུ་འདིའི་སྟེང་ནས་ཤེས་ཐུབ། མཆན་བུ་འདིར་རྐྱེན་བྱས་ཏེ་ངས་ཁོང་ལ་དྲི་བ་ཞིག་འབྲི་འདོད་བྱུང་། དྲི་བ་ནི་གཤམ་དུ་གསལ་བའི་སྙན་ངག་འདི་ཡིན། དེ་ཡང་སྙན་ངག་འདིའི་བསྟན་དོན་གང་ཞིག་ཡིན་པ་དེ་ཡིན། དྲི་བ་འདི་ྐླུ་སྨྱོན་ལ་འདྲི་དགོས་པའི་རྒྱུ་མཚན་ནི། ྐླུ་སྨྱོན་འདི་བ་ཚང་སྙན་ངག་ལ་སྤྲོ་བ་ཡོད་པ་དང་གཅིག ཁོང་ཉིད་སྙན་ངག་པ་ཚད་ལྡན་ཞིག་ཡིན་པ་དང་གཉིས། ལྷག་པར་དུ་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་གི་སྙན་ངག་ལ་ཆ་རྒྱུས་ཡོད་པ་གསུམ་གྱིས་ཡིན། དྲ་གྲོགས་གཞན་པ་ཚོས་ཀྱང་སྙན་ངག་འདིར་འགྲེལ་བ་ཞིག་གནང་ཐུབ་ཚེ། ལེགས་སོ་ཞུ་རྒྱུ་མ་གཏོགས་གཞན་མེད།

    འདོ་བའི་འགྲོས་ཀྱི་མྱུར་ཚད་འཇལ་ལ་གཞུང་ལམ་བཟང་བ་བདག་གིས་མཐོང་།།
    ཁུར་ཆེན་ཐེག་ལ་རྔ་མོང་མཚར་རོ་བྱེ་ལྗོངས་བརྟོལ་དུས་ཁོ་བོས་རྟོགས།།
    དེ་ལྟ་ན་ཡང་གླག་རྒོད་དག་ཀྱང་སྔངས་འདར་འབྱུང་བའི་གངས་རི་མཐོན་པོ་བརྒལ་བ་ལ།།
    རྒྱ་སྟག་མཆོང་བཞིན་གཡག་རྒོད་རྣམས་ནི་ལྕེ་སྣོར་ཧར་སྒྲས་རྫ་ཆུ་འགོམ་པས་བདག་ཡིད་འཕྲོག།

    འབད་འབུངས་ཅན་རྣམས་བསྐྱོད་པའི་རྗེས་སུ་ཤར་སེ་བཏོད་པའི་ལམ་ཞིག་ཅིས་ཀྱང་ཡོད་པ་ཉིད།།

    ཆུ་ལ་འཛུལ་རྩལ་ཕལ་བས་འབྱོང་བ་མིན་ནོ་ཞེས་སུ་མ་གསུངས་ཤིག།
    ང་ཡི་མེས་པོའི་བྱི་རུའི་དོ་ཤལ་རྒྱ་མཚོའི་མཐིལ་ནས་དམྱུགས་པ་ལགས།།

  4. ཀླུ་སྨྱོན། says:
    2008-11-14 at 7:39 pm

    གོང་གི་དཔེ་འཇོག་འདི་ཚོའི་རམ་འདེགས་ལ་བརྟེན་ནས་རྩོམ་པ་པོས་རང་གི་མེས་པོ་དག་གིས་གཏིང་མཐའ་བྲལ་ཞིང་འཇིགས་རུང་རྦ་རླབས་ཀྱི་གདེངས་ཀ་གནམ་ལ་འཕྱོ་བའི་རྒྱ་མཚོའི་ནང་དུ་མཆོངས་ནས་རང་ལ་དགོས་པའི་བྱུ་རུ་སོགས་རྩ་ཆེའི་ནོར་བུ་དག་ཀྱང་ལེན་ཕོད་པའི་སྙིང་སྟོབས་གླུ་རུ་བླངས་པ་ཞིག་ཏུ་མཐོང་། ཁོང་གིས་དེ་བཞིན།
    ཁྲང་པེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྒྲ་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ།།
    ཞི་ཧྲོང་པན་ནའི་གླིང་ཆེན་མཐོང་ཚེ་རྐང་འོག་འཛིན་མ་དངངས་ཤིང་འདར་བཞིན་འགྲོ་བར་རྩོམ།།
    གློ་བུར་ནང་སོག་རྩྭ་ཐང་སྟེང་དུ་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན།།
    བདག་གི་སྙིང་དབུས་ཏི་སེ་ལྷུན་པོར་བག་ལ་ཉལ་བའི་གངས་སེང་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག།ཅེས་བྲིས་ཡོད་པ་མིན་ནམ། གོང་གི་སྙན་ངག་འདི་ནི་བདག་གི་བློ་ངོ་རུ་ཡོད་པ་འདིར་ཕབས་པ་ཡིན་པས་ནོར་བ་ཡོད་སྲིད།

  5. ཚེ་རིང་གི་བུ says:
    2008-11-14 at 7:46 pm

    ཨོ། འདི་ནི་ཁྲང་པན་རི་བོའི་མགུལ་གྱི་སྙན་ངག་དེ་རེད། ཕག་མོ་བཀྲ་ཤིས་ཀྱིས་གྱེར་འདོན་བྱས་ཏེ་སྒྲ་ཐག་ཏུ་ཕབ་ཡོད། ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་ཟེར་བ་དེ་དང་མཉམ་དུ་ཡོད།

  6. ཀླུ་སྨྱོན། says:
    2008-11-14 at 7:51 pm

    ང་སྔོན་མ་གསར་བུ་ཡིན་དུས་གོང་གི་སྙན་ངག་ཚིག་ཕྲེང་དེ་ཚོ་ཤོག་དཀར་ཞིང་ཆེན་ཞིག་གི་ངོས་སུ་དབུ་ཅན་ཡག་པོར་བྲིས་ཏེ་རང་གི་སྔས་མགོའི་དྲང་ཐད་ཀྱི་རྩིགས་ངོས་སྦྱར་ནས་རྟག་པར་གྱེར་འདོན་བྱེད་བཞིན་བསྡད་པ་ཡིན།

  7. ཚེ་རིང་གི་བུ says:
    2008-11-14 at 7:57 pm

    འདོ་བའི་འགྲོས་ཀྱི་མྱུར་ཚད་འཇལ་ལ་གཞུང་ལམ་བཟང་བ་བདག་གིས་མཐོང་།།
    ཁུར་ཆེན་ཐེག་ལ་རྔ་མོང་མཚར་རོ་བྱེ་ལྗོངས་བརྟོལ་དུས་ཁོ་བོས་རྟོགས།།
    དེ་ལྟ་ན་ཡང་གླག་རྒོད་དག་ཀྱང་སྔངས་འདར་འབྱུང་བའི་གངས་རི་མཐོན་པོ་བརྒལ་བ་ལ།།
    རྒྱ་སྟག་མཆོང་བཞིན་གཡག་རྒོད་རྣམས་ནི་ལྕེ་སྣོར་ཧར་སྒྲས་རྫ་ཆུ་འགོམ་པས་བདག་ཡིད་འཕྲོག།

    དཔེ་རུ་བཀོད་པའི་ཚིག་རྐང་བཞི་བོ་འདིའི་རྒྱབ་ལྗོངས་ཤིན་ཏུ་མཐུག་པོ་ཡོད་འདྲ། ཡར་སྐྱར་བསམ་བློ་ཞིག་ཐོངས་དང་།

  8. ཀླུ་སྨྱོན། says:
    2008-11-14 at 7:59 pm

    ངས་ཁོང་གི་སྙན་ངག་གི་བླ་སྲོག་ཅེས་པའི་ལྷུག་རྩོམ་གྲགས་པ་ཅན་དེ་བཀླགས་པའི་རྗེས་སུ་གཞི་ནས་བོད་རིགས་སྤྱི་དང་ལྷག་པར་དུ་བོད་ཀྱི་བུད་མེད་ཚོས་རྒྱན་ཆར་བེད་སྤྱོད་བྱེད་བཞིན་པའི་སྤོས་ཤེལ་ཟེར་བ་དེའི་ཐོག་མའི་འབྱུང་ཁུངས་གང་ཡིན་ཤེས་སོང་།

  9. ཀླུ་སྨྱོན། says:
    2008-11-14 at 8:04 pm

    གོང་གི་ཁྲང་པེ་རི་བོའི་སྙན་ངག་དང་འདྲ་བར་རྒྱ་དང་སོག་པོ་དེ་བཞིན་གྲུ་གུ་བ་ཚོའི་ལོ་རྒྱུས་ལས་ཀྱང་རི་མཐོ་ས་གཙང་ནམ་མཁའ་སྔོ་ཞིང་དྭངས་པའི་འཇིག་རྟེན་ཞིག་ཏུ་སྲིད་པའི་གངས་རྒན་ཚོ་དང་མཉམ་དུ་གཞིས་ཆགས་པའི་རང་རེའི་ཕ་མེས་ཀྱི་གཟི་བརྗིད་དེ་བླ་ན་འཕགས་པ་ཞིག་ཡིན་པའི་བསྟོད་གླུ་འགྲན་ཟླ་མེད་པ་ཞིག་ཏུ་མཐོང་།

  10. ཀླུ་སྨྱོན། says:
    2008-11-14 at 8:10 pm

    སྙན་ངག་འདི་དག་དང་ལྗང་བུའི་གཉན་ཆེན་ཐང་ལྷའི་ལེ་ཚན་ལྟ་བུ་ནི་ངོ་མ་ཀློག་རིན་ལྡན། དེ་དུས་སུ་ཁོང་དང་ལྗང་བུ་གཉིས་ལ་ངོ་མ་ལྷ་འདྲ་བོ་ཞིག་ཞུགས་འདུག དེ་ལ་སྡོམ་ཚིག་ཅིག་བཞག་ན།
    བཀླགས་ཀྱིན་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་འགྲོ
    བལྟས་རྗེས་ཚོར་བ་གཞན་ཞིག་གིས་བརྒྱལ་འགྲོ

  11. ཚེ་རིང་གི་བུ says:
    2008-11-14 at 8:11 pm

    ལམ་ཞེས་པའི་སྙན་ངག་འདིའི་རྒྱབ་ལྗོངས་དེ་འདྲ་ཞིག་ཡིན་པ་ངས་ཀྱང་བསམ་བློ་བཏང་བ་ཡིན། རྩོམ་སྟངས་འདིས་ངའི་ཡིད་བཀུགས་བྱུང་། ཁྱོད་འདི་ངར་བ་རེད། ཤུ་རེ་ཁོ། མཉམ་གཅིག་ཏུ་འཛོམས་ནས་ཇ་ཞིག་འཐུང་ན་རེས།

  12. ཀླུ་སྨྱོན། says:
    2008-11-14 at 8:12 pm

    ད་མ་བཙུར་མ་གཏོགས་མྱི་ལོན་མགོ་ཡུ་འཁོར་གི

  13. ཚེ་རིང་གི་བུ says:
    2008-11-14 at 8:14 pm

    གཉན་ཆེན་ཐང་ལྷའི་ལེ་ཚན་བྐླགས་པ་ཡིན། ཡིན་ནའང་ང་རང་ལྗང་བུའི་སྙན་ངག་ལ་དགའ་བོ་མེད། ཁོང་གིས་གཟི་མིག་དགུ་བའི་སྔོན་གླེང་ཡག་པོ་ཞིག་བྲིས་འདུག་བསམས།

  14. ཀླུ་སྨྱོན། says:
    2008-11-14 at 8:16 pm

    གལ་སྲིད་མཉམ་དུ་འཛོམས་ནས་ཇ་ཞིག་འཐུང་སྐལ་ལྡན་དུས་ཁྱོས་ཇ་དེའི་ནང་ལ་ལྒ་སྨུག་ཅིག་རྒྱག་རྒྱུ་མ་རྗེད། འོ་ཇའི་ནང་དུ་ལྒ་སྨུག་བཏབས་པ་རེ་འཐུང་ན་ངོ་མ་ལོ་ཡང་ཇེ་གཞོན་དུ་སོང་བའི་སྣང་བ་ཞིག་སྟེར་ཡ། ཨོ། ལྒ་སྨུག་དེ་དང་པོར་བཏབ་ནས་ཡག་ཐག་ཆོད་པ་ཞིག་བསྐོལ་དགོས། འདི་ནི་གསང་བའི་མན་ངག་ཅིག་ཡིན། སྤྱིར་ན་གསེར་གྱི་མཎཌལ་དགོས།

  15. ཀླུ་སྨྱོན། says:
    2008-11-14 at 8:18 pm

    འོ་མ་ཡང་གང་བྱུང་གིས་མི་ཡོང་། ཕྱེད་ཀ་དང་ཕྱེད་ཀ་ཟེར་བའི་འོ་སྤྲི་མང་པོ་ཅན་དེ་ལས་ཡག་པ་ཞིག་མ་མཐོང་། ཨོ་ལྟོས་དང་། བླ་རྒན་གྱིས་ཧོན་རྟགས་བསྟན་ནས་ཚྭ་བརྗེད་འདུག

  16. ཚེ་རིང་གི་བུ says:
    2008-11-14 at 8:21 pm

    ཨ་རོ། ཇ་འཐུང་དུས་ལྒ་སྨུག་འཐུང་དགོས་པ་དེ་གསར་བུ་འདྲ་མེད། ཁྱེད་འདི་མོ་འདི་མ་གསུང་མ་གཏོགས། སྒེའུ་ཁུང་ཕྱི་རོལ་དུ་གཞོན་ནུ་མ་ཚོ་ཁྱུ་དང་ཁྱུ་བྱས་ནས་འགྲོ་གིན་འདུག ང་གན་ཚོའི་ཐོག་ཏུ་མཆོང་ན་ཐང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme