Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ག་རེ་བྱེད་དགོས་རེད།

Posted on 2010-04-112010-04-11 By ཁ་བརྡ་ 7 Comments on ད་ག་རེ་བྱེད་དགོས་རེད།

བསྟན་འཛིན་ཉིན་བྱེད།

ད་ག་རེ་བྱེད་དགོས་རེད། བོད་ཀྱི་རང་དབང་འཐབ་རྩོད་ཐོག་བསམ་བློ་གཏོང་སྐབས་འདི་དྲན་ཡོང་གི་འདུག སྐད་འབོད་ནི་རྒྱག་གི་ཡོད་པ་རེད། དམག་ནི་བརྒྱབས་ཡོད་པ་རེད། སློབ་སྦྱོང་ནི་བྱེད་ཀྱི་ཡོད་པ་རེད། ཞི་མོལ་ནི་བྱས་ཡོད། ཕྱི་རྒྱལ་རང་དབང་ཡུལ་གྲུ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ནི་བྱས་ཡོད། ལུས་སྲོག་ནི་མང་པོ་ཤོར་ཡོད།

ད་བྱེད་རྒྱུ་མེད་ན་མ་གཏོགས་ཚང་མ་བྱས་ཚར་འདུག ཡིན་ནའི་བོད་ཀྱི་གནས་བབ་འདི་ཛ་དྲག་ཏུ་དྲག་ཏུ་འགྲོ་གི་འདུག བོད་ནང་རྒྱ་མི་མང་དུ་མང་དུ་འགྲོ་གི་འདུག བཙན་བྱོལ་ནང་བོད་རིགས་མང་དུ་མང་དུ་འགྲོ་གི་འདུག གཞིས་ལུས་དང་བཙན་བྱོལ་གཉིས་ཀའི་ནང་ར་མ་ལུག་མང་དུ་མང་དུ་འགྲོ་གི་འདུག

གཞིས་ཆགས་ནང་ལའང་སེམས་པ་མ་ཆགས། བཙན་བྱོལ་གྱི་རྒྱལ་ས་རྡ་རམ་ས་ལར་ཡང་སེམས་པ་མ་ཆགས། ཨ་རི་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབས་ཀྱང་སེམས་པ་མ་ཆགས། རྒྱ་གུང་བྲན་ཏང་གི་བཙན་རྒྱལ་རིང་ལུགས་འོག་གནས་པའི་བོད་གངས་ཅན་ལྗོངས་སུ་འགྲོ་འདོད་མེད་ལ། འགྲོ་ཀྱང་མི་ཐུབ།

སྐྱེས་ས་རྒྱ་གར་ལ་སྐྱེས། ཕ་མ་བོད་ནས་ཡོང་། ད་ལྟ་ཨ་རིར་སྡོད། སང་ཉིན་གར་ཡོད་མི་ཤེས། སྐབས་རེར་བསམ་བློ་ཞིབ་མོར་གཏོང་སྐབས་བླ་སྲོག་མེད་པ་ལྟ་བུར་ཚོར།

དེ་ཡང་བཙན་བྱོལ་གྱི་ངོ་བོའི་རང་བཞིན་ནི་དབང་ཤུགས་མེད་པ་དང་། བྱེད་ཐབས་མེད་པ་དེ་རེད། ངོ་བོའི་དཀའ་ངལ་ནི་དུས་རྟག་ཏུ་འཕྲད། འཛམ་གླིང་གི་མཁས་དབང་དང་རྩོམ་པ་པོ། དབུ་འཁྲིད་སུ་འདྲ་ཞིག་དང་མཉམ་དུ་མགྲོ་གླེང་བྱེད་རྒྱུའི་ཁེངས་པ་ཡོད་ནའང་། གཞུང་ལམ་དུ་འཕྲད་པའི་མི་དཀྱུས་མ་ཞིག་གིས་ཁྱེད་ག་ནས་འོང་ཞེས་པའི་དྲི་བ་སླ་པོ་འདིར་ལན་ཚད་དང་ལྡན་པ་ཞིག་རྒྱག་མི་ཐུབ། དྲི་བ་འདིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་བོད་མི་རིགས་ཀྱི་རིག་གཞུང་གི་བྱས་ཤུལ། ལོ་ངོ་མང་པོའི་རིང་སློབ་སྦྱོང་བྱས་ཏེ་བསྒྲུབས་པའི་གདེང་སྤོབས་དེ་སྐར་ཆ་ཁ་ཤས་ནང་རྩ་མེད་དུ་བཏང་།

བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཞེས་བསླབ་བྱ་གཏིང་ཟབ་ཡོད་ནའང་། བཙན་བྱོལ་ནང་སྡོད་སྐབས་རེ་བ་ཞིག་མ་རྒྱག་ཀ་མེད་ཆགས། རེ་བ་དེ་གཏོང་ཟད་དུ་འགྱུར་རྒྱུ་ཡིན་ནའང་རེ་བ་མ་རྒྱག་ཀ་མེད་ཆགས། ཨ་རིས་བོད་རང་བཙན་བསྐྲུན་པའི་རེ་བ་བརྒྱབ། རྒྱ་གར་གྱིས་བོད་རང་བཙན་བསྐྲུན་པའི་རེ་བ་བརྒྱབ། རྒྱ་ནག་ཐོར་གཞིགས་སུ་འགྲོ་བའི་རེ་བ་བརྒྱབ། རྒྱ་ནག་དམངས་གཙོར་འགྱུར་བའི་རེ་བ་བརྒྱབ།

སྒེར་ལ་མཚོན་ན། གོ་གནས་ཞིག་རེག་རྒྱུའི་རེ་བ་བརྒྱབ། ཚོང་ཞིག་རྒྱག་སྟེ་དཔལ་འབྱོར་ཞིག་གསོག་རྒྱུའི་རེ་བ་བརྒྱབ། ཨ་རིར་སོང་སྟེ་ཨ་སྒོར་གསོག་སྟེ་ཨ་རིའི་མི་སེར་ཆགས་རྒྱུའི་རེ་བ་བརྒྱབ། དཀའ་ལས་རྒྱག་མཁན་དང་བསོད་ནམས་ཅན་འགའ་ཤས་ལ་རེ་བ་དེ་རིགས་བསྒྲུབ་དང་སྒྲུབ་བཞིན་ཡོད་ནའང་། གཞུང་ལམ་དུ་ཕྱི་མི་དཀྱུས་མ་ཞིག་གིས་ཁྱོད་ག་ནས་རེད་ཅེས་པའི་དྲི་བ་འདིར་སྤོབས་པ་ལྡན་པའི་ཐོག་ནས་ལན་རྒྱག་ཐུབ་པ་ཞིག་ཨེ་བྱུང་། གལ་ཏེ་ལན་ཞིག་བརྒྱབ་ཀྱང་གང་ཟག་དེ་བོད་ག་པར་ཡོད་རེད། ངས་གོ་མ་མྱོང་ཞེས་བརྗོད་སྐབས་ཚོར་བ་གང་འདྲ་ཞིག་འདུག

གང་ལྟར་བོད་ཀྱི་དབུ་འཁྲིད་རྣམས་རྒྱལ་སྤྱིའི་དབུ་འཁྲིད་མཉམ་འདྲ་མཉམ་གྱིས་བསྐྱོད་མི་ཐུབ། བོད་ཀྱི་རྩོམ་པ་པོ་རྣམས་རྒྱལ་སྤྱིའི་རྩོམ་པ་པོ་མཉམ་འདྲ་མཉམ་གྱིས་འགྲན་མི་ཐུབ། བོད་པའི་ཚོང་པ་རྣམས་རྒྱལ་སྤྱིའི་ཚོང་པ་མཉམ་འགྲན་མི་ཐུབ། བོད་པའི་མཛངས་མ་རྣམས་རྒྱལ་སྤྱིའི་མཛངས་མ་མཉམ་འགྲན་མི་ཐུབ། བོད་ཀྱི་རྒྱལ་དར་རྒྱལ་ཁབ་གཞན་གྱི་རྒྱལ་དར་དང་མཉམ་དུ་འཕྱར་མི་ཐུབ། བོད་མི་དཀྱུས་མ་ཞིག་རྒྱལ་ཁབ་ཚད་ལྡན་གྱི་མི་སེར་དཀྱུས་མ་ཞིག་དང་མཉམ་དུ་འགྲན་མི་ཐུབ།

རང་ཉིད་རང་ལ་སྤོབས་པ་ཞིག་ཡོད་མདོག་བྱེད་ཀྱང་སྐབས་རེ་ངོ་རེ་ཚ། སྐབས་རེ་འཛམ་གླིང་བཙན་བྱོལ་བའི་གྲས་ནས་ལེགས་ཤོས་སུ་ཡིན་པའི་སྤོབས་པ་སྐྱེས། སྐབས་རེ་རང་ཉིད་ལུང་མེད་བཙན་བྱོལ་བ་ཞིག་ཆགས་པར་ངོ་རེ་ཚ། སྐབས་རེ་བཙན་བྱོལ་ཞིག་ཡིན་ཅིང་རིག་གཞུང་འདྲ་མིན་ནང་སིམ་འཛུལ་བྱུང་ཡོད་སྟབས་འཛམ་གླིང་གི་མི་སེར་ཡིན་མདོག་གིས་རང་གིས་རང་ལ་སེམས་གསོ་བཏང་། ཡིན་ནའི་བོད་རིགས་མ་ཡིན་པ་ཞིག་གིས་ཁྱོད་ག་ནས་འོང་ཞེས་བརྗོད་སྐབས་བསམ་བློ་འདི་བྱབས་ཆུང་ཞིག་ཏུ་མཐོང་།

ཡང་སྐབས་རེ་བོད་བཙན་པོའི་གདུང་རྒྱུད་དེ་མདོང་དམར་ཤ་གཟན་གྱི་མི་རྒྱུད་ཡིན་མདོག་གིས་སེམས་གསོ་བཏང་། ཡང་སྐབས་རེ་བོད་ཆོས་ལྡན་ཞིང་ཁམས་ཏེ་ཞི་བདེར་དགའ་ཕེབས་ཅན་ཞིག་ཡིན་མདོག་གིས་སེམས་གསོ་བཏང་། ཁྱེད་རྒྱ་གུང་བྲན་ཏང་ལ་གཏིང་ནད་དང་འཁོན་སེམས་ཡོད་དམ་ཞེས་བརྗོད་སྐབས། དེ་འདྲ་མེད། ཁོང་ཚོ་ཡང་འགྲོ་བ་མི་ཞིག་རེད། ཉོན་མོངས་དུག་གསུམ་གྱིས་བླུས་པ་ཞིག་རེད། ཁོང་ཚོར་སྙིང་རེ་རྗེ་ཞེས་བརྗོད་དེ་བཟང་སྤྱོད་ཀྱི་ཡོན་ཏན་ཚད་མཐོ་པོ་ཡོད་མདོག་བྱས། ཡང་ཕྱོགས་གཞན་ཞིག་ནས་གུང་བྲན་ཏང་གིས་བོད་བཙན་བཟུང་བྱས། བོད་རིགས་དམར་གསོད་བཏང་དང་གཏོང་བཞིན་པ། རང་ཉིད་བཙན་བྱོལ་དུ་གྱར་དགོས་བྱུང་བ་སོགས་བཟོས་ཡོད་ནའང་གཏིང་ནད་དང་མཁོན་སེམས་མེད་པའམ་མེད་མདོག་བྱས་པ་འདིར་རང་ཉིད་རང་ལ་ངོ་རེ་ཚ།

ད་བྱེད་ཡག་དམིགས་བསལ་ཞིག་འདུག་གས། དེབ་འདྲ་ཀློག གློག་བརྙན་འདྲ་བལྟས། མ་ནི་འདྲ་གསོག ཁ་འདོན་འདྲ་བྱེད། སྐོར་བ་འདྲ་བརྒྱབ། དབུ་མའི་ལམ་དང་རང་བཙན་འཐབ་རྩོད་པ་ཚོར་ཁ་རེ་བཏང་། ཨ་རི་མཐོང་ཆེན་རེག་རྒྱུའི་དཀའ་ལས་འདྲ་རྒྱག སྐབས་རེ་སྐད་འབོད་དང་ཟད་བཅད་ངོ་རྒོལ་འདྲ་རྒྱག སྦིར་རག་འདྲ་འཐུང་། བུ་མོར་བརྙས་འདྲ་བཟོ། མཚན་ཚོགས་གོ་སྒྲིག་བྱས་ཏེ་ཕྱི་ལུགས་ཞབས་དྲོ་འདྲ་རྒྱག ཚོང་འདྲ་བརྒྱབ། རྩོམ་དང་སྙན་ངག་ཐེབས་ལྕག་རེ་བྲིས། གྲོས་ཚོགས་འདྲ་ཚོགས། ཤོ་འདྲ་བརྒྱབ། སྐྱིད་པོ་སོགས་བཏང་། མི་ཚེ་དཀྱུས་མ་ཞིག་སྐྱེལ་ཏེ་ཕྱིན།

ཡིན་ནའི་བོད་ནང་རྒྱ་མི་མང་དུ་མང་དུ་ཕྱིན། བཙན་བྱོལ་ནང་བོད་རིགས་མང་དུ་མང་དུ་ཕྱིན། དཔལ་འབྱོར་དང་ཟ་རྒྱུ་མཐུང་རྒྱུ་དང་གྱོན་རྒྱུ་འབེལ་པོ་དང་། བོད་སྐད་དང་དབྱིན་སྐད། ཧིན་སྐད་དང་རྒྱ་སྐད། འཇར་མན་སྐད་སོགས་རྒྱག་རྒྱུ་ཡོད་ནའང་མི་མིན་ཁྱི་མིན། ར་མིན་ལུག་མིན། བོད་མིན་རྒྱ་མིན། ཡར་མེད་མར་མེད། ཕར་མིན་ཚུར་མིན། གང་ལྟར་གཏན་ཆགས་ཀྱི་བར་དོ་འདྲ་པོ་ཞིག་ནང་ལྷུང་སོང་།།

རྩོམ་རིག

Post navigation

Previous Post: བསྟན་འཛིན་བདེ་སྐྱིད་ལ་ལེགས་སྐྱེས་ཆུང་ཆུང་ཞིག
Next Post: གནམ་ས་གོ་འབྱེད་ཅེས་པའི་དེབ་དེ་འདི་ན་ཡོད།

Comments (7) on “ད་ག་རེ་བྱེད་དགོས་རེད།”

  1. མཐར་ཕྱིན། says:
    2010-04-11 at 12:32 pm

    ད་ཀྱོད་སེམ་ཁྲེལ་ཆེ་ཁུ་ཡ

  2. མདོ་ལྷ་ཁམས་པ། says:
    2010-04-11 at 12:53 pm

    ད་ ག་རེ་བྱེད་དགོས་རེད་དམ་ ཨེ།
    བལྟས་ཡོང་ན་ ཟིན་བྲིས་པ་འདིས་ མུ་གེ་འདོན་ཚུལ་་ནི་ ཁང་ཁྱིམ་མེས་ཚིགས་ལྟ་བུའི་ངུ་ངག་དང་འདྲ་བ། ལུང་བར་ཆུ་ལོག་རྒྱུགས་པའི་སྡུག་སྐད་དང་འདྲ་བ། ཡུལ་ལ་མུ་གེ་ལོ་དགུ་ལ་བྱུང་བ་ལྟ་བུའི་་སྨྲེ་ངག་དང་འདྲ་བོ་འདུག
    ཡིན་ན་ཡང་ དངོས་ཡོད་ཀྱི་བོད་ཀྱི་ད་ལྟའི་གནས་ཚུལ་ནི་དེ་འདྲའི་ཚབ་ཆེན་ཞིག་དང་ཛ་དྲག་པོ་ གང་མ་རེད།
    རྒྱུ་མཚན། ད་ལྟའི་དུས་རབས་འདིར་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་བོད་མི་རིགས་ཡོད་དོ་ཅོག་གི་སྙིང་ལ་ལྕགས་སྲོག་ཐོགས་པའི་དུས་ལ་སླེབས་ཡོད། མི་རིང་བར་ལྕགས་སྙིང་ལ་ལོ་མ་འབུས་པ་དང་དེ་ནས་མེ་ཏོག་བཞད་གི་རེད།
    དེ་དུས་བྱེད་ཡག་མང་བོ་ཡོད་རེད། སྡུག་སྐད་འདོན་རྒྱུ་མཚམས་བཞག་ཏེ་ གྲ་སྒྲིག་ཨང་སར་དགོས་གི་རེད། དགོངས་དག མི་ང་ཁ་རུ་ཁར་ཐུག་ཞིག་ཡིན་པས་ གུས་ཞབས་མེད་པ་མ་དགོངས།

  3. མཐར་ཕྱིན། says:
    2010-04-11 at 12:53 pm

    བཀྲ་ཤིས་བདེ་ལེགས

  4. ཨ་མཆོག་ཆོས་དར། says:
    2010-04-11 at 7:00 pm

    ལྕགས་བཙའ་ལ་མ་ཟིན་ན་ལོ་མ་སྐྱེས་རྒྱུ་མེད་ན་ཡང་སྐྱོན་མི་འདུག།

  5. ལི་ཐང་དབྱིག་གཉེན། says:
    2010-04-13 at 6:29 am

    དེང་དུས་ཀྱི་ཆ་ལ་མཚོན་ན། བཙན་བྱོལ་ནང་གི་མཁས་དབང་ཁག་དང་། རྩོམ་པ་པོ། གཞན་ཡང་མི་མང་གླེང་སློང་ཆེ་ཤོས་ནི། འབྱུང་འགྱུར་གྱི་ལོ་༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་ཡིན་པ་གདོན་མི་ཟ། སྤྱིར་ན། མི་སུམ་ཅུ་ལ་བསམ་པ་སུམ་ཅུ་དང་། མཛོ་སུམ་ཅུ་ལ་རྭ་རྩེ་དྲུག་ཅུ། ཞེས་པའི་དཔེ་ལྟར། མང་གཙོའི་ལམ་ལུགས་དང་མཐུན་པར་འགྲོ་དགོས་ལས། ཡུལ་མི་རེ་ཟུང་ཞིག་གི་བསམ་ཕྱོགས་ལ་བཞག་ན་འགྲིགས་རྒྱུ་ཁག་པོ་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། གང་ལྟར། འབྱུང་འགྱུར་གྱི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་བྱེད་ལ་ཉེ་བའི་ལོ་ངོ་གཉིས་ཙམ་གྱི་སྔོན་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་སུ་འདེམས་མིན་གྱི་བགྲོ་གླེང་དང་། དཔྱད་རྩོམ་སོགས་བོད་ཕྱི་ནང་གཉིས་ཀས་ཚགས་པར་དང་དྲ་རྒྱ་སོགས་ནས་་མ་སྐུལ་དང་བླང་ངང་ཐོན་དང་འཐོན་བཞིན་པ་རེད། འདི་ནི་བདག་གིས་བལྟས་ན། བོད་ཕྱི་ནང་གཉིས་ཀ་གཞིས་བྱེས་མཉམ་འཛོམས་ཀྱི་སྔ་ལྟས་དང་། ལྷག་པར་དུ། གཞིས་ལུས་བོད་རྒྱ་ཆེ་མི་མང་གི་རྣམ་དཔྱོད་མཐོ་རུ་ཕྱིན་པའི་རྟགས་མཚན་གསལ་པོ་ཞིག་ཏུ་འཁུམས། དེས་ན།

    སྐབས་གསུམ་པའི་བཀའ་བློན་ཁྲི་པ་འདི། སུ་ཞིག་འདེམས་མིན་ནི། གནད་དོན་གཙོ་བོ་ཞིག་སྟེ། མང་པོ་ཞིག་གིས་རྒན་གཞོན་གཉིས་ལས་གཞོན་སྐྱེས་དང་། སེར་སྐྱ་གཉིས་ལས་སེར་བོ་དགོས་ཞེས་བརྒྱ་བཤད་སྟོང་བཤད་བྱས་ཟིན་མོད། ད་དུང་མང་པོ་ཞིག་གིས་སླར་ཡང་ཟམ་གདོང་བླ་མ་འདི་ཉིད་འདེམས་དགོས་པའི་རྒྱུ་མཚན་མང་དག་ཅིག་བགྲངས་ཡོད། བདག་ནི་འཇིག་རྟེན་པའི་ཁ་དཔེ་ལྟར། བསམ་བློ་དྲུག་གསུམ་བཅོ་བརྒྱད་དང་། བློ་རྩེ་ཉི་ཤུ་རྩ་ལྔ་སྐོར་ཡང་རུང་། འབྱུང་འགྱུར་གྱི་བཀའ་ཁྲི་ལ། ལོ་ན་རྒན་གཞོན་གྱི ཁྱད་པར་མེད་ལ། སེར་སྐྱ་ཕོ་མོའི་ཁྱད་པར་དེ་བས་ཡོད་དོན་མེད།

    ལྷག་པར་དུ། ཟམ་གདོང་བླ་མ་འདི་ཉིད་སླར་ཡང་བཀའ་ཁྲིའི་འོས་འདེམས་དགོས་པའི་རྒྱུ་མཚན་གཏན་ནས་མཐོང་།

    དེས་ན། འབྱུར་འགྱུར་གྱི་བཀའ་ཁྲི་ལ་དགོས་པའི་ཆ་རྐྱེན་ནི།

    དང་པོ། བཙན་བྱོལ་བོད་མི་མང་འདི་ཉིད་ལོ་ངོ་སྟོང་ཕྲག་དུ་མའི་རིང་གནས་དགོས་ཀྱང་། གནས་ཐུབ་པའི་ནུས་པ་ཐོན་ཐུབ་པའི་བཀའ་ཁྲི་ཞིག་དང་།

    གཉིས་པ། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོ་རང་ཉིད་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པར་བྱེད་པ་མ་ཟད། དེ་འདྲའི་གཞོན་སྐྱེས་ཚོ་མི་གཞན་གྱི་བྲན་གཡོག་མི་བྱེད་པར་རང་ཉིད་རང་གི་རྐང་པའི་ཐོག་ཏུ་ལང་ཐུབ་པའི་ནུས་པ་ཐོན་པ་ཞིག་བཟོ་དགོས།

    གསུམ་པ། འབྱུར་འགྱུར་གྱི་བཀའ་ཁྲི་གསར་པས་རང་ཉིད་ཀྱི་མཉམ་དུ་བོད་རྒྱ་འབྲེལ་ཚབ་གཞོན་སྐྱེས་ཤིག་གིས་བོད་རྒྱ་འབྲེལ་མོལ་འདི་ཉིད་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོན་ཐུབ་པ་ཞིག་ངེས་པར་དུ་འཇོག་དགོས། དེ་འདྲ་ཞིག་བྱུང་ན། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་འདི་ཉིད་ལོ་ན་རྒན་གཞོན་གྱི་ཁྱད་པར་མེད་ལ། སེར་སྐྱ་ཕོ་མོའི་ཁྱད་པར་དེ་བས་ཡོད་དོན་མེད། ལྷག་པར་དུ། ཟམ་གདོང་བླ་མ་འདི་ཉིད་སླར་ཡང་། སྐབས་གསུམ་པའི་བཀའ་བློན་ཁྲི་པར་འོས་འདེམས་དགོས་རྒྱུའི་རྒྱུ་མཚན་ཅི་ཡང་མེད།

    དེར་བརྟེན་ངས་གསལ་པོར་ཞུ་རྒྱུ་ཞིག་ལ། རྩོམ་པ་པོ་མང་པོ་ཞིག་གི་རྩོམ་ཡིག་དང་། ད་དུང་དྲ་རྒྱ་ཁག་གི་ཟིན་བྲིས་སོགས་སུ། འབྱུང་འགྱུར་གྱི་བཀའ་ཁྲིའི་ཆ་རྐྱེན་སྐོར་འབྲི་སྐབས། འབྱུར་འགྱུར་གྱི་བཀའ་ཁྲི་ཞིག་ལ། ཆ་རྐྱེན་གལ་ཆེ་ཤོས་ནི། ཤེས་ཡོན་ཧང་སང་དགོས་པ་ཞིག་དང་། བྱང་ཆུབ་པ་ཞིག་ངེས་པར་དུ་དགོས་ཞེས་གཅིག་ཁ་གཉིས་ཁ་མི་འདུག་མོད། བདག་གི་ངོས་ནས་བཤད་ན། འབྱུར་འགྱུར་གྱི་བཀའ་ཁྲི་ཞིག་ལ། ཤེས་ཡོན་གྱི་ངོས་ནས་ཧང་སང་པ་དགོས་པ་ཞིག་དང་། བྱང་ཆུབ་པ་ཞིག་དགོས་པ་གཏན་ནས་མ་མཐོང་། དཔེར་ན། ཕྱི་ཡི་རྒྱལ་ཁབ་ཨ་རི་སྲིད་འཛིན་ཟུར་པ་བྷུ་ཤི་ལྟ་བུ་ལ་མཚོིན་ན། མཐོ་སློབ་ཆེན་པོ་ཞིག་ནས་ཐོན་པ་ཡིན་ཀྱང་། ཤེས་ཡོན་གྱི་ངོས་ནས་ཧང་སང་དགོས་པ་ཞིག་དང་བྱང་ཆུབ་ཞིག་ཡོད་པ་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་བཤད་སྲོལ་མེད་ལ། ངས་ཀྱང་གཏན་ནས་གོ་མྱོང་མེད།

    མདོར་བསྡུས་ན། གོང་གི་ཆ་རྐྱེན་རྣམས་ཚང་པའི་ཐོག་ནས་སྲིད་དོན་ལ་བྱང་ཆུབ་པ་ཞིག་དང་། ད་དུང་བཤད་འདོད་དང་བརྗོད་འདོད་ཀྱི་སྤོབས་པ་ལྡན་པའི་གློ་ཁོག་ཆེན་པོ་ཞིག་དང་། མ་ཟད་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པར་བོད་མི་དག་མ་ཞིག་ངེས་པར་དུ་དགོས་ཀྱི་འདུག་སྙམ་མོ།

    ལི་ཐང་ངག་དབང་དབྱིག་གཉེན་ནམ། མིང་གཞན་བོད་ཀྱི་བརྩེ་སེམས་སུ་འབོད་པས། ༢༠༡༠ལོའི་ཟླ་བ་གསུམ་པའི་ཚེས་བཅུའི་སུམ་བཅུ་དུས་དྲན་ཉིན་རང་ཤག་ཏུ་བྲིས།

  6. ལི་ཐང་དབྱིག་གཉེན། says:
    2010-04-13 at 6:33 am

    དགོང་དག་ངས་ནོར་འདུག
    ང་ཁ་རྡ་དྲ་ཚིགས་སུ་ཡོང་བ་ཐེངས་དང་པོ་ཡིན་
    འདི་བསུབ་རོགས་

  7. ལི་ཐང་དབྱིག་གཉེན། says:
    2010-04-13 at 6:42 am

    ཁ་རྡ་ཚང་གིས། གོང་གི་རྩོམ་འདི་རྩོམ་ནང་བཞག་གནང་ཡོང་འཚལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme