Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།

Posted on 2012-10-192012-10-19 By ཁ་བརྡ་ 22 Comments on ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།

ཤིས་ཚང་ལྗང་མྱུག

(ཉེ་ལམ་བརྡ་སྤྲོད་སྐོར་གྱི་བགྲོ་གླེང་ཞིག་གི་སྐབས་གྲོགས་པོ་རྡོ་རྗེས་དྲིས་ཞེས་པའི་བྱ་ཚིག་གི་སྐུལ་ཚིག་ལ་ཐྲིས་ཞེས་བྲིས་ན་འགྲིག་མིན་གྱི་དོགས་འདྲི་ཞིག་བྱས་སོང་ལ། དེ་དང་འབྲེལ་ཏེ་དགག་སྒྲུབ་གཉིས་ཕྱོགས་ནས་དེར་བསམ་ཚུལ་འདོན་པའི་དྲ་གྲོགས་མང་དག་ཅིག་འུར་ཆེམ་མེར་སོང་ཡོད། ཁོ་བོར་མཚོན་ན་གྲོགས་པོའི་དོགས་འདྲི་དེ་ནི་སྔ་ས་ནས་སེམས་ངོར་ལྷུང་ཞིང་ཁ་སྒོར་འབུད་མ་ཐུབ་པའི་རྨོངས་འཆར་རིགས་ཤིག་ཡིན་ལ། དེ་རིང་གྲོགས་པོས་དྲ་གྲོགས་ཐུན་མོང་ལ་དོགས་འདྲི་གནང་བ་དེས་ང་ལ་ཆེད་དུ་བསམ་ཚུལ་འདི་འདི་ལྟར་འབྲི་བར་དྲན་སྐུལ་བྱས་པ་དང་འདྲ་སོང་།)

ཐོག་མར་གླེང་སློང་བ།
དེ་ཡང་སློབ་དཔོན་ཐོན་མིས་བོད་ཡིག་དབྱངས་གསལ་སོ་བཞི་གོ་རིམ་དང་བཅས་གཏན་ལ་ཕབ་ཅིང་། རྐྱང་བརྩེགས་འདོགས་ཀྱི་རྣམ་བཞག་ཞིབ་པར་ཕྱེ་སྟེ་བསྟན་པའི་ཁྲོད་འདོགས་ཅན་བཞི་དང་། དེའི་ནང་ནས་ར་ཡི་འདོགས་ཅན་ ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་སྟེ་བཅུ་གཅིག་(མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་ར་བཏགས་བཅུ་གཅིག་ལས་བགྲང་མི་འདུག་མོད། གཞན་དུ་ནྲ་དང་མྲ་གཉིས་བསྣན་ཏེ་བཅུ་གསུམ་དུ་བགྲང་མཁན་ཡོད།)གསུངས་པ་ལས་ཏྲ་དང་ཐྲ། ཧྲ་བཅས་ད་སྔ་འཇུག་པ་ཆེས་ཉུང་བར་བརྡ་སྤྲོད་སྨྲ་བ་སུས་ཀྱང་འདོད་ལ། སྐབས་བབ་ཀྱི་གླེང་བྱ་ཐྲ་ཡིག་གི་འཇུག་དོན་ལ་ད་སྔ་ཐྲ་ཐྲ་དང་ཐྲིག་ཐྲིག་ལྟ་བུ་ལས་གཞན་པའི་འཇུག་དོན་ཡོད་རབས་གླེང་བའི་ཡིག་ཆ་གང་ཡང་མཐོང་ཐོས་མ་བྱུང་། ཡིན་ནའང་། ང་ཚོས་ད་ལྟའི་ཨ་མདོའི་ཡུལ་སྐད་འགར་དཔྱད་ཞིབ་རེ་བྱས་པ་ན་ཐྲ་ཡིག་གི་སྒྲ་ཞིག་རྒྱུན་དུ་འཚོ་བའི་ཁྲོད་བཀོལ་དང་འཁོལ་གྱིན་འདུག་ལ། རྣ་བའི་བུ་གར་རྒྱུན་དུ་ཐོས་དང་ཐོགས་ཀྱིན་འདུག་པས་ང་ཚོས་ད་སྔ་ཐྲ་ཐྲ་དང་ཐྲིག་ཐྲིག་གི་སྒྲ་ལས་འཇུག་དོན་གཞན་མེད་ཤག་བྱས་པའི་ཐྲ་ཡིག་གི་སྐོར་ལ་བསྐྱར་དུ་བརྟག་ཞིབ་གསར་བ་ཞིག་བྱེད་དགོས་པར་འདོད། དེ་ལྟར་གཟབ་ཀྱིས་མཉན་ཞིང་ཞིབ་ཏུ་བརྟག་ན་ང་ཚོས་ཨ་མདོའི་ཡུལ་སྐད་ཁྲོད་དུ་ཐྲ་ཡིག་གི་སྒྲ་ཞིག་ཡོད་པ་ཁས་ལེན་མི་བྱེད་རང་བྱེད་ཡིན་ལ། དེ་ཡང་བྱ་བ་གང་ཞིག་ལ་སྐུལ་བར་བྱེད་པའི་སྒྲ་ཞིག་ཡིན་པར་དེ་བས་ཀྱང་བསྙོན་དུ་མེད། ཡིན་ནའང་། རྩོམ་པ་བོ་ཧོར་གཙང་འཇིགས་མེད་ཀྱིས་བཤད་པ་ལྟར་སྤྱིར་ང་ཚོར་ཁ་སྐད་མང་བོ་ཞིག་ངག་ནས་བརྗོད་པ་ཙམ་ལས་ཡིག་ཐོག་ཏུ་དབབ་རྒྱུ་མེད་པ་ལྟ་བུའི་གོམས་གཤིས་ཤིག་རྒྱུན་འབྱམས་སུ་སོང་ཡོད་པའི་ཁར། མདོ་སྨད་དུ་བཀོལ་ཤུགས་ཆེས་པའི་སྐད་ཅིག་དབུས་གཙང་བས་ཡིག་ཐོག་ཏུ་མི་འབྲི་བ་དང། དབུས་གཙང་དུ་བཀོལ་ཤུགས་ཆེས་པའི་སྐད་ཅིག་མདོ་སྟོད་པས་ཆ་འཇོག་མི་བྱེད་པའི་དབང་བཅས་ཀྱིས་ཐྲ་ཡིག་གི་སྒྲ་འདིའང་ད་བར་ངག་ཐོག་ཁོ་ན་ལས་ཡིག་ཐོག་ཏུ་འཇུག་དོན་ཆེས་ཉུང་བའི་གྲས་སུ་ཡིན་ཤག་བྱས་ཏེ་བཞག་པ་ཡིན་པར་སྙམ། ངས་འདི་ལྟར་བརྗོད་པ་ནི་ང་ཚོས་ཁ་སྐད་ཐམས་ཅད་ཡིག་ཐོག་ཏུ་འབྲི་དགོས་ཞེས་གླེང་བསླངས་པ་མིན་ལ། ཨ་མདོ་བའི་ཁ་སྐད་དབུས་པས་སྤྱོད་དགོས་པ་དང་། དབུས་པའི་ཡུལ་སྐད་མདོ་སྟོད་པས་བཀོལ་དགོས་པར་གྲོས་འགོ་བཏོན་པའང་མིན་པར། ད་སྔ་ར་འདོགས་ཅན་གྱི་ཡི་གེའི་ཁྲོད་ཀྱི་འཇུག་པ་ཆེས་ཉུང་བར་འདོད་པའི་ཐྲ་ཡིག་གི་འཇུག་དོན་འགའ་སོ་སོར་རྒྱུ་མཚན་གསལ་བྱེད་དང་བཅས་ཏེ་གླེང་འདོད་པ་ཡིན།

༡ དཔྱད་ཞིབ་བྱ་འོས་པའི་ཐྲ་ཡིག་གི་འཇུག་པ་འགའ།
༡ དྲི་བ་སོགས་འདྲི་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ། དཔེར་ན། མི་ཤེས་ན་རྒན་ལ་ཐྲིས། ཞེས་པ་ལྟ་བུ།
༢ ཐག་པ་སོགས་ཀྱིས་འདྲུད་པར་བྱ་བའི་སྐུལ་ཚིག་ལ་འཇུག་པ། དཔེར་ན། ཤིང་རྟ་ཐྲུད། ཅེས་པ་ལྟ་བུ།
༣ ཅ་དངོས་གཞན་ལ་ཆགས་པའི་དྲེགས་པ་སོགས་འདྲལ་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ། དཔེར་ན། ཚི་དྲེགས་ཐྲོལ། ཅེས་པ་ལྟ་བུ།
༤ རས་སོགས་འདྲ་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ། དཔེར་ན། ཤོག་བུ་ཐྲེས། ཞེས་པ་ལྟ་བུ།
༥ དོང་ནང་ནས་ས་སོགས་ཕྱིར་འདོན་པའམ་འདྲུ་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ། དཔེར་ན། ས་དོང་ནས་ཐྲུས། ཞེས་པ་ལྟ་བུ།
༦ སྐུ་མགྲོན་སོགས་གདན་འདྲེན་པར་བྱ་བའི་སྐུལ་ཚིག་ལ་འཇུག་པ། དཔེར་ན། མཁས་དབང་ག་གེ་མོ་གདན་ཐྲོངས། ཞེས་པ་ལྟ་བུ།
འདི་དག་ནི་ཁོ་བོས་ཐོག་མའི་རྩོམ་བྱང་དུ་བསྟན་དོན་ལྟར་སྐབས་དོན་གླེང་འདོད་པའི་ཐྲ་ཡིག་གི་འཇུག་པ་འགའ་ཡིན་ལ། ད་སྔ་མཁས་པ་སུས་ཀྱང་གླེང་སློང་མ་བྱས་པའི་དོགས་གནད་རིགས་ཤིག་ཀྱང་ཡིན་སྲིད་པས་བོད་ཀྱི་བརྡ་སྤྲོད་གཞུང་ལ་འཇུག་པ་ཡངས་པའི་དཔྱོད་ལྡན་ཚོས་ཅིས་ཀྱང་ང་དང་བསམ་ཕྱོགས་གཅིག་པའི་གྲོགས་པོ་ཚོའི་རྨོངས་འཆར་འདིར་སྙན་དབང་ལན་ཅིག་གཡོར་བའི་རེ་བ་བྱེད་ཀྱིན་ཡོད། དེ་མིན་སྔོན་གྱི་གསུང་རབ་བསྟན་བཅོས་གང་དུའང་གོང་བཀོད་སྐུལ་ཚིག་དེ་དག་བྲིས་མེད་པ་དང་། ཐྲིས་དང་། ཐྲུད། ཐྲོལ། ཐྲེས། ཐྲུས། ཐྲོངས། ཞེས་པའི་ཡི་གེ་འདི་དག་སྔོན་ཆད་མེད་པ་བཅས་རྒྱུ་མཚན་དུ་བཀོད་དེ་བསམ་ཚུལ་ལ་དགག་པ་གཏོང་བ་ནི་ནམ་དང་གཞར་ཡང་ཁས་ལེན་ཐབས་མེད་ལ། ཁྱོད་ཀྱི་ བསམ་ཚུལ་དང་མི་མཐུན་པའི་རྒྱུ་མཚན་དེ་ཙམཞིག་ལས་མེད་ན་དེ་ནི་ཁྱོད་ཀྱིས་བསམ་ཚུལ་ཨ་འཐས་སུ་བཟུང་བ་ཙམ་ལས་ཁུངས་ཐུབ་དཔང་ཕེར་གྱི་རྒྱུ་མཚན་གཞན་འཆད་རྒྱུ་མེད་པར་ངོས་འཛིན་རྒྱུ་ཡིན།

༢ ཐྲ་ཡིག་གི་འཇུག་དོན་དུ་འོས་པའི་རྒྱུ་མཚན་འགོད་པ།
གོང་དུ་བཀོད་པའི་ཐྲ་ཡིག་གི་འཇུག་པ་སྟེ་སྐུལ་ཚིག་ཏུ་གླེང་བ་དེ་དག་གནས་ལུགས་རྒྱུ་མཚན་གང་ཡང་མེད་པར་ཚོད་ཚོད་ལ་སྣང་བ་གང་དྲན་གྱིས་བརྗོད་པ་མིན་ལ། ཡང་གསར་ཞེན་གྱི་ལྟ་བའི་ལྷད་ཀྱིས་བྱ་ཚིག་གི་དུས་གསུམ་ཁག་ཅིག་ལ་གསར་བརྗེ་བྱ་འདོད་པའང་དེ་བས་ཀྱང་ག་ལ་ཡིན། ཡང་རང་ཉིད་ཨ་མདོ་བ་ཞིག་ཡིན་པས་ཨ་མདོའི་ངག་ཐོག་གི་སྐད་ཆའི་དུང་ཞེན་གྱི་དབང་དུ་ལྷུང་དྲགས་པས་ཀྱང་མིན་པར་དཔྱད་ཞིབ་བློ་ཡིས་འདིར་ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བར་རྒྱུ་མཚན་གང་ཡོད་གཤམ་ནསརེ་རེ་བཞིན་སྤྲོ་བར་བྱ།
༡ སྤྱིར་བྱ་ཚིག་གི་དུས་གསུམ་སྐབས་གཞི་རྩའི་མིང་གཞིའི་སྡེ་བ་བཞི་བ་ཡན་ཆད་དང་། སྡེ་བ་ལྔ་བའི་ཙ་སོགས་གསུམ་གོང་གི་སྡེ་བ་གཉིས་པའི་ཅ་སོགས་གསུམ་ལ་སྦྱར་བའི་རིམ་པ་ཅན་གྱི་ཕོ་མོ་མ་ནིང་གི་ཡི་གེ་དག་བྱ་ཚིག་ཏུ་གྲུབ་སྐབས་རིམ་པ་བཞིན་ཕོ་ཡིག་དག་འདས་པ་དང་། མ་ནིང་དག་སྐུལ་ཚིག མོ་ཡིག་དག་ད་ལྟ་བ་བཅས་སྟོན་པའི་མིང་གཞིར་འགྲོ་བ་བཞིན་འདིར་་ཐྲ་ཡིག་གི་འཇུག་པ་དག་ཀྱང་བྱ་ཚིག་དེ་དག་གི་སྐུལ་ཚིག་ཏུ་བྲིས་ན་གོང་བརྗོད་གོ་རིམ་དེ་དང་ཧ་ཅང་མཐུན་ཤས་ཆེ།
༢ སྤྱིར་བྱ་ཚིག་གི་དུས་གསུམ་སོ་སོའི་མིང་གཞི་འགྱུར་བ་དང་མི་འགྱུར་བའི་རིགས་གཉིས་ཡོད་པ་ལས། གཟུགས་འགྱུར་བའི་བྱ་ཚིག་ཡིན་ན་དུས་གསུམ་གའི་མིང་གཞི་ལ་འགྱུར་བ་འགྲོ་དགོས་པའི་ངེས་པ་གཏན་ནས་མེད་མོད། འོན་ཀྱང་། བྱ་ཚིག་གཅིག་འདས་སྐུལ་གཉིས་ལ་འཇུག་སྐབས་ཚིག་གྲོགས་ཤིག་ལ་མ་བརྟེན་ན་སྐབས་རེར་འདས་པ་དང་སྐུལ་ཚིག་གཉིས་ཕན་ཚུན་འཁྲུལ་ཉེན་ཧ་ཅང་ཆེ་བས་གོང་བརྗོད་སྐུལ་ཚིག་དེ་དག་གིས་འདས་སྐུལ་གཉིས་ཕན་ཚུན་འཁྲུལ་དོགས་མི་ཡོང་བའི་དགོས་པ་ལྷག་པོ་ཡོད། གལ་ཏེ་ཁྱོད་ཀྱིས་འདས་སྐུལ་གཉིས་གཅིག་ཏུ་འབྲི་སྐབས། དཔེར་ན། ཤིང་རྟ་དྲུད། ཅེས་བརྗོད་པའི་ཚེ་དྲུད་ཅེས་པའི་བྱ་ཚིག་དེས་ཤིང་རྟ་དྲུད་ཟིན་པའམ། ཡང་ན་ཤིང་རྟ་འདྲུད་་པར་སྐུལ་བའི་དོན་གང་ཡིན་མི་ཤེས་པས་དེའི་སྐུལ་ཚིག་ལ་ཐྲུད་ཅེས་བརྗོད་ཚེ་དྲུད་ཟིན་པའི་དོན་དུ་གོ་མི་དགོས་པར་འདྲུད་པར་སྐུལ་བའི་དོན་དུ་ངང་ངམ་ཤུགས་ཀྱིས་གོ་ཐུབ་པ་ལྟ་བུ་ཡིན། དེ་བཞིན་དུ་དྲིས་དང་ཐྲིས། དྲེས་དང་ཐྲེས། དྲུས་དང་ཐྲུས་བཅས་ལའང་རིགས་བསྒྲེའོ།།
༣ ང་ཚོའི་ཡི་གེ་ནི་ཐོག་མར་བོད་དམངས་ཁྲོད་ཀྱི་སྐད་ཆའི་འགྲོས་དང་མཐུན་པར་བརྩམས་པ་ཡིན་མོད། འོན་ཀྱང་། བོད་སིལ་བུར་འཐོར་བ་དང་། དུས་ཀྱི་འགྱུར་བའི་དབང་གིས་ཡུལ་ལུང་སོ་སོའི་སྐད་བརྡ་སོ་སོར་གྱེས་པའི་རྐྱེན་གྱིས་བོད་ཆོལ་ཁ་གསུམ་ལ་ཐུན་མོང་གཅིག་གྱུར་གྱི་སྤྱི་སྐད་ཅིག་ཆགས་ཐུབ་མེད་ལ། མདོ་དབུས་ཁམས་གསུམ་གྱིས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་སྣང་ཚུལ་ཞིག་འུ་ཚོ་ཐུན་མོང་གི་མིག་སྔའི་དཀའ་ངལ་གྱི་གནད་ཅིག་ཆགས་ཡོད། ཡིན་ནའང་། ང་ཚོས་ཡིག་སྐད་དང་མཐུན་པ་གང་ཞིག་ལ་ཡིག་ཐོག་ཏུ་མེད་པར་ངག་ཐོག་ཁོ་ནར་སྤྱོད་བཞིན་པའི་རིགས་ཆོལ་གསུམ་ཐུན་མོང་གིས་སྤྱོད་ཀྱིན་ཡོད་མེད་གང་ལྟར་ཡང་ཅིས་ཀྱང་ཡིག་ཐོག་ཏུ་འགོད་དགོས་པར་འདོད་པས། འདིར་གླེང་བྱར་གྱུར་པའི་ཐྲ་ཡིག་གི་འཇུག་པ་དག་ཀྱང་ཨ་མདོའི་ཡུལ་སྐད་ཀྱི་འགྲོས་ལས་གསལ་ལེར་ལྷང་ངེར་ཐོས་ཐུབ་པའམ། སྒྲ་ཐོན་པ་ཞིག་ཡིན་པས་འདི་དག་ཡིག་ཐོག་ཏུ་འབྲི་བ་ནི་འགྲོས་མ་མཉམ་པའི་ངག་ཐོག་གི་སྐད་དང་ཡིག་ཐོག་གི་སྐད་བྱེ་བྲག་པ་གཉིས་བར་ཐག་ཉེ་རུ་སྦྲེལ་བའི་ཁྱད་པར་ཡོད།
༤ ར་ཡི་འདོགས་ཅན་གྱི་ཡི་གེའི་ཁྲོད་ཐྲ་ཡིག་བགྲང་བར་མཁས་པ་རྣམས་ཀྱི་བཞེད་པ་གཅིག་མཐུན་ཡིན་ལ། ཐྲ་ཡིག་ལ་དབྱངས་ཞུགས་པའི་ཡི་གེ་སྔོན་ཆད་ཡོད་པ་ནི་ཐྲ་ཐྲ་དང་ཐྲིག་ཐྲིག་གི་སྒྲ་ཞེས་མཚན་གཞིར་བགྲང་བ་དེ་ལས་ཤེས་པས་ཐྲ་ཡིག་ལ་གི་གུ་ཞུགས་ཆོག་ན་དབྱངས་གཞན་རྣམས་ཞུགས་མི་ཆོག་པའི་རྒྱུ་མཚན་མེད་པར་སྙམ།
༥ འུ་ཚོའི་མཁས་པ་སྔ་མ་ཚོས་ཐྲ་ཡིག་ནི་འཇུག་པ་ཆེས་ཉུང་བའི་ར་ཡི་འདོགས་ཅན་གྱི་ཡི་གེར་བཞེད་པ་ན་ཅིས་ཀྱང་ཐྲ་ཐྲ་དང་ཐྲིག་ཐྲིག་གི་སྒྲ་ལས་འཇུག་པ་གཞན་ཡོད་མེད་འཚོལ་མི་ཆོག་པ་མེད་ལ། འཇུག་པ་ཉུང་བར་བསྟན་ན་གོང་གི་འཇུག་དོན་རེ་གཉིས་དེ་ལས་གཞན་ཡོད་མི་ཆོག་པ་ཞིག་ག་ལ་ཡིན། ཡང་གཅིག་བཤད་ན་མཁས་པ་སྔ་མ་ཚོས་གླེང་མེད་པ་ཞིག་ང་ཚོས་གསར་དུ་གླེང་མི་ཆོག་པ་ཞིག་ནི་དེ་བས་ཀྱང་ག་ལ་ཡིན་སྙམ་པས་འདིར་ཐྲ་ཡིག་གི་འཇུག་དོན་འགའ་རྒྱུ་མཚན་དང་བཅས་ཏེ་གླེང་བར་ལེགས་པའི་ཆ་ཞིག་མེད་ནའང་ཉེས་པའི་ཆ་གང་ཡང་མེད་པར་འདོད་དོ།།

༣ སྐད་ཆ་རེ་གཉིས་ཟུར་དུ་གླེང་ཞོར་མཇུག་བསྡུ་བ།
གོང་བརྗོད་ཐྲ་ཡིག་གི་འཇུག་དོན་དེ་དག་ལས་འགའ་ཤས་ཤིག་ནམ་རྒྱུན་འདས་ཚིག་དང་སྐུལ་ཚིག་སོ་སོར་ཡོད་པའི་རིགས་ཡིན། དེ་ཡང་དཔེར་ན། མཁས་པ་སོགས་གདན་འདྲེན་པའི་སྐུལ་ཚིག་ལ་དྲོངས་དང་། ཚི་དྲེགས་སོགས་འདྲལ་བར་བྱ་བའི་སྐུལ་ཚིག་ལ་ཚིག་མཛོད་ཁག་ཏུ་དྲོལ་ཅེས་བྲིས་པར་གསལ་མོད། དེ་ཡང་ངག་ཐོག་གི་སྐད་ཆའི་འགྲོས་དང་བསྟུན་ན་མཁས་པ་གདན་ཐྲོངས་དང་། ཚི་དྲེགས་ཐྲོལ་ཅེས་ཐྲ་ཡིག་གི་སྒྲ་གསལ་བར་ཐོན་པས་དྲོངས་དང་དྲོལ་གྱི་ཚབ་ལ་ཐྲོངས་དང་ཐྲོལ་ཅེས་བྲིས་ན་ལེགས་པར་མཐོང་བ་ཡིན། འདི་དག་ནི་གོང་དུ་བརྗོད་པ་ལྟར་ཁོ་བོས་འོལ་ཚོད་དང་བབ་ཅོལ་དུ་སྨྲ་བ་ཙམ་མ་ཡིན་པར་རང་གི་རྨོངས་བློར་འཆར་ཚུལ་ལ་རང་ངོས་ནས་རྒྱུ་མཚན་རེ་འགའ་མཐོང་སྟེ་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཚོགས་ལ་ལྷག་བསམ་དག་པས་བསམ་ཚུལ་ཞིག་ཕུལ་པ་ཡིན་པས་དགོངས་འཆར་ལྷུག་པོར་སྩོལ་བའི་རེ་བ་ཡོད།
༢༠༡༢ ལོའི་ཟླ ༡༠ ཚེས་ ༡༩ ཉིན་གུང་རང་ཤག་ཏུ་བྲིས།

དཔྱད་རྩོམ།

Post navigation

Previous Post: ལོ་ལྔ་འདི་ལྟར་རྫོགས་སོང་།
Next Post: གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།

Comments (22) on “ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།”

  1. ཨ་ར་དཀར་པོ says:
    2012-10-19 at 9:28 am

    འདི་ནས་ཐྲ་ཡིག་ཕར་ཞོག་ཕྲིས་ཞེས་པ་འདིའང་འབྲི་བའི་སྐུལ་ཚིག་རེད་ཟེར་ན་ཁས་ལེན་མཁན་དཀོན་སེ་རེད།

  2. མགོན་པོ་ཕྱག་གཉིས་པ། says:
    2012-10-19 at 9:59 am

    ཐྲ་ཡིག་དང་འབྲེལ་བའི་འཇུག་པ་གླེང་སྐབས་ ་་ཐྲ་་་ཡི་སྐོར་གླེང་རྒྱུ་ཆད་འདུག ཐྲ་ཁུང་། དར་ཐྲ། རྩམ་ཁུག་ཐྲ་བོ་ཞིག་ལྟ་བུ་ཡང་འདུག ཨ་མདོའི་སྐད་ནང་ཡིག་ཐོག་ཏུ་འབྲི་རྒྱུན་མེད་པ་ཧ་ལས་པའི་མང་པོ་ཡོད་རེད། ད་སྔའི་ཆ་མི་ཚང་བའི་དུས་གསུམ་དང་གཞན་པའི་སྐོར་ལ་ཁ་གསབ་བྱེད་འོས་པ་མང་ཞིག་མཐོང་།
    ལྟ་ཚུལ་མི་མཐུན་པ་ཞིག་ནི། ངས་བལྟས་ན་ཐོག་མར་སྐད་གཅིག་གྱུར་ཡིན་པ་ཞིག་ཁ་ཐོར་དུ་ཕྱིན་པ་ཞིག་མིན་པར་འདོད། ཁ་ཐོར་ནས་གཅིག་གྱུར་ལ་ཕྱོགས་བཞིན་པ་ཞིག་ཏུ་མཐོང་། ཨམ་སྐད་མང་པོ་ཞིག་ཡིག་ཐོག་ཏུ་ཡོང་ཐུབ་མེད་པའང་ཐོག་མའི་ལོ་ཙྰ་བ་རྣམས་མངའ་རིས་དང་དབུས་གཙང་ཁུལ་ནས་ཡིན་པས་དེ་ཕྱོགས་ཀྱི་སྐད་ཕལ་ཆེ་བ་ཞིག་ཡིག་ཐོག་ཏུ་ཡོང་ཐུབ་ཡོད་ནའང་ཨམ་སྐད་མང་པོ་ཞིག་ཡིག་ཐོག་ཏུ་སླེབས་མ་ཐུབ་པར་ལུས་པ་རེད་འདོད།

  3. མགོན་པོ་ཕྱག་གཉིས་པ། says:
    2012-10-19 at 10:11 am

    ཨམ་སྐད་ནང་ཟེར་བའི་འདས་ཚིག་ལ་བཟེས་དང་སྐུལ་ཚིག་ལ་རྫོའམ་ཟོས་ཟེར་བ་དེའང་ཡིག་ཐོག་ཏུ་འབྲི་རྒྱུན་མེད་པ་རེད། ཞིང་ལས་འབྲོག་ལས་དང་འབྲེལ་བའི་ཐ་སྙད་ཕལ་ཆེ་བ་ཞིག་ལ་ཡིག་ཐོག་ཏུ་འབྲི་རྒྱུན་མེད་པ་དེ་ཚོ་ག་རེ་བྱེད་དགོས་པ་རེད། དཔེར་ན། ལྕི་བ་ལ་ལྕོ། ལྕི་བ་འཁྱག་པ་ལ་ཝ་ཐི། ལྕི་བ་སྐམ་པོ་ལ་ལྕི་ཐོ། ལྕི་སྤུངས། ལྕི་སྐམ་སོགས་མེ་འབུད་ཆོག་ཆོག་ལ་ཨོང་ང་། ད་རུང་ལྕི་བ་ཐང་དུ་སྲབ་པར་བྱུགས་ནས་སྐམ་འཇུག་པ་ལ་ཐང་ས། དེ་སྐམ་ཚར་དུས་བཀོག་ཡོང་བ་ལ་ཁོ་ཤོག་ཟེར་བ་དག་དང་། ཐ་ན་རྟ་ཡི་རྟི་ལི་ཡི་འབྲི་རྒྱུན་ཡང་མེད་པའོ། རྟ་ལུད། རྟ་སྦངས་ཟེར་ནས་སྐད་གཞན་ཞིག་བྲིས་བསྡད་ཡོད་པ་རེད།

  4. མེ་ཏོག་དཀར་པོ། says:
    2012-10-19 at 10:17 am

    ཐྲིག

  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-10-19 at 10:43 am

    དྲ་གྲོགས་ཤིས་ཚང་ལགས།
    ཁྱེད་ཀྱིས་གསུང་པ་དག་ལ་ངས་རྒྱབ་སྐྱོར་ཞུ་གི་ཡིན། རྒྱུ་མཚན་ནི་ང་ལ་ཡང་འདི་འདྲ་བའི་ཕྱོགས་སུ་བསམ་བློ་མང་པོ་འཁོར་གྱིན་ཡོད་པས་ཡིན།

  6. ལེགས་བཤད། says:
    2012-10-19 at 3:04 pm

    ཡག་པོ་བྲིས་གནང་པར་མངོན་པར་བསྟོད་དོ། །མིང་ཚིག་གི་འཇུག་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡིན་པས་མཐའ་གཅིག་ཏུ་བཀའ་བསྟན་བཅོས་ཀྱི་སྒོ་དང་བསྟུན་པ་ཡང་ཡིན་མི་དགོས་ལ། མཐའ་གཅིག་ཏུ་ཁ་སྐད་དང་བསྟུན་པ་ཡང་ཡིན་མི་དགོས་པས། དཔེར་ན་དམ་ཆོས་འདུལ་བའི་སྐབས་སུ། ངན་མ་ཟེར་ན་ཟས་ལྷག་མ་ལ་གོ་བ་དང་། ཏེ་བོར་ནི་ཤིན་ཏུ། གཏམ་མི་འདྲེ་བ་ནི་ཚིག་མི་སྨྲ་བ། མཐང་གོས་ནི་ཤམ་ཐབས། བླ་གོས་ནི་ཆོས་གོས། ཚང་མང་ནི་ཐབ་ཚང་། བསོད་པ་ནི་བཟང་པོ། སྨེ་བ་ནི་མི་གཙང་བ། སྐྱུགས་པ་དང་རླུགས་པ་ནི་ཟས་མ་ཞུ་བར་གྱེན་དང་ཐུར་དུ་བྱུང་བ། མིག་རློ་བ་ནི་ཕྱིར་འཕྱང་བ། ཟ་མ་ནི་དབང་པོ་ལས་སུ་མི་རུང་བ། བསྩལ་བ་ནི་བསལ་བ། ཉུག་པ་ནི་རེག་པ། རྟུལ་བར་བྱེད་པ་ནི་རྩོལ་བར་བྱེད་པ། བརྟད་པ་ནི་གློ་བུར་བ། མ་བཅེམ་པ་ནི་སོས་མ་བལྡད་པ། བརྟུལ་བ་ནི་བསྡུས་པ་སྟེ་བསྡུ་སྐོང་བྱས་པའི་དོན། བསྲུལ་བ་ནི་འགྲོག་འདྲིས་བྱེད་པ། བསྒྱང་བ་ནི་དུས་ཚོད་རིང་དུ་བཏང་བ། ། ཕྱམ་ནི་ཁ་བའི་ལྕམ། སོགས་སྔོན་གྱི་ལོ་ཙཱ་པས་བོད་བསྒྱུར་མཛད་པའི་མིང་ཚིག་དེ་དག་དེང་སང་ཧ་ལམ་དུ་བེད་མེད་དུ་གྱུར་ཡོད་པ་དང་དེ་དག་གི་རྗེས་འདེད་བྱེད་པ་ཡང་ལས་སླ་པོར་མེད་པས། འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གི་ཐ་སྙད་བྱུང་སྟངས་སྐོར་སུས་ཀྱང་མཐའ་ཆོད་པར་བཤད་དཀའ་བས། སྔོན་གྱི་གསུང་རབ་བསྟན་བཅོས་གང་དུའང་མེད་པའི་མིང་ཚིག་མང་པོ་ཞིག་ཕྱིས་སུ་བྱུང་བ་ཡང་ཡོད་ལ། གཙོ་བོར་འཚོ་བའི་དགོས་མཁོ་དང་ལག་ལེན་ཉེར་སྤྱོད་ལ་བརྟེན་ནས་བྱུང་བ་དང་འབྱུང་ཆོག་པ་ཞིག་རེད། དཔེར་ན། འདུལ་བའི་ཆོས་སྐད་ལ་དགེ་སློང་གིས་ལྷམ་གྱི་ཐྲིག་ཐྲིག་གི་སྒྲ་མི་བྱ་བ་ལྟ་བུ་རེད།

  7. ཐུ་བ་རྒྱ་མཚོ། says:
    2012-10-19 at 3:08 pm

    འདི་དང་ཆ་འདྲ་བ་ད་རུང་མང་ན་ཡང་། ཡིག་ཐོག་ཏུ་བཀོད་མིན་དེ་ཡིག་འབྲི་བ་ཚོར་རག་ལས་ཡོད་པ་ཞིག་རེད། ངས་བྱས་ན། ངག་རྒྱུན་ལ་ཡོད་པའི་དུས་གསུམ་གྱི་བརྡ་སྤྲོད་རྣལ་མ་དག་ཡི་གེར་ཕབ་རྐྱང་བྱེད་དགོས་པ་རེད། དེ་འདྲ་བྱས་ན་ད་གཟོ་གཞི་ནས་བོད་སྐད་གཅིག་ལ་ཕན་ཐོགས་འབྱུང་གི་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-19 at 3:17 pm

    བསྩལ་བ་ནི་བསལ་བ། ཡིནད་ཙང་། རྒན་ལ་དྭགས་པས། སྩལ། སྩོལ། སྩལ། སྩོལད། ཡིན་པ་ལས། བསྩལ་བྱ། སྩོལ་བྱེད། བསྩལད་ཟིན། སྩོལད་ཅིག ཅེས་པ་ཞིག་མེད་པའི་ཁུངས་ཀྱང་དེ་ཡིན་ངེས་སོ། །

  9. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-10-19 at 4:46 pm

    ད་དུང་ད་སྐབས་ཧ་ཅང་སྤྱོད་གོ་ཆེ་རུང་དེའི་ཚིག་རྣལ་མ་བེད་མེད་འགྲོ་བཞིན་པ་ཞིག་ནི་ corruption ལ་གསུག་རྫོང་བ་དང་ལེན་པ་འདི་རེད།

  10. ཨ་རིག་དགེ་མཐོང་གིས། says:
    2012-10-19 at 9:04 pm

    ཨ་ཨ་མགོ་པོ་ཕྱག་གཉིས་འདི་དངོས་གནས་འབྲོག་པ་ཤེས་ཡོན་པ་ཞིག་རེད། ཨོང་ངའི་མིང་ཚིག་འདི་དག་ཡིག་ཐོག་ཏུ་ཅི་བཞིན་ཕབ་མཁན་ཁྱེད་དང་རེ་ཟུང་ཙམ་ཡིན། རྨ་ལྷོའི་བུད་མེད་རྩོམ་པ་པོ་བདེ་སྐྱིད་སྒྲོལ་མའི་སྙན་ངག་གི་མིག་ཆུ་ཞེས་པའི་དེབ་དང་། ཉེ་སྔོན་ཐོན་པའི་རྩྭ་ཐང་གི་བརྩེ་བ་འབོད་པའི་དེབ་ཀྱི་ནང་དུ་ཐ་སྙད་འདི་རིགས་བེད་སྤྱད་བཏང་འདུག་པསཀློག་སྤྲོ།

  11. གཉན་གཡག་ཕྲུག says:
    2012-10-19 at 9:09 pm

    ༄༅།། ད་ཡིན་ན་འདུག་ག །རང་དབང་དང་ལྡན་ཞིང་དུས་ཚོད་མང་དྲག་ན་བཟོ་བཅོས་སྣ་མང་བྱེད་པ་འདི་དེང་སྐབས་མཁས་འདོད་ཅན་གྱི་ནད་ངན་ཞིག་ཡིན་པ་འདྲ། ཡུལ་སྐད་དང་། གྲོང་སྐད་། ཕལ་སྐད་གང་བྱུང་ཡིག་སྐད་ནང་བཅུག་ཏེ་བེད་སྤྱོད་བྱེད་པ་དང་སྒྲུང་རིང་བྲིས་དེ་ནི་དོན་མེད་ངལ་བའི་རྒྱུ་ལས་མ་འདས།
    ཡིག་སྐད་བོད་ཀྱི་བརྡ་སྥྲོད་དང་མཐུན་པ་ཁུངས་ལུང་རྒྱུ་མཚན་ཡང་དག་ཡོད་པ་དེར་སྒྱུར་བཅོས་བྱེད་པ་དེ་ནི་
    དོན་དུ་བོད་ཀྱི་རིགས་གཞུང་ལ་འཕྱ་རྨོད་དང་ཉམས་ཉེས་གཏོང་བའི་བྱ་བ་རང་རེད། ཨ་མདོ་ཡིན་ན་ཡང་དག་པ་དང་དེ་མིན་ནོར་འཁྲུལ་ཡིན་ཚུལ་བརྗོད་ན་ཡག་པོ་ཨ་ཡོད། སྔོན་བྱོན་མཁས་པའི་དབང་པོ་རྗེ་བློ་བཟང་གྲགས་པའི་གསུང་འབུམ་ནང་གྲོང་སྐད་དང་། བོད་ཀྱི་བརྡ་དག་དང་མི་མཐུན་པ་འདུག་གམ། དེའི་ཕྱིས་མཁས་དབང་ཚེ་བརྟན་ཞབས་དྲུང་དང་། དམུ་དགེ་བསམ་གཏན་གྱི་གསུང་རྩོམ་ནང་དུའང་དེ་འདྲ་འདུག་གམ། གྲོང་སྐད་ཨ་མདོར་མ་གཏོགས་མེད་པ་རེད་དམ། སྐད་ཡོད་ཚད་ཡི་གེའི་ནང་གཏན་འབེབས་བྱེད་དགོས་ཚེ་སྔོན་ལ་བོད་ཡིག་གསར་རྩོམ་བྱས་ནས་དེ་རྗེས་གཏན་ལ་འབེབས་དགོས་པ་ལས་དེ་མིན་གསལ་བྱེད་སུམ་བཅུས་ལྡང་གི་མ་རེད། བྱས་གཙང་ཡུལ་སྐད་དང་། གྲོང་སྐད་དེ་ཚོ་ཡིག་སྐད་ནང་མཉམ་སྲེས་མ་བྱས་ན་ལེགས་སོ།།

  12. གནམ says:
    2012-10-19 at 10:08 pm

    དྲ། འདྲ། དྲས། དྲོས། དེ་ན་ཉིན་གུང་གི་དྲོས་ཟ་ལ་ཐྲོས་ཟ་ཟེར་དགོས་སམ སྐབས་རེ་ལ་ཐྲ་དང་སྐབས་རེ་ལ་དྲ་ཡིན་པའི་དབྱེ་བ་ག་འདྲ་ཞིག་བྱས་ནས་འགལ་འམ།
    དྲུད། འདྲུད། ཤིང་རྟ་དྲུད། འདི་སྐུལ་ཚིག་ཡིན་དགོས་བྱུང། དེ་མིན་ན་འདི་བོད་སྐད་ཆ་མ་ཚང་ཞིག་ཡིན་པས་དེ་ལ་གོ་བ་མེད། དྲུད་ཚར་བ་ཞིག་གོ་དགོས་ན། ཤིང་རྟ་དྲུད་སོང། དྲུད་ཡིན། དྲུད་ཚར། དྲུད་རེད། དྲུད་ཐལ་ལྟ་བུའི་ཚིག་སྐྱོར་ཞིག་དགོས་པ་རེད།
    དྲལ། འདྲལ། དྲོལ། འདིའི་སྐབས་ལ་སྐུལ་ཚིག་ལ་དྲོལད་ཞེས་བརྗོད་ཀྱི་ཡོད་པ་རེད། ཡག་པོ་ཉོན་དང་ལ་ཀློག་ཐུབ་ན་དྲོལ་འལ་ཐོངས་དང་ད་དྲག་ཀློག་ན་དྲོལད་དལ་ཐོངས་ཟེར་བ་རེད།
    མ་གཞི་དྲིས། དྲེས། དྲུས། དྲུད། དྲོལ། དྲོངས་སོགས་ཡོད་པ་མེད་པར་གཏོང་བ་ལ་དགོས་པ་ཅི་ཞིག་འདུག་གམ། སྐུལ་ཚིག་འདི་ཚོ་ལ་སྲོག་གི་ཆད་པ་གཅོད་དོན་ནི་ཁྱོད་ཀྱི་ལྕེ་ཁུགས་ལ་རྩ་མདུད་ཤོར་བས་ཉེར་ལེན་ཨེ་རེད། ངས་ཁྱོ་ལ་གཅིག་བཤད། དྲ་ལ་ཁྲ་འི་སྒྲ་འདྲ་ཞིག་ཐོན་པ་ལ་ཧ་ལས་ལས་དང་ཧོང་ཐོར་ཐོར་བྱེད་དགོས་བ་མ་རེད། ཨམ་སྐད་དང་སྒྲ་མཐུན་པ་ཞིག་ཁྱོས་རྩ་བ་ཉིད་ནས་འབྲི་མི་ཐུམ། ཨ་མདོའི་ཡུལ་ཕྱོགས་ཁ་ཤས་ལ་ལམ་ཁ་ལ་ལན་ཁ། ནམ་ཁ་ལ་ནན་ཁ་སོགས་རྗེས་འཇུག་མ་ཡིག་ཚང་མ་ན་ལ་ཀློག། ཡང་ཡུལ་ལུང་ཁ་ཤས་ལ་རྗེས་འཇུག་ང་ཡང་མེད། ཨ་མདོ་ཡོངས་ལ་ལ་མི་གསལ། དེ་ནས། བྱ་འི་གཤོག་པ་ཚུན་ཆད་ཀྱི་ཤ་ཡོད་ཚད་ཧ་ལམ་བྱ། ཕྱ། ཤྱ། གང་རུང་གི་སྒྲ་ལ་ཀློག། ད་དུང་ཕ་དང་ཧ་འི་སྒྲ་མཚུངས་སོགས་ལ། ཁྱོས་ག་རེ་ཞིག་འབྲི་འམ།
    ཨམ་སྐད་དང་བརྡ་སྤྲོད་གང་ལ་དགའ་བ་ཡོད་ན་ཡང་། རིག་པ་ཞབས་བརྡོལ་དེ་འདྲས་བོད་ཀྱི་བརྡ་སྤྲོད་ཕར་བཞག། ཐ་ན་ཨམ་སྐད་འདི་ཡང་ཁོངས་མེད་ལུང་མེད་ཞིག་ལ་གཏོད་པ་ལས་ཕན་པ་མེད།
    དེ་མིན་ཨམ་སྐད་འབྲི་མ་ཐུབ་པ་རྣམས་རེ་རེ་བྱས་ནས་ཕྲིས་དང། དེ་ནས་དཔྱད་པ་བྱེད། སྒྲ་སོར་འགྱུར་བ་འམ་ས་སྐྱེ་རྡོ་སྐྱེ་འི་ཨམ་སྐད་འདི་བོད་ཀྱི་བརྡ་སྤྲོད་མིང་ཚིག་གི་བཀོད་ལ་མི་ཚུད་པ་ཞིག་ཨེ་ཡོད་ལྟ་ཆོག།

    ལྕེ་ལུའི་འགུག་ལ་ལྡེམ་ཞིག་བཞག་ནས།།
    བརྡ་མིང་ཚིག་གསར་རྫུན་མ་མབཟོ།།
    རིག་པའི་རྩེ་མོ་ཕྱོགས་སུ་གྱེས་སྟེ།
    མ་སྐད་གཙང་མའི་བོད་སྐད་འདི་ལ།།
    གཡོན་འཁྱོག་མེད་པའི་ཁ་ཞིག་གྲག་རོགས།།

  13. ལེགས་བཤད། says:
    2012-10-19 at 11:14 pm

    ཕྲིས་ལ་ཐྲིས་འབྲི་དགོས་དོན་ཅང་མེད་གི་བསམ། ནམ་རྒྱུན་རྒན་ལ་དྭགས་པས་གསུངས་པ་དེ་ལ་བསམ་ཞིབ་བྱ་དགོས་པ་གལ་ཆེན་པོ་མཐོང་གི་འདུག །རིག་གནས་གསར་བརྗེའི་སྔོན་དང་ཕྱིས་སུ་བོད་ཀྱི་བརྡ་སྤྲོད་དང་དག་ཡིག་སྐོར་ལ་འགྱུར་བ་ཆེན་པོ་ཕྱིན་མེད་ཀྱང་བར་སྐབས་ཤིག་ནས་དམངས་ཁྲོད་ཀྱི་སྒྲུང་རྩོམ་དང་རང་མོས་སྙན་དངགས། བབས་ཆགས་སྙན་དངགས་འབྲི་སྟངས་ལ་རྒྱ་རྩོམ་གྱི་ཤན་ཤུགས་ཐེབས་པ་ཉུང་ཉུང་མ་རེད། དེ་ཡང་དུས་དང་བསྟུན་ནས་སྐད་བརྡ་བྱུང་འཕེལ་དང་འགྱུར་རིམ་ཁྲོད་ནས་ཁ་སྐད་གཙོ་བོར་བཟུང་བ་དང་། རྙིང་པ་འདོར་ཞིང་གསར་བ་རྐྱང་རྐྱང་གི་རྗེས་འདེད་བྱས་པའི་ཁུལ་གྱིས་སྔོན་གྱི་བརྡ་རྙིང་རྣམས་བེད་མེད་དུ་བཏང་ཡོད་པ་རེད། དབྱིན་ཡིག་ལྟ་བུ་ཡིན་ན་སྐད་ཡིག་བཀོལ་སྤྱོད་ཆེ་ཞིང་ཁྱབ་ཆེན་པོ་ཡོད་པས་རྒྱུན་ལྡན་འཚོ་བའི་ཁྲོད་མིང་ཚིག་བེད་མེད་དུ་གྱུར་བ་གཅིག་ཀྱང་ཡོད་པ་མ་རེད།

  14. གནམ says:
    2012-10-20 at 3:43 am

    མགོན་ཕྱག་ལགས།
    དྲལ་ཁུང་། དར་ཁྲའམ་དར་ཁྱ། རྩམ་ཁུག་དྲལ་བོ།
    དེ་མིན་རྫོ། བརྫ། བརྫས། རྫོས། ནི་ཟླ། བཟླ། བཟླས། ཟློས་ནས་སྒྲ་སོར་དག་ཙམ་འགྱུར་བ་རེད། དེ་ཡིན་པའི་ཡིན་ལུགས་ནི། ཟླ་བ་ལ་རྫ་བ་དང། ཆུ་རྐ་ཕར་རྫོག་ཚུར་རྫོག་ལ་ཟློག་ལྟ་བུ་མང་པོ་རེད། གསལ་བཤད་མང་པོ་མི་དགོས་བར་ཞུ
    ཞིང་ལས་འབྲོག་ལས་ཁུལ་གྱི་སྒྲ་ག་རེ་ཞིག་འབྲི་མི་ཐུབ་བམ། གསལ་ཁ་ཞིག་བཏོན་ན་འགྲིག་གམ།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-10-20 at 4:06 am

    མི་ཡི་སྐྱག་པ།
    ཁྱི་ཡི་ཁྱི་སྐྱག
    འབྲི་གཡག་བ་ཡི་ལྕི་བ།
    ར་ལུག་དང་རི་བོང་སོགས་ཀྱི་རིལ་མ།
    རྟ་ཡི་རྟ་ལུད་དང་རྟ་སྦོང་ངམ། ང་ཚོའི་འབྲོག་སྐད་དུ་རྟ་ལི་ཟེར།

  16. གནམ says:
    2012-10-20 at 8:47 am

    ཨ་མདོ་བས་ཁྱི་སྐྱག་ལ་ཁྱི་ལུད་ཟེར་བ་རེད།
    ཁྱི་དེད་ན་ཁྱི་ལུད། བྱ་དེད་ན་བྱའི་ཚང་།

    ང་ཚོའི་ས་ནས་རྟའི་སྦངས་ཟེར་བ་རེད།
    རྟ་བརྒྱགས་ཀི་རྟའི་སྦངས་འགྲོ་ཞོར་དང་འདུག་ཞོར།

  17. གནམ says:
    2012-10-20 at 9:08 am

    མྱི་རྟ་སོགས་གཤིབ་རྒྱུག་འཐེན་ནས་རྐུབ་དུ་ལུས་མཁན་ལ་ཨང་ཀི་རྟའི་ལུད་ལེན་མཁན་ཟེར། དེ་ནི་རྟ་ལ་རྒྱུག་དུས་རྟའི་སྦངས་རྗེས་ལ་གཡུག་པའི་ཆ་ནས་བཏགས་པའི་མིང་ཞིག་ཡིན་པ་རེད།

  18. གཡུ་འབྲུག་དཀར་པོ་ says:
    2012-10-20 at 12:03 pm

    ཨ་ཁ་ཁ་བོད་པ་ཚོ་ཅི་བཤད་འདི་བཤད་མིན་འདུག། འབྲུག་པས་འབྲུག་པའི་ཁ་སྐད་ཡིག་ཐོག་ལ་འབྲི་ཚེ་བོད་སྐད་ཀྱི་བརྡ་སྤྲོད་ལ་རྩིས་མེད་སྣང་མེད་བྱས་སོང་ཟེར་ཞིང་ཁ་བརྡུང་བཏང་སོང་། དངོས་ནས་ཡིན་ས་རེད་བསམ་ན་བོད་པ་རང་ཉིད་ཀྱི་ལུང་པ་སོ་སོའི་ཁསྐད་ཡིག་ཐོག་ཏུ་འབྲི་རྒྱུ་ལ་ཤུགས་རྒྱག་བཞིན་འདུག། དངོས་ནས་བགོད་བྲོ་པོ་རེད་འདུག། གང་ལྟར་ལོ་༢༠ ཙམ་གྱི་རྗེས་ལ་བོད་ཀྱི་བཀའ་བསྟན་གྱི་སྐད་ཡིག་དེ་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་དང་མཚུངས་པར་འགྱུར་བར་གོར་མ་ཆག་གོ།

  19. སྲིན་པོ་རྫ་རྒན། says:
    2012-10-20 at 1:55 pm

    སུ་ལ་ཕོག་ན་ཕོག ཐྲིག་ཡིག་གླེང་བཤད་འདི་བཤད་རེད། ཁ་ཁོམ་ནས་བཤད་རྒྱུ་ཟད་པ་རེད། སྔོན་དང་ད་ལྟའི་མཁས་པ་དག་གིས་མ་དྲན་པ་ཞིག་དྲན་ཁུལ་ཡིན་ས་རེད། ཀློའུ་རྟགས་རེད། ཆོ་མེད་རེད། ཁ་བརྡ་དྲ་ངོས་འདི་ནས་ད་བར་གླེན་བཤད་འདི་འདྲ་ཐོན་པ་ཐེངས་དང་པོ་ཡིན་ས་ཡོད། ད་ཨ་མདོ་ཚོ། མཁས་རྟགས་སྟོན་སྟངས་ཀྱང་མི་ཤེས་འདུག་པ་ཅི་རེད། གླེན་བཤད་འདི་འདྲ་རྗེས་མ་ནས་མ་གནང་རོགས།་

  20. ཀརྡོ་གཉེར་ཕྱག་པ་ says:
    2012-10-20 at 2:34 pm

    བཀའ་བསྟན་གྱི་བོད་སྐད་ཀྱི་བོད་སྐད་འདི་ང་ཚོ་ཆོལ་གསུམ་བོད་རིགས་ལ་དྭགས་འབྲུག་དང་བཅས་པའི་ཡོངས་རྫོགས་ཀྱི་སྤྱི་སྐད་རེད། འོནད་ཀྱང་ཡུལ་སོ་སོར་མུ་མཐུད་ནས་གནས་ན་དགེ་མ་གཏོགས་གནོད་པ་མེད་པར་ཤེས་དགོས།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-10-20 at 2:35 pm

    ཡུལ་སོ་སོར་མུ་མཐུད་ནས་་་་
    འདི།
    ཡུལ་སོ་སོར་རང་གི་ཡུལ་སྐད་མུ་མཐུད་ནས་་་་ལ་བཅོས་རོགས།

  22. ཤིས་ཚང་ལྗང་མྱུག says:
    2012-10-20 at 4:14 pm

    དྲ་གྲོགས་ཚོ། ངས་མཆན་སྤེལ་ཡང་དྲ་ངོས་སུ་ཐོན་གྱི་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme