Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།

Posted on 2015-03-012015-03-01 By ཁ་བརྡ 40 Comments on ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།

ཤ་བོ་བཀྲ་ཤིས།

 
དེ་རིང་ངས་རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱི་གནང་སྟངས་ལ་ཡི་རང་དང་བཅས་ཚིག་འགའ་གླེང་འདོད་སོང་། ངས་ཚོད་དཔག་ནོར་མེད་ན། ཁོང་ནི་དྲ་ལམ་ན་བོད་ཡིག་སྤྱོད་མཁན་གྱི་རྒན་རབས་པ་དགུང་ལོ་བགྲེས་ཤོས་ཡིན་པ་ཡོད། འདི་ལྟར་ན། དྲ་ལམ་གྱི་ཡིག་ནོར་དང་བརྡ་ནོར་གྱི་ལྟད་མོ་མང་ཆེ་ཤོས་གཟིགས་གནང་མཁན་རྒན་ཤོས་ཀྱང་ཆགས་ཡོད། གང་དུ་ཁོང་གིས་མཆན་བུ་ཞིག་སྤེལ་ཡོད་པ་དེ་དང་དེར། ཧ་ལམ་ཁོང་གིས་དག་ཆའི་ཐད་ཀྱི་ལམ་སྟོན་ཁུངས་དང་བཅས་པ་གསལ་འདོན་གནངས་ཡོད། ཁོང་གི་གནང་སྟངས་འདི་ནི། ཁོང་དྲ་ངོས་ཀྱི་ཡི་གེ་ཀློག་པ་ལ་དགའ་ཆེས་ནས་མ་རེད། བོད་ཀྱི་སྐད་ཡིག་འདི་མི་ཉམས་རྒྱུན་གནས་ཡོང་དགོས་ན། ཚིག་གི་དག་ཆ་དག་མོ་ཞིག་ནས་རེ་བ་རྒྱག་དགོས་པའི་ཐག་གི་ཉེ་ས་དེ་ན་ཁོང་བཞེངས་འདུག འདི་ངས་ཁོང་མཇལ་སྟངས་གཅིག་ཡིན།

རང་ཉིད་ཀྱང་ཨ་མདོ་བ་ཞིག་ཡིན་པས། རང་ཉིད་དང་བཅས་པར་གཞན་གྱིས་ངོས་འཛིན་གནང་སྟངས་སྐོར་ཞུ་དབང་དུ་བྱས་ན། “དྲ་ངོས་ན་ཡིག་ནོར་སྤེལ་མཁན་མང་ཆེ་བ་ནི་ཨ་མདོ་བ་ཚོ་རེད། ཨ་མདོ་བ་ཚོ་རྩོམ་འབྲི་བར་དགའ་བ་དང་། དེའི་ནང་གི་མང་ཆེ་བ་ནི་ཡིག་ནོར་སྤེལ་མཁན་རེད།” ཟེར་མཁན་ཇེ་མང་དུ་འགྲོ་བཞིན་པ་ལས་ཇེ་ཉུང་དུ་འགྲོ་ཡི་མེད། འདི་ལྟར་ལབ་ན། རང་ཉིད་ཐེ་བའི་ཨ་མདོ་བ་ཚོ་རླུང་ལངས་ཀྱི་རེད། དེ་ནི་གནས་སྟངས་ངོ་མ་ཞིག་ཆགས་ཡོད་ཙང་རེད། མི་སུ་ཡིན་ནའང་། སོ་སོ་དང་འབྲེལ་བ་མེད་པ་ཡིན་ན། དོན་དག་གང་དང་སྐད་ཆ་ཅི་བྱུང་ཡང་། ཡག་ཉེས་ཀྱི་ཚོར་བ་སླེབས་ཀྱི་ཡོད་པ་མ་རེད། འདི་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཡོད། དཔེར་མཚོན་སྡུག་ཤོས་གཅིག་ནི། རྗེ་བཙུན་ཙོང་ཁ་པས་མཛད་པའི་༼བྱང་ཆུབ་ལམ་རིམ་ཆེན་མོ་༽ཨ་མདོ་མཚོ་སྔོན་མི་རིགས་དཔེ་་སྐྲུན་ཁང་ནས་དཔར་མའི་ནང་ལ། ༼པ༽་ཡིག་མང་པོ་ཞིག་༼བ༽་རུ་བཅོས་ནས་ནོར་འཁྲུལ་མང་པོ་བཟོས་ཡོད་པར། བོད་གཞུང་ཆོས་རིག་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཏེ། འདི་རིགས་མ་ཡོང་བ་དགོས་པའི་ཞུ་སྐུལ་གནང་དགོས་པ་བྱུང་ཡོད།

ལྟོས་འཇོག་གིས་བཤད་ན། ཨ་མདོ་བ་ཁོ་ནས་ཡིག་ནོར་འབྲི་ཡི་ཡོད་པ་དེ་འདྲའང་མ་རེད། ཨ་མདོ་བ་ལ་རྩོམ་འབྲི་མཁན་མང་ཞིང་དགའ་བ་ནང་བཞིན། ཡིག་ནོར་སྤེལ་མཁན་ཡང་ཨ་མདོ་བ་ཨང་དང་པོ་ཆགས་ཡོད། དངོས་ཡོད་དྲང་བཞག་གིས་བཤད་ན། ཨ་མདོ་བའི་རྩོམ་པ་པོ་ཚོའི་ནང་ན། ཡིག་ནོར་གྱི་ས་མཚམས་བརྒལ་བའི་རྩོམ་པ་པོ་ནི་ཧ་ཅང་ཉུང་ཉུང་རེད། ཡིག་ནོར་སྤེལ་མཁན་ལའང་རིགས་གཉིས་རེད། ཤེས་ནས་སྣང་མེད་ཀྱིས་སྤེལ་བ་དང་། མ་ཤེས་རྨོངས་དབང་གིས་སྤེལ་བ་གཉིས་སུ་འདུ་བར་འདུག ཤེས་ནས་སྣང་མེད་དུ་འཕྱན་པ་ཉུང་ཞིང་། མ་ཤེས་ནས་ཡིག་ནོར་སྤེལ་མཁན་མང་བ་ཡོད།

ཡིག་ནོར་ཐེར་འདོན་གནང་མཁན་དག་གིས་ནོར་བར་བསྟན་པ་ན། ལ་ལས་དགའ་གུས་དང་བཅས་དྭང་ལེན་བྱེད། མང་པོ་ཞིག་གིས་ནི་དེ་ལ་མ་དགའ་བ་ཆེན་པོ་བྱེད། ད་དུང་མཚམས་རེར། ཡིག་ནོར་སྤེལ་བར་ཧ་ལས་དགོས་པ་མ་རེད། གཙོ་བོ་ཀློག་མཁན་ལ་ཤེས་ཚད་ཏག་ཏག་ཅིག་དགོས་པ་རེད་ཟེར་བའང་འདུག ཅི་ཕྱིར་ན། ནོར་བར་བསྟན་པས་མ་དགའ་བ་ཡིན་ནམ། ཡང་ན། མི་ཤེས་པ་ཡི་ཕྱིར་ན། ཇི་ལྟར་མི་སློབ་པ་ཡིན་ནམ། ཡིག་ནོར་འབྲི་མཁན་ཚོས་འདི་ལ་བསམ་གཞིགས་རེ་གནང་དགོས་ཀྱི་འདུག

ལོ་ཤས་གོང་ལ། རྒན་འཇམ་དཔལ་ལགས་ཀྱིས་མཛད་པའི་ཕྱག་རྩོམ་ཁག་ཅིག་ཞིབ་ཀྱིས་མཇལ། ༼པ༽་དང་༼བ༽ཡི་སྦྱོར་ཚུལ་སྐོར་གྱི་དགོངས་ཚུལ་དེ་དག་ལ་དེ་བས་ཞིབ་དཔྱད་ཞུས་པ་ཡིན། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ།། དེ་སྲིད་མཁས་པའི་ཚིག་ནི་ལྐུགས་པར་འགྱུར།། ཟེར་བ་དེ་རང་རེད་འདུག རང་ཉིད་ཐེ་བའི་ཤེས་རློམ་པ་ཁག་ཅིག་ནས། པ་བ་ཡི་སྦྱོར་སྟངས་ལ་ཨ་མདོའི་ཞེན་ཁོག་ལྟ་བུས་ཨུ་ཚུགས་བྱས་པས་ཁུངས་འཁྱོལ་ཐབས་མེད་པ་དང་། ལྷག་ཏུ་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས། འདི་ཐད་སྔོན་གྱི་མཁས་པའི་འབྲི་སྲོལ་ལ་གཙིགས་སུ་བྱེད་པར་གདམས་པའི་གནད་ཀྱང་ངོ་འཕྲོད་པར་གྱུར།

གནས་སྟངས་འདི་འདྲར་བརྟེན། རྒན་བློ་བཟང་འཇམ་དཔལ་མཆོག་གིས། དུས་ཚོད་མང་པོ་ཞིག་ཆེད་གཏོང་གནང་ནས་དྲ་ལམ་གྱི་ཚིག་གྲུབ་རིང་ཐུང་མང་པོ་ཞིག་གི་དག་ཆ་དང་སྡེབ་སྦྱོར་བོད་ཀྱི་ཡིག་སྐད་དང་ཉེ་བར་འཁྲིད་པ་དང་། དེ་ཡང་དག་ཆ་མང་དག་ཅིག་ལ་རྒྱུ་མཚན་བགྲངས་པ། མཚན་གཞི་འགོད་པ་སོགས་ཐབས་ཚུལ་སྣེ་མང་སྤྱད་ནས་ལེགས་བཅོས་གནང་བ་ནི་གུས་བརྩི་དང་ཉམས་སུ་བསྟར་དགོས་པ་ཞིག་ཆགས་ཡོད། ཁོང་གིས་གཞོན་རབས་པ་དག་ལ་ཐུགས་རེ་གནང་སྟངས་དང་། གཞོན་རབས་པ་ཚོའི་ཉེ་སར་བཅར་ཞིང་མཉམ་དུ་འགྲེངས་ནས་བོད་ཀྱི་སྐད་ཡིག་རིག་གནས་ཡར་སྤེལ་གནངས་དང་གནང་མུས་ནི་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་ཆགས་ཡོད། ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས་ཞེས་ཐལ་མོ་སྦྱོར་བ་ལགས།།

 

 

དྲན་ཐོ།

Post navigation

Previous Post: ཁ་སང་གི་ཉིན་ཐོ་ཐར་ཐོར་མ།
Next Post: རྨོངས་ནས་ལུས་འདུག

Comments (40) on “ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-01 at 11:54 pm

    མི་རེར་བསམ་ཚུལ་རེ་ཡོད་པ་ནི་སྨོས་མེད་རེད། ཨ་མདོ་བ་ཚོ་གཞན་ལས་རིག་གནས་ལ་དོ་སྣང་ཆེ་བའང་དངོས་ཡོད་གནས་ཚུལ་རེད། བོད་ཀྱི་རིག་གནས་ལ་དོ་སྣང་མེད་པ་ལས་ཡིག་འཁྱོག་རེ་དང་རྩོམ་ཉག་ཉོག་རེ་འབྲི་ཐུབ་པའང་ངོ་མཚར་ཆེན་པོ་རེད་སྙམ། སློབ་སྦྱོང་ལ་ཡར་རྒྱས་ཡོད་པ་བཞིན། རྩོམ་ཡིག་འབྲི་བ་ལའང་ཡར་རྒྱས་ཡོད་པ་རེད། དང་བོ་ཉིད་ནས་ཡིག་སྐྱོན་དང་རྩོམ་སྐྱོན་གང་ཡང་མེད་པ་ཞིག་དགོས་ཟེར་ན་གད་མོ་ཤོར་བའི་ཡུལ་ཡིན་པར་མ་ཟད་མི་འདིའི་རིགས་ནམ་ཡང་ཤེས་རྒྱ་ཞན་པའི་སྐྱོན་ཡོད། རྩོམ་གྱི་བཟང་ངན་དང་ཡིག་སྐྱོན་སོགས་ལ་ཡར་རྒྱས་ཡོད་པ་རྩོམ་པ་པོས་མཁྱེན་པར་མཛོད།།

  2. དཔལ་དོན། says:
    2015-03-02 at 12:02 am

    རྩོམ་འདི་ལྟ་བུ་བྲིས་ནས་དྲ་ཐོག་ནས་མཆན་གྲངས་མང་པོ་ཡོང་གི་རེད། དེ་ཡང་ཐབས་ལམ་ཞིག་རེད།

  3. བདེན་པའི་ཕོ་ཉ་ says:
    2015-03-02 at 12:02 am

    གུས་པས་ཀྱང་ལ་དག་པ་རྒན་བློ་བཟང་འཇམ་དཔལ་ལགས་མིག་ཡོད་ཀྱང་དམ་པ་ངོ་མི་ཤེས་པའི་དཔེ་ལྟར་བྱུང་སོང་བའི་དགོངས་འགལ་མེད་པ་ཞུ་རྒྱུ་དང་ད་དུང་ཡང་རྒན་ལགས་མཆོག་ནས་ལམ་སྟོན་མང་ཙམ་གནང་སྐྱོང་ཡོང་བ་ཞུ་

  4. རྟ་བདུན་དབང་བོ says:
    2015-03-02 at 2:18 am

    དྲྭ་གྲོགས་ཚོར་ཞུས་རྒྱུར། ཡིག་སྐྱོན་དང་རྩོམ་སྐྱོན་མི་སུ་འདྲ་ཞིག་ཡིན་ཀྱང་ཡོད་སྲིད་པ་རེད། འོན་ཀྱང་སེམས་ཤུགས་མ་ཆག་པར་མུ་མཐུད་ནས་བརྩོན་པ་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་དུ་སྣང་ངོ། མཁས་པའི་གོང་ན་མཁས་པ་ཟེར་བའི་དཔེ་བཞིན་རྩོམ་སྙན་མི་སྙན་དང་། ཡིག་སྐྱོན་ཡོད་མེད་སོགས་མི་སུ་ལའང་ཡོད་སྲིད་པ་དང་ཡོད་ཀྱང་འོས་པ་ཞིག་རེད། ཡིན་ཡང་རྩོམ་སྐྱོན་དང་ཡིག་སྐྱོན་སོགས་སྣང་མེད་དུ་མི་འཇོག་པར་གོང་འཕེལ་དུ་གཏོང་དགོས་རྒྱུ་ཞུ་མ་དགོས་སོ། །

  5. རྨུ་ཐག་གི་བུ་རྒྱུད། says:
    2015-03-02 at 4:19 am

    “སྙན་ངག་སྙན་རྒྱུ་མེད། དག་ཡིག་དག་རྒྱུ་མེད། ” སྐད་ཆ་འདི་ལ་བསམ་རྒྱུ་དང་ལེན་རྒྱུ་མང་ཙམ་འདུག་གོ

  6. ཐུབ་པ། says:
    2015-03-02 at 7:31 am

    “སྙན་ངག་སྙན་རྒྱུ་མེད། དག་ཡིག་དག་རྒྱུ་མེད། ” སྐད་ཆ་འདི་ལ་བསམ་རྒྱུ་དང་ལེན་རྒྱུ་མང་ཙམ་འདུག་གོ

    ལ་དྭགས་པ་དེ་ལ་ཁུངས་འཁྱོལ་བ་ཅིག་བཤད་ཡ་མེད།

    སྔོན་མ་མ་ཤེས་ཤེས་མདོག་གིས་བོད་ཀྱི་བཀའ་བསྟན་ལ་འདི་མེད་ཀན་མེད་ཟེར་ནས། རང་ཉིད་བཀའ་བསྟན་བློར་འགྲོ་བ་ལྟ་བུ་མཁས་ཉམས་ཆེན་པོ་བྱེད་མཁན་ཞིག་ནི་རེད།
    ཉིན་ཞིག་ཀྱང་ཁོང་གིས་འདི་མེད་ཀན་མེད་ཟེར་དུས། ཨ་མདོ་བ་མཁས་པ་བསྟན་འཛིན་རབ་གསལ་ལགས་ནས་པར་ངོས་ལུང་འདྲེན་དང་བཅས་གསལ་བྱེད་གནང་བར་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བླངས་པ་རེད།

    བོད་ཀྱི་རྩོམ་རིག་བཀླགས་མ་མྱོང་མཁན་ཞིག་ཡིན་ན་རྩོད་གཞི་འདི་ལྟ་བུ་ལ་ཐུག་པ་རེད། བོད་ཀྱི་ཡི་གེ་ཟེར་བ་དེ་བཀའ་འགྱུར་བསྟན་འགྱུར་ཙམ་མ་རེད། བཀའ་འགྱུར་བསྟན་འགྱུར་ན་ད་དུང་དོར་དགོས་པ་མང་བོ་ཞིག་ཡོད་པ་རེད། དེ་ཡོད་པས་བཀས་བཅད་ཐེངས་གསུམ་མཛད་པ་ལྟ་བུ་རེད།
    བོད་ཀྱི་རྩོམ་རིག་ཁྲོད་དམངས་ཁྲོད་རྩོམ་རིག ཚིག་རྒྱག ཁ་ཤགས། ལ་གཞས།
    གཞས་ཚིག་ལ་སོགས་པ་ཡོད་རེད། གཙུང་གི་སྐད་ཤས་ཆེ་བ་མི་ལ་རས་པའི་རྣམ་མགུར་ལྟ་བུ། ཁམས་ཀྱི་སྐད་ཤས་ཆེ་བ་གེ་སར་སྒྲུང་ལྟ་བུ། ཨ་མདོའི་སྐད་ཤས་ཆེ་བ་ཨ་མདོའི་ལ་གཞས་ལྟ་བུ།
    ལ་དྭགས་པ་ལྟ་བུས་འདི་འདྲ་གོ་མྱོང་མེད་ཅིང་། ལྟ་རྒྱ་ཁབ་མིག་ལྟར་དོག་པ་དང་རང་རློམ་ཆེ་དྲགས་པས་བོད་ལ་འདི་འདྲ་མེད་གན་འདྲ་མེད་འཛེར་ཞིག་ཁུངས་མི་འཁྱོལ་བའི་སྐད་ཅ་རྐྱང་རྐྱང་བཤད་པ་རེད།
    དེ་ནས་ཁོང་གི་བྲིས་རྩོམ་ཁག་ལ་ལྟོས་དང་བོད་ཡིག་མི་ཤེས་མཁན་ཞིག་གིས་བྲིས་པ་རང་ཡིན། ཁོང་གིས་ད་རུང་སོག་པོའི་དགེ་བཤེས་ལྟ་བུ་བོད་ཡིག་བོད་པ་རང་ལྟར་འབྲི་ཐུབ་པ་ཞིག་ཆགས་པ་འབད་འབུངས་བྱེད་དགོས་པར་འདུག་ཅེས་ཐེངས་མང་གཞེན་སྐུལ་བྱས་མྱོང་ལ་ད་རུང་ཡང་བྱེད་ཀྱིན་ཡོད་དོ།།

    ཨ་མདོ་བ་ཡིན་ཁུལ་རྩོམ་འདི་འདྲ་བྲིས་པ་ནི་དངོས་གནས་ངོ་གནོང་དགོས་པ་ཞིག་རེད། ༧གོང་ས་མཆོག་གིས་ནམ་རྒྱུན་སྡུག་གྱོང་རེད་གསུངས་གནངས་པ་བཞིན། ཨ་མདོ་བ་ཚོ་གླགས་མ་འཁེལ་ན་རྩོམ་འཁྱོག་འདི་འདྲ་བྲིས་ཏེ་ཉི་མ་བཏང་ནའང་རང་སེམས་སྐྱིད་པོ་ཆགས་སྲིད། ཧ་ཧ་ཧ་ཧ།

  7. བདེན་པའི་ཕོ་ཉ་ says:
    2015-03-02 at 9:44 am

    མི་ལ་རས་པའི་རྣམ་མགུར་གཙུང་གི་སྐད་ཤས་ཡིན་པ་ད་བར་གོ་མྱོང་མེད་ལ་གཙུང་སེར་བའི་ལུང་པ་ཡང་གོ་མྱོང་མེད་རང་གི་མི་ཤེས་གཞན་ལ་ཕྲག་དོག་ཧ་ཧ་ཀུ་རེ་ཡིན་ནོ་།།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-02 at 9:47 am

    ་་་་་་་་་་་་ དཔེར་མཚོན་སྡུག་ཤོས་གཅིག་ནི། རྗེ་བཙུན་ཙོང་ཁ་པས་མཛད་པའི་༼བྱང་ཆུབ་ལམ་རིམ་ཆེན་མོ་༽ཨ་མདོ་མཚོ་སྔོན་མི་རིགས་དཔེ་་སྐྲུན་ཁང་ནས་དཔར་མའི་ནང་ལ། ༼པ༽་ཡིག་མང་པོ་ཞིག་༼བ༽་རུ་བཅོས་ནས་ནོར་འཁྲུལ་མང་པོ་བཟོས་ཡོད་པར། བོད་གཞུང་ཆོས་རིག་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཏེ། འདི་རིགས་མ་ཡོང་བ་དགོས་པའི་ཞུ་སྐུལ་གནང་དགོས་པ་བྱུང་ཡོད། ་་་་་་་་་་་

  9. བདེན་པའི་ཕོ་ཉ་ says:
    2015-03-02 at 9:48 am

    (གཙུང་ཟེར་)བཅོས་རོགས

  10. ཆུ་ཐིགས་སྔོན་མོ says:
    2015-03-02 at 10:02 am

    སྤྱིའི་ཆ་ནས་ལ་དྭགས་པ་བློ་བཟང་ལ་ཡི་རང་ཡོད་་་འོན་ཀྱང་ཁོང་གིས་བཅོས་པའི་དག་ཆ་སོགས་ལ་དེ་ཙམ་ཡིད་ཆེས་མེད་་་ཁོང་གིས་ཀྱང་ནམ་རྒྱུན་ཡིག་ནོར་གཏགས་ནོར་མང་པོ་བྲིས་འདུག་པ་མ་རེད་་་་གཞན་གྱི་རྩོམ་ཡིག་ལ་དག་བཅོས་བྱས་པའང་མང་དག་ཅིག་ཏག་ཏག་མེད་པས་དེ་ཙམ་ཞིག་རེད་འདུག་་་

  11. ཚེ་བཀྲ། says:
    2015-03-02 at 11:32 am

    ལ་དྭགས་པར་བསྔགས་བརྗོད་གནང་བའི་མོད་ལ་ལ་དྭགས་པ་དགའ་ནས་གྲགས་རྒྱུ་ཅང་མིན་འདུག ཧཧཧཧ ཡི་རང་ཞུ་བ་དང་ཆབ་ཅིག་ལ་དྭགས་པའི་གཞོན་སྐྱེས་ཚོར་ཕ་མེས་བོད་ཀྱི་རིག་གཞུང་བཟང་པོ་ཁྱབ་སྤེལ་གནང་ཐུབ་ན་ཕན་པ་དེ་ལས་ཆེའོ།།

  12. མེ་ཏོག་དཀར་པོ says:
    2015-03-02 at 1:01 pm

    བལ་ཡུལ་མཆོད་རྟེན་སྐོར་ལམ་གྱི་ཁྲོམ་ཟུར་ཞིག་ཏུ་ཚོང་ཁང་ཞིག་གི་སྒོ་བྱང་ལ་”གཡི་དང་བྱུ་རུ་ཚོང་རྒྱུ་ཡོད”ཟེར་བྲིས་པ་མཐོང་བས་ངས་དེ་མ་ཐག་ཡི་གེ་དེ་འབྲི་བ་པོ་ཨ་མདོ་བ་ཞིག་ཡིན་པའི་ཚོད་དཔག་བྱས།

  13. སྟོབས་ལྡན་ཉི་མ། says:
    2015-03-02 at 2:16 pm

    དྲ་བའི་ཁོར་ཡུག་ནང་བདེན་པ་གསུངས་མཁན་ཉུང་ཉུང་རེད། ཡོད་ཚད་ཕྱོགས་ལྷུང་དང་ཕྲག་དོག ་སོགས་རེད། དེར་བརྟེན། མཆན་འདྲ་མིན་ཅི་འདྲ་ཞིག་བཏབ་ཀྱང་། དེ་ཙམ་གྱི་ཡིད་གཏན་འཕེར་བའི་སྐད་ཆར་བརྩི་གི་མེད་ཏ།

  14. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-02 at 3:25 pm

    རྒན་ལ་དྭགས་པར་བསྔགས་བརྗོད་དང་བརྩི་བཀུར་ཡོད། འོན་ཀྱང་ཁོང་གི་རྩོམ་དག་ལ་ཡིག་ནོར་མང་བ་དང་། ཨུ་ཚུགས་ཚ་བོ་གཉིས་ལ་ནམ་ཡང་མོས་མཐུན་མེད། དཔེར་ན་དུས་ཀྱི་དགོང་དང་ཐུགས་དགོངས་སོགས་དག་ཅ་གཅིག་པར་ངོས་འཛིན་པ་སོགས་རེད། བརྡ་རྙིང་སོགས་ནས་དེ་ལྟར་ཡིན་སྲིད་ཀྱང་སྐད་ཡིག་ལའང་ཡར་རྒྱས་ཡོད་པ་རེད། ལས་དང་བོ་ལ་ཡིག་སྐྱོན་རྩོམ་སྐྱོན་གཉིས་ཀ་མེད་མི་སྲིད་པ་རེད། འོན་ཀྱང་ནོར་བ་ཐམས་ཅད་སྣང་མེད་དུ་མི་འཇོག་པར་གཟབ་གཟབ་དགོས་གལ་ཆེ། ལྷག་པར་མི་གཞན་གྱིས་སོ་སོའི་རྩོམ་ལ་ནོར་བཅོས་བྱས་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་བྱ་རྒྱུ་ལས་ཁོང་ཁྲོ་ངེས་པར་དུ་སྤང་དགོས། ད་མང་བོ་མི་བཤད། རྒན་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་བཅས།།

  15. ཀློང་ཆུང་ says:
    2015-03-02 at 10:30 pm

    ཁྱོད་ཚོས་གཙུང་ཟེར་ཧ་མི་གོ་ན་གཤམ་གྱི་ཡི་གེ་དེ་དག་ཀློགས་དང་འབྲི་མཁན་གྱི་ཕ་ཡུལ་ཤེས་ཐུབ། ཞུང་གཙུང་མ། ཆུ་སྐྱུང་རྡུ་རྗེ་ཤུང་གདན། ཁུང་པ་ཕོ་གསར། ཨ་མདུ་ཚོ་ལ་ཆེ་ཚ་ལེ། རྒྱའུ་ཀོ་མ་པ་མཁྱེན་ནུ།

  16. སྙེ་ལྷའི་ཐུགས་སྲས། says:
    2015-03-03 at 12:47 am

    གོང་མཆན༡༥པ་འདིས་བརྡ་ཅི་ཞིག་སྟོན་གྱིན་ཡོད་དམ།

  17. པདྨ says:
    2015-03-03 at 1:34 am

    རྒན་ལ་དྭགས་འཇམ་དཔལ་སྐུ་ཚེ་བརྟན་ཅིང་སྐུ་གཟུགས་འཕྲོད་རྟེན་བཟང་པོ་ཡོང་བར་སྨོན་བཞིན་ཡོད། གཙོ་བོ་རྒན་མཆོག་གིས་སྐུ་ངལ་གསོ་ཞིང་ལམ་རིམ་སྒོམ་པར་སྐུལ་པར་ཡང་ཡང་ཞུ། སླད་དོན་གནམ་ལོ་གསར་ཚེས་ལ་རྒན་ལ་བཀྲ་ཤིས་བཀྲ་བདེ་ལེགས་ཞུ།

  18. བདེན་པའི་ཕོ་ཉ་ says:
    2015-03-03 at 2:10 am

    གོང་གི་མཆན་15 པ་དེས་བརྡ་གང་ཡང་སྟོན་རྒྱུ་མེད་ཀློང་ཆུང་ཁོ་པ་མི་སྒེར་གྱི་བརྡ་དག་རེད་ཧ་ཧ་

  19. ཀརྡོ་གཉེར་ཕྱག་པ་ says:
    2015-03-03 at 2:45 am

    རྒན་ལ་དྭགས་འཇམ་དཔལ་ལགས། སྐུ་ཚེ་ཡུན་དུ་བརྟནད་ཅིང་། མུ་མཐུད་ཁ་བརྡར་ཕེབས་ཐུབ་པའི་སྨོན་འདུན་ཡང་ཡོད་ལགས།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-03 at 4:34 am

    ཚེ་ལྷག་དོན་ལྡན་དུ་འགྱུར་ཕྱིར། བོད་ཀྱི་ཆོས་སྐད་དེ་སྲུང་བ་དང་ཁྱབ་སྤེལ་བྱེད་དགོས་པ་ཡིན། ཁོ་བོའི་བྱེད་སྟངས་ལ་བོད་ཀྱི་མཁས་དབང་མང་པོས་བསྔགས་བརྗོད་མཛད་པར་མ་ཟད་ལོ་སྔ་མར་༧རང་རེའི་༧སྐྱབས་མགོན་བླ་མ་མཆོག་གིས། “ཉིད་རང་ལོ་གྱ་གཉིས་བར་ལྷག་བསམ་དང་སེམས་འཁུར་ཉམས་མེད་སྒོས་མི་ཚེ་བཟང་མཐར་འཁྱོལ་ཏེ་དོན་ལྡན་དུ་གྱུར་ཡོད།” ཅེས་བཀའ་ཤོག་འབྱོར། ད་ལན་ཤ་བོ་བཀྲ་ཤིས་མཆོག་གིས་བདག་གིས་བྱ་བར་དམིགས་བསལ་གྱིས་བོད་རིག་གཞུང་ལ་ཕན་ཐོགས་ཡོད་པར་ཕྱོགས་ལྷུང་མེད་པ་ཡ་རབས་གཟུར་གནས་ཀྱིས་ངོས་འཛིན་མཛད་པར་བཀའ་དྲིན་ཆེ་ཞུ་འོས་པ་ཡིན།
    ཡིག་ནོར་ཙམ་མ་ཡིན་པར་རང་སྡོད་གཙང་མ་བཟོ་དགོས་པ་རང་ཅག་གི་༧རྣམ་འདྲེན་བླ་མའི་ཞབས་ཀྱི་བཀའ་ཡིན་བསམས་ཏེ། སྔ་དྲོ་ལང་མ་ཐག་ཕྱི་ལོགས་ཁྱམས་སོགས་ལ་གད་ཕྱིས་བྱེད། ང་རྒན་གྱིས་དེ་ལྟར་བྱེད་པར་མཐོང་ནས། སློབ་གྲྭ་པ་གཞོན་པ་དགེ་སློང་དང་སྐྱ་བོ་རྣམས་ཀྱིས་གད་ཕྱིས་ལྷུར་ལེན་བྱེད་པས་སློབ་གྲྭའི་ཁྱམས་འདི་སྔར་ལས་གཙང་མ་ཆགས་པ་ལ་མིག་ལྟོས་བྱ་འོས་པ་ཞིག་ཏུ་གྱུར་པར་དགའ་སྤྲོ་ཆེའོ།
    འདི་ཙམ་མ་ཡིན་པར་ལ་དྭགས་སོགས་སུ་ཕྱིའི་ཁོར་ཡུག་གཙང་མ་བྱེད་ལུགས་ཕྲུ་གུ་རྣམས་ལ་སློབ་ཅིང་། ལྷག་པར་༢༠༠༦་གི་དབྱར་ཀར་བདག་ཅག་གི་སྣ་འཁྲིད་པ་ཨ་མདོ་དཀོན་མཆོག་ཚེ་རིང་གི་གྲོང་ཡུལ་བིས་མདོ་བདུན་ནང་གི་གཅིག་ཏུ་ཉིན་གཉིས་རིང་དེ་ཀའི་ཕྲུ་གུ་རྣམས་དང་མཉམ་དུ་གད་སྙིགས་ཀྱིས་གཡོགས་པའི་ལྕང་རྭ་གཉིས་གཙང་མ་བཟོ་བའི་གོ་སྐབས་བཟང་པོ་བྱུང་། ཨ་མདོ་པ་ཀུན་སེམས་བཟང་ཡོད་པར་མ་ཟད། རྗེ་ཙོང་ཁ་པ་དང་། ད་ལྟའི་རང་རེ་རྒན་པ་མང་པོས་དད་གུས་ཀྱིས་ཆོས་ཞུས་པའི་རྒྱལ་བ་པཎ་ཆེན་གཉིས་ཀྱང་ཨ་མདོ་རུ་འཁྲུངས་པའི་བྱིན་རླབས་ཀྱིས་ཀྱང་། ཨ་མདོ་པ་ཀུན་བོད་ཡིག་འབྲི་བ་ལ་བརྩོན་པ་ཆེར་བྱེད་པ་མཐོང་། མ་འོངས་པ་ན་ཨ་མདོ་ཆོས་ཀྱི་ཞིང་སར་གྱུར་ཏེ། བོད་ཀྱི་རིག་གཞུང་དང་ཆོས་སྐད་དག་ཆ་དང་བཅས་པ་རྗེ་གུང་ཐང་བསྟན་པའི་སྒྲོན་མའི་མཛད་པ་བཞིན་དུ་དར་ཞིང་རྒྱས་པ་ཡུན་རིང་དུ་གནས་པ། ཨ་མདོ་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་བཞེད་པ་ལྟར་འགྲུབ་པར་གྱུར་ཅིག
    ་
    འདི་ལ་བསལ་བྱ་ཅི་ཡང་མེད།
    གཞག་པར་བྱ་བ་ཅུང་ཟད་མེད།
    ཡུང་དག་ཉིད་ལ་ཡང་དག་ལྟ།
    ཡང་དག་མཐོང་ན་རྣམ་པར་གྲོལ།། ༢༡ །།
    ་
    ཅེས་པ་་མངོན་རྟོགས་རྒྱན་སྐབས་ལྔ་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་རྟེན་འབྱུང་སྙིང་པོའི་མཇུག་ཏུ་ཡང་བཀོད་ཡོད་པ་རྣམ་རྟོག་སེལ་བ་ལ་མཆོག་ཏུ་གྱུར་པ་ཞིག་གོ
    དེ་ལྟར་ལགས་ཀྱང་འགའ་ཞིག་ཆགས་སྡང་གི་ལིང་ཏོག་གིས་རྣམ་དཔྱོད་ཀྱི་བློ་མིག་བསྒྲིབས་ཏེ། ཁོ་བོའི་སེམས་བཟང་གི་བྱ་བ་ལ་སྨད་སྒྲ་གཏོང་བས། ཁོ་བོས་བོད་རིག་གཞུང་ལ་ཞབས་ཏོག་ཞུ་བར་ཞུམ་པ་སྐྱེད་དུ་འཇུག་པ་དེ་སྙིང་རྗེ་བའི་གནས་སུ་གྱུར་ཅིང་། སྨད་སྒྲ་དེ་ཉིད་ཁོ་བོའི་བཟོད་པ་སྒོམ་པའི་ཡུལ་དུ་གྱུར་ཏོ།
    འོག་གི་བརྗོད་པ་དེ་ཁོ་བོས་མཐོང་ཡོད་པ་མ་དྲན་པས་སླར་ཡང་ཇི་ལྟར་བྲིས་པ་ལྟར་འབྲི་དགོས། འཐད་པ་དང་ལྡན་པ་ཡིན་ན་གུས་བཀུར་དང་། མི་འཐད་པ་དེ་འགོག་པའི་རིགས་པ་ལ་འབད་དགོས་པ་ཡིན། མཆན་ཡིག་ཨང་དྲུག་པ་པས་དེ་ལྟར་ཤེས་པར་གྱིས་ཤིག
    “ཨ་མདོ་བ་མཁས་པ་བསྟན་འཛིན་རབ་གསལ་ལགས་ནས་པར་ངོས་ལུང་འདྲེན་དང་བཅས་གསལ་བྱེད་གནང་བར་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བླངས་པ་རེད།”

  21. ས་མཐའི་མིག་ཆུ། says:
    2015-03-03 at 9:10 am

    རྒན་འཇམ་དཔལ་ལགས་བོད་ཀྱི་རིག་གཞུང་ཐོག་ལ་བཀའ་དྲིན་ཤིན་དུ་ཆེ་བའི་མཁས་དབང་རྒན་གྲས་ཤིག་ཡིན། རྒན་ལགས་སྐུ་ན་གཞོན་སྐབས་བོད་དུ་སློབ་གཉེར་ལ་བྱོན་ནས་གདན་ས་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་མཁས་དབང་མང་པོའི་ཞབས་ལ་གཏུགས་ནས་གཞུང་ཆེན་ཁག་དང་ཐ་སྙད་རིག་གནས་སོགས་ལ་སློབ་གཉེར་གནང་ཡོད། དེ་རྗེས་ཝ་ཎ་མཐོ་སློབ་དང་། ཨ་རིའི་སྐད་གྲགས་ཆེ་བའི་ཀོ་ལམ་བྷི་ཡ་སོགས་སུ་སློབ་གཉེར་གྱིས་མཁས་དབང་གི་ཕྱག་ཁྱེར་ཡང་བཞེས་ཡོད། རྒྱུན་གཏན་འཆད་རྩོད་རྩོམ་པའི་དུས་འདའ་བར་མ་ཟད་སྐུ་སྒེར་གྱི་ཕྱག་དངུལ་ཇི་ཡོད་ཀྱང་ཧི་མ་ལ་ཡའི་རི་ཁུལ་དུ་གནས་པའི་བོད་སྐད་ཀྱིས་ཁྱབ་པའི་ཡུལ་ལུང་སྤྱི་དང་བོད་ནང་བཅས་པར་ཤེས་ཡོན་གྱི་མཐུན་རྐྱེན་དུ་འབྱོར་འབུལ་གནང་གི་ཡོད། དྲང་པོ་བཤད་ན་མི་མི་དགའ་དབྱུག་པ་ཁྱེར་ན་ཁྱི་མི་དགའ་ཞེས་པའི་དཔེ་ལྟར་རང་གི་རིག་གཞུང་ལ་དུང་བའི་མཁས་དབང་ཁོང་ལྟ་བུས་དེང་སྐབས་ཀྱི་ས་ལེ་རྒྱལ་ཁ་ཤས་ཀྱི་མི་ཤེས་མདོག་གིས་སོ་སོའི་རིག་གཞུང་ལ་གཡོ་ལྷས་སྦྱིན་པར་དགག་པའི་གཡུ་རལ་ངོམ་པར་ཝ་སྐྱེས་ཅ་ཅོ་སྒྲོག་པ་ནི་རང་གི་དེ་ཉིད་སྟོན་པར་ཟད།

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-04 at 4:26 am

    ང་ནི་རང་བཞིན་གྱིས་བློ་གྲོས་བརྟུལ་པ་ཞིག་ཡིན་ཀྱང་། བརྩོན་པས་བོད་ཀྱི་མཁས་པས་བསྒྱུར་པ་དང་། བྲིས་པའི་དཔེ་ཆ་རྣམས་རྟག་སྦྱོར་དང་གུས་སྦྱོར་གྱི་ཀློག བཀའ་བསྟན་གསུང་འབུམ་རྣམས་སུ་བྲིས་པའི་ཡི་གེའི་དེ་དག་ཆ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་འབྲི་བར་བྱེད། རང་དང་གཞན་གྱི་ཡི་གེའི་དག་ཆ་ནོར་ཡོད་པ་ཀུན་ལ་འཛེམས་པ་མེད་པར་སེལ་ཐབས་བྱེད། བོད་ཀྱི་རིག་གཞུང་མི་ཉམས་པ་དེ་བོད་སྐད་དག་པ་ལ་རག་ལས། དོན་འདི་ལ་དགོངས་ནས། རང་ཅག་རྣམས་ཀྱི་རྣམ་འདྲེན་བླ་ན་མ་མཆིས་པ། ༧གོང་ས་སྐྱབས་མགོན་ཆེན་པོས་ཡི་གེ་འབྲི་ན་དག་པ་དགོས། དེ་མིན་མ་འདྲི་ན་ལེགས་པ་ཡིན། ཞེས་གསུངས་པའི་བཀའ་འཁྲུལ་མེད་ཡིན་པ་བདག་གིས་ཐོས། དེ་ཡང་༢༠༡༡་ལོར་ལ་དྭགས་གནུབས་རྭར་མཁས་པ་རྣམས་ཀྱིས་ཆོས་ཀྱི་བགྲོ་གླེང་མཛད་པར་བདག་གིས་ཡི་གེ་དག་པོར་འབྱུང་ཆེད་དུ། གནའ་བོའི་འབོད་ཚུལ་བཞིན་ཀློག་ཐུབ་བམ་མི་ཐུབ་ཅེས་དྲི་བ་འགོད་དུས། གོང་ན་༧རྒྱལ་བ་རིན་པོ་ཆེ་པད་དཀར་འཆང་དང་། རི་རྫོང་སྲས་རིན་པོ་ཆེ། དགའ་ལྡན་ཁྲི་པ་ཞབས་ལྷན་དུ་བཀའ་གྲོས་མཛད་པ་ན། དེ་ལྟར་གསུངས་པ་དེ་རི་རྫོང་སྲས་དགའ་ལྡན་ཁྲི་རིན་པོ་ཆེས་བདག་ལ་གསུངས་པ་དངོས་མ་ཡིན།
    ཁ་ཅིག་གིས་ཡི་གེ་ནོར་ཡོད་པ་འདི་དང་འདི་ཞེས་རང་ཉིད་ཀྱིས་བསྟན་མ་ཐུབ་ན། ཁ་སྒྲོག་སྡོད་པ་ལེགས། རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས། “འོན་ཀྱང་ཁོང་གི་རྩོམ་དག་ལ་ཡིག་ནོར་མང་བ་དང་། ཨུ་ཚུགས་ཚ་བོ་གཉིས་ལ་ནམ་ཡང་མོས་མཐུན་མེད། དཔེར་ན་དུས་ཀྱི་དགོང་དང་ཐུགས་དགོངས་སོགས་དག་ཅ་གཅིག་པར་ངོས་འཛིན་པ་སོགས་རེད།” འདི་ལ་ལན། ཨུ་ཚུགས་ལ་བདེན་རྫུན་གཉིས་ཡོད། བདག་གི་ཨུ་ཚུགས་བདེན་པ་མ་ཡིན་པར་རྫུན་པར་བསྒྲུབས་ན། དེ་ལ་ངས་ཨུ་ཚུགས་རྒྱབ་ན་ང་ཉིད་རྨོངས་པ་ཡིན་པའི་རྟགས་ལས་གཞན་ཅི། དུས་ཀྱི་དགོངས་ལ་ཡང་ས་ཡོད་པ་བོད་ཀྱི་མཁས་པས་བྲིས་པའི་བསྟན་བཅོས་ཀུན་ན་ཡོད། དེ་དག་གི་དོན་བསྡུས་པ་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་ལ་བསྟུན་དགོས་པ་བོད་རིགས་ཀུན་གྱི་ཁུར་ཡིན། དེ་ཡང་དགོངས་མོ་སྟེ། ཕྱི་དྲོ་དངོས་པོ་གང་ཡིན་གསལ་པོར་མི་མཐོང་བ་བཞིན་དུ། ཐུགས་ཀྱི་བཞེད་པ་གསལ་པོ་མེད་པ་ལ་དགོངས་པ་ཞེས་པའི་མིང་ཆགས། དགོངས་པ་དང་། དགོངས་མོ་གཉིས་ལ་མིང་མཐའ་འདྲེན་ཚུལ་ལ་ཁྱད་ཡོད་པ་མ་གཏོགས་དགོངས་ཞེས་རྩ་བའི་སྒྲ་ལ་ཁྱད་པ་གཏན་ནས་མེད། དེ་ཡང་དགོངས་པའམ་དགོངས་མོའི་སྐད་དོད། ལེགས་སྦྱར་དུ། སནྡྷི། སྟེ་མཚམས་སྦྱོར་བའི་དོན་ལ་འཇུག འདིའི་སྐབས་སུ་ཉིན་མོ་དང་མཚན་མོ་མཚམས་སྦྱོར་བའི་དུས་དགོངས་མོ་ལ་འཇུག མདོ་སྡེ་དགོངས་འགྲེལ་སོགས་ཀྱི། སནྡྷི། ཞེས་པ་བོད་སྐད་དུ་བསྒྱུར་པའི་བཞེད་པ་ལ་དགོངས་པ་ཞེས་མིང་ཚིག་ཆགས་པ་མེད་པར་འདོད། དེ་ཡང་ཉི་ཤུ་པའི་ཚིག་ལེའུར་བྱས་པ་ན།
    གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི།
    དེས་འདུལ་བ་ཡི་སྐྱེ་བོ་ལ།
    དགོངས་པའི་དབང་གིས་གསུངས་པ་སྟེ།
    རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན།། ༩ །།
    དེ་ཡང་སེམས་ཙམ་པས་ཕྱི་རོལ་དོན་དུ་གྲུབ་པའི་གཟུགས་སོགས་སྐྱེ་མཆེད་མེད་ཀྱང་བཅོམ་ལྡན་འདས་ཀྱིས་ཡོད་པར་གསུངས་པ་དགོངས་མོའི་གཟུགས་སོགས་གསལ་པོ་མཐོང་བ་མེད་པ་ལྟར་བཅོམ་ལྡན་འདས་ཀྱི་བཞེད་པ་ལ་དགོངས་པ་སྟེ་ཕྱི་དྲོ་ཞེས་སོ། སློབ་དཔོན་དབྱིག་གཉེན་གྱི་མཛད་པའི་ཉི་ཤུ་པ་རྩ་བ་དང་རང་འགྲེལ། སུམ་ཅུ་པའི་རྩ་བ་དང་། སློབ་དཔོན་བློ་བརྟན་གྱི་འགྲེལ་པ་བཅས་ལེགས་སྦྱར་དངོས་ཡོད་པ། མཁས་དབང་སྐུ་གཤེགས་ཐུབ་བསྟན་མཆོག་གྲུབ་དང་། རྒྱ་གར་སློབ་དཔོན་ཀློག་པ་གསུམ་པ་ཅན་གྱིས་ཧིནྡ་སྐད་བསྒྱུར་པ་བཞུགས། རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། ཞེས་པའི་དོན་དག་ད་བར་བདག་གིས་མ་ངེས་པས། བོད་ཀྱི་མཁན་མཁན་བཤེས་གཉེན་རྣམས་ཀྱིས་གསུང་གྲོགས་མཛད་ན། དགེ་བར་འགྱུར་རོ། ཁ་སྐད་དུ་ཡི་གེ་མང་པོའི་སྒྲ་ཟུར་འཐོན་དཀའ་བས་དེ་དག་དབྱུགས་པ་ལ་ཡར་རྒྱས་ཀྱི་མིང་ཚིག་ཏུ་འདོད་པ་ནི་ལག་པ་ཆག་པའི་མིའི་གཟུགས་ལ་ཡར་རྒྱས་སུ་འདོད་པ་དང་འདྲའོ།
    མིང་ཚིག་ཡི་གེ་མ་དག་པ་རྣམས་ལ་ཞུས་དག་མཛད་ན། བདག་གཞན་ལ་ཕན་པས་བཀའ་དྲིན་དུ་རྩིའོ།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-04 at 4:29 am

    བོད་ཀྱི་མཁན་མཁན་ཞེས་པ་བོད་ཀྱི་མཁས་པ་ཞེས་བཅོས་སོ། དེ་བཞིད་མ་དག་པ་ཞུས་དག་མཛོད།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-04 at 4:40 am

    དགོངས་པ་ཞེས་མིང་ཚིག་ཆགས་པ་མེད་པར་འདོད། ཅེས་པར་དགོངས་པ་ཞེས་མིང་ཚིག་ཆགས་པར་འདོད། དེ་བཞིན་ཞུས་དག་མཛད་ན་རང་གཞན་གྱི་ཤེས་རིག་འཕེལ་ལོ།

  25. ཁྱུང་སེ། says:
    2015-03-04 at 6:47 am

    བཀའ་འགྱུར་ལ་ཞུས་དག་བྱས་ནས་ཕ་འོང་ཁ་བ་ཕ་འོང་གི་ནང་དུ་བཟང་བཙོན་ལ་བཅུག་པ་རེད་ཟེར། བདེན་པ་རེད་དམ།

  26. བདེན་པའི་ཕོ་ཉ་ says:
    2015-03-04 at 8:20 am

    ཕ་འོང་ཁ་བ་ཟེར་ན་སུ་རེད་ད་བར་དུ་གོ་མྱོང་མེད་

  27. ཁྱུང་སེ། says:
    2015-03-04 at 9:35 am

    ཕ་བོང་ཁ་བ་ཞེས་པར་བཅོས་རོགས་ཞུ།

  28. ས་མཐའི་མིག་ཆུ། says:
    2015-03-04 at 1:47 pm

    བཀའ་འགྱུར་ལ་ཞུ་གནང་མཁན་གཙོ་བོ་ནི་་དང་པོ་དེ་དགེ་བཤེས་རབ་ཚང་ཡིན་པ་འདྲ་རྗེས་མ་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཆོག་རེད་ཁོང་གདན་ས་བཀྲ་ཤིས་ལྷུན་པོར་དཔེ་ཁྲིད་གནང་བཞིན་དུ་ལྷ་སར་བཀའ་འགུག་གནང་འདུག

  29. ཚེ་བཀྲ། says:
    2015-03-05 at 6:58 am

    ལ་དྭགས་པས་ཁ་བརྡ་དྲ་ཚིགས་དེ་བཞིན་ཨ་མདོ་བའི་དྲ་ཚིགས་ཤིག་ཡིན་པ་ཤེས་ཡོད་ཚོད་འདུག ཨ་མདོ་ཡུལ་གྱི་ཆེ་བ་དང་། སྤྲེལ་ལད། དྲིན་ཆེན་བླ་མ་ཟེར་བ་སོགས་སྐབས་འཚོལ་གྱི་བསྔགས་བརྗོད་ལུང་པ་གང་བཤད་སོང་། ཧཧཧཧ།
    ཁྱོད་ཀྱིས་ཤེས་དགོས་རྒྱུར། ཨ་མདོ་བ་ཚོ་སྤྲེལ་ལད་དང་ཁ་སྟོང་པའི་བསྔགས་བརྗོད་དེ་ལ་དགའ་པོ་མེད་པ་ཤེས་ཡོད་ས་མ་རེད། དེ་ཤེས་པར་བགྱིས་ཤིག

  30. ཐུབ་པ། says:
    2015-03-05 at 9:32 am

    ལ་དགས་པ་དེ་ལ།
    རྗེས་སུ་ཡི་རང་གི་ཡིད་རངས་ཇི་ལྟར་འབྲི་དགོས་པ་རེད།

    ཡིད་རངས་རེད་དམ། ཡི་རང་། ཡི་རངས་རེད། གང་རེད།
    རྩ་ཤེས་རེད་དམ། རྩེ་ཤེ་རེད།
    སངས་རྒྱ་བར་འགྱུར་རེད་དམ། འཚང་རྒྱ་བར་འགྱུར་རེད། ག་རེ་བྱས་ནས་རེད་དམ།
    ཚང་མ་ལ་རྒྱུ་མཚན་བཤད་རོགས། པོ་ཏོ་མགོ་མཁྲེགས་ལགས།

    འདི་ཙམ་ཡང་མི་ཤེས་པ་བོད་ཡིག་ལེགས་པོ་སྦྱོངས།
    ཕྱོགས་གཅིག་ཙམ་མ་ཤེས་ན་དེ་འདྲ་རེད་དོ།། ཕྱོགས་ཡོངས་ལ་བསམ་བློ་ཐོངས་ལོ།

  31. ས་མཐའི་མིག་ཆུ། says:
    2015-03-05 at 9:39 am

    ཨ་མདོས་སྤྲེལ་ལད་མི་ཤེས་ཟེར་ཏོག་ཙམ་འགྲིག་མ་སོང་། ཨ་མདོ་པ་དང་གཤིབ་མྱོང་མཁན་ཞིག་ན་ཧཧཧཧཧཛོ་ལེ་རེད།

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-05 at 10:50 am

    གཏམ་རྙོག་མེད་པར་བོད་ལ་ཕན་པའི་ལས་བྱོས།
    འོག་གི་མིང་ཚིག་རྣམས་དག་པར་འབྲི་དགོས།
    ཨ་མདོ་བ།
    བགྱིས་ཤིག
    ལ་དགས་པ།
    ཡི་རང་། རྩེ་ཤེ་རེད།
    སངས་རྒྱ་བ། རོགས། པོ་ཏོ།
    ཐོངས་ལོ། འདིར་ཡོད་ལོའི་དོན་ཤོད་ཅིག
    ངའི་ཁ་སྐད་ཁྱོད་ཀྱིས་མི་ཤེས། ཁྱོད་ཀྱི་ཁ་སྐད་ངས་མི་ཤེས་པ་བདེན་ནོ།

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-05 at 11:22 am

    ཡི་རང་་ལ་ཞུས་དག་མི་དགོས་སོ།

  34. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 11:29 am

    རྗེས་སུ་ཡི་རང་ནི། རང་ཡང་འཐུག་མེད་པ་དེ་ནི། གཞན་གྱི་ཡོན་ཏན་དགའ་བསུའི་བསམ་བློ་དང་། ཡི་རངས་པའམ། ཡིད་རངས་པ་ནི། རང་ཉིད་བློ་ཁ་འཚིམ་པ་ཙམ་ལ་གོ

  35. ཁྱུང་སེ། says:
    2015-03-05 at 12:12 pm

    ཀརྡོ་ལགས་སྔོན་མ་ཞིག་ལ་ངས་ལ་དྭགས་པར་སྐད་ཆ་ཅུང་ཆེ་ཙམ་བཤད་དུས་ཁྱེད་ཀྱིས་ང་ལ་བཀའ་བསྐྱོན་བཏང་བ་ཨེ་དྲན།
    རྗེས་སུ་ཡིད་རངས་སམ་ཡི་རངས་གང་རུང་འབྲི་དགོས་པ་སྔར་གྱི་མཁས་པའི་དཔེ་གཞུང་ནང་དུ་འདུག

  36. ཐུབ་པ། says:
    2015-03-05 at 11:52 pm

    ལ་དགས་པ་མགོ་མཁྲེགས་པོ་ཡིན་པ་འདི་ནས་ཤེས
    ཡི་རང་། ཡིད་རང་། ཡིད་རངས། ཡི་རངས། གང་བྲིས་ཀྱང་རུང་།
    ང་ཚོའི་བོད་ཡིག་ལ་བོད་ཡིག་ཐུང་དུ་གཏོང་ཡ་ཡོད་པ་རེད། དོན་དངོས་སུ་ཡིད་རངས་ཡིན་ནའང་། དེ་ལྟར་བྲིས་ན་ས་ཆ་མང་པོ་ཟིན་པས། ཡི་རང་བྲིས་ཀྱང་འཐུས་པ་ཡིན། ཡིད་བཏགས་ལ་ཡི་དྭགས་ཟེར་བ་སོགས་མང་།
    འདི་ལྟ་བུ་ནི་ལ་དྭགས་པས་ཚེ་གང་ལ་འདྲིས་ཆ་བྱས་ཀྱང་མ་ཤེས་པའི་བོད་ཡིག་གི་ཁྱད་ཆོས་ཡིན།
    པོར་རྡོ་མགོ་མཁྲེགས་ཟེར་བ་འདི་ལ་ཟེར་བ་ཡིན།
    ཁོ་ནི་སྣར་སྐྱིད་ལྟར་མི་ཚེ་གང་ལ་སྐུ་ཕྲེང་གི་ཕྲེང་འ་འཕ་ར་བཏགས་འཕྲེང་ཞེས་བཤད་པ་ལྟར་རེད།
    དེ་ལ་ཆོ་ཡོད་མ་རེད། འདི་ཚོར་ཕྱོགས་གཅིག་མ་གཏོགས་མི་མཐོང་བའི་ཀླད་རྒན་མགོ་མཁེྲགས་ཟེར་བ་ཡིན་

    ད་དུང་བཀའ་འགྱུར་རྣམས་སུ་འཚང་རྒྱ་འགྱུར་ཞེས་ཀློག་པ་ལས་སངས་རྒྱ་འགྱུར་ཟེར་བ་འབྲི་སྲོལ་གཏན་མེད།
    ངས་ནམ་རྒྱུན་ལ་དགས་པས་ཕྱོགས་གཅིག་མ་གཏོགས་མཐོང་གི་མ་རེད་ཟེར་བ་འདི་ལ་ཟེར་བ་ཡིན།
    ཁོང་གིས་དེབ་གཅིག་འདྲ་བལྟས། དེ་ནས་དག་ཆ་ཅི་ཞིག་མཐོང་བ་དེ་རང་སྣང་འདྲ་དག་བྱས་བསྡད་ཡོད་པ་རེད།
    འདི་ཙམ་ཡང་མི་ཤེས་པ། ཐབས་སྐྱོ།

  37. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 11:59 pm

    ཁ་སྐད་དུ། པོ་ཏོ་དང་། པོར་རྡོའི་ཚབ་ལ། སྤོར་ཏོ་འདི་དག་ཆ་ཐག་ཉེ་བ་མི་འདུག་གམ། ད་དུང་དཔྱད་པར་གྱིས།

  38. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-06 at 5:16 am

    སློབ་དཔོན་བསོད་ནམས་རྩེ་མོ་༡༡༤༢་ནས་༡༡༨༢་བར་བཞུགས་པས། དིང་སང་རྒྱ་གར་ཁོངས་སུ་གནས་པའི་མངའ་རིས་མར་ཡུལ་དང་། བལ་ཡུལ་གྱི་ཁོངས་སུ་ཡོད་པ་འི་ལྷོ་མོན་ཐང་དང་། པཱ་ཀི་སྟཱན་ན་ཡོད་པའི་སྦལ་ཏི་དང་། ཤར་ཕྱོགས་ཁམས་རྒྱ་རོང་སོགས་བོད་ཀྱི་མཐའ་འཁོར་གྱི་ཡུལ་གྲུ་ཀུན་ཏུ་སྒྲ་གདངས་ཉམས་པ་མེད་པ་དང་། དབུས་གཙང་སོགས་སུ་བོད་སྐད་མིང་ཚིག་གི་སྒྲ་གདངས་ཉམས་རྒུད་དུ་འགྲོ་བར་གཟིགས་ཤིང་། མི་ཉམས་པའི་ཐབས་ལ་འབད་པར་མཛད་བཞིན་དགུང་ལོ་ཞེ་གཉིས་ལ་སྐུ་གཤེགས། སྐུ་ཚེ་རིང་པོ་བཞུགས་མ་ཐུབ་པ་དེ་བོད་སྐད་ཀྱི་སྒྲ་གདངས་ཉམས་པ་གསོར་ཐུབ་པ་ལ་གྱོང་གུད་ཆེན་པོ་བྱུང་། མཁས་གྲུབ་ཆེན་པོ་འདི་ཉིད་ཀྱིས་མཛད་པའི་བོད་ཀྱི་ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། གནའ་བོའི་ལུགས་སུ་བོད་ཡིག་ཀློག་པ་ལ་མེད་དུ་མི་རུང་བ་ཞིག་ཡིན། འདི་ཉིད་ལ་ཆོས་རྗེ་ས་པཎ་གྱི་འགྲེལ་པ་མཆིས། (མཚོ་སྔོན་མི་རིགས་དཔེ་སྐྲུན་སྤར་མ་)སི་ཏུ་སུམ་ཅུ་པ་ཤོག་གྲངས་༡༢༨་སོགས་ཀྱང་ཀློག་ཐུབ་ན། བོད་ཀྱི་ཡི་གེ་ཀློག་པ་དང་དག་ཆ་ལེགས་པར་འབྱུང་བ་ལ་ཕན་ནོ།
    དེས་ན་གོང་གསལ་ཡུལ་རྣམས་ཀྱི་བོད་སྐད་དེ་སྒྲ་གདངས་མ་ཉམས་པ་དེ་ཡིས་བོད་སྐད་ཡི་གེའི་དག་ཆ་རྣམས་ལེགས་པ་འབྱུང་བ་ལ་བོད་མི་གཟུར་གནས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་གཅེས་སྤྲས་མཛད་པ་ལ་རྗེས་སུ་ཡི་རངས་ཏེ། མངོན་པར་བསྟོད་དོ།
    ངའི་གྲོང་ཡུལ་ཁ་སྐད་དུ། ཡིད་རངས་ཞེས་པ་ཐོས་པ་ལ་དཔགས་ན། ཡིད་ཅེས་པ་གྱུར་ནས་ཡི་རངས་ཞེས་ཆགས་པར་མངོན། ངའི་གྲོང་ཡུལ་ཁ་སྐད་དུ་ཡང་བདག་སྒྲ་དེ་ཆོས་སྐད་དང་མཐུན་པས། སུམ་ཅུ་པ་ན་བཤད་པ་ལྟར་འཐད་ལྡན་དུ་ཡོད་དོ། ། ཡིག་ནོར་དག་ལ་ཞུས་དག་མཛོད་ཅིག་ཅེས་སོ།

  39. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-06 at 5:23 am

    ང་ཚོ་དང་ཁྱོད་ཚོ་ཞེས་ཕྱོགས་འཐེན་པ་འཇབ་ཆུང་གི་སྐད་ཆ་ཡིན།

  40. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-07 at 3:47 am

    “ཡིད་བཏགས་ལ་ཡི་དྭགས་ཟེར་བ་སོགས་མང་།” འདི་ཉིད་རང་བཟོ་ཡིན་ནམ། ཡང་ན། ཁུངས་ཤིག་ཡོད། བཟོད་པའི་གཟི་བྱིན་གྱིས་ངའི་བཞིན་རས་ཡར་ངོའི་ཟླ་བ་ལྟར་མཛེས་པས་ཤེས་པར་འདོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme