Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད།(4)      

Posted on 2019-05-162019-05-17 By ཁ་བརྡ 16 Comments on ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད།(4)      

ཐེ་བོ་སངས་རྒྱས།

ཉིན་གསུམ་པ། 

དེ་རིང་ཕྱི་ཚེས་ ༣༡ གཟའ་ཕུར་བུའི་ཞོགས་ཀ་རེད། ཆུ་ཚོད་བདུན་པའི་ཐོག་མལ་ལས་ལངས་ཞོར་སྒེའུ་ཁུང་གི་ཕྱི་ལ་སྐེ་བསྲིངས། ནམ་མཁར་སྤྲིན་པ་ཟེར་བ་ཁུར་མོང་གི་སྤུ་འཕྲུ་*༡ཙམ་ཡང་མེད་ཅིང་ཚ་བ་དགའ་རབ་འདུག  ཁྱམས་འདབས་ཀྱི་ཁྲུས་རྫིང་ནང་མཆོངས་ནས་རྐྱལ་རྩལ་ངོམ།  ཆུང་དུས་ཆུ་རྐྱལ་ལ་དབྱིངས་ཞུགས་མྱོང་ཡང་དེ་ལུས་སྦྱོང་ཞིག་ཡིན་སྣང་མ་ཤར།  ཆུར་རྐྱལ་ཏེ་ཕྱིར་མགྲོན་ཁང་ནང་འཁོར་དུས་ཞབས་ཞུ་མས་ངའི་ཁང་མིག་གཙང་སྦྲ་བྱེད་ཀྱིན་འདུག  རྒྱ་ནག་གི་གཏམ་དཔེ་ལ།  “དངུལ་ཡོད་ན་འདྲེ་མོས་ལག་མཆིག་སྐོར་རོགས་བྱེད།”  ཟེར་བ་ཅིས་མ་བདེན།  འདི་ང་ཚོ་ཕྱུག་པོ་ཡིན་པའི་སྐད་ཆ་མིན།  ཧོབ་སྟེ་བལྟས་ན།  ས་རྒྱུས་མི་རྒྱུས་ཅི་ཡང་མེད་སར་སྒྲོ་ལཱར་Dollar ཟེར་བའི་ཤོག་ལྷེ་ལྗང་ཁྲ་འདི་ཡིས་གནས་མལ་གང་བདེ་དང་།  བཟའ་བཏུང་གང་ཞིམ་རེ་ཐོབ་པར་མ་ཟད།  སྐྱེ་ཕོ་མོ་ཀུན་གཡོག་ཏུ་ཁོལ་བ་འདི་ལས་ཡ་མཚན་པ་ཅི།  འོན་ཀྱང་།  འདིའི་རྒྱབ་ལོགས་ན་དབང་འཛིན་པ་ཞིག་གིས་དཀོན་མཆོག་དཔང་བཙུགས་ཀྱིས་དངུལ་སྲང་གཞལ་རྒྱུ་དམ་བཅས་ཡོད་པ་མ་ཡིན་ནམ།  ཉལ་ཁང་གཙང་མ་བཟོས་ཚར་རག་བར་ཁྲུས་རྫིང་འགྲམ་གྱི་རྐུབ་བཀྱགས་ཐོག་སྐུ་དྲག་ཅིག་གི་ཚུལ་དུ་ངལ་བསོས།  དེ་ནས་ཅ་ལག་རོབ་ཙམ་བསྡུ་གསོག་བརྒྱབ་སྟེ་ཐོན་ཆོག་ཆོག་བཟོས།  གང་ཡིན་ཞེ་ན།  དེ་རིང་ང་ཚོ་ཕུ་ཁེ་ཐྲི་Phuket ཞེས་པའི་མཚོ་གླིང་གྲགས་ཅན་དེར་འགྲོ་དགོས་རེད།  མགྲོན་ཁང་གི་ཐག་ཉེའི་ཐའེ་ཟ་ཁང་ཞིག་ཏུ་སོང་ནས་ཞོགས་ཟས་ལ་འབྲས་ཕྱེའི་ཐུག་པ་རེ་བཏུང་།  ཕྱིར་མགྲོན་ཁང་དུ་ཡོང་ནས་འཚིག་ཇ་འདྲ་འཐུང་ཞོར་དེ་རིང་གི་འགྲིམ་འགྲུལ་ཇི་ལྟར་བྱ་རྒྱུའི་སྐོར་གྲོས་མོལ་བྱས།  ལམ་གྲོགས་གསུམ་ག་མེ་འཁོར་ནང་བསྡད་དེ་ཡུལ་ལྗོངས་ལ་ལྟད་མོ་ལྟ་བཞིན་འགྲོ་འདོད་མོད།  མེ་འཁོར་ནི་ལམ་ཕྱེད་ཙམ་ལས་མི་འགྲོ་བ་ཤེས་པས་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་རྒྱུ་གཏན་ཁེལ།  ང་ཚོས་ཅ་ལག་འཐོལ་པ་འགའ་མགྲོན་ཁང་གི་སྣེ་ལེན་པ་མ་ནིང་མར་བཅོལ་བས་སྟབས་ཇེ་བདེར་སོང་།  སྤྱིར་ཐའེ་རྒྱལ་ཁབ་འདིར་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་ཅིང་།  དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་པའི་ལུང་པ་ཞིག་རེད།  དེ་ཡང་གསེར་དང་།  གཤའ་དཀར།  ཞ་ཉེ།  ཏི་ཚ།  རིན་ཆེན་རྡོ་ཡི་རིགས།  རྡོ་སོལ་སོགས་ཟད་མི་ཤེས་པ་དང་།  ཕྱི་ལོ་༢༠༡༨ལོར་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་ལ་GDP, ཨ་སྒོར་ཁྲག་ཁྲིག་ཆེན་པོ། ༡༣༢༣།  GDP, US$1.323 trillion(PPP; 2018 est,)  ཨེ་ཤ་ཡའི་ཨང་རིམ་མཐོ་གྲས་སུ་སླེབས་པར་བཤད་ལ།  བྷན་ཀོག་ནས་གང་ལ་བལྟས་རུང་དེ་ལྟ་ལོས་ཀྱང་ཡིན་སྙམ་པ་ཞིག་ཤར།

སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་གླ་འཁོར་ཞིག་གླས་ཏེ་རླངས་འཁོར་འབབ་ཚིགས་སུ་བསྐྱོད།  ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་ཕུ་ཁེ་ཐྲིར་འགྲོ་མཁན་གྱི་རླངས་འཁོར་འཛིན་བྱང་རེ་ཉོས།  སྒུག་ཡུན་ཅུང་རིང་ཡང་སྟབས་ལེགས་སྟེས་དབང་གིས།རླངས་འཁོར་འབབ་ཚིགས་ནི་བལ་ཡུལ་གྱི་གནམ་གྲུ་ཐང་ལས་ཀྱང་མཐུན་རྐྱེན་འཛོམས་པོ་འདུག  ང་ཚོས་སྔ་ཉིན་ནས་ཉོ་འདོད་པའི་ཁ་པར་བྱང་བུ་རེ་ཉོ་རྒྱུ་རག་ཅིང་།  རོགས་པ་ཚོས་ཉོ་ཆ་ཙག་ཙིག་བརྒྱབ་རྗེས་འཚིག་ཇ་ཁང་ཞིག་ཏུ་སྐོམ་སེལ་ཐབས་བྱས།  ཉིན་གུང་ཡང་དེར་ཐའེ་ཤ་འབྲས་ཞིམ་ཐག་ཆོད་པ་ཞིག་ཟོས།  ལམ་ལ་ཆས་རག་བར་ཇ་ཁང་ཁམས་སངས་ས་ཞིག་ཏུ་ཇ་རེ་བཏུང་བཞིན་དུས་ཚོད་བསྐྱལ།  ཆུ་ཚོད་༦ཐོག་སྤྱི་སྤྱོད་རླངས་འཁོར་ཉིས་བརྩེགས་ཅན་དེའི་ཐོག་ཁར་འཛེགས།  ཞབས་ཞུ་མ་ཞིག་གིས་ཁ་ཟས་དང་སིལ་ཁུ་དག་དྲངས་པ་དང་མཉམ་དུ་རླངས་འཁོར་འགྲོ་འགོ་བརྩམས།  བྷན་ཀོག་ནས་ཕུ་ཁེ་ཐྲིའི་བར་སྤྱི་ལེ་དགུ་བརྒྱ་ལྷག་གི་ས་ཐག་ཡོད་པས་མཚན་ཐོག་ཐག་གི་ལམ་ཡིན་པ་བཤད་མ་དགོས།  ད་དུང་ཉི་མ་ནི་ཐག་ཚད་ཙམ་ཡོད་པས་ཡུལ་ལྗོངས་ལ་ལྟད་མོ་ལྟ་བའི་གོ་སྐབས་ཤར།  མྱུར་འགྲོས་གཞུང་ལམ་དེ་ལྷོ་ཡི་ཕྱོགས་སུ་དྲང་ངེར་འདུག  རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་ཇི་ལྟར་མཐོང་བའི་ཚུལ་ནི།  བྱ་ལེན་མའི་ཟློས་གར་ལས།  “བདག་ལ་གློ་བུར་ཕྲ་རབ་དག་ཀྱང་ཆེ་བའི་ཕུང་པོ་ཉིད་དུ་སྣང་།།རང་བཞིན་ཉིད་ཀྱིས་འཁྱོག་པ་དག་ཀྱང་རིམ་པ་གཅིག་པའི་དྲང་པོར་གྱུར།།སོ་སོར་ཆད་པའི་ཆ་ཤས་ཀུན་ཀྱང་ལྷན་ཅིག་འབྱར་བའི་རྒྱུད་དུ་སྟེ།།སྐད་ཅིག་རེ་ལ་མཐོང་བའི་ཆ་རྣམས་རྒྱང་ན་མ་ཡིན་དྲུང་ན་མིན།།” ཞེས་པ་ལྟར་སྣང་།

དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ་ཟས་རིགས་སྣ་ཚོགས་འཛོམས་སའི་ཁྲོམ་ར་ཞིག་ཏུ་འབྱོར།  མགྲོན་པོ་རྣམས་ཀྱིས་ཆབ་བསང་གི་རྗེས་སུ་དགོང་ཟས་ལ་རོལ།  ང་ཚོས་ཐའེ་སྟབས་བདེ་ཐུག་པ་དང་ཤིང་ཏོག་རེ་ཟོས་རྗེས་སླར་ཡང་ལམ་ལ་ཆས།  མུན་ནག་ནང་ཡུལ་ལྗོངས་ཀྱི་བཀོད་གསལ་པོར་མཐོང་རེ་བྲལ་བས་ཁ་པར་ལས་གླུར་ཉན་བཞིན་གཉིད་ལ་ཤོར།  དེའི་བར་ལམ་ཁ་ཧ་ཅང་བདེ་བས་མཚན་འགྲུལ་ལ་དཀའ་ཚེགས་དེ་ཙམ་མ་བྱུང་།

ཉིན་བཞི་པ། 

ཕྱི་ཟླ་༢ཚེས་༡གཟའ་པ་སངས།  ནམ་ལངས་དུས་རླངས་འཁོར་ལྡིར་ལྡིར་གྱིས་ལྷོ་ནས་ལྷོར་བཞུད་ཀྱིན་འདུག  སྒེའུ་ཁུང་ལས་ཉི་འོད་གསེག་འཕྲོས་ཀྱིས་མགྲོན་པོ་དག་གི་རྨི་ལམ་དཀྲོགས།  ཡུལ་ལ་ལར་ལྷོ་བྱང་གཉིས་ཀྱི་གནམ་གཤིས་དྲོ་གྲང་དང་།  གངས་རི་དང་ནགས་རི།  རྩྭ་ཐང་དང་བྱེ་ཐང་།  གཞའ་ཚན་ཡོད་མེད་སོགས་ཀྱི་ཁྱད་པར་ཆེ་མོད།  རྒྱལ་ཕྲན་འདིར་དེ་ཙམ་ཧེ་བག་ཡོད་ཚོད་མི་འདུག  ཆུ་ཚོད་༡༠ཙམ་ལ་ཕུ་ཁེ་ཐྲིའི་རླངས་འཁོར་འབབ་ཚིགས་སུ་འབྱོར།  རླངས་འཁོར་ལས་བབས་ཏེ་ཕུ་ཁེ་ཐྲིའི་མཚོ་ཁར་འགྲོ་སྟངས་ཐད་སྐད་ཆ་དྲིས་དུས།  མཚོ་ངོགས་ཁ་ཤས་ཡོད་པ་ལས་ཁྱོད་ཚོ་གང་དུ་འགྲོ་ཞེས་ལྡོག་འདྲི་བྱེད་ཀྱི་འདུག  མཐར་ལམ་སྟོན་བྱས་གསལ་ལྟར།  དང་པོ་ཊུ་ཊུ་ཞིག་ཏུ་བསྡད་ཅིང་ཡུད་ཙམ་སོང་རྗེས་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་འཛུལ་ཏེ་པཱ་ཏོང་Patong མཚོ་ཁར་བསྙེགས།  ཡུལ་ལྗོངས་ཉམས་དགའ་ལ་ལམ་ཁ་བདེ་བ་སྤྱི་ལེ་འགའ་བརྒལ་མཐར་པཱ་ཏོང་མཚོ་ཁར་སླེབས།  དེ་ནི་མཚོ་ཁུགས་སུ་ཆགས་པའི་གྲོང་བརྡལ་ཧ་ཅང་སྐྱིད་པོ་དཔེ་གསར་གྲོང་ཁྱེར་Smart City ཞིག་གི་ཁྱད་ཆོས་ཚང་།  ཐའེ་ལན་ཌུའི་ལྷོ་སྣེའི་ཕུ་ཁེ་ཐྲི་འདི་ཉིད་མིང་དུ་གྲགས་དོན།  ཆར་སྤྲིན་འཁྲིགས་པའི་ནགས་ཀློང་དང་།  ཨན་ཌ་མཱན་རྒྱ་མཚོའི་Andaman Sea,  ནང་མཚོ་གླིང་རི་ཕྲན་མཛེས་སྡུག་ལྡན་འགའ་ཡོད་པར་མ་ཟད།  དྭངས་ཤིང་གཙང་བའི་མཚོ་མོ།  ཐའེ་བཟོ་བཀོད་འབུར་དུ་དོད་པའི་ལྷ་ཁང་དང་ཐུབ་སྐུ་ཆེན་མོ།(Big Buddha) འདོད་རྒུའི་ལོངས་སྤྱོད་འཛོམས་པའི་མཚོ་ཁ་འགའ་ཡང་ཡོད་པས་ལོས་ཡིན།

ཉིན་གུང་ང་ཚོ་པཱ་ཏོང་དུ་སླེབས་པ་དང་དྲ་ཐོག་ནས་མགྲོན་ཁང་བཙལ་ཅིང་དགོས་རྒུ་ས་ཁྲའི་ལམ་སྟོན་ལྟར་རྒྱལ་པོའི་ཁབ་མགྲོན་ཁང་།royal hotel ཞེས་པར་གནས་ཚང་གླས།  མགྲོན་ཁང་འདིའི་སྦྱིན་བདག་ལཱག་ནོ་ནས་ཡོང་བའི་རྒྱ་གར་བ་ཞིག་རེད་འདུགཁྲུས་རེ་གསོལ་རྗེས་འདབས་ཀྱི་ཟ་ཁང་ཞིག་གི་ནང་ཞོགས་ཇ་དང་གུང་ཚིགས་ལྷན་དུ་ཟོས།  གནམ་གཤིས་དྲོ་ཚད་༣༠སྒང་ལ་ཡོད་པས་ང་ཚོས་ཕུ་མེད་སྟོད་ཐུང་དང་།  དོར་ཐུང་།  ཉི་ཁེབས་ཞྭ་མོ་རེ་གྱོན་ཏེ་མཚོ་ཁར་འཆམ་འཆམ་དུ་བསྐྱོད།  མཚོ་ཁར་རྐུབ་སྟེགས་ཉལ་ཁྲི་མ་མཚམས་མཚམས་སུ་བསྒྲིགས་ཤིང་ཉི་གདུགས་ཁྲ་ལམ་མེར་ཕུབ་པ་དང་།  ཤ་མདོག་དང་སྐྲ་མདོག་མི་འདྲ་བའི་མི་རིགས་སྣ་ཚོགས་པ་འདུས་ཏེ།  ལ་ལ་རྒྱ་མཚོར་རྐྱལ་བ་དང་།  ལ་ལ་སྐྱིད་ཉལ་རྒྱག་པ།  ལ་ལ་དཔེ་དེབ་ཀློག་པ།  ལ་ལ་དྲ་སྤོལ་རྩེ་བ།  ལ་ལ་རྒྱུག་ཤར་གློད་པ།  ལ་ལ་གྲུ་ཆུང་གཏོང་བ།  ལ་ལ་མཆོངས་གདུགས་ལ་འཕུར་བ་སོགས་བྱེད།  གུས་པ་ལོ་མང་གོང་དུ་རྒྱ་གར་ལྷོ་ཕྱོགས་གྷོ་ཝཱ་Goa མཚོ་ཁར་འགྲོ་མྱོང་ས་དང་ཕལ་ཆེར་འདྲ་བོ་འདུག་དྲན།  ང་ཚོ་པཱ་ཏོང་གྲོང་བརྡལ་གྱི་སྨད་ནས་སྟོད་བར་མཚོ་འགྲམ་བརྒྱུད་རྐང་ཐང་དུ་ལེ་བར་ལྔ་དྲུག་ཙམ་སོང་།  དེ་ནས་འཛམ་གླིང་ནང་སྐད་གྲགས་ཆེ་བའི་འཚིག་ཇ་ཁང་Starbucks ཞིག་འཚིག་ཇ་རེ་ཉོས་ཏེ་ལྷོད་ལྷོད་ངང་མཚོ་ཁའི་ཉི་མ་ནུབ་ཚུལ་ལ་ལྟད་མོར་གཡེངས།  ས་རུབ་རྗེས་སྲང་བར་ཀུན་ཏུ་ལམ་སྒྲོན་ཁྲ་ལམ་མེར་སོང་།  ཕྱོགས་ཡོང་མགྲོན་པོ་རྣམས་སྲང་ལམ་དུ་སྐོར་གཡེང་བྱེད་ཀྱིན་འདུག  ང་ཚོ་ཁྲོམ་ར་འགུ་ཁ་གང་བ་ཞིག་ཉུལ་མཐར་ལན་གྲུ་ལཱ་མེན་兰州拉面ཞེས་པའི་ཟ་ཁང་ཞིག་ཏུ་འཛུལ་ནས་ལཱ་མེན་དང་ཝུ་སིབ་ཁུ་ནག་རེ་བཏུང་།  ཐུག་པའི་བྲོ་བ་དེས་བོད་མདོ་སྨད་ནས་ཐག་ཉེ་བའི་ལན་གྲུ་གྲོང་ཁྱེར་ངོ་མར་སླེབས་པའི་ཚོར་སྣང་སྟེར།  ལན་གྲུའི་ལཱ་མེན་ནི་རྒྱ་ནག་སྐམ་ས་ཆེན་མོར་རླུང་ལྟར་གྲགས་ཤིང་ཕྱི་རྒྱལ་དུའང་གོ་རྒྱུ་འདུག  དགོང་མོ་འཕྱི་ཙམ་ཕྱིར་མགྲོན་ཁང་དུ་ཡོང་ནས་ཁ་བརྡ་གློད།  ཆུ་ཚོད་༡༡ཟིན་མཚམས་གློག་སྒྲོན་དང་ལྷན་དུ་གཟིམས།  (མུ་འགོད།)

མཆན།*༡སྔོ་ལྡུམ་གཞུང་རྟ་རྐང་གཅིག་ཁོང་སྟོང་བཅད་ན་འོ་མ་བཞུར་བ།  མེ་ཏོག་སེར་པོ་འཐོར་རྗེས་ཤིང་བལ་ལྟ་བུའི་སྤུ་འཕྲུ་དཀར་པོའི་ཚོམ་བུ་འདོགས་པ།  བྱིས་པ་ཚོས་རྩེད་འཇོས་ཕུ་བཏབ་ན་གནམ་ལ་འཕུར་བ་ཞིག་གོ།

དྲན་ཐོ།

Post navigation

Previous Post: ཡར་ཀླུང་ཁོག་དང་ངའི་ཡ་ཁོག་གཉིས་ཀྱི་གང་ཆེའམ།
Next Post: པུཥྤ་ཧ་རི་བཙལ་བ།

Comments (16) on “ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད།(4)      ”

  1. ཀླུ་སྨྱོན། says:
    2019-05-17 at 2:22 am

    ཐའེ་འཕུར་མཉེད་སྐད་གྲགས་ཡོད་པ་རེད་ད།

  2. ཐེ་བོ་སངས་རྒྱས། says:
    2019-05-17 at 4:12 am

    ཨ་ལགས་ཀླུ་ཡི་མཚན་ཅན་ལགས། ཡང་བསྐྱར་དེ་ལ་འགྲོ་སྙིང་བྲོ་བ་ཞིག་དང་། དེ་དུས་བསམ་བསྡད་ནི་ཁ་ཤས་འདུག

  3. རང་བྱུང་རིག་པའི་རྡོ་རྗེ says:
    2019-05-17 at 11:25 am

    དཀའ་ལས་རྒྱབ་ནས་བྲིས་འདུག འོན་ཀྱང་བྲོ་བ་གང་ཡང་མི་འདུག མགྲོན་ཁང་དང་ཟ་ཁང་། རླང་འཁོར་སོགས་ཀྱི་རིན་གོང་གང་ཡང་བྲིས་མི་འདུག
    ཐེ་ལན་ཊར་འགྲོ་མ་མྱོང་བའི་ཀློག་མཁན་ཞིག་ཡིན་ན་བསམ་བློ་དང་པོ་དེ་ལུང་པ་དེར་འགྲོ་ན་འགྲོ་སོང་ཅི་ཙམ་དགོས་མིན་དེ་ཧ་ཅང་གི་གལ་ཆེན་རེད། དེ་ཡིན་དུས་གལ་ཆེན་དེ་གཅིག་ཀྱང་མ་བཤད་པར་ཉོག་བཤད་དེ་ཚོར་བཀླགས་པར་དུས་ཚོད་ཆུས་ཟོས་སུ་བཏང་བའི་སྣང་བའང་འདུག་གོ །

  4. ཀླུ་སྨྱོན། says:
    2019-05-17 at 12:37 pm

    ཧ་ཧ། སྒྲོ་ལོར་ལྗང་ཁུའི་མདུན་ན།། ཐའེ་སྒོར་གཉའ་བ་ཆག་ཆག།ཐའེ་འགྲོ་སོང་གང་ཡོད།།སྒྲོ་ལོར་ཐག་གཅོད་བྱེད་སླ།།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2019-05-17 at 4:02 pm

    ངས་གྲོགས་པོ་ཞིག་ལོ་ཁ་ཤས་གོང་ལ་ཐེ་ལན་ཊིར་བསྐྱོད་འདུག དེ་དུས་ཨ་སྒོར་གཅིག་ལ་ཐེ་སྒོར་སོ་དྲུག་ཙམ་རེད་ཟེར། ད་ལྟ་ཐེ་སྒོར་སོ་གཅིག་ཡིན་ས་རེད། ཐེ་སྒོར་གྱི་ནུས་པ་ཆེ་རུ་སོང་འདུག །

  6. ཐེ་བོ་སངས་རྒྱས། says:
    2019-05-17 at 11:01 pm

    རང་བྱུང་རིག་པའི་རྡོ་རྗེ་ལགས། གུས་པས་རྩོམ་འཆལ་འདིའི་མགོར། མཁས་པའི་ཁྲི་ལ་འགྱིང་དང་གཅིག །དུས་ཚོད་གསེར་དུ་ཤེས་དང་གཉིས། །ལེགས་བཤད་བདུད་རྩིས་སྐོམ་པ་གསུམ། །འདི་ལ་སྤྱན་ཟུར་མ་གཡོ་རོགས། ། ཞེས་འབོད་སྐུལ་ཞུས་ཟིན། ད་སྐུ་ཉིད་ཀྱི་ཆུ་ཚོད་འཕྲོ་བརླག་བཏང་ཡོད་ན་ངས་དགོངས་དག་ཞུ་མི་ཤེས་སོ།།

  7. རང་བྱུང་རིག་པའི་རྡོ་རྗེ says:
    2019-05-18 at 2:09 am

    རེད་ཡ། ང་ལ་དགོངས་དག་དགོས་ཀྱི་མེད། ངེད་ཀྱི་ནོར་འཁྲུལ་རེད། དང་པོ་ཉིད་ནས་བལྟ་རིན་མེད་པ་ཧ་གོ་མ་སོང་། །

  8. བདེ་འཇགས་ཕོ་ཉ། says:
    2019-05-18 at 2:50 pm

    ཐེ་ལཎ་ཌི་ལ་མཛེས་མ་མང་རབས་ཡོད། །
    ཐེངས་གཅིག་འགྲོ་ཡ་བྱུང་ན་ཅི་མ་རུང་། །

  9. འབྲོང་གི་བུ་བརྒྱུང། says:
    2019-05-20 at 6:49 pm

    ཐེ་བོ་སངས་རྒྱས་རྒྱས། གསར་འབྱོར་པའི་བཤད་སྟངས་ལྟར། Pukhet ལ་བོད་པ་འགྲོ་བ་ཁྱེད་རང་ཐེངས་དང་པོ་མ་རེད་དམ། ཧ་ཧ།

  10. AྀBHARU JIGWANG says:
    2019-05-21 at 12:51 am

    ཆོ་མེད་ཀྱིས་བྲིས་པ་ཆེད་རྩོམ་ལ་བྲོ་གང་ཡང་མི་འདུག།
    འདི་དྲ་བོའི་རྕོམ་ཡིག་ལ་འབད་བརྩོན་མ་གནང་ན་ལེགས།

  11. kongpo Bhu says:
    2019-05-21 at 6:34 am

    བཤད་དགོས་ཡ་རིགས་གང་ཡང་མ་བཤད་པར་ཉོག་གཏམ་མང་དྲགས་ན་ཀློག་མཁན་ཉོབ་འགྲོ་ས་རེད་། གནས་ཚུལ་ཁ་གསལ་དང་བརྗོད་དོན་གང་ཡིན་ཡག་པོ་བཟོ་མི་གདའ།

  12. ཐེ་བོ་སངས་རྒྱས། says:
    2019-05-21 at 10:19 am

    འདིར་སྐྱོན་བརྗོད་རིམ་པར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའོ།། སོ་སྐྱེས་ཕལ་ཆེ་བར་རང་སྐྱོན་ངོས་ཟིན་རྒྱུ་ལས་དཀའ་བ་ཞིག་མེད་ཅིང་། སྐྱོན་ཆ་ཐེར་འདོན་འདི་དག་གིས་གུས་པའི་རྩོམ་ཡིག་ལས་མ་འདང་སའི་ཆ་མང་བ་གསལ་འདེབས་དང་། དེ་ཇི་ལྟར་བསྒྱུར་དགོས་པའི་ཐད་བསམ་བློ་གཏོང་བའི་གོ་སྐབས་བསྐྲུན། སྐྱོན་བརྗོད་རེ་ཟུང་ནི་འགྲོ་གྲོན་ཐད་ཁོད་མེད་པའི་སྐོར་རེད། རྩོམ་འཆལ་འདིའི་ལེའུ་དང་པོར། འགྲུལ་བཞུད་འདིའི་འགྲོ་གྲོན་བརྒྱ་ཆ་40% ཙམ་ཟིན་པ་སྟེ། ཕར་ཚུར་གྱི་གནམ་གླ་དང་། ཐོངས་མཆན་དང་དེའི་ཞུ་གླ་བཅས་གསལ་པོར་བྲིས་ཡོད་ལ། ཧིན་སྒོར་ཐའེ་སྒོར་ནང་འཛའ་ཐང་ག་ཚོད་ཡིན་པ་བཅས་བྲིས་ཡོད། ཐུག་པ་ཕོར་བ་གང་ཚུན་ཆད་ཀྱི་རིན་གོང་འདིར་བྲིས་ན་རྩིས་ཁྲ་ཉོག་པོ་ལྟ་བུར་འགྱུར་དོགས་ཀྱིས་མ་བྲིས་པ་ཡིན།
    གུས་པས་རྩོམ་ཡིག་སྤེལ་བའི་རྒྱབ་ལྗོངས་ཀྱང་འདིར་ཞུ་འདོད་བྱུང་སྟེ།
    དང་པོ་ཟིན་ཐོ་ཐབས་ཆག་འདི་འབྲི་རྩིས་མེད། གང་ཡིན་ཞེ་ན། ངའི་ལམ་གྲོགས་རྩོམ་པ་པོ་ཐེ་བོ་ཤེས་རབ་རྒྱ་མཚོས་ང་ཚོའི་འགྲུལ་བཞུད་འདིའི་སྐོར་ཟིན་ཐོ་ཞིག་འབྲི་གི་ཡིན་ལབ་པར་མ་ཟད། ལེའུ་དང་པོ་བྲིས་ཏེ་ང་ཚོར་བསྟན་བྱུང་། ཡིན་ནའང་ཟླ་ཤས་རྗེས་སུ་ཁོང་བྱ་བའི་བྲེལ་ཟིང་ཁྲོད་མཇུག་སྐྱོང་མ་ཁོམ་པར་མ་ཟད། དེའི་མཇུག་འབྲི་རྒྱུ་མིན་ཞེས་བཤད་བྱུང་བས། གཞི་ནས་རང་རང་སོ་སོ་གང་དུ་སོང་བའི་ཡུལ་གྱི་གནས་ཚུལ་ཐོ་རེ་བ་ཡི་གེར་བཀོད་ན། གཞན་ལ་མ་ཕན་རུང་ལོ་མང་རྗེས་སུ་རང་ཉིད་ལ་ཕྱིར་དྲན་གསོ་ཐུབ་པར་སྙམ། གཞན་བོད་མི་ཚོ་འཛམ་གླིང་ས་ཕྱོགས་གང་སར་འགྲུལ་བཞུད་བྱེད་ཀྱིན་པ་ལས་ཟིན་ཐོ་འབྲི་བ་དར་སོ་མི་ཆེ་བས། འདིས་རང་ཉིད་ནས་ལས་ཀ་ཆུང་ཆུང་བསྒྲུབ་འདོད་ཀྱང་ཡིན།

  13. རྟ་བདུན་དབང་བོ says:
    2019-05-21 at 3:30 pm

    ང་ཉིས་སྟོང་བཅུ་གསུམ་ལོར་ཐེ་ལན་ཊིར་འགྲོ་མྱོང་། དེ་དུས་ཨ་སྒོར་རེར་ཐེ་སྒོར་༣༢་ནས་༣༣་བར་རེད་འདུག གནམ་གྲུ་ས་ཚིགས་གི་གླ་གཏོང་བ་ཚོས་རིན་གོང་ཐག་རིང་ཐུང་ལ་གཞལ་ནས་གླ་ཆ་ལེན་བཞིན་འདུག་པས་ཧ་ཅང་ལེགས། འོན་ཀྱང་
    གྲོང་འཁྱེར་ནང་ན་གླ་གཏོང་རླང་འཁོར་བ་ཚོས་ཕྱི་རྒྱལ་བ་ཡོད་ཚད་ལ་གླ་ཆ་ལེན་ཅི་ཐུབ་བྱེད་བཞིན་འདུག་པས་རིན་གོང་ལ་ངེས་གཏན་མེད་པས་རང་ཉིད་ཀྱིས་སྤྱང་གྲུང་བྱེད་དགོས། ང་ནི་ས་ཆ་གང་དུ་སོང་ཡང་ཉལ་ཆས་སྟབས་བདེ་ཞིག་འཁྱེར་བཞིན་ཡོད་པས་མགྲོན་ཁང་ཡག་ཙོག་ལ་ཞེ་དྲག་ཁྱད་པར་མེད། དེའི་ཕྱིར་མགྲོན་ཁང་སྐར་རྟགས་ཅན་ལ་བསྡད་མེད་པས་རིན་གོང་ཅི་ཡིན་མ་ངེས། མགྲོན་ཁང་ཆུང་བ་ཚོ་ནི་ཧ་ཅང་གི་རིན་གོང་ཆུང་ཆུང་འདུག ཨ་སྒོར་༥ ནས་བཅུ་ཅན་འདུག་པར་མ་ཟད་སྤུས་ཀའང་ཡག་པོ་འདུག ང་མགྲོན་ཁང་གཅིག་ནས་བདུན་ཕྲག་གཅིག་ལ་བསྡད། ར་སྐོར་ནང་དུ་ཆུ་བསྐྱལ་ས་ཡོད་ཅིང་ཧ་ཅང་སྤུས་ཀ་ལེགས། རིན་གོང་ནི་ཞག་མ་གཅིག་ལ་ཐེ་སྒོར་༢༠༠་ཙམ་ཡིན་བསམ་བྱུང་། མགྲོན་ཁང་ཆུང་ཆུང་འདིའི་རིགས་ཀྱི་རིན་གོང་ཞག་མ་གཅིག་ལ་ཐེ་སྒོར་༡༥༠ ནས་༥༠༠་བར་རེད་འདུག གྲང་གློག་ཡོད་སར་རིན་གོང་ཅུང་ཆེ་བ་འདུག ང་འགྲོ་དུས་ཚ་བ་མེད་སྟབས་གྲང་གློག་དགོས་ཀྱི་མི་འདུག ཟ་མ་ང་ཟ་ཁང་ཆེན་པོ་དེ་འདྲ་སོང་མེད་པས་རིན་གོང་མ་ངེས། ཟ་ཁང་སྟབས་བདེ་ཚོ་ནི་རིན་གོང་ཆུང་ཆུང་རེད། ཤའི་རིགས་ཀྱི་ཟ་མ་ཧ་ཅང་མང་། ངས་དོ་སྣང་བྱུང་བ་ཞིག་ལ་སྤྱིར་ཐེ་མི་ཚོས་ཉིན་རེར་ཟ་ཐེངས་མང་པོ་ཡོད་ས་རེད། དེའི་ཡིན་ནམ་ཟ་མ་ཉོས་ན་ཧ་ཅང་ཉུང་ཉུང་ཞིག་ལས་མི་འདུག ཉེན་རེར་ཐེངས་ལྔ་དྲུག་ལ་ཟོས་པ་དྲན། དང་པོ་དེར་འབྱོར་དུས་མགྲོན་ཁང་གི་འཁྲིས་ན་ཟ་ཁང་སྟབས་བདེ་ཞིག་འདུག དེར་ཐུག་པ་ཞིག་ཉོས་པ་ཡིན ཡིན་ཀྱང་ཟ་རན་ཅང་མི་འདུག་པས་ཕོར་བ་ཁ་ཤས་འཐུང་དགོས་བྱུང་། གཞན་ཞིག་ལ་ཤིང་ཏོག་གི་རིགས་གོང་ཆེན་པོ་འདུག་བསམ་བྱུང་། སྲང་ལམ་མང་པོ་ཞིག་དགོང་ཁར་སླེབས་དུས་ཁྲོམ་རར་འགྱུར་འགྲོ་འདུག དེར་ཅ་ལག་འདྲ་མིན་རིན་གོང་ཁེ་བོ་དང་། ཟ་མ་འདྲ་མིན་རིགས་འདུག ལྷག་པར་མེར་བསྲེག་བྱ་ཤ་དང་ཕག་ཤ་གང་འདོད་། མཚོ་ནང་གི་འབུའི་རིགས་ཧ་ཅང་མང་པོ་འདུག ང་ནི་ཆུང་ནས་མ་གོམས་ཕྱིར་ཉྭ་དང་འབུའི་རིགས་ལ་གཏན་ནས་འདོད་པ་མི་འདུག་པར་མ་ཟད་སྐྱུག་མོ་ལངས་ཀྱི་འདུག ཐའི་དགེ་འདུན་པ་རྣམས་ཞོག་པ་སྔ་མོར་སློང་བཟེད་འཁྱེར་ནས་ཟས་སློང་དུ་འགྲོ་བཞིན་འདུག ཉི་མ་རེའི་ཟས་ལྷག་རྣམས་ཉར་ཚགས་བྱེད་ཀྱིན་མེད་པར་གཞན་ལ་སྟེར་བ་སོགས་བྱེད་ཀྱི་ཡོད་པ་འདྲ་འདུག འདི་ནི་ལོ་ངོ་སྟོང་ཕྲག་གི་རིང་ལུགས་སྲོལ་ད་དུང་མ་མཉམ་པར་འདུག སྤྱི་སྤྱོད་རླང་འཁོར་དང་ས་ཚིགས་སོགས་སུ་དགེ་འདུན་པ་རྣམས་ལ་དམིགས་གསལ་གྱི་བཞུགས་ས་འདུག ཡ་ད་ཉོག་བཤད་མི་ཡི་ནི་གྱིས། དེ་ཙམ་ཡིན། །

  14. ཀླུ་སྨྱོན། says:
    2019-05-21 at 5:56 pm

    ཡུལ་སྐོར་ཟིན་ཐོ་འབྲི་བ།།
    ཚང་མས་བསྟོད་པའི་མཐེ་བོང་ཡོད།།

  15. ཀླུ་སྨྱོན། says:
    2019-05-21 at 5:56 pm

    ཡུལ་སྐོར་ཟིན་ཐོ་སུས་འབྲི་བ།།
    ཚང་མར་བསྟོད་པའི་མཐེ་བོང་ཡོད།།

  16. ཐེ་བོ་སངས་རྒྱས། says:
    2019-05-21 at 11:40 pm

    ཨ་ལགས་ཀླུ་སྨྱོན་ཚང་གིས་རྒྱབ་སྐྱོར་གནང་བར་བཀྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme