Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད། ( 3 )

Posted on 2019-05-10 By ཁ་བརྡ 4 Comments on ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད། ( 3 )

ཐེ་བོ་སངས་རྒྱས།

ཉིན་གཉིས་པ།

ད་ནངས་གཉིད་ལས་སད་མ་ཐག་རྒྱ་གར་གྱི་རང་ཤག་ཏུ་ཡིན་སྣང་ཤར་མོད། འཁྲིས་ནས་དགེན་དཀོན་རྒྱམ་གྱིས་ཞལ་འདོན་འདྲ་སྐྱོར་གྱིན་པ་མཐོང་བས་གཞི་ནས་ཐའེ་ལན་དུ་ཡིན་པ་ངོས་ཟིན། དེ་རིང་ནི་ཕྱི་ཚེེས་༣༠གཟའ་ལྷག་པ་རེད། སྒེའུ་ཁུང་ལས་གནམ་དྭངས་ཤིང་ཉི་འོད་ལམ་ལམ་དུ་འཕྲོ་བ་གསལ། ཡར་ལངས་ནས་ལྟོ་ཕད་ནང་སོ་ཁྲུད་དང་འདག་ཆལ་དག་བཙལ་ཀྱང་མ་རྙེད། ལྡི་ལི་ནས་ལྷག་སོང་བ་འདྲ་ཡང་ཁྲུས་ཁང་དུ་ཐེངས་གཅིག་བེད་སྤྱོད་ཅན་གྱི་སོ་ཁྲུད་སོ་སྨན་སོགས་ཡོད་པ་དྲན་སོས། མགྲོན་ཁང་ནང་འཚིག་ཇ་ཤོག་ཐུམ་ཆུང་ངུ་གཉིས་དང་། ཇ་ཕོར་གཉིས། ཆུ་ཚན་སྐོལ་སྣོད་གློག་རྫ་བཅས་བཞག་འདུག འཚིག་ཇ་དེ་དཔེ་མི་སྲིད་པའི་ཞིམ་པོ་བྱུང་ལ། སྐུ་ཞབས་Jack དང་ཤེར་རྒྱམ་གཉིས་ཀྱིས་ཀྱང་ཞིམ་པོ་བྱུང་ཟེར། coffee འཚིག་ཇ་རུ་བསྒྱུར་བ་ཞྭ་དཔེ་ལྷམ་འགེབ་ཏུ་སོང་ཞེས་པ་བདེན། བཏུང་བའི་རིགས་ཡོད་ཚད་པོ་ཇ་ཡིན་ག་ལ་དགོས། འོན་ཀྱང་། ཐ་སྙད་གསར་པ་འདི་བོད་ཕྱི་ནང་གཉིས་ཀར་བརྡ་འཕྲོད་ངེས་ཀྱི་ཚད་དུ་སླེབས་པས་ད་ཨུ་ཚུགས་ཀྱིས་འགྱུར་བཅོས་སུ་ཞིག་བྱེད། ཉེ་འགྲམ་གྱི་ཚོང་ཁང་ཞིག་ཏུ་འཚིག་ཇ་དེ་མཐོང་བས་དགའ་རབ་ཅིག་ཉོས། ང་ཚོ་བསྡད་སའི་སྲང་ལམ་དེ་གནམ་གྲུ་ཐང་ནས་ཐག་ཉེ་ཞིང་གང་ལའང་འགྲོ་བདེ་བར་མ་ཟད། ཟ་ཁང་དང་ཚོང་ཁང་སོགས་སྣ་འཛོམས་ས་ཞིག་ཀྱང་རེད་འདུག ཕྱི་ལོ་༢༠༡༡ལོར་ཁོ་བོ་ཡུན་ནན་ཞིང་ཆེན་གྱི་ཁུན་མིན་གྲོང་ཁྱེར་昆明市དུ་ཉི་མ་གཉིས་ལ་བསྡད་མྱོང་ས་དེ་དང་འདྲ་སེ་འདུག རྒྱལ་ཁབ་འདི་ཡུན་ནན་དང་ས་ཐག་དེ་ཙམ་མི་རིང་བས། མི་རྒྱུད་དང་། ཆས་གོས། ཡུལ་སྲོལ། ཆོས་ལུགས་སོགས་འབྲེལ་བ་ངེས་ཅན་ཡོད་ས་རེད། སྤྱིར་ཐའེ་ལན་ཌུ་འདི་ཉིད་ལོ་རྒྱུས་རིང་བའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཕྲན་ཞིག་སྟེ། མིག་སྔར་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་513000 ཡོད་ཅིང་། ཁྱིམ་མཚེས་རྒྱལ་ཁབ་ཀྱང་ནུབ་ཏུ་འབར་མ་དང་། བྱང་དུ་ལའོ་སི། ཤར་དང་ཤར་ལྷོར་ཁམ་བྷོ་ཌི་ཡ། ལྷོ་རུ་མ་ལེ་ཞི་ཡ་བཅས་ཁེལ། ད་ལོ་ཐའེ་མི་འབོར་གྲངས་བཤེར་ལས་མི་གྲངས་བྱེ་བ་དྲུག་དང་ས་ཡ་དགུ་ལྷག་ཡོད་པ་ལས། མི་རིགས་ནི། ཐའེ་91.5% དང་། ཁཱེ་མར་2.3%། མ་ལའེ་2.1%། འབར་མ་1.5% རེད་ཅེས་བརྗོད། ཆོས་ལུགས་ནི། ཆོས་དད་རང་དབང་ལ་བསམས་ཏེ་རྒྱལ་གཞུང་གི་ཆོས་ལུགས་ཤིག་གཏན་འབེབ་བྱས་མེད་ཀྱང་ནང་པ་སངས་རྒྱས་པ་94.50% དང་། མུ་སི་ལིམ་4.29%། ཡེ་ཤུ་1.17%། ཧིན་དུ་ 0.03%། ཆོས་མེད་སྨྲ་བ་0.01% ཡོད་པར་བཤད། ཆབ་སྲིད་ལམ་ལུགས་ནི། སྲིད་བློན་གྱི་དབང་འཛིན་ལས་ཁུངས་ལྡན་པའི་གྲོས་ཚོགས་མང་གཙོའི་ལམ་ལུགས་རེད། རྒྱལ་པོ་ཟུར་བཞུགས་ལས་དམིགས་བསལ་སྲིད་དབང་མེད་མོད་རྒྱལ་ཁབ་ཀྱི་མཚོན་རྟགས་ལྟ་བུར་བརྩི། སྒོར་མོའི་ཐོག་རྒྱལ་ཐོག་རིམ་པའི་འདྲ་པར་བཞག་པ་མ་ཟད། ལྷ་ཁང་ངམ་དགོན་པའི་ནང་དང་། ལམ་གྱི་སུམ་མདོའམ་བཞི་མདོ་དག་ཏུ་ཐའེ་རྒྱལ་པོའི་སྐུ་པར་ཆེན་པོ་རེ་བཤམས་པ་མང་དུ་མཐོང་། བལ་པོའི་དཔལ་ལྔ་ལྡན་རྒྱལ་པོ་བྷི་རེནྜ་རཱ་བཀྲོངས་རྗེས་བལ་སྒོར་ཚུན་ཆད་ཀྱི་ནང་ཁོང་གི་འདྲ་པར་འདོར་ཅི་ཐུབ་ཀྱིས་སྔོན་ཐོན་དུ་རློམ། དེ་ལྟར་ཡིན་ན་ཨེང་ལན་ཡང་ཆེས་རྗེས་ལུས་ཡིན་དགོས་པར་མི་འགྱུར་རམ། ཐའེ་རྒྱལ་དར་ནི། ཡས་མས་ཀྱི་མཐའ་ཤར་དམར་པོ་དང་། བར་ཤ་དཀར་པོའི་དབུས་སྔོ་ཤར་ཅན་ཞིག་ཡིན་ཅིང་། རྒྱལ་རྟགས་ནི། བྱ་ཁྱུང་དམར་པོ་གསེར་གྱི་པྲོག་ཞུ་དང་། མགུལ་རྒྱན། ལག་གདུབ་སོགས་ཀྱིས་བརྒྱན་ཅིང་གཤོག་ཟུང་རྣམ་པར་བརྐྱངས་པ་ཞིག་རེད་འདུག རྒྱལ་གླུ་ལེན་དུས་སྲང་ལམ་དུ་རྒན་གཞོན་ཀུན་སྐྱོད་མཚམས་བཞག་སྟེ་བླངས་མ་ཚར་བར་དུ་ཀྲོང་ངེར་འགྲེང་བར་བྱེད།

ཆུ་ཚོད་༩:༣༠ཙམ་ལ་ཁྱིམ་མཚེེས་ཟ་ཁང་ཞིག་ཡོད་པ་དེར་ཞོགས་ཇ་འཐུང་ཞོར་ཉིན་དེར་གང་དུ་འགྲོ་མིན་ཐད་གོ་བསྡུར་བྱས། བྷན་ཀོག་ན་ཆེས་སྐད་གྲགས་ཆེ་བའི་ཝཱ་ཐྲི་ཕཱོ་Wat Pho དགོན་པ་དང་། ཝཱ་ཐྲི་ཨ་རུན་Wat Arun དགོན་པ་སོགས་ལ་གནས་མཇལ་དུ་འགྲོ་རྒྱུ་གྲོས་འཆམ་བྱུང་།

ཆུ་ཚོད་༡༠དང་ཕྱེད་ཀ་ཙམ་ལ་གླ་འཁོར་ཞིག་གླས་ཏེ་གྲོང་ཁྱེར་གྱི་གཞུང་གཤག་བཞིན་བརྒྱུགས། དགོན་པར་སླེབས་ཉེའི་མཚམས་རྒྱལ་པོའི་ཕོ་བྲང་གི་ལྷས་ར་དང་རྒྱ་ཕིབས་དག་གསལ་བར་རིག རྒྱལ་ཁང་དང་། ཝཱ་ཐྲི་ཕཱོ་དགོན་པ། ཝཱ་ཐྲི་ཨ་རུན་རྣམས་ཆའོ་ཕཱར་ཡ་གཙང་པོའི་ནུབ་ངོས་སུ་ཆགས་ཤིང་། གཙང་པོའི་ཕར་ཚུར་མཚམས་མཚམས་སུ་ཟམ་པ་དང་གྲུ་གཟིངས་གིས་སྒྲོལ་ས་ཡང་མཆིས། ང་ཚོ་ཝཱ་ཐྲི་ཕཱར་དགོན་པའི་སྒོ་ཆེན་འགྲམ་དུ་སླེབས་དུས་གནས་མཇལ་བ་དང་ལྟ་སྐོར་བ་མང་པོས་འཛིན་བྱང་ཉོ་བཞིན་འདུག་ལ། འཛིན་བྱང་རེ་ལ་ཐའེ་སྒོར་༢༠༠ཡན་ཡིན་པ་ཡོད། གྲྭ་བཙུན་ཚོས་འཛིན་བྱང་ཉོ་མི་དགོས་པ་ནི་ཐའེ་དགོན་པ་ཚང་མ་གཅིག་མཚུངས་རེད་འདུག དགོན་པའི་གཙུག་ལག་ཁང་དག་ཏུ་སངས་རྒྱས་གཙུག་ཏོར་ཕྲ་ལ་རིང་བའི་སྐུ་འདྲ་ལས་གཞན་འཛར་རེ་འཛོར་རེ་མང་པོ་བཞེངས་པ་མ་མཐོང་ལ། གསུང་རབ་པོ་ཏི་བརྩིགས་སྲོལ་ཡང་མེད་པ་འདྲ། ལོ་རྒྱུས་དང་སྦྱར་བའི་གྱང་ཐང་ནི་དྲི་གཙང་ཕུག་དང་ཚོམས་ཆེན་སྒོ་ཁྱམས་སོགས་སུ་བྲིས་ཡོད་པ་མཐོང་། ཡིན་ན་ཡང་སེམས་གནས་དགུ་དང་། སྲིད་པ་འཁོར་ལོའི་རི་མོ་དག་འདུ་ཁང་གི་སྒོ་ཁྱམས་སུ་འབྲི་སྲོལ་མེད་པ་འདྲ། མཆོད་མཇལ་བ་རྣམས་སངས་རྒྱས་ཀྱི་སྣང་བརྙན་དྲུང་དུ་པུས་བཙུགས་ཀྱིས་ནུར་ཏེ་ལྷུང་བཟེད་ནང་ཤིང་ཏོག་དང་མེ་ཏོག་དག་འབུལ། དེ་ནས་སྐྱིལ་ཀྲུང་གིས་ཁུ་སིམ་མེར་སྒོམ་རྒྱག་སྲོལ་དེ་དངོས་གནས་དང་བ་འདྲེན་པ་ཞིག་གོ ། ཝཱ་ཐྲི་ཕཱོ་དགོན་པའི་མྱང་འདས་ལྷ་ཁང་གི་སངས་རྒྱས་མྱ་ངན་ལས་འདས་པའི་གསེར་སྐུ་ཞལ་ལ་སྨི་ཁྲུ་༡༥ཚད་ཅན། དབུ་སྙས་མཐོན་པོར་ཕབ་ཅིང་སྤྱན་ཟུང་ཅུང་ཟུམ་པ། ཐའེ་འདྲ་སྐུའི་ཁྱད་ཆོས་འབུར་དུ་ཐོན་པ། སྐུ་གཟུགས་ཧྲིལ་པོའི་སྲིད་དུ་སྨི་ཁྲུ་༤༦དང་། ཞེང་དུ་སྨི་ཁྲུ་༡༥ཞབས་གཉིས་ཀྱི་རིང་ཚད་ལ་སྨི་ཁྲུ་༥ཞབས་མཐིལ་དུ་དཀྱིལ་འཁོར་དང་རི་མོ་སྣ་ཚོགས་བཀྲ་བ། དེ་ནི་དགོན་པ་དེའི་རྟེན་གཙོ་ཙམ་མ་ཟད་རྒྱལ་ས་བྷན་ཀོག་གི་ལྷ་སའི་ཇོ་བོའི་ཚད་དུ་བརྩི། རྩྭ་མཆོག་གྲོང་གི་སངས་རྒྱས་ཀྱི་མྱང་སྐུ་ནི་དབུ་དམའ་བར་ཕབ་ཅིང་སྤྱན་ཟུང་ཀུན་ནས་ཟུམ་པ་དང་ཅུང་མི་འདྲ་མོད་ཡུལ་སོ་སོའི་བཟོ་ལུགས་ཐ་དད་ཡིན་པར་ཐུག ཝཱ་ཐྲི་ཕཱོའི་མྱང་འདས་ཀྱི་སྐུ་འདྲ་འདི་རྩྭ་མཆོག་གྲོང་གི་མྱང་སྐུ་ལས་རྦད་དེ་ཆེ་བར་སྣང་། འདི་དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་རཱ་མ་རྒྱལ་པོ་དང་པོས་མྱང་སྐུ་ལྷ་ཁང་གི་རྟེན་དང་བརྟེན་པ་རྣམས་བཞེངས་རྒྱུ་ཐག་བཅད་ཅིང་། རཱ་མ་རྒྱལ་པོ་གསུམ་པའི་སྐབས་ཏེ་དུས་རབས་བཅུ་དགུ་པའི་འགོ་སྟོད་དུ་ལེགས་པར་གྲུབ་ཅེས་དེའི་དཀར་ཆག་ཏུ་གསལ། ང་ཚོ་ཝཱ་ཐྲི་ཕཱོ་དགོན་པར་མཇལ་ཚར་རྗེས་ཊུ་ཊུ་ཞིག་གླས་ཏེ་ཝཱ་ཐྲི་ཨ་རུན་དགོན་པར་བསྐྱོད། དེར་མཆོད་རྟེན་མཐོན་པོ་ལྟ་བས་ཆོག་མི་ཤེས་པ་ཞིག་བདོགམཆོད་རྟེན་དེའི་སྐེད་ཚིགས་བར་འཛེགས་པར་དང་། ལྷ་ཁང་དག་ཏུ་རིམ་པ་བཞིན་མཇལ། ཉིན་གུང་གི་ཟ་མ་ཡང་དགོན་པ་དེའི་ཉེ་འགྲམ་གྱི་ཟ་ཁང་ཞིག་ཏུ་ཟོས། ལྟོགས་པའི་ཟས་ལས་ཞིམ་པོ་མེད། ཅེས་པ་ཧ་ཅང་བདེན་པ་ར་འཕྲོད། ཝཱ་ཐྲི་ཨ་རུན་དགོན་པ་འདི་ཡང་རྒྱལ་པོའི་ཕོ་བྲང་གིས་སྦྱིན་བདག་གནང་ནས་བརྒྱབ་པར་བཤད། དེ་ནས་བྷན་ཀོག་གྲོང་ཁྱེར་ལ་ལྟད་མོར་བལྟ་ཕྱིར་གྲུ་གཟིངས་ནང་བསྡད་དེ་ཆའོ་ཕཱར་ཡ་གཙང་པོའི་འབབ་ཕྱོགས་ལྟར་ཆུ་ཚོད་ཕྱེད་ཀ་ཡས་མས་སུ་བགྲོད། གྲུ་གཟིངས་ལས་གྲོང་ཁྱེར་གྱི་མཛེས་སྡུག་དག་གློག་བརྙན་བཞིན་མིག་ལམ་དུ་ཤར། ཆུ་ཆེན་དེ་བྷན་ཀོག་གྲོང་ཁྱེར་གྱི་དཀྱིལ་དུ་ཀྱག་ཀྱོག་གིས་ལྷོ་ཕྱོགས་སུ་རྒྱ་མཚོར་འབབ། ངའི་བསམ་པར་ཆུ་བོ་དེའི་མགོ་ཁུངས་བོད་ནས་ཡིན་གྱི་རེད་དྲན་ཡང་དེ་ཡིན་ས་མ་རེད། གལ་ཏེ་སུ་ཞིག་བྷན་ཀོག་ཏུ་འཁྱམ་ན་གྲུ་གཟིངས་དེ་དག་ནང་ཞུགས་རྒྱུ་མ་བརྗེད། གྲུ་གཟིངས་འབབ་ཚིགས་ནས་མིང་དུ་གྲགས་པའི་རྒྱ་ནག་གྲོང་སྡེར་ཐག་ཉེ་བས་དེར་ལྟ་སྐོར་དུ་ཕྱིན། སྲང་ལམ་གྱི་གཡས་གཡོན་གྱི་ཁང་བརྩེགས་མཐོན་པོ་རྣམས་རྒྱ་ཡིག་གི་སྒོ་བྱང་ཆེན་པོ་བཀལ་བ་ཁྲ་ཆིལ་ལེར་མངོན། ད་ནི་ངོ་མ་རྒྱ་གདིང་ཞིག་ཏུ་སླེབས་ཡོད་པ་མིན་ནམ་སྙམ་པ་ངང་གིས་འབྱུང་། དངུལ་ཁང་དང་། ཚོང་ཁང་། ཟ་ཁང་། སྐྲ་བཞར་ཁང་སོགས་རྒྱ་ལུགས་ཤ་སྟག་དང་རྒྱ་སྐད་ཀྱིས་རྣ་བ་འོན་པར་བྱེད། དེར་ཡུད་ཙམ་རིང་ཉུལ་རྗེས་སྤྱི་སྤྱོད་རླངས་གཉིས་བརྗེས་ཏེ་མགྲོན་ཁང་དུ་ཕྱིར་འབྱོར། གཞུང་གི་སྤྱི་སྤྱོད་རླངས་འཁོར་དག་གིས་གྲྭ་བ་རྣམས་ལ་གླ་ཆ་ལེན་པར་མི་བྱེད་ལ། མདུན་ཕྱོགས་ཀྱི་རྐུབ་བཀྱགས་ཐོག་འདུག་ཏུ་འཇུག དཔལ་འབྱོར་འགྲན་རྩོད་ཀྱི་ཡོ་ལང་ཁྲོད་“རྒན་མོ་གསེར་ཁུར་” ལྟ་བུའི་གནའ་སྲོལ་མ་ཉམས་པ་ངོ་མཚར་ཆེ། གཞན་ཡང་། བྷན་ཀོག་ཏུ་མེཀ་ལོང་ལྕགས་ལམ་ཁྲོམ་ར་Maeklong Railway Market ཟེར་བ་ཞིག་ཡོད་ཅིང་། ལྕགས་ལམ་ཐོག་མཚོ་ཟས་སྣ་ཚོགས་ཉོ་ཚོང་བྱེད་མོད། མེ་འཁོར་འོང་དུས་སུ་ལམ་སེང་ཚོང་ཟོག་བསྡུ་བ་དང་། མེ་འཁོར་གྱི་ཚོང་རྫས་རྣམས་བརྫི་ལ་ཁད་བྱས་ཏེ་སོང་རྗེས་སླར་ཚོང་བཤོམ་པ་དགོད་བྲོ་བོ་ཞིག་གདའ། དེའི་དགོང་མོ་ང་ཚོའི་མགྲོན་ཁང་གི་ཉེ་འགྲམ་གྱི་འབར་མའི་ཟ་ཁང་ཞིག་ཏུ་ཕྱི་དྲོའི་ཁ་ཟས་ཟ་བར་བསྐྱོད། ཟས་ཐོའི་མིང་གཞུང་ནང་རྒྱ་ནག་གི་བཟའ་བཏུང་མང་བར་མ་ཟད་རྒྱའི་བྲོ་བ་ཁ། ས་རུབ་ལ་ཉེ་ཡང་ཚ་བ་ཏོག་ཙམ་ཡོད་པས་ང་ཚོ་ཁྲུས་རྫིང་དུ་ཁྲུས་ལ་རོལ། རྫིང་འགྲམ་གྱི་རྐུབ་བཀྱགས་ཐོག་ཧ་ཅང་ཁམས་དྭངས་མོ་ཞིག་འདུག ང་ཚོའི་སེམས་ནང་གྲ་སྒྲིག་ཡོད་པའི་ཕུ་ཁེ་ཐྲི་Phuket མཚོ་ཁར་འགྲོ་སྟངས་ཐད་དགོས་རྒུ་དྲ་ཚིགས་ནས་རྒྱུས་ལོན་བྱས། ད་ནི་ཐང་ཆད་པར་མ་ཟད་དུས་ཚོད་ཀྱང་མི་སྔ་བས་ངལ་གསོ་བར་བྱའོ། །(མུ་འགོད།)

དྲན་ཐོ།

Post navigation

Previous Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (25)
Next Post: རྒྱ་གར་སྲིད་བློན་ ནར་ཨིཎཌྲ་ མོ་དིའི་སྙན་རྩོམ་ཞིག

Comments (4) on “ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད། ( 3 )”

  1. ཀརྡོ་རབ་འབྱམས་པ་ says:
    2019-05-10 at 10:26 pm

    ཐེ་བོ་སངས་རྒྱས་ཟིན་བྲིས་འདིས། །
    ཐའེ་ལེནཌ་ལྗོངས་རྒྱུའི་འགྲུལ་བཞུད་དང་། །
    བོད་རིགས་མཁས་བླུན་མང་པོ་ལ། །
    བོད་ཡིག་བོད་སྐད་སྤེལ་ལ་ཕན། །
    ་
    དང་པོ་གཉིས་པ་རྒྱུས་མེད་ཀྱང་། །
    ད་ནི་དང་པོ་གཉིས་པ་ལ། །
    མིག་ཤར་མ་བྱས་མའགྲིགས་མཐོང་། །
    དེ་གཉིས་བཀླག་ཕྱིར་ཕྱིར་ལོག་འགྲོ །

  2. རྟ་བདུན་དབང་བོ says:
    2019-05-10 at 11:21 pm

    ཐེ་ལན་ཏྲི་ནས་དགེ་འདུན་པར་རྩི་མཐོང་ཆེན་པོ་ཡོད་འདུག ད་དུང་ཟ་ཁང་དང་མགྲོན་ཁང་ལའང་གླ་ཆ་མ་དགོས་ན་ཅིས་མ་རུང་། དེ་ནས་ཟས་རང་གྲུབ་གོས་རང་གྲུབ་ཟེར་བ་དེ་རེད་མོད། །

  3. ཀླུ་སྨྱོན། says:
    2019-05-11 at 1:05 am

    ཚུར་སྤྱི་སྤྱོད་རླངས་འཁོར་ལ་གླ་ཆ་མི་ལེན་ན་ཕར་ཕྱི་དྲོའི་ཁ་ཟས་བཟའ་གི་མ་སོང་ན་ཧྲ་གི་པ

  4. ཀརྡོ་རབ་འབྱམས་པ་ says:
    2019-05-11 at 8:25 am

    བོད་སྐད་སྡེ་ཚན། | གསར་འགྱུར།

    ༧གོང་ས་མཆོག་གི་གྱ་ལྔའི་དགུང་ཀེག་ལ་ཞབས་རིམ་ཁག་ཅིག་དགེ་སྐུལ་གནང་འདུག
    2019-05-10 གློག་འཕྲིན། མཆན། Share པར་བཀོད།

    ཞབས་རིམ་གསལ་བསྒྲགས།
    RFA
    བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སྐུ་ཁམས་གསལ་དྭངས་ཡིན་ཡང་གྱ་ལྔའི་དགུང་ཀེག་ལ་ཞབས་རིམ་ཁག་ཅིག་དགེ་སྐུལ་གནང་འདུག
    ཕྱི་ཟླ་ ༥ ་ཚེས་ ༡༠ ་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཕྱྭ་དང་འབྲེལ་བའི་ཞབས་རིམ་སྨིན་སྒྲུབ་ཞུ་རྒྱུའི་གསལ་བསྒྲགས་ཤིག་གནང་འདུག་པ་དེའི་ནང་། བོད་གངས་ཅན་པ་རྣམས་ཀྱི་གཙོས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་དད་ལྡན་པ་རྣམས་ཀྱིས། འདི་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔའི་དགུང་ཀེག་ལ་ཕེབས་པར་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱིས་མཛད་ཅིང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གསོལ་འདེབས་སྟོང་ཉིད་སྙིང་རྗེ་མ་དང་། ༧རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་གླིང་རིན་པོ་ཆེས་མཛད་པའི་༧རྒྱལ་བའི་མཚན་སྔགས་བཅས་གང་མང་སྤྱི་མཐུན་བསོད་ནམས་གསོག་སྒྲུབ་དང་། ༧སྐུ་ཕྱྭའི་ཞབས་རིམ་ལ་སྨིན་ཆེད་རྒྱ་གང་ཆེ་གསོག་སྒྲུབ་དགོས་པའི་སྐུལ་མ་གནང་འདུག
    བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ནང་སྐུ་ཁམས་བདེ་མིན་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུའི་སྨན་བཅོས་འཕྲོས་བཞེས་གནང་ཞིང་། སྐུ་དཀྱིལ་གསལ་དྭངས་ཐོག་ཕྱི་ཟླ་༤་ཚེས་༢༦་ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་པར་མ་ཟད། མཇལ་ཁ་ལ་སོགས་པ་མཛད་འཕྲིན་ཁག་དང་། ལྷག་པར་ཕྱི་ཟླ་ ༥ ་ཚེས་ ༡༠་ནས་ཉིན་གྲངས་གསུམ་རིང་ར་ཤེ་ཡའི་དད་ལྡན་གཙོ་བོར་གྱུར་བའི་ཆོས་ཞུ་བ་སྟོང་ཚོ་བརྒྱད་ཙམ་ལ་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ཆོས་འབྲེལ་སྐྱོང་གནང་དབུ་འཛུགས་མཛད་ཡོད་པ་རེད།
    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་བསྟེན་ཚུལ་བཞེས་པར་བོད་ཕྱི་ནང་གི་བོད་མི་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་བོད་མི་མ་ཡིན་པའི་ནང་པ་དང་། ཡང་དགའ་མོས་ཞུ་མཁན་ཕྱི་མི་ཧ་ཅང་མང་པོས་༧གོང་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་མྱུར་དུ་གསལ་དྭངས་ཡོང་བ་དང་། སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་ཞབས་རིམ་གསོག་སྒྲུབ་ལ་སོགས་པ་རྒྱ་ཆེ་ཞུས་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme