Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐམས་ཅད་མཁྱེན་པའི་ན་ཚ།

Posted on 2011-02-032011-02-03 By ཁ་བརྡ་ 10 Comments on ཐམས་ཅད་མཁྱེན་པའི་ན་ཚ།

གཡང་སྐྱབས་རྒྱལ།

སྐད་ཆ་འདི་བཤད་མཁན་ནི་ང་སྡོད་སའི་སློབ་གྲྭའི་སློབ་མ་ཞིག་རེད། “ང་ཚོ་ བོད་རིག་པའི་ སློབ་སྦྱོང་ཐོག་ ཞིབ་འཇུག་སློབ་མ་དང་ འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་ཧ་ཅང་ཉུང་ཉུང་འདུག ད་ལྟ་ཚེ་རིང་ཤཀྱཱ་ལྟ་བུ་ཁ་ཤས་ཤིག་ཡོད། རྗེས་མ་འདི་འདྲ་མ་ཡོང་ཚེ། བོད་རིག་པའི་སློབ་སྦྱོང་གི་སྡིངས་ཆའི་སྟེང་དུ་ བོད་མི་མེད་པ་ཆགས་ས་རེད།”

སྐད་ཆ་འདི་ངའི་སེམས་ལ་ཟུག སྐད་ཆ་འདི་གྲོགས་པོ་ཞིག་ལ་འཁྱེར་བ་ཡིན། གྲོགས་པོས་སྐད་ཆ་འདིའི་གཞི་རྩ་ལ་མོས་མཐུན་བྱས་མོད། དེ་ལ་སྣོན་པ་ཞིག་བརྒྱབ་བྱུང་། དེ་ནི། “རྒྱ་གར་ནས་འཚར་བའི་སློབ་མ་ཚོའི་ཁྲོད་ནས་ བོད་རིག་པའི་སློབ་སྦྱོང་ཐོག་ ཆེད་ལས་སློབ་སྦྱོང་བྱེད་ཐོན་མཁན་དཀོན་པོ་ཡིན་པ་ནི་བདེན་པ་རེད། འོན་ཀྱང་སེམས་འཚབ་བྱེད་དགོས་པ་མི་འདུག ད་བོད་ནས་ཐོན་ཡོང་གི་འདུག བོད་ནས་ནུབ་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་ བོད་རིག་པའི་སློབ་སྦྱོང་ཐོག་ ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་ མ་མཐའ་ལ་ཡང་ བཅུ་གྲངས་ཤིག་འདུག” ཅེས་གསུངས་བྱུང་།

བོད་ཀྱི་བཀའ་བསྟན་རིན་པོ་ཆེས་གཙོས་བྱས་པའི་གཞུང་ལུགས་ཁག་ན། ཚན་རིག་གིས་མ་ཤེས་པ་མང་པོ་ཡོད་པ་རེད་ལ། ཚན་རིག་གིས་ཤེས་པ་མང་པོ་ཡང་ང་ཚོའི་བཀའ་བསྟན་གྱིས་གནའ་སྔ་མོ་ནས་ཤེས་ཡོད་པ་རེད། དཔེར་ན། འབྲུག་སྒྲ་དེ་གློག་འཐབ་པ་ལས་བྱུང་ཚུལ་དང་། དེ་བཞིན་སྨན་གཞུང་ན་གཤག་བཅོས་ཀྱི་ལག་ལེན་ཡོད་ཚུལ་སོགས་སྐད་ཆ་མང་པོ་ཞིག་ང་ཚོའི་རྣ་ལམ་ན་འཇགས་འཇགས་སུ་ཡོད་པ་རེད། དེའི་སྟེང་དུ། བོད་ཀྱི་ནང་ཆོས་ནི་ ཚན་རིག་དང་མཉམ་དུ་དཔུང་པ་བསྒྲིགས་ནས་འགྲོ་ཐུབ་པའི་ཆོས་ལུགས་ཁོ་ན་དེ་ཡིན་པའི་གསུང་འགྲོས་འདི་ཡང་ཡོད་ཡོད་པ་ཡིན། ང་ཚོའི་སེམས་ན། བོད་ཀྱི་རིག་གནས་འདི་དང་། འཛམ་གླིང་གི་དེང་རབས་ཤེས་ཡོན་འདི་གཉིས་ སྲང་ལ་འཇལ་སྐབས་ ལྕི་ཡང་གི་ཁྱད་པར་མེད་པ་རེད། ང་ཚོའི་སློབ་གྲྭ་དང་དམིགས་བསལ་གྱིས་གཞི་རིམ་སློབ་གྲྭ་ཁག་ན་ དེ་ལ་ལྕི་ཡང་གི་ཁྱད་པར་ཞིག་མེད་པ་རེད། མེད་པ་ལྟར་སྒོམ་བཞིན་ཡོད་པ་རེད། དེ་འདྲ་ཞིག་ཨེ་རེད། དེས་ང་ཚོའི་ཆེད་ལས་སློབ་སྦྱོང་ལ་འགོག་རྐྱེན་ཞིག་བཟོས་པ་རེད་དམ།

བོད་ནང་གི་སློབ་གྲྭ་ཁག་ལ་མཚོན་ན། བསྡུར་ས་དེ་རྒྱ་མི་རིགས་ཆགས་སྟབས། བོད་རིགས་སློབ་གྲྭ་བ་ཚོས་ ཆེད་ལས་ཤིག་ལ་འཐམས་ནས་ “ཁྱོད་ཀྱིས་བྱེད་ཐུབ་པ་ཞིག་ངེད་ཀྱིས་ཀྱང་བྱེད་ཐུབ།”ལྟ་བུའི་གོམས་སྲོལ་ཞིག་ཆགས་པ་དང་། དེ་རྒྱབ་རྟེན་ལྟ་བུ་ཞིག་ཏུ་གྱུར་ནས་ ཆེད་ལས་པ་མང་ང་ཐོན་པ་ཡིན་ནམ།

སྐད་ཆ་གཞན་ཞིག་ནི། ལོ་བཅོ་ལྔ་ཙམ་གྱི་གོང་གི་སྐད་ཆ་ཡིན། དེ་ནི་བཙན་བྱོལ་ནང་གི་གཞོན་སྐྱེས་ཤིག་གིས་ང་ལ་ལབ་བྱུང་། “ང་མཐོ་རིམ་སློབ་གྲྭ་ཐོན་པའི་ཉིན་མོ་དེ་ནས་ ང་སྲང་ལམ་ལ་མཆོངས་པ་རེད།” ཟེར། དེའི་གོ་དོན་ནི། མཐོ་རིམ་སློབ་གྲྭ་ཐོན་ཐོན་བར་དུ་ སློབ་གྲྭའི་ལས་ཀ་ལ་དོ་སྣང་སྤྲད་པ་རེད། སློབ་གྲྭ་ཐོན་པའི་ཉིན་མོ་དེ་ནས་བཟུང་། ཁོང་གི་ཆེད་ལས་དེ་ འཐབ་རྩོད་སྐད་འབོད་བྱེད་རྒྱུ་དེ་རེད། སྲང་ལམ་དང་སྲང་ལམ་བརྒྱུད་ནས་ འཐབ་རྩོད་དང་སྐད་འབོད་ཀྱི་རིམ་པ་སྣ་ཚོགས་ཤིག་གི་ནང་ནས་ཁོང་གི་གཞོན་དུས་ཀྱི་ལོ་ཟླ་དེ་དག་རིམ་གྱིས་ཟད་པ་རེད། མཐོ་སློབ་ཀྱི་སློབ་སྦྱོང་དེ་ཚོ་ཡང་རིམ་གྱིས་བརྗེད་པ་རེད། བཙན་བྱོལ་གྱི་ན་གཞོན་ཕོ་མོ་རྣམས་ནི་ “འཐབ་རྩོད་པའི་བུ་དང་བུ་མོ་”ཡིན་པ་རེད། འཐབ་རྩོད་བྱེད་ས་དེ་རྒྱ་གར་གྱི་གྲོང་གསེབ་ཞིག་ཡིན་ནའང་། པེ་ཅིན་གྱི་དཔོན་རིགས་ཚོར་སྐྱོན་བརྗོད་མིད་པ་འགག་འགག་བར་དུ་བྱེད་ཀྱི་ཡོད་པ་རེད། འདི་ཡང་བཙན་བྱོལ་བོད་མིའི་ལས་ཀ་ཞིག་ཡིན་པ་ནས་ད་ཆ་གོམས་གཤིས་ཤིག་ཆགས་པ་རེད། དེས་ཀྱང་ཆེད་ལས་སློབ་སྦྱོང་ལ་ཁ་གཏད་ནག་པོ་ཞིག་བྱས་ཡོད་པ་རེད།

སྐད་ཆ་མཐའ་མ་ནི་འདི་ལྟར་ཡིན། “རིག་པའི་གནས་ལྔ་དག་ལ་མཁས་པ་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །དེ་ལྟར་བས་ན་གཞན་དག་ཚར་གཅོད་རྗེས་སུ་བཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །” ཞེས་གསུངས་པ་ལྟར། བོད་ཀྱི་སློབ་མ་ཚོའི་ལས་འགན་ཞིག་ནི་ ཐམས་ཅད་མཁྱེན་པ་བྱེད་རྒྱུ་དེ་ཡིན་པ་རེད། ང་ཚོའི་གོམས་སྲོལ་དང་རིག་གཞུང་གིས་ ང་ཚོ་ཐམས་ཅད་མཁྱེན་པ་བྱེད་རྒྱུའི་སྐུལ་འདེད་གཏོང་གི་ཡོད་པ་རེད། གཅིག་ཤེས་དང་ཀུན་ཤེས་གཉིས་ལས་ང་ཚོས་ཀུན་ཤེས་འདེམས་ཀྱི་ཡོད་པ་རེད། མདོ་སྔགས་རིག་གནས་དང་བཅས་པ་ལ་ནང་བྱན་ཆུབ་པ་ཞེས་སྤོབས་པ་བྱེད་སྲོལ་ཞིག་ཡོད་པ་རེད། གནའ་སྔ་མོ་ཡིན་ན། སྐྱེས་བུ་རིག་པ་བཀྲ་བ་ཞིག་གིས་མདོ་སྔགས་རིག་གནས་དང་བཅས་པ་བསླབས་ནས་ཀླད་པ་ལ་ཤོང་བ་དང་དུས་ཚོད་ཀྱིས་ཀྱང་ལྕོགས་པ་ཞིག་ཡོད་པ་རེད། འོན་ཀྱང་། དུས་རབས་ཉེར་གཅིག་པའི་ནང་ ང་ཚོ་ལ་ ད་དུང་ཡང་ “ཐམས་ཅད་མཁྱེན་པའི་ན་ཚ་”འདི་ཧ་ཅང་ཆེན་པོ་ཡོད་པ་རེད། “ཐམས་ཅད་མཁྱེན་པ་”བྱེད་པའི་འབད་བརྩོན་དེའི་ནང་ནས་ ཆེད་ལས་ཀྱི་སློབ་སྦྱོང་དེ་ལག་འོག་ནས་ཤོར་གི་ཡོད་རེད།

སྤྱིར་བཏང་གི་གླེང་སློང་འདི་འདྲ་ཞིག་སེམས་ལ་དྲན་ནས་ཡོད་པ་དེ་ དེ་རིང་ཁ་ནས་ཤོར་སོང་། དགོངས་ཚུལ་གསུངས་དང་།

རྩོམ་རིག

Post navigation

Previous Post: རྒྱ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
Next Post: ཨ་ཁུ་འབྲོག་པའི་ལོ་སར་སྟངས།

Comments (10) on “ཐམས་ཅད་མཁྱེན་པའི་ན་ཚ།”

  1. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-03 at 3:24 pm

    གཡང་སྐྱབས་ལགས། བཀྲ་ཤིས་བདེ་ལེགས།
    ཁྱེད་སྐུ་ཁམས་བདེ་མོ་ཡིན་ནམ།

    འདིར་ཁྱེད་ཀྱིས་སྤེལ་བའི་རྩོམ་ཡིག་འདི་ཀློག་དུས་འུ་གཉིས་ཀྱི་བསམ་ཚུལ་འདྲ་པོ་ཞིག་ཆགས་འདུག དེར་བརྟེན་ངས་དམིགས་བསལ་བ་ཞིག་ཞུ་རྒྱུ་ཅང་མེད་ཀྱང་། ད་ཐེངས་༼ཐམས་ཅད་མཁྱེན་པའི་ན་ཚ་༽་ལ་དྲྭ་གྲོགས་ཚོས་དཔྱད་ཞིབ་ཀྱིས་བསམ་ཚུལ་སྤེལ་ཚད་ཞིབ་ནན་གྱིས་བཀླག་རྒྱུའི་འཆར་གཞི་ཡོད།

    རྩོམ་ཡིག་སྤེལ་བ་ལ་ཐུགས་རྗེ་ཆེ།
    མཚན་མོ་བདེ་ལེགས།

  2. ཀརྡོ་རབ་འབྱམས་པ་ says:
    2011-02-03 at 5:45 pm

    ཐམས་ཅད་མཁྱེན་པའི་ན་ཚ་ག་ལ་སྲིད། སྲིད་ན་དེ་བཤག་བཅོས་བྱས་ནས་བཅོས་རྒྱུ་ཡང་ཡོད་སྲིད།

  3. མི་ says:
    2011-02-03 at 6:40 pm

    ཆེད་སྤྱོང་ནི་མི་རྐུག་པ་བཟོ་བ་རེད། ལྷག་པར་ང་ཚོ་བཙན་བྱོལ་ནང་རིགས་གཅིག་རྐང་འཛིན་ནམ་ཆེད་སྤྱོང་དགོས་ཟེར་བ་འདི་ཡང་བསྐྱར་ལོ་ལྔ་བཅུ་ལ་ཤེས་ཡོན་འཐུས་ཤོར་ལ་གཏོང་རྩིས་རེད། བདེ་ལེགས་སྨན་ཁང་ནང་དོན་ལྔ་སྣོད་དྲུག་ཚང་མའི་ནད་ཤེས་མཁན་ག་རེ་དགོས་པ་ལས་དེ་དག་རེ་རེ་ལ་ཆེད་སྤྱང་བ་ལ་ལས་ཀ་སྤྲོད་མི་ཐུབ་པས། ཆེད་སྤྱོང་བ་དེ་དག་མི་རིགས་གཞན་གྱི་སྤྱི་ཚོགས་ནང་ལས་ཀ་བྱས་ནས་བསྡོད་དགོས་གི་རེད། དེ་ནི་་ཁ་གཏོར་རེད། འོ་ན། ཅི་ཕྱིར་མི་གཅིག་གིས་་་་ནང་ཆོས་དང་ཆབ་སྲིད། ཚན་རིག་དང་ཁོར་ཡུག་སྲུང་སྐྱོབ་སོགས་གསུངས་བ་ཡིན།

  4. ལྕགས་རྒྱ་འགྲམ་ནག says:
    2011-02-03 at 8:17 pm

    ངས་ཁྱེད་ཀྱི་བརྗོད་གཞི་འདི་དང་འབྲེལ་ནས་སྒྲུང་ཞིག་བཤད། དེ་ནི་ ༡༩༩༡ ལོའི་དགུན་ཁ་ལ་རེད། ང་ཚོའི་ཉལ་ཁང་དུ་རྒྱ་རིགས་ཕོ་གསར་ཞིག་སླེབས་ཏེ། Guitar སྒྲ་སྙན་རྡུང་རྩལ་ཡག་ཐག་ཆོད་ཅིག་ངོམས་རྗེས། ཁོས་རང་ཉིད་ཀྱི་ཆེད་ལས་ཀྱི་ཐོག་ནས་སྐད་ཆ་བཤད་མགོ་བརྩམས་སོང་། ང་ཚོའི་ཉལ་ཁང་དེར་བོད་སྐད་བཤད་ཤེས་མཁན་གྱི་བོད་ནི་ང་མ་གཏོགས་མེད། ཁོས་ང་རེབ་གོང་ནས་ཡིན་པ་ཤེས་རྗེས། སྐད་ཆ་བཤད་ཉམས་ཇེ་རྫིག་ཏུ་སོང་སྟེ། དམེ་ཤུལ་ནགས་གསེང་གི་སྡོང་བོའི་སྐོར་བཤད་སོང་། ཁོང་ནི་མཚོ་སྔོན་སློབ་གྲྭ་ཆེན་མོའི་ཤིང་ནགས་སྡེ་ཚན་གྱི་སློབ་མ་རེད་ལ། དམེ་ཤུལ་ནགས་གསེང་དུ་ཟླ་བ་ཁ་ཤས་ཀྱི་རིང་ལ་ཞིབ་འཇུག་གི་སྦྱོང་བརྡར་བྱེད་དུ་འགྲོ་མྱོང་འདུག ངས་འདིར་བཤད་འདོད་པ་ནི། རྒྱ་བོད་གཉིས་བར་གྱི་སྐད་ཆ་ཅང་མིན་པར། ང་ཚོའི་སློབ་གྲྭ་གཉིས་བར་གྱི་ཁྱད་པར་གྱི་སྐོར་ཡིན། ང་ཚོའི་སློབ་གྲྭ་ནི་དགེ་ཐོན་སློབ་གྲྭ་ཡིན་པས། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་སྡེ་ཚན་གང་ཞིག་ཡིན་རུང་དགེ་རྒན་གསོ་སྐྱོང་བྱེད་རྒྱུ་དམིགས་ཡུལ་གཙོ་བོ་ཡིན་པས། སློབ་ཁྲིད་བྱེད་ཐབས་དང་མཐར་ཕྱིན་རྗེས་ལས་ཀ་བཀོད་སྒྲིག་བྱེད་སྟངས་སོགས་ཀྱི་ཐོག་ནས་མཚོ་སྔོན་སློབ་གྲྭ་ཆེན་མོ་དང་ཁྱད་པར་ཡོད་པ་འདྲ། དཔེར་ན། མཚོ་སྔོན་སློབ་གྲྭ་ཆེན་མོའི་རྫས་འགྱུར་སྡེ་ཁག་ནས་ཐོན་པ་ཡིན་ན། ལས་ཀ་བཀོད་སྒྲིག་བྱེད་ཕྱོགས་ནི་བཟོ་གྲྭ་དང་ཁེ་ལས་སྡེ་ཁག་སོགས་ཀྱི་རྫས་འགྱུར་ཚོད་ལྟ་དང་ཞིབ་འཇུག་གི་ཁ་ཕྱོགས་ཡིན་པ་དང་། ང་ཚོའི་སློབ་གྲྭ་ནས་ཐོན་པ་ཡིན་ན་གཙོ་བོར་དགེ་རྒན་གྱི་ལམ་ཁ་ཡིན་པས། ངའི་སློབ་གྲོགས་དེ་ཚོ་ལས་ཁ་ཤས་ཀྱིས་སྐབས་དེར་རང་གི་གནས་སྟངས་ལ་འདོད་པ་མི་ཁེངས་པའི་རྣམ་འགྱུར་བསྟན་པ་དྲན་གྱི་འདུག
    ཡང་ཉེ་ཆར་ཨ་མི་རི་ཀའི་ Smithsonian Institution ལ་ལས་ཀ་བྱེད་མཁན་གྱི་རྒྱ་མི་ལོ་གཞོན་ཁ་ཤས་ལ་ཐུག་སོང་། ཁོང་ཚོ་ནི་རྒྱ་ནང་ནས་རང་བྱུང་སྐྱེས་དངོས་སྐོར་གྱི་སློབ་སྦྱོང་ཐོན་མཁན་ཤ་སྟག་རེད་ལ། ཁོང་ཚོའི་ཁྲོད་དུ་བོད་ཀྱི་སྐྱེས་དངོས་ལ་ཞིབ་འཇུག་བྱེད་དུ་འགྲོ་མ་མྱོང་མཁན་གཅིག་ཀྱང་མེད་པ་མ་ཟད། རྒྱ་རིགས་གཅིག་གིས་བཤད་ན་ཁོའི་འཛིན་གྲྭ་རུ་བོད་པ་ཞིག་ཀྱང་ཡོད་ཟེར། ངས་བོད་པ་དེས་ད་ལྟ་ཅི་བྱེད་ཀྱི་ཡོད་པ་རེད་ཅེས་དྲིས་པ་ན། གཞིས་ཀ་རྩེའི་སློབ་འབྲིང་ཞིག་ཏུ་དགེ་རྒན་བྱེད་ཀྱི་འདུག་ཟེར།
    ཁོང་ཚོས་ང་བོད་པ་ཡིན་པ་ཤེས་ནས། བོད་ཀྱི་སྐྱེས་དངོས་ཀྱི་སྐོར་བཤད་ཅིང་། ང་དབྱིན་ཇི་རྒྱལ་ཁབ་ཏུ་སྡོད་ཀྱི་ཡོད་པ་ཤེས་ནས། ལོན་ཌོན་གྱི་ ཁེའུ་སྐྱེད་ཚལ་ (Kew Garden) དུ་བཏབ་ཡོད་པའི་ཧི་མ་ལ་ཡའི་རྩི་ཤིང་གི་སྐོར་བཤད་ཀྱི་འདུག
    ངའི་སེམས་ཀྱི་དྲི་བ་ནི། བོད་ཕྱི་ནང་གཉིས་ཀྱི་སློབ་གྲྭ་མང་ཆེ་བར་སློབ་མ་ཚོས་ལོ་ངོ་ཇི་སྙེད་ཅིག་གི་རིང་ལ་རང་བྱུང་ཚན་རིག་གི་སློབ་ཚན་སྦྱངས་པའི་མཐའ་མར། རང་བྱུང་ཚན་རིག་གི་དགེ་རྒན་བྱེད་རྒྱུ་མ་བརྩིས་པའི་བཀོལ་སྤྱོད་ཁྱབ་ཁོངས་གཞན་གང་དག་ཡོད་མེད་དེ་རེད།

  5. ལ་རྒྱའི་བདག་པོ། says:
    2011-02-03 at 9:05 pm

    དྲ་གྲོགས་གཡང་སྐྱབས་རྒྱལ་གྱིས་བསམ་ཚུལ་ཡག་པོ་གསུངས་འདུག
    ཁྱེད་ཀྱི་བསམ་ཚུལ་དང་ལྟ་ཚུལ་ཚང་མ་ཡང་དག་པར་རེད་ཅེས་ངས་རྒྱབ་སྐྱོར་བྱེད་མི་ཐུབ་ཀྱང་།
    གང་ལྟར་ང་ཚོར་དེ་འདྲའི་བསམ་ཚུལ་དང་ལྟ་ཚུལ་དགོས་པ་རེད་ལ།དེ་བས་བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བའང་དགོས་པ་རེད།དེའི་ཕྱིར་ཁྱེད་ལ་རྒྱབ་སྐྱོར་ཞུ།

  6. བཀྲ་ཤིས། says:
    2011-02-04 at 8:42 am

    སོ་སོ་འཇོན་ན་ཀུན་ཤེས་མཁན་ཡང་འདུག་་་་་ངོ་མ་བཤད་ཚོད་ཐུབ་ཀྱི་མི་འདུག་ག་་་་་ཉེ་ཆར་རྒན་ཚེ་རིང་ཤཱཀྱ་ལགས་དང་ཐུག་དུས་ཁོང་གི་ཞིབ་འཇུག་སློབ་མའི་ཁོངས་སུ་བོད་ཀྱི་སྐད་ཡིག་ལ་མཁས་པའི་བོད་ནང་གི་མཁས་དབང་ཞིག་ཀྱང་འདུག་་་་་་་་

  7. དགེ་འདུན་རབ་གསལ་ says:
    2011-02-04 at 8:58 am

    བརྗོད་གཞི་བྱེ་བྲག་པ་ལ་བབས་ནས། ཞིབ་འཇུག་བྱེད་པའམ་སློབ་སྦྱོང་བྱེད་པའི་ལམ་ཁ་ཞིག་མ་བཙལ་རང་བཙལ་རེད། དཔེར་ན། སྔོན་མ་ཡིན་ན་རྩོམ་ཡིག་དེ་ཚོའི་མགོ་བརྗོད་ལ། བོད་ཀྱི་སྙན་ངག་ངོ་སྤྲོད། བོད་ཀྱི་དེང་རབས་སྙན་ངག་ངོ་སྤྲོད་སོགས་བྲིས་ནས་ང་ཚོས་དུས་ཚོད་འཁྱོལ་བ་རེད། ད་ཡིན་ན་ མཆོད་མེའི་དྲ་བའི་སྟེང་འཁོད་པའི་སྙན་ངག་གམ་ ཡང་། རྔ་བ་ཁུལ་གྱི་སྙན་ངག ཡང་ན་ ཉིས་སྟོང་བརྒྱད་ལོའི་སྙན་ངག་ཅེས་དུས་བཀག་ཅིག་མ་བྱས་ནས་བཀླགས་ནས་ཀྱང་མི་ཚར་བའི་ཚོད་དུ་འཕེལ་ཡོད་པ་རེད། འདི་དཔེ་མཚོན་ཞིག་ཡིན།
    ད་བོད་ཀྱི་རྒྱལ་རབས་སྐོར་རེད། སྔོན་མ་ཡིན་ན་ བཙན་པོའི་དུས་རབས། དེ་ནས་སིལ་བུར་འཐོར་པ། ས་སྐྱ་པ། གཙང་པ་སྡེ་སྲིད་ རྒྱལ་བ་རིམ་བྱོན་སོགས་ཀྱིས་འགྲིག་གི་ཡོད་པ་རེད། ད་ཡིན་ན་དེ་ཚོ་ཞིབ་ཇེ་ཚགས་སུ་བཏང་ན་མ་གཏོགས་སྤྱི་བམ་ཙམ་གྱིས་འཐུས་ཀྱི་མེད་པ་འདྲ། བོད་ཀྱི་སློབ་སྦྱོང་ཚང་མ་ཡང་འདི་འདྲ་རེད། དུས་རབས་ཉི་ཤུ་བའི་ནང་གི་ཀློག་དེབ་གཅིག་གིས་ དུས་རབས་ཉེར་གཅིག་པའི་ཀློག་དེབ་ཀྱི་གོ་མི་ཆོད་པ་འདྲ།
    ད་སེམས་ལ་ཅིག་དྲན་ནས་ཡོད་དེ་བརྗེད་ངས་ཀྱིས་འཁྱེར་འདུག

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-02-04 at 8:34 pm

    འདི་གླེང་གཞི་ཡག་པོ་འདུག
    ཉིན་ཤས་སྔོན། ཚེ་རིང་ཤཱཀྱ་ལགས་དང་འདིའི་སྐོར་ལ་གླེང་མོལ་ཞིག་བྱུང་། ཁོང་གིས་མདོ་དོན་འདི་འདྲ་ཞིག་ཟེར་གི་འདུག
    དང་པོ།
    བོད་རིག་པའི་ཐོག་ལ་ཆེད་ལས་བ་དཀོན་པའི་དཀའ་ངལ་གཅིག་དེ་སློབ་སྦྱོང་གི་ལོ་ཚོད་རེད་ཟེར། ཆེད་ལས་བ་བྱེད་ན། ཉུང་མཐར་ཡང་ལོ་ཉི་ཤུའི་འོག་ནས་འགོ་འཛུགས་དགོས་གི་རེད་གསུངས་སོང་། བོད་རིགས་ཚོས། སློབ་སྦྱོང་གི་ལམ་ཁ་ངེས་གཏན་ཞིག་མ་རྙེད་པར་ལོ་མང་པོ་འཕྲོ་བརླག་ལ་གཏོང་གི་འདུག་ཟེར།

    གཉིས།
    བོད་རིགས་ཚོས་མང་པོ་ཤེས་བ་མ་གཏོགས་མང་པོའི་སྒང་ལ་ཆེད་ལས་ཀྱི་རྩལ་དེ་མི་འདུག་གསུངས་སོང་། འདིའི་དཔེ་མཚོན་ལ་། བོད་པ་ཚོའི་ནང་ན་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་ལ་མཁྱེན་རྟོགས་ཡོད་མཁན་མང་པོ་འདུག འོན་ཀྱང་། སྐད་ཡིག་དང་ལོ་རྒྱུས་སོགས་ལ་མཁྱེན་རྟོགས་ཡོད་པ་ཙམ་མ་གཏོགས། འདི་ཚོ་ཆེད་ལས་ཀྱི་ངོ་བོར་བསྒྱུར་ནས་ཆེད་ལས་ཀྱི་ཐབས་ལམ་བརྟེན་ཐུབ་གི་མི་འདུག་གསུངས་སོང་། ད་དུང་། བོད་ཀྱི་སྐད་ཡིག་སྒང་ལ་ཆེད་ལས་ཡིན་མཁན་དེ་དང་བོད་ཀྱི་སྐད་ཡིག་སྒང་ལ་མཁྱེན་རྟོགས་ཡོད་མཁན་དེ་གཉིས་ལས། ཆེད་ལས་ཡིན་མཁན་དེས་སྐད་ཡིག་གི་གནད་འགག་དེ་ཚོ་མཁྱེན་གི་འདུག་གསུངས་སོང་།

    གསུམ།
    གནན་དོན་གཞན་ཞིག་ལ། བཙན་བྱོལ་གྱི་སློབ་གྲ་ཁག་གི་ཤེས་ཡོན་དེས། བུ་ཕྲུག་ཚོའི་ལོ་མང་པོ་འཕྲོ་བརླག་ལ་གཏོང་གི་འདུག་གསུངས་སོང་། བཙན་བྱོལ་གྱི་ཤེས་ཡོན་སྤྲོད་སྟངས་དེས།
    བུ་ཕྲུག་མང་པོ་མཐོ་སློབ་ཐོན་རྗེས་ཀྱང་གང་ལ་འགྲོ་དགོས་བ་མི་ཤེས་མཁན་འདྲ་ཞིག་བཟོས་འདུག་ཟེར། འདིའི་དཔེ་མཚོན་ལ། ཉེ་ཆར། ཁོང་རྒྱ་གར་ལ་ཕེབས་དུས་ལྡི་ལི་སོགས་ནས་བོད་རིགས་མཐོ་རིམ་སློབ་མ་འགའ་ལ་ཐུག་འཕྲད་བྱུང་བའི་ལོ་རྒྱུས་དེ་གླེང་བྱུང་།

    བཞི།
    བོད་པ་སློབ་སྦྱོང་བྱེད་མཁན་མང་པོར་དམིགས་ཡུལ་ངེས་གཏན་མི་འདུག་གསུངས་སོང་། ངས་འདི་བྱེད་གི་ཡིན། ངས་དེ་སྦྱོང་གི་ཡིན་ཟེར་གི་འདུག་མ་གཏོགས། སྦྱོང་སྟངས་ཤེས་མཁན་ཧ་ཅང་ཉུང་ཉུང་རེད་འདུག་གསུངས་སོང་། ཆེད་ལས་བ་བྱེད་གི་ཡིན་ན། མང་པོ་ཤེས་མ་ཤེས་དེ་གནད་འགག་མ་རེད་ཟེར། ཆེད་ལས་ཀྱི་རྩལ་སྒྲུག་ཐུབ་པ་དང་ཆེད་ལས་ཀྱི་ཐབས་ལམ་བརྟེན་པ་གཉིས་གལ་ཆེན་རེད་ཟེར།

  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-02-04 at 8:54 pm

    ད་ངའི་བསམ་ཚུལ་འདི་ཡིན།
    དང་པོ།
    ང་ཚོའི་གོམས་གཤིས་ལ། སྐད་ཡིག་ལ་མཁས་བ་དེས་ལོ་རྒྱུས་ཀྱང་ཡག་པོ་མཁྱེན་དགོས་བའི་བསམ་བློ་འཛིན་གི་འདུག དེ་ན་ཚ་རེད།
    ད། ཐམས་ཅན་མཁྱེན་པ་བརྒྱ་ལས། ཆེད་ལས་བ་བཅུ་གྲངས་གལ་ཆེ་བའི་དུས་ཚོད་ཞིག་རེད། ད། ཆེད་ལས་མེད་ན། ང་ཚོ་ག་ལེར་རྗེས་ལུས་ཐེབས་ཀྱི་རེད་འདོད།

    གཉིས་པ།
    ད། ང་ཚོས་ཐམས་ཅད་མཁྱེན་པ་དང་འཇིག་རྟེན་ལས་འདས་བའི་སྐད་ཆ་དེ་ཚོ་ཕར་བཞག་ནས། ཆེད་ལས་ཀྱི་སྒང་ལ་ཤུགས་བརྒྱབ་ན་ཡག་པོ་འདུག
    རྒྱ་ཆེ་ས་ནས་། བོད་མི་རིགས་འདི་དང་། ཆུང་ས་ནས་རང་ཉིད་སྒེར་བ་ཡང་། ཆེད་ལས་འདིས་སྐྱོབས་རྒྱུ་མ་གཏོགས་ཐམས་ཅད་མཁྱེན་པས་སྐྱོབ་དཀའ་རྒྱུ་རེད།

    གསུམ།
    ད་ཕན། བོད་རིགས་ཐམས་ཅད་མཁྱེན་པ་ཡིན་ཟེར་མཁན་དང་། ཡིན་སྙམ་མཁན་ཚོ་ལ་དགག་བྱ་མེད། ད། ཁྱེད་ཚོའི་ཐམས་ཅད་མཁྱེན་པའི་བློ་གྲོས་དེ་ཡང་ཆེད་ལས་ཀྱི་སྒང་ལ་གཏོང་རོགས།
    ཆེད་ལས་མེད་ན། ཐམས་ཅད་མཁྱེན་པ་ཡིན་ཟེར་མཁན་ཚོ་ཡང་། ག་ལེར་ལས་མེད་ཆགས་ཀྱི་རེད།

    བཞི།
    མ་འོངས་བའི་ལོ་བཅུའི་ནང་ལ། བོད་ཕྱི་ནང་ནས་ཆེད་ལས་བ་བརྒྱ་གྲངས་ཐོན་པ་ཤོག ལོ་ཉུ་ཤུའི་ནང་ལ། སྟོང་ཕྲག་ཐོན་པ་ཤོག

  10. ཀརྡོ་རབ་འབྱམས་པ་ says:
    2011-02-05 at 12:57 am

    ཆེད་ལས་པའམ་ཉམས་ཞིབ་པ། རིགས་གཅིག་རྐང་འཛིན་པ་བྱེད་ཡ་ལ། སྐད་ཡིག་སྣ་ཁ་ཇི་ཙམ་ཤེས་དགོས་སམ། སྐད་ཡིག་གཅིག་ལ་རང་རྐྱ་འཕེར་བ་དཔེར་ན། བོད་ཀྱི་སྐད་ཡིག་གཅིག་རང་ལ་རང་རྐྱ་འཕེར་བ་དེ་ཡིས། བོད་ཀྱི་རྒྱལ་རབ་ལྟ་བུ་ཞིག་ལ་རིགས་གཅིག་རྐང་འཛིན་པ་ཚད་ལྡན་ཞིག་ཡོང་ཐུབ་བམ། ཡང་ན་མི་ཐུབ། ལན་ཅིག་གནོངས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme