Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐ་སྙད་གཅིག་གྱུར་ལ་འབད་དགོས།

Posted on 2012-07-15 By ཁ་བརྡ་ 25 Comments on ཐ་སྙད་གཅིག་གྱུར་ལ་འབད་དགོས།

ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས།

མི་རིགས་གང་འདྲ་ཞིག་ཡིན་ཡང་མི་རིགས་དེའི་སྐད་ཡིག་ནི་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་རྩ་བ་དེ་ཡིན་པ་དང་། མི་རིགས་གང་ཞིག་གི་སྐད་ཡིག་ཉམས་ཆག་ཏུ་ཕྱིན་པ་ཡིན་ན་མི་རིགས་དེའི་ཐུན་མིན་རིགས་གཞུང་དང་། ཡུལ་སྲོལ་གོམ་གཤིས་དང་། འདུ་ཤེས་སློབ་གསོ་སོགས་ཀྱི་སྲོག་གི་དབང་པོ་ཆད་པ་དང་ཁྱད་པར་མེད་པས། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་པ་འཛམ་གླིང་གི་མཁས་པ་རྣམས་ཀྱི་མགྲིན་གཅིག་ཏུ་བཞེད། ལྷག་པར་དུ་གྲངས་ཉུང་མི་རིགས་སུ་གནས་ཤིང་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་གནའ་གནོན་འོག་འཚོ་བཞིན་པའི་བོད་མི་རིགས་ལྟ་བུ་ཞིག་ལ་ཆ་བཞག་ན། མི་རིགས་རང་ཉིད་ཀྱི་སྐད་ཡིག་དར་སྤེལ་དང་ཡར་རྒྱས་གཏོང་རྒྱུ་ནི་བོད་མི་རིགས་ཀྱི་རྩ་དོན་ངོ་མར་ཐུག་ཡོད་པ་དེ་ལ་སུ་ཞིག་སོམ་ཉི་བྱེད། དེར་བརྟེན་ཉེ་བའི་ལོ་འགའི་སྔ་རོལ་ཞིག་ནས་བོད་ཕྱི་ནང་གཉིས་ཀྱི་མཁས་པ་དུ་མས་བོད་ཡིག་དར་སྤེལ་དང་བཀོལ་སྤྱོད། དུས་རབས་དང་མཐུན་པའི་ལམ་དུ་འཁྲིད་པའི་བྱ་བ་གང་མང་ཞིག་བརྩམས་དང་རྩོམ་བཞིན་ཡོད་པ་རེད་ལ། ད་ལོའི་ (༢༠༡༢) ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་བཙན་བྱོལ་བོད་གཞུང་ཤེས་རིགས་ལས་ཁུངས་ཀྱིས་<< ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>> ཅེས་པའི་དེབ་འཕྲེང་བཞི་པ་དེ་དངོས་སུ་སྒོ་འབྱེད་བྱས་ཏེ། “ང་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་གཏོང་དགོས་ན། སྔོན་ལ་ཐ་སྙད་རྙིང་པ་རྣམས་དྲན་པ་མ་བརྗེད་པར་བེད་སྤྱོད་གཏོང་དགོས། དེའི་ཐོག་སྤྱི་ཚོགས་གསར་པའི་ནང་ཐོན་དངོས་གསར་པ་མང་པོ་ཡོང་གི་ཡོད་སྟབས། དེའི་རྨང་གཞིའི་ཐོག་ཐ་སྙད་གསར་པ་བེད་སྤྱོད་གཏོང་རྒྱུར་འབད་བརྩོན་གནང་དགོས་ཀྱི་འདུག ང་ཚོས་སྔོན་མ་ཡོད་བསྡད་པའི་ཐ་སྙད་ཁག་ལ་གཅིག་གྱུར་གྱི་གཏན་འབེབས་དང་། དགོས་གལ་ཆེ་བའི་ཐོན་དངོས་གསར་པ་དག་ལ་དུས་བསྟུན་གྱི་ཐ་སྙད་གསར་པ་རེ་འདོགས་རྒྱུ་གལ་ཆེན་རེད།” ཅེས་བསྒྲགས་སོང་། འོན་ཀྱང་གཏན་འབེབས་བརྡ་ཆད་ཀྱི་དཔེ་དེབ་དེ་མང་ཚོགས་ནང་ཡོངས་ཁྱབ་འགྲེམ་སྤེལ་མ་བྱུང་བར་བརྟེན། ངས་དེ་རིང་དཔེ་དེབ་དེ་ངོ་སྤྲོད་མདོར་བསྡུས་ཤིག་དང་འབྲེལ་རང་ཉིད་ཀྱི་མཐོང་སྣང་ཅུང་ཙམ་ཞིག་འབྲི་འདོད་བྱུང་། དེ་ཡང་ཁུངས་ལྡན་གནས་ཚུལ་ལྟར་ན་ཐོག་མར་ཕྱི་ལོ་ ༢༠༠༤ ཡི་སྔོན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཤིག་གི་སྐབས་སུ་ཐ་སྙད་གཅིག་གྱུར་སྐོར་གྱི་བགྲོ་གླེང་བྱུང་ཡོད་པ་དང་། རྗེས་སུ་གཞུང་གི་གོ་སྒྲིག་འོག་དམིགས་བསལ་མཁས་པའི་བགྲོ་གླེང་དང་གྲོས་བསྡུར་བྱས་པ་བརྒྱུད། ཕྱི་ལོ་ ༢༠༠༥ ལོར་ཤེས་རིག་ལས་ཁུངས་རྩོམ་རིག་སྡེ་ཚན་གྱིས་འགོ་འཛུགས་བྱས་ཏེ་ད་ལྟའི་བར་དེབ་ཕྲེང་བཞི་པར་སྐྲུན་བྱས་ཟིན་པ་རེད་འདུག། ཚིག་མཛོད་འདི་དག་གི་ནང་ཐ་སྙད་བསྡུ་ལེན་ཀྱི་གཞི་བཅོལ་ས་གཙོ་བོ་ནི་རྒྱ་གར་གྱི་ཐ་སྙད་གཏན་འབེབས་ལས་ཁུངས་ཆེ་ཤོས་ཤིག་ཡིན་ཞེས་བརྗོད་ཡོད་པ་དང་། ཐ་སྙད་གཏན་འབེལ་བྱེད་སྟངས་ནི་ཐོག་མར་བཙན་བྱོལ་བོད་གཞུང་གི་ཁྱབས་ཁོངས་སུ་གཏོགས་པའི་བོད་ཀྱི་དཔེ་མཛོད་ཁང་དང་བོད་གཞུང་སྨན་རྩིས་ཁང་། ངྷ་ས་བོད་ཁྱིམ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རིགས་ལམ་སློབ་གཉེར་ཁང་། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་། ཝར་ཎ་གཙུག་ལག་སློབ་གཉེར་ཁང་། སྲོང་བཙན་དཔེ་མཛོད་ཁང་། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་། ཤེས་བྱ་དང་བོད་མིའི་རང་དབང་རྩོམ་སྒྲིག་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་གསར་ཁང་བཅས་ཀྱི་སྡེ་ཚན་སོ་སོས་འབྲེལ་ཡོད་ཐ་སྙད་བསྡུ་གསོག་དང་བོད་བསྒྱུར་བྱས་ཏེ་ཤེས་རིག་ལས་ཁུངས་སུ་སྤྲད་རྗེས། ཐ་སྙད་ཕྱོགས་བསྡོམས་ཀྱིས་སློབ་སྟོན་ཚོགས་ཆུང་ལ་ཕུལ། དེ་ནས་སློབ་སྟོན་ཚོགས་ཆུང་གིས་སྣོན་བྲི་གང་དགོས་བྱས་རྗེས། ཐ་སྙད་གཏན་འབེབས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་རྒྱུན་ལས་ཁང་གིས་མཐའ་མའི་གཏན་འབེབས་ཚོགས་ཆུང་ལ་ཕུལ་ནས་སླར་ཡང་མིང་ཚིག་རེ་རེ་བཞིན་གོ་བསྡུར་བྱས་དེ་གཏན་འབེབས་བྱེད་ཀྱི་ཡོད་པ་དང་། མཐར་བོད་གཞུང་བཀའ་ཤག་གི་བཀའ་འཁྲོལ་ཐོབ་རྗེས་དཔར་སྐྲུན་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད་འདུག ཡིན་ནའང་དོན་དངོས་ཐོག་གོང་འཁོད་སྡེ་ཚན་དེ་དག་གིས་དོན་ཕན་ལྡན་པའི་བརྡ་ཆད་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། བརྡ་ཆད་གཏན་འབེབས་རྩོམ་སྒྲིགས་པ་སོགས་ལས་མི་ཧ་ཅང་ཉུང་བས་དཀའ་ངལ་འཕྲད་ཀྱི་ཡོད་འདུག
གཏན་འབེབས་བརྡ་ཆད་དམ་ཚིག་མཛོད་དེ་དག་གི་ནང་དུ་འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ས་དཔྱད་རིག་པ། སེམས་ཀྱི་ཚན་རིག ཨང་རྩིས། ཟློས་གར། རོལ་མོ། ཆ་འཕྲིན། ལག་རྩལ་དང་འབྲེལ་བའི་ཐ་སྙད་ཕྱོགས་བསྡོམས་ ༥༠༠༠ ཙམ་གཏན་འབེབས་བྱས་ཡོད་པ་དང་། ཐ་སྙད་སྒྲིག་སྟངས་ནི་དང་པོར་དབྱིན་ཡིག་གི་ཐ་སྙད་རྩ་བར་བཀོད་པའི་རྗེས་སུ་བོད་ཀྱི་སྐད་དོད་ཅིག་སྤྲད་དེ་དབྱིན་བོད་ཤན་སྦྱར་བྱས་པ་དང་། དེ་ལ་བོད་ཡིག་ཐོག་ངེས་ཚིག་གམ་འགྲེལ་བཤད་རེ་བརྒྱབ་འདུག བརྡ་ཆད་དམ་ཐ་སྙད་རེ་རེ་ལ་ཚག་བར་བཞི་ནས་ལྔའི་བར་དུ་ཡོད་པ་མང་ཞིང་དེ་ལས་མང་བའི་ཚག་བར་ཅན་གྱི་བརྡ་ཆད་ཡང་འདུག་པས། ཁ་ལ་ཧ་ཅང་གོམ་པར་མ་གྱུར་ན་བརྗོད་བདེ་མིན་གྱི་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་ལྟར་དུ་སྣང་ལ། གཞན་ “Politication ཆབ་སྲིད་ཀྱི་ངོ་བོ་སྒྱུར་བ།” ཅེས་པ་ལྟ་བུའི་མིང་ཚིག་གཉིས་སུ་ཕྱེ་ཚིག་གི་ངོ་བོར་སོང་བའི་བརྡ་ཆད་ཀྱང་མང་པོ་འདུག་པས་ཚིག་བཅད་དང་། སྙན་རྩོམ་ལྟ་བུའི་ནང་བཀོད་སྤྱོད་བྱེད་རྒྱུར་དཀའ་ངལ་མེད་དམ་སྙམ་པ་ཡང་འདུག

གང་ལྟར་ད་ལྟ་བར་<< ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>> དེབ་ཕྲེང་བཞི་བཏོན་ཡོད་པ་དང་། དེབ་ཕྲེང་རེ་རེ་སྒོ་འབྱེད་བྱས་པ་དང་བོད་ཡིག་ཀློག་པོ་དང་རྩོམ་པ་པོ་མང་པོ་ཞིག་གིས་ཐ་སྙད་གསར་བཟོ་དང་གཏན་འབེབས་སྐོར་ལ་གླེང་སློང་མང་པོ་བྱེད་ཀྱི་ཡོད་པ་རེད། མ་ཚད་གོང་འཁོད་ཚིག་མཛོད་དུ་ཡོད་པའི་བརྡ་ཆད་དག་ལ་ཚོགས་འདུ་དང་། དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་དགག་པ་རྒྱག་མཁན་དང་སྐྱོན་བརྗོད་བྱེད་མཁན་ཡང་མི་ཉུང་བ་རེ་འབྱུང་བཞིན་ཡོད། དཔེར་ན་བོད་རང་བཙན་ཡིན་སྐབས་ནས་བྱུང་བའི་“དབྱིན་ཇི་”ཞེས་པའི་ཐ་སྙད་ཀྱི་ཚབ་དུ་གཏན་འབེབས་བརྡ་ཆད་ནང་”ཨིན་ཇི་”ཞེས་བྲིས་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ཤིག་ཀྱང་དོགས་འདྲི་དང་བགྲོ་གླེང་བྱས་ཡོད་པ་དང་། ཚིག་མཛོད་རྩོམ་སྒྲིག་པ་ཀརྨ་སྨོན་ལམ་གྱིས་སྤྱི་འཐུས་ལྷན་ཚོགས་སུ་ “དབྱིན་བོད་ཟེར་བ་དེ་དུས་རབས་ཉི་ཤུའི་དཀྱིལ་ཙམ་ལ་བོད་སྐད་ནང་སླེབས་ཏེ་རྒྱུན་འཇགས་སུ་སོང་བ་ཞིག་ཡིན་རྒྱུ་རེད། ང་ཚོའི་དཔེ་དེབ་འདི་སྟེང་“ཨིན་བོད” ཞེས་བསྒྱུར་དོན། ཡོངས་གྲགས་སུ་ English ལ་དབྱིན་ཡིག་ཟེར་གྱིན་ཡོད། འོན་ཀྱང་དབྱིན་ཡིག་ནང་གི་ E ཟེར་བ་དེ་ལ་ “དབྱེ” འབྲི་བ་ལས་ “ཨི” བྲིས་པ་ཡིན་ན་སྒྲ་གདངས་ཅུང་ཉེ་བ་ཡོད་ལ། ལྷག་པར་དུ་ “དབྱིན་ཡུལ” ལྟ་བུར་མཚོན་ན། “ཨིན་ཡུལ” ཞེས་བྲིས་ན་ཧ་ཅང་བདེ་བོ་ཡོད། ཡི་གེ་ཉུང་བ་དང་སྒྲ་གདངས་ཉེ་བ་སོགས་ཀྱི་དབང་གིས་སྔར་གྱི་དབྱིན་བོད་ལ་ཨིན་བོད་ཅེས་བྲིས་པ་ཡིན།” ཅེས་ཡིག་ཐོག་ནས་གསལ་བཤད་ཀྱང་བྱེད་དགོས་བྱུང་བ་ཡོད་པ་རེད།

ད་དུང་བོད་ཡིག་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་ཉེ་བའི་ལོ་འགའི་ནང་བོད་ནས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་པོ་མཉམ་རུབ་ཀྱིས་ཐ་སྙད་གསར་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད་སྟབས། བོད་ཕྱི་ལོག་ནས་ཀྱང་འདི་ལྟར་ཐ་སྙད་གཏན་འབེབས་བྱས་ན་ཐ་སྙད་གཅིག་གྱུར་ལ་འགོག་རྐྱེན་ཡོང་གི་ཡོད་པར་འདོད་པ་དང་། བོད་ནང་གི་ཐ་སྙད་གསར་བཟོ་བྱས་པ་དག་བོད་ཕྱི་ནང་གཉིས་ནས་གཅིག་གྱུར་བེད་སྤྱོད་དགོས་རྒྱུ་གལ་ཆེན་ཡིན་པར་འདོད་མཁན་མང་པོ་བྱུང་བཞིན་ཡོད་པ་དང་། དེའི་སྐོར་ལ་ཀརྨ་སྨོན་ལམ་གྱིས་གཏན་འབེབས་བརྡ་ཆད་རྩོམ་སྒྲིག་པའི་མིང་ཐོག་ནས་བོད་ཀྱི་དུས་བབ་གསར་འགོད་པ་ཞིག་གི་དྲིས་བར་ལན་འདེབས་བྱེད་སྐབས་“༢༠༠༧ ལོར་ང་ལ་བོད་ནང་ནས་གཏན་འབེབས་བྱས་པའི་ཐ་སྙད་གསར་པའི་དེབ་ཅིག་རག་སོང་། དེ་དག་ང་ཚོས་དཔྱད་གཞིའི་ཆེད་དུ་ཉར་ཡོད། མི་འབོར་གྱི་ཆ་ནས་བོད་ནང་དུ་མང་བ་ཡོད་ལ། ཤེས་ཡོན་པ་དང་ཐ་སྙད་སྐོར་ལ་ལས་ཀ་བྱེད་མཁན། དེ་བཞིན་བེད་སྤྱོད་གཏོང་མཁན་སོགས་བོད་ནང་དུ་མང་བ་རྩོད་མེད་རེད། དམངས་གཙོའི་ལྟ་གྲུབ་ཀྱི་ཆ་ནས་ཀྱང་བོད་ནང་གཙོ་བོར་འཛིན་དགོས་པ་ཆགས་ཡོད། སྔོན་མ་བརྒྱད་ཅུ་གྱ་གྲངས་ནང་ཚིག་མཛོད་ཅིག་བཟོས་སྐབས། བོད་ནང་གི་ཚན་རིག་སོགས་ཀྱི་རིག་གསར་བོད་སྒྱུར་བྱས་ཡོད་པའི་སློབ་དེབ་ཆ་ཚང་རག་ཐབས་བྱས་པ་ཡིན། ང་ཚོས་ལས་ཀ་བྱེད་སྐབས་ཀྱང་རྩ་འཛིན་བྱེད་ས་གཙོ་བོ་བོད་ནང་བྱེད་ཀྱིན་ཡོད། འོན་ཀྱང་། ང་ཚོའི་གཞི་བཅོལ་སའི་རྒྱ་གར་གྱི་ཐ་སྙད་གསར་པའི་དཔེ་དེབ་དག་དང་བསྡུར་བ་ཡིན་ན། བོད་ནང་ད་སྔ་གཏན་འབེབས་བྱས་ཡོད་པའི་ཐ་སྙད་ཆེས་ཉུང་ངུ་ཞིག་ལས་ཡོད་པ་མ་རེད། དེའི་ནང་འགའ་རེ་ཧ་ཅང་ཚད་དང་ལྡན་པ་ཡོད་ཀྱང་། འགའ་རེ་བརྗོད་པ་བདེ་བོ་མེད་པ་དང་ཁུངས་བཙན་མེད་པ། ཐ་སྙད་དེའི་རྒྱབ་ལྗོངས་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་མེད་ཀྱི་དབང་གིས་དོན་ལ་མི་འབྱོར་བ་སོགས་ཡོང་གིན་འདུག དེར་བརྟེན། བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ཡོང་རྒྱུ་གལ་ཆེན་ཡིན་ཡང་། སྒྱུར་སྟངས་མ་འདྲ་བའི་དབང་གིས་དངོས་པོ་གཅིག་ལ་ཐ་སྙད་གཉིས་གསུམ་རེ་ཡོང་སྲིད་པ་རེད། ཐ་སྙད་གསར་པ་གང་ཞིག་ཡིན་རུང་ཁུངས་བཙན་པ་དང་དོན་ལ་འབྱོར་རྒྱུ་གལ་ཆེན་ཡིན་སྟབས། རིམ་གྱིས་སྤྱི་ཚོགས་ཀྱིས་སྲེག་བརྡར་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ་གི་རེད།” ཅེས་བཤད་པ་རེད། གང་ལྟར་དེང་སྐབས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཁྱབ་སྤེལ་དང་། མདུན་བསྐྱོད་འཐུས་ཚང་གཏོང་ཆེད་ཐ་སྙད་གསར་བཟོ་དང་རྩོམ་སྒྲིག་བྱེད་མཁན་ཚོགས་པ་དང་མི་སྒེར་པ་སོགས་སྣ་ཚོགས་ཤིག་ཡོང་བཞིན་ཡོད་ནའང་། གཙོ་བོ་བེད་སྤྱོད་བྱེད་སྐབས་གཅིག་གྱུར་ཀྱི་ལག་བསྟར་བྱེད་མིན་ནི་སྐད་ཡིག་འཐུས་ཚང་དར་རྒྱས་ཡོང་མིན་གྱི་འགག་རྩར་ཐུག་ཡོད་པ་རེད། དེང་སྐབས་བོད་ནང་ལ་ཆ་བཞག་ན་བོད་ཆོལ་ཁ་གསུམ་གྱི་རིག་གཞུང་དང་བརྡ་འཕྲིན། སློབ་གྲྭ་དང་། རྩོམ་རིགས་སོགས་སྡེ་ཚན་ཧ་ཅང་མང་པོ་ནས་རྩོམ་པ་པོ་དང་། ལོ་ཙྭ་བ། ཉམ་ཞིབ་པ། ཆེད་ལས་པ་སོགས་མཁས་པ་དུ་མ་མཉམ་འཛོམས་ཀྱིས་མིང་མཛོད་རྩོམ་སྒྲིག་བྱས་པའི་ཐ་སྙད་དག་ནི་ཚོགས་པ་སྒྲིག་འཛུགས་ཁག་དང་། དགོན་པ་ཡུལ་སྡེ་ཀུན་གྱིས་གཅིག་གྱུར་བཀོད་སྤྱོད་བྱེད་པར་བརྩོན་བཞིན་པས་མ་ཚད། བཙན་བྱོལ་དུ་འང་བོད་ཡིག་ལ་དུང་ཞེན་ཡོད་པའི་མི་སྣ་མང་པོས་ཚད་མར་འཛིན་བཞིན་ཡོད། སྤྱིར་བཙན་བྱོལ་གྱི་བོད་ཡིག་རྩོམ་རིགས་གི་རྐང་འཛིན་པ་མང་ཆེ་བ་བོད་ནས་འབྱོར་བའི་ཤེས་ཡོན་པ་དང་སློབ་གྲྭ་བ། དགོན་པ་གྲྭ་ཚང་ཁག་ཡིན་པས་རང་བཞིན་གྱིས་བོད་ནང་གི་ཤེས་ཡོན་པ་དང་མཁས་པ་དག་ལ་དགའ་ཞེན་སྐྱེས་སྲིད་ནའང་། བོད་གཞུང་གི་ <<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>> ནང་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་བཀོད་སྤྱོད་བྱེད་བཞིན་པའི་ཐ་སྙད་དེ་ཙམ་མེད་པའམ་ཡོད་ཀྱང་ཁྱབ་སྤེལ་དང་དྲིལ་བསྒྲགས་ཀྱི་ནུས་པ་ཧ་ཅང་ཞན་སྟབས་ཚིག་མཛོད་དེ་ཚོ་གསར་འགྱུར་བརྒྱུད་ལམ་དུ་མཐོང་བ་ཙམ་ལས། མང་ཆེ་བ་འབྲེལ་ཡོད་སྡེ་ཚན་ཁག་གི་ཡིག་ཚང་དུ་ལྷག་ཡོད་པ་རེད། མདོར་ན་བོད་ཕྱི་ནང་གཉིས་ནས་ཐ་སྙད་གསར་བཟོ་ག་འདྲ་ཞིག་བྱས་ཀྱང་གཙོ་བོ་གཅིག་གྱུར་ཡོང་ཐབས་བརྩོན་རྒྱུ་དང་། དེ་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་ཁྱབ་སྤེལ། བེད་སྤྱོད་ཀྱི་ལམ་ཁ་ཡང་དག་པ་རེ་སྟོན་རྒྱུ་གལ་ཆེད་དུ་གྱུར་ཡོད། ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༤ ཉིན་བྲིས།

སྣ་ཚོགས།

Post navigation

Previous Post: བཙན་པོ་རིམ་བྱུང་གི་ལོ་ཚིགས་འགའ་ཞིག་གུང་བསྒྲིགས་པ།
Next Post: ང་ཡི་སྐལ་བ།

Comments (25) on “ཐ་སྙད་གཅིག་གྱུར་ལ་འབད་དགོས།”

  1. ལས་རླུང་། says:
    2012-07-15 at 7:09 am

    ཧ་ཅང་བདེན་གི ཐ་སྙད་གཅིག་གྱུར་མ་བྱུང་ན་གློག་ཀླད་ཀྱི་མཛུབ་གནོན་གཅིག་གྱུར་མེད་པའི་དཀའ་ངལ་ལས་ཀྱང་ཉེན་ཁ་ཧ་ཅང་ཆེ་བ་ཞིག་རེད། དེའི་ཕྱིར་རྩོམ་ཡིག་འདིའི་འབོད་སྐུལ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-15 at 9:15 am

    ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གིས་བྲིས་ལེགས། མ་དག་རྒྱུན་འབྱམས་སུ་སོང་བའི་སྒྲ་འགའ་ཞིག་མ་གཏོགས་ཡི་གེ་ཆེས་དག་པར་མཐོང་། འོན་ཀྱང་འགའ་རེ་ནི་སེམས་གཡེངས་པས་སྤར་འཕྲུལ་ཡོད་པ་ལ་འགག་ཆ་མེད་པ། དཔེར་ན།
    ཕྱི་ལོག་ནས་ཞེས་པའི་ཕྱི་ལོགས་ལ་ཕྱི་ལོག་ཅེས་ཡང་དང་ཡང་དུ་འབྲི་ན་ནི།
    ལ་དྭགས་པ་འབྲི་མཁན་ཞིག་ལ་ལོ་ངོ་བཅུ་གྲངས་སྔོན་དུ་འདི་ལྟར་བྲིས་པ་ཞིག་ངའི་སེམས་ལ་ཡང་ཡང་འཁོར།
    ཕྱི་ལོགས་ནང་ལོགས་ཡང་འཇུག་དགོས།
    ཡང་འཇུག་མེད་པ་གོ་ལོག་ཡིན།། ཞེས་སོ།

    ལོ་ཙྭ་བ། ཞེས་པ་ན་ཙ་ཡིག་རིང་པོ་དགོས་པ་གང་ཡིན་ནམ། ཞེས་དྲིས་ཀྱང་ད་བར་ལན་འདེབས་མཁན་ཞིག་མ་བྱུང་། ཉེ་དུས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་ཞིག་གིས། ལོ་ཙ་པ། ཞེས་བྲིས་པ་ཁོ་བོས་ནི་དག་ཅིང་། སྒྲ་བཤད་དང་མཐུན་པ་ཞིག་ཏུ་མཐོང་། ལོ་ཙ་པ་ཞེས་པའི་མིང་ཚིག་དེ་གངའབྱུང་་འབྱུང་གི་སྐད་སྒྱུར་བར་བཀོལ་དུ་མི་རུང་བར་འཇིག་རྟེན་མིག་ཏུ་གྱུར་པ་ཞིག་ལ་བཀོལ་དགོས་པར་མཐོང་སྟེ། སི་ཏུ་པཎ་ཆེན་གྱིས་ལེགས་སྦྱར་སྐད་ནས་བོད་སྐད་དུ་འཆི་མེད་མཛོད་སོགས་གཞུང་དཔེ་ཁ་ཤས་ལེགས་པར་ཚད་དང་ལྡན་པར་བསྒྱུར་ཅིང་། ལོ་ཙ་པ་ཡི་བྱ་བ་མཛད་པར་རང་ཉིད་ལ་ལོ་ཙ་པ་སྟེ། འཇིག་རྟེན་མིག་གྱུར་ཅེས་འདོགས་མ་ནུས་པའི་ཚུལ་བྲིས་པར་མཛད། དེས་ན་དིང་དུས་ཀྱི་སྐད་རིགས་མི་འདྲ་བ་སྨྲ་བ་དག་ལ་སྐད་སྒྱུར་བ་པོའམ། བདག་སྒྲ་བསྡུས་ཏེ། སྐད་སྒྱུར་བ་ཞེས་བརྗོད་ན། བོད་མི་སློབ་སྦྱོང་ཡོད་པ་ཀུན་གྱིས་གོ་ཐུབ་པ་ཞིག་གོ།

  3. ཀཱི་ལུང་ཐུབ་བཟང་ says:
    2012-07-15 at 10:04 am

    ཐ་སྙད་ཐ་དད་དུ་གྱུར་པ་དང་འགྱུར་བཞིན་པ་འདིར་བློ་ཕམ་འདུག འདི་ལ་དེ་ལྟར་མི་འགྱུར་བའི་ཐབས་ལམ་འདྲ་ཡོད་དམ།

  4. ཨོ་རྒྱན་ཉི་མ། says:
    2012-07-15 at 1:49 pm

    ཐ་སྙད་ཐ་དད་མང་པོ་ཆགས་ནས་མངོན་བརྗོད་ཅེས་པ་ཆགས་པ་མིན་ནམ། ཧཧཧཧ ཐ་སྙད་བསྒྱུར་འོང་དུས་ལ་ལས་ཐད་བསྒྱུར་བྱས། ལ་ལས་དངོས་པོ་དེའི་བྱེད་ལས་དང་། བྱ་བ། ངོ་བོ་སོགས་ལ་ལྟོས་ནས་མིང་གསར་བཏགས། ཧཧཧཧ

  5. གངས་ལྗོངས་རྒྱལ་སྲས says:
    2012-07-15 at 2:18 pm

    ཐ་སྙད་གཅིག་གྱུར་འེ གོ་རྒྱུ་འདྲ་མུ་འདུག་ཡོངས་ཡ་མེད་པའི་་་་་ཁ་སྟོང་ནང་གི་ཚིག་སྟོང་བཀག་ན་བཟང་ས་རེ་ཡ་ དེ་ལས་ཆོལ་ཁ་གསུམ་གཅིག་གྱུར་བྱས་ན་བོད་མའི་མཐུན་སྒྲིལ་ལ་ཕན་ཐོག་ཡོད་པ་ཧ་གོ་ཤེས་གསལ་ལོས་ཡིན་ཨཱ་་་་སྟག་ཤར་གངས་ཕྲུག་ཚོ་གཅིག་གསུང་དང་།

  6. མགོན་པོ་ཕྱག་གཉིས་པ། says:
    2012-07-15 at 3:35 pm

    ཐ་སྙད་གཅིག་གྱུར་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད། དོན་གཅིག་མིང་གི་རྣམ་གྲངས་དུ་མ་ཡོད་པ་ཚང་མ་གཅིག་བཟོ་དགོས་པ་རེད་དམ། བརྗོད། བཤད། ལབ། གསུང་། ཟེར། རྫོ། བསྙད་འདི་དག་ལས་གཅིག་ལ་གཏན་འཁེལ་དགོས་པ་ཨེ་རེད། ཀླད། ཐོག སྒང་། སྟེང་། འདི་ཚོ་ཡང་གཅིག་མ་གཏོགས་གཞན་མེད་པ་བཟོས་དགོས་པ་ཨེ་རེད། དེ་བཞིན་དུ། རྩིས་འཁོར། ཀམ་པུ་ཊར། གློག་ཀླད་འདི་དག་ལས་ཀྱང་གཅིག་མ་གཏོགས་བེད་སྤྱོད་གཏོང་མ་ཆོག་པ་ཨེ་རེད། ངས་ནི་སྐད་ཕུན་སུམ་ཚོགས་པ་ཟེར་བ་དེ་འདི་འདྲ་ལ་ཟེར་གྱི་ཡོད།
    མིའི་སྤྱི་ཚོགས་ནི་ཐོག་མའམ་གདོད་མའི་དུས། ཚོ་བ་དང་ཤོག་པ་ཆུང་ངུ་ཁ་ཐོར་གྱི་རྣམ་པར་གནས་པ་རེད། སྐད་ཡང་དེ་བཞིན་རེད། དེ་ནས་རིམ་པས་མཉམ་རུབ་ཀྱིས་རྒྱ་ཆེ་རུ་ཕྱིན་ཏེ་མི་རིགས་དང་རྒྱབ་ཁབ་ཀྱི་རྣམ་པ་གྲུབ་པ་རེད། སྐད་ཡང་མི་འདྲ་བ་མང་པོ་འདུས་ནས་སྐད་གཅིག་ཆགས་པ་རེད། སྐད་ནང་དུ་དོན་གཅིག་མིང་གི་རྣམ་གྲངས་མང་པོ་ཡོད་པ་ཡང་རྒྱུ་མཚན་གཅིག་འདི་རེད། ལྷ་ས་ནས་ལབ་ཟེར། ཨ་མདོ་ནས་ལབ་མི་ཟེར་བཤད་ཟེར། ཡིན་ནའང་། ལབ་ཟེར་བ་དེའང་སྐད་ནང་དུ་ཡོད་པ་རེད། མི་ལབ་རྐྱལ། མི་ལབ་རྒན། ཟེར་ན། སྐད་ཆ་མང་པོ་བཤད་མཁན་དང་འུད་བརྗོད་མཁན་ལ་ཟེར་བ་རེད། རྩ་བའི་སྐད་ནང་དང་ཡི་གེའི་ནང་སླེབས་ཕྱིན་ཡོད་ཕྱིན་ཁོས་ལབ་སོང་ཟེར་ནའང་གོ་ཡི་ཡོད་པ་རེད། ཨ་མདོ་ནས་བསྲོ་ཡི་ཚབ་ལ་ཁམས་ནས་འདེ་ཟེར། ཡི་གེ་ཤེས་པ་ཡིན་ན་འདེ་ཟེར་བ་དེ་བསྲོ་བའི་དོན་ཡིན་པ་ཤེས་པ་ལྟར་རེད། སྐད་སོ་སོའི་ནང་ཡིག་ཐོག་ལ་ཡོང་མེད་པ་དེ་ཚོ་ཡིག་ཐོག་ལ་ལེན་ཅི་ཐུབ་དང་འབྲི་ཅི་ཐུབ་བྱེད་དགོས་པ་རེད། དེ་ནས་ཁ་སྐད་དེ་ཡིག་སྐད་ཆགས་པ་རེད། ཁ་སྐདམི་འདྲ་བ་ལ་བསྟེན་ནས་དོན་གཅིག་མིང་གི་རྣམ་གྲངས་དུ་མ་ཡོང་སྲིད་པ་རེད། དེ་ནི་སྐྲག་དགོས་ས་ཞིག་མ་རེད། དགའ་དགོས་པ་ཞིག་རེད། སྤོབས་པ་སྐྱེ་དགོས་པ་ཞིག་རེད། སྐད་གཅིག་གྱུར་ཟེར་བ་ཡང་འདི་འདྲ་འདི་འདྲ་བྱས་ཡོང་གི་ཡོད་པ་རེད།
    འགའ་རེས་བཀའ་བསྟན་གཉིས་ལ་བསྟུན་དགོས་པ་རེད་ཟེར། དེ་ལས་དགོད་བྲོ་བ་དང་དེ་ལས་གློའུ་བཤད་དམ་ལྐུགས་པའི་སྐད་ཆ་ཞིག་ཇི་ལྟ་བཤད། རྟ་ཡིས་བསྒུག་ནས་ཐང་ལ་རྒྱབ་ཟེར་བའི་བསྒུག་དེ་བཀའ་བསྟན་ལ་བསྟུན་སྟངས་ཤིག་ཤོད་དང་ཇི་ལྟར་བསྟུན་དགོས་པ་རེད། དབུས་ཀྱི་གཞས་ཤིག་ནང་། རྟ་ཕོ་ཐུགས་ཁག་མི་འདུག ཆག་དང་ཆུ་འདུར་ལུས་ཤག ཟེར་བའི་ཆག་དང་ཆུ་འདུར་དེ་བཀའ་བསྟན་ལ་ཇི་ལྟར་བསྟུན་དགོས་པ་རེད། བཀའ་བསྟན་ནང་མེད་ན་བཀའ་བསྟུན་ལ་ག་འདྲ་བྱས་ནས་བསྟུན་དགོས་པ་རེད། སྐད་ནང་གི་ཚིག་མང་པོ་ཞིག་བཀའ་བསྟན་ནང་མེད་པ་རེད།
    ཡིག་སྐད་དེ་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་ཚང་མས་གོ་ཡི་འདུག་ཟེར། ང་ཚོའི་ད་བར་གྱི་ཡིག་སྐད་ཟེར་བ་དེ་གཙོ་བོ་ཆོས་སྐད་རེད། བཀའ་འགྱུར་བསྟན་འགྱུར་སོགས་བསྟན་བཅོས་རྣམས་གཙོ་བོ་ཆོསསྐད་རེད། ཆོས་སྐད་དེ་ཚོ་གཅིག་གྱུར་ཡོད་པ་རེད། ཚང་མས་གོ་ཐུབ་པ་རེད། རྒྱུ་མཚན་ཆོས་སྐད་ཟེར་ནས་གཅིག་མ་གཏོགས་གཉིས་ཡོདཔ་མ་རེད། ཕར་ཕྱིན་དྲུག དགེ་བ་བཅུ། སངས་རྒྱས། བྱང་སེམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། དུང་དཀར། གསེར་ཉ། དགེ་བཤེས། སློབ་དཔོན་ལ་སོགས་པའི་མཚོན་པའི་ཆོས་དང་ཆོས་དང་འབྲེལ་བའི་མིང་དེ་ཚོ་ལུང་ཚན་གང་དུ་ཕྱིན་ན་གཅིག་པ་རེད། དེར་བརྟེན། སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་ཚང་མས་གོ་གི་རེད།
    བོད་ས་ཡོངས་ཀྱི་རྩ་བའི་སྐད་གཅིག་ཡིན་པར་བསྟེན་ལུང་སྐད་དེ་ཚོའང་ཁྱོན་ནས་གོ་མ་ཐུབ་པ་དེ་འདྲ་ཆེ་ཆེ་ཡོད་པ་མ་རེད། ད་ལྟ་ལུང་ཚན་ག་འདྲ་ཞིག་ནས་ཡིན་ནའང་ལུང་ཚན་གཞན་པ་ཚོའི་སྐད་རེ་ཟུང་རེ་བཤད་ཤེས་པ་དེའང་བཟང་རྟགས་དང་སྐད་གཅིག་གྱུར་ལ་ཁ་ཕྱོགས་ཡོད་པའི་རྟགས་མཚན་ཞིག་རེད། སྐད་ཀྱི་ནང་ཡིག་ཐོག་ལ་འབྲི་རྒྱུན་མེད་པ་དེ་ཚོ་ཡིག་ཐོག་ལ་འབྲི་བ། སྐད་ཀྱི་ཚིག་མཛོད་བཟོ་བ། ཡུལ་ལུང་བྱེ་བྲག་པ་ཞིག་གི་སྐད་ནང་ཚགས་པར་དེ་འདྲ་ཡོད་པ་འདྲ། དེ་ཚོའང་རང་གི་ལུང་པ་གཅིག་པོ་མིན་པར་ལུང་ཚན་གཞན་དང་གཞན་དུའང་གང་ཐུབ་འགྲེམས་སྤེལ་བྱེད་ཐུབ་པ་ཡིན་ན་ཡག་པོ་རེད། མཁྲེགས་པོ་ཡོད་ནའང་གོ་ནི་གོ་གི་རེད། འབྲུག་སྐད་ཀྱི་ཚགས་པར་དེ་ཚོའང་མི་གོ་ས་ཡོད་ནའང་ཕོལ་ཆེ་བ་གོ་ཡི་འདུག འབྲུག་སྐད་ཀྱི་ཚིག་མཛོད་ཅིག་ཡོད་པ་ཡིན་ན་མ་གོ་བ་དེ་ཚོའང་གོ་ཐུབ་པའི་ཆ་རྐྱེན་དུ་འགྲོ་གི་རེད། ཡིག་ཐོག་མེད་པ་དེ་ཚོ་ཡིག་ཐོག་ལ་བྲིས་པ་ཡིན་ན་སྐད་གཅིག་གྱུར་གྱི་གོམ་ཁ་ཇེ་མགྱོགས་སུ་བཏང་བ་རེད། མིང་གང་ཞིག་ཡུལ་ལུང་གཅིག་ཁོ་ནར་བེད་སྤྱོད་བཏང་བསྡད་ན་དེ་ནི་ཡུལ་སྐད་རེད། མིང་གང་དེ་ཡིག་ཐོག་ཏུ་བྲིས་པ་ཡིན་ན་ཡིག་སྐད་དམ་སྤྱི་སྐད་ཆགས་པ་རེད། ཡུལ་ལུང་གཞན་པས་མིས་ཀྱང་སྐད་བྱེ་བྲག་པ་གང་དེར་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་སྟབས་བདེ་རུ་ཕྱིན་པ་རེད། ཁ་སྐད་ཟེར་བ་དེའང་མི་དང་གཅིག་པ་རེད། ས་ཆ་གཅིག་རང་གཅིག་ཏུ་བསྡད་པ་ཡིན་ན་ས་ཆ་དེ་གའི་ཡུལ་མི་རེད། ས་ཆ་འདྲ་མིན་མང་པོ་བརྒྱུད་དེ་རྒྱལ་སྤྱིའི་ཐོག་སླེབས་པ་ཡིན་ན་རྒྱལ་སྤྱིའི་མི་སྣ་ཞིག་ཆགས་པ་ནང་བཞིན་རེད།
    སྐད་གཅིག་གྱུར་ཟེར་ན་འདི་འདྲ་བྱས་ནས་ཡོང་དགོས་པ་ཞིག་རེད། འབྲི་སྤྱོད་མ་བྱས་པར་སྐད་གཅིག་གྱུར་ཟེར་བ་ཞིག་ཡོང་རྒྱུ་ཡོད་པ་མ་རེད།

  7. མིག་བརྒྱད་པ། says:
    2012-07-15 at 3:48 pm

    ཐ་སྙད་གཅིག་གྱུར་བྱེད་ཟེར་བ་ཁ་སྐད་ལ་ཟེར་བ་མིན་པར་ཡིག་སྐད་ལ་དག་ཡིག་དང་མཐུན་པའི་སྲོལ་བཟང་པོ་དེ་ནམ་ཡང་འགྱུར་མི་རུང་། དག་ཡིག་སྨྲ་སྒོ་མཚོན་ཆ་དང་དབང་ལོའི་ཚོགས་གསུམ་གསལ་བ། དག་ཡིག་ཟ་མ་ཏོག་དང་དག་ཡིག་ངག་སྒྲོན་སོགས་བགྲང་ལས་འདས་པ་ཡོད་པ་དེ་དག་ལ་བརྟེན་ནས་ད་བར་བོད་ལ་ཐ་སྙད་གཅིག་གྱུར་བྱུང་ཡོད་པ་རེད། ཡིག་ཐོག་ཏུ་འབྲི་བའི་སྐབས་སུ་དེ་དག་སྲོག་ཏུ་བཟུང་བའི་ཐོག་ནས་ལག་ལེན་གང་ཐོན་བྱ་དགོས་པ་རེད།

  8. གནམ says:
    2012-07-15 at 7:14 pm

    ངས་འདི་ནས་གཅིག་འབྲི། དེ་ནི་དབྱིན་སྐད་ཀྱི་how are you? འདི་ཡིན།
    ༡ རང་བདེ་པོ་ཡིན་པེ།
    ༢ ཁྱོ་རང་བདེ་པོ་ཡིན་པེ།
    ༣ ཁྱོ་བདེ་མོ།
    ༤ ཁྱོད་བདེ་མོ་ཨེ་ཡིན།
    ༥ ཁྱོད་བདེ་མོ་ཡིན་ནམ།
    ༦ ཁྱོ་བདེ་པོ་ཡིན་ནམ།
    ༧ བདེ་པོ་བདེ་པོ།
    ༨ སྐུ་གཟུགས་བདེ་པོ། ཡིན་པེ།
    ༩ སྐུ་ཁམས་བཟང་། ངམ།
    ༡༠ ཁམས་དྭངས།
    ༡༢ སྐུ་གཟུགས་གསལ་དྭངས།
    ༡༣ ཁམས་བཟང་།
    འདི་དག་གི་གང་བོད་སྐད་གཅིག་གྱུར་གྱི་སྐད་བརྡ་ལ་རྩི་བ་ཡིན།
    ངའི་བསམ་པར་ང་ཚོས་བོད་སྐད་ཆ་ཚང་བ་ཞིག་ཤེས་འདོད་ན་འདི་ཚང་མ་ཧ་གོ་དགོས་བ་རེད་འདོད་ཡོད།

  9. གནམ says:
    2012-07-15 at 8:32 pm

    (ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གིས་བྲིས་ལེགས།)
    ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་ཟེར་ན་མིང་རེད། བྲིས་ཟེར་ན་མིང་རེད། མིང་འདི་གཉིས་ཀྱི་པར་ལ་བྱེད་སྒྲ་ཞིག་ག་འདྲ་ཟེ་ཐོབ་པ་རེད། ལ་དྭགས་པ་བློ་བཟང་ལགས། ཁྱེད་རང་ལ་ཁ་མིག་ཡར་ལྟ་བྱེད་ཀྱིན་ཡོད་པས་ལན་ཞིག་ཡོད་བ་ཞུ།

  10. གནམ says:
    2012-07-15 at 8:38 pm

    དེ་མི་ན། ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གིས་བྲིས་ལེགས། བཀྲ་ཤིས་ཀྱིས་གསུངས་ལེགས། ང་ནི་མགོ་འཐོམས་སོང་།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-15 at 10:36 pm

    གནམ་ཁྱོད་བདེན། ང་ནི་མགོ་འཐོམས་སོང་། ཞེས་བསམ་ཐུབ་པ་དེ་ལེགས། འགའ་རེས་མགོ་འཐོམས་ཡོད་པ་ཡིན་ཡང་། ང་མགོ་འཐོམས་མེད་པ་ཡིན་སེམས་མཁན་ཀུན་བཅོ་ཐབས་མེད་པ་ཞིག་ལགས། ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གིས་བྲིས་ལེགས། བྲིས་ཞེས་པ་བྱ་ཚིག་ཏུ་ངོས་འཛིན་ན། སྐྱོན་གང་ཡང་མེད། བྲིས་ཞེས་པ་མིང་ཚིག་ཏུ་ངོས་འཛིན་ན། ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གི་བྲིས་ལེགས། བྱེད་པ་པའི་སྒྲ་མེད་པར་འབྲེལ་པའི་སྒྲ་དགོས་པ་ཁོ་བོའི་རྣམ་པར་དཔྱོད་པའོ།།

  12. གནམ says:
    2012-07-15 at 10:49 pm

    བྲིས་བྱ་ཚིག་དང་ལེགས་ཡང་བྱ་ཚིག་དུ་འདོད་ན་སྐྱོན་མེད་ན་ཡག་པོ་རེད་དེ་་་་་་་་་་་་་་། ད་དུང་མགོ་འཐོམས་ཡོད།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-15 at 11:06 pm

    (ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གིས་བྲིས་ལེགས།
    གནམ་ཁྱོད་བདེན། ང་ནི་མགོ་འཐོམས་སོང་། མགོ་འཐོམས་པ་ལ་འཐོམས་སོང་བསམ་པ་ལ་འཐོམས་བསང་བའི་དུས་ཡོད། མགོ་འཐོམས་པ་ལ་འཐོམས་མ་སོང་བསམ་ན། འཐོམས་བསང་བའི་དུས་མེད། འདི་ལ་ཆེད་དུ་བརྗོད་པའི་ཚོམས་སམ། དགེ་ཆོས་ཀྱིས་ཉེ་དུས་བསྒྱར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ན། ཕྱོགས་མཚུངས་ཀྱི་ཚིགས་བཅད་ཅིག་ཡོད་པ། ཇི་ལྟ་བ་བཞིན་བློ་ལ་མི་དྲན། དེས་ན། ནགས་ཕྲན་པ་བསོད་ནམས་ཚེ་རིང་མཆོག་གིས་བྲིས་ལེགས། ཞེས་པའི་བྲིས་ཞེས་པ་བྱ་ཚིག་ཏུ་འདོད་ན། བརྗོད་པ་འདི་ལ་སྐྱོན་གང་ཡང་མེད། གལ་ཏེ་བྲིས་ཞེས་པ་མིང་ཚིག་ཏུ་འདོད་ན། གིས་ཞེས་བྱེད་པ་པོ་མེད་པར་མཆོག་གི་བྲིས་ཞེས་འབྲེལ་པའི་སྒྲ་དགོས་པ་མཁས་པ་རྣམས་ཀྱི་རྣམ་དཔྱོད་དོ།།

  14. ཚངས་པ། says:
    2012-07-15 at 11:11 pm

    དེང་སྐབས་བོད་པའི་སྤྱི་ཚོགས་ནང་དགོས་མེད་ཀྱི་མིང་ཚིག་དུ་མ་ཞིག་བེད་སྤྱོད་པ། དཔེར་ན། བོད་མིའི་གི་གོམས་གཤིས། རྒྱ་མིའི་གི་སྡུག་རྩུབ་ཅེས་པའི་འབྲེལ་སྒྲ་གཉིས་སྤྱོད་པ། དེ་བཞིན་རྡ་སར་བསྡད་བསྡད་ཡོད། ་་་་་་་་་་་ཡོད་བསྡད་པ། ་་་་་་་་་་མེད་བསྡད་པ། སློབ་གྲྭ་བཙུགས་བཞག་པ་། ་་་་་་་་་་་་་ཟས་བཞག་པ། ང་ཟ་ཁང་འདྲ་པོ་ལ་ཕྱིན་ཁ་ལག་འདྲ་པོ་ཟ་ཞེས་པར་མཚོན་ན་ཟ་ཁང་དེ་ནི་ཟ་ཁང་དངོས་ཡིན་པ་དང། ཁ་ལག་ཡང་ཁ་ལག་དངོས་ཡིན་པས་དེར་འདྲ་པོ་བརྗོད་དགོས་དོན་མེད། དེ་འདྲ་མང་དུ་མཆིས་པས་དེ་རྣམས་ལ་ཐུགས་སྣང་དགོས་པ་ཤིན་ཏུ་གལ་འགངས་ཆེ།།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-15 at 11:12 pm

    ང་རང་ཡང་མགོ་འཐོམས་ནས་ལན་གཉིས་བརྩེགས་སོང་འདུག དེས་ན། མགོ་འཐོམས་ཀྱིས་གཞན་ཡང་མགོ་འཐོམས་བཟོའོ།།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-15 at 11:16 pm

    ང་རང་ཡང་མགོ་འཐོམས་ནས་ལན་གཉིས་བརྩེགས་འཐེབས་འདུག དེས་ན། མགོ་འཐོམས་ཀྱིས་གཞན་ཡང་མགོ་འཐོམས་སུ་འཇུག་གོ །

  17. གནམ says:
    2012-07-15 at 11:24 pm

    ད་ནི་འཐོམས་སངས་སོང་། བཀའ་དྲིན་ཆེ། ཧ་ཧ། བདེན་པའི་ཚིག་ལ་འོར་བཤད་མེད་གསུང་བ་རེད།

  18. གངས་ལྗོངས་རྒྱལ་སྲས says:
    2012-07-16 at 1:52 am

    དེ་རིང་ངོས་མེག་ལོར་དགའ་འཁྱིལ་གྱི་ཟ་ཁང་ཞིག་གི་ནང་སོང་སྐབས་་་་་ཟུར་གནས་སློན་ཐོན་པ་ཞིག་གིས་ ཀེ་ཀེ་༼རྡ་སར་ཀབ་ཨ་ཡཱ༽་་་ད་དུང་ངས་༼མོ་ཊ་ཁུར་ཡོད༽་འཁྱམ་ག་འགྲོ་ ད་དུང་ང་ཚོའི་དགེ་རྒན་༼སྲབ་སྲབ༽་དེ་བདེ་མོ་རེ་པེ་ཟེར། དེ་དང་དེ་ལྟ་བུའི་རིགས་ལ་ལན་ག་འདྲ་གནང་རྒྱུ་ཡིན། མགོ་འཐོམས་ནས་ཕན་པ་ཇི་ཡོད་་་་འཱ་མ་རེད་པེ

  19. གནམ says:
    2012-07-16 at 2:25 am

    ཀ་ཡེ་ཀ་ཡེ། རྡ་སར་(ཀབ་ཨ་ཡ)ག་དུས་ཡོང་ཡིན། ངས་(མོ་ཌ་)རླངས་འཁོར་སྐོར་ཡོད། འཁྱམ་གི་ལ་འགྲོ ང་ཚོའི་དགེ་རྒན་ཤ་སྐམ་པོ་དེ་བདེ་མོ་རེད་པེ།
    འདི་བོད་སྐད་ཏག་ཏག་དེ་ཆོག་པ་རེད། མ་རེད་ནེ།

  20. མེ་ཏོག་དཀར་པོ། says:
    2012-07-16 at 2:41 am

    གོང་གི་ ༡༤ ༡༨ ་དེ་ཚོ་མགོན་པོ་ཕྱག་གཉིས་པ་ལྟར་ན་བོད་སྐད་ཀྱི་ཁྱད་ཆོས་རེད། དེ་ནི་སྐྲག་དགོས་ས་ཞིག་མ་རེད། དགའ་དགོས་པ་ཞིག་རེད། སྤོབས་པ་སྐྱེ་དགོས་པ་ཞིག་རེད་དོ།།

  21. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-07-16 at 6:47 am

    ཤེས་རིག་ལས་ཁུང་གིས་དེ་འདྲའི་གོ་མེད་ཚོར་མེད་ཞིག་བསྒྲིགས་པ་ཧ་ཅངགི་ཞབས་འདྲེན་རེད་

  22. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-07-16 at 6:47 am

    ཤེས་རིག་ལས་ཁུང་གིས་དེ་འདྲའི་གོ་མེད་ཚོར་མེད་ཞིག་བསྒྲིགས་པ་ཧ་ཅངགི་ཞབས་འདྲེན་རེད་

  23. ཀརྡོ་གཉེར་ཕྱག་པ་ says:
    2012-07-16 at 7:12 am

    ༨༽ གནམ་ལགས་སུ།

    ཁྱོད་ བདེ་པོ་ ཡིན་པེ།
    དང་།
    སྐུ་གཟུགས་ བདེ་པོ་ ཡིན་པེ།

    ཞེས་པའི་དང་པོ། ཐད་ཀར་དང་། གཉིས་པ། ཞེ་་ས་འདི་གཉིས་ལས། རྗོད་པ་གཞན་རྣམ་ས་ཀྱི་གོ་དོན་ཤེས་དགོས་ཀྱང་ནམ་རྒྱུན་བེད་སྤྱོད་མ་བཏང་ན་སྤྱི་སྐད་ཁྱབ་སྤེལ་མྱུར་ལ་ཀུན་མཐུན་གཅིག་ཏུ་མི་འགྲོའམ།

  24. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-16 at 12:24 pm

    ནགས་ཕྲན་པ་བསོད་ནམས་ཚེ་རིང་ལགས་ཀྱི་ཐ་སྙད་གཅིག་གྱུར་སྐོར་ལ་དཔྱད་ཞིབ་ཀྱིས་བརྗོད་གཞིར་སློང་བར་དགའ་བསུ་ཡོད།
    བྱ་བ་འདི་ལྟ་བུར་ནི་ཁ་ཚ་དགོས་གཏུགས་ཀྱི་གལ་ཆེ་ནང་གི་དོན་ཆེན་་ཞིག་ཏུ་མཐོང་བས་སོ།།
    དངོས་པོ་གཅིག་ལ་མིང་དུ་མར་ཡོད་པ་ཐམས་ཅད་གཅིག་ཏུ་བཟོ་དགོས་མིན་མི་ཤེས་ཀྱང་།
    ད་ཆར་བོད་ཕྱི་ནང་གཉིས་སུ་ཐ་སྙད་གཏན་འབེབས་ཀྱི་དཔེ་དེབ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་༼བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིག་པའི་མིང་་མཛོད༽དང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་པར་བསྐྲུན་བྱས་པའི་༼ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་༽དེབ་ཕྲེང་གཉིས་ཀྱི་ཁ་བྱང་ཙམ་ལ་ཡང་ཡིག་གཟུགས་ཀྱི་ཆ་ནས་མི་མཐུན་དཔེར་ན་༼དབྱིན་༽དང་༼ཨིན་༽ལྟ་བུར་ཡོད་པ་རྣམས་སྐྱོན་ཡོན་རྟོགས་པའི་སྒོ་ནས་གཙོ་བོ་པོད་དེབ་དེ་རྣམས་སུ་ཡོད་པའི་ཐ་སྙད་རྣམས་གཞིར་བཟུང་གི་གཞུང་སྒེར་གྱི་ཚོགས་པ་འདྲ་མིན་ཁག་དང་། ལྷག་པ་དུ་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ཆེ་བའི་ཚག་ཤོག་དང་བརྙན་འཕྲིན། རླུང་འཕྲིན་ཁག་གི་ངེས་པ་བཀོལ་སྤྱོད་གནང་ཐུབ་ན་དགེ་མཚན་བླ་མེད་ཆེ། དེ་ཙམ་མ་ཟད་བོད་མིའི་མི་རེའི་ངོ་རེ་ནས་ཉིན་རེའི་འཚོ་བ་དངོས་དང་སྦྱར་ཏེ་བོད་བེད་སྤྱོད་རྒྱ་ཆེ་གནང་དགོས་པ་དེ་རང་ཅག་གངས་ཅན་པ་ཞིག་ཡིན་ཕྱིན་བོད་མི་རིགས་གསོན་གནས་ཐུབ་ཐབས་ཀྱི་འཛུགས་བསྐྲུན་གྱི་ལས་འགུལ་དེ་ལས་ཆེ་བ་ཞིག་གང་ཡང་མ་མཐོང་། འདི་ནི་སྐད་ཡིག་སྲུང་སྐྱོབས་ཀྱི་ལས་འགུལ་རླབས་ཆེན་ཞིག་ཀྱང་ཡིན། བོད་ཕྱི་ནང་གཉིས་སུ་ཤུགས་ཆེར་ཁྱབ་བཞིན་པའི་ལྷག་དཀར་གྱི་ལས་འགུལ་ཆ་ཤས་གཙོ་བོ་ཞིག་ཀྱང་རེད། གཞན་ཉིན་ལྟར་མ་མེ་ཁྲོམས་བསྐོར་ཙམ་གྱི་དུས་འདའ་བ་ཡིན་ན་དགེ་མཚན་གང་ཡང་མེད་སྙམ། མཐའ་དོན་རེ་བསྐུལ་ཞུ་རྒྱུར། འབྲེལ་ཡོད་སྡེ་ཚན་ཁག་ནས་དཔེ་དེབ་དེ་དག་འགྲོ་སོང་ཆེ་པོ་བཏང་སྟེ་དཔེ་བསྐྲུན་གནང་ཐུབ་ཙམ་མིན་པ་སྤྱི་ཚོགས་ཁྱོན་ཡོངས་ལ་འགྲེམས་སྤེལ་ངེས་པར་དུ་གནང་ཐབས་གནོངས་རོགས།
    གཞན་པར་བསྐྲུན་གནང་བའི་དགེ་མཚན་གང་ཡང་མ་མཐོང་། བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག་རྒྱལ་གྱུར་ཅིག་རྒྱལ་གྱུར་ཅིག །

  25. གངས་ལྗོངས་རྒྱལ་སྲས says:
    2012-07-17 at 2:53 pm

    གནམ་ལགས་དེ་ལྡར་ན་ཡང་དཔེ་གཅིག
    ༡པཱ་ནེ་དང་ ༢ གབ་དང་ ༣ ཨ་ལོ་དང་ ༤ ཅ་བཱ་ལི་སོགས་ཡང་རིམ་བཞིན་ཏུ་བོད་སྐད་འགྱུར་ཏེ་ ༡ ཆུ་ ༢ ཕོར་པ ༣ ཞོ་ཁོག ༤ བཞེས་འབྲས་བསྒྱུར་ཚེ་དེ་ལྟར་ཡིན་པས་ཕྱིར། ཨ་ཁོ་རེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme