Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐ་མག་ཅེས་པ་འདི་ཉིད་བྱུང་རྩ་དང་དེའི་ཉེན་སྐྱོན་སྐོར་གླེང་བ།

Posted on 2013-11-282013-11-28 By ཁ་བརྡ་ 3 Comments on ཐ་མག་ཅེས་པ་འདི་ཉིད་བྱུང་རྩ་དང་དེའི་ཉེན་སྐྱོན་སྐོར་གླེང་བ།

ཆབ་མདོ་ངག་ཕུན།

སྔོན་གླེང་ཐུང་ངུ༌།

ང་ཚོའི་ཉིན་རེ་བཞིན་དུ་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེ་དོན་ཆེ་ཞིག་ཏུ་གྱུར་ཡོད་ལ། ང་ཚོ་མིའི་ལུང་པའི་ནང་དུ་ཕྱི་ནང་གི་དཀའ་ངལ་མང་པོ་ཞིག་འཕྲད་སྐབས་སུ་སེམས་ནང་དུ་སུན་སྣང་ཤར་ནས་སྐབས་གཅིག་གི་རིང་དུ་བདེ་བ་ཞིག་བྱུང་ན་བསམ་སྟེ་གནས་སྐབས་ཀྱི་བདེ་བའི་ཆེད་དུ་དམིགས་ནས་རང་དབང་མེད་པར་སྨྱོ་རྫས་འཐེན་དགོས་ཡོང་གི་མེད་དམ་སྙམ། སོ་སོའི་ལུས་ཐོག་ལ་སྡུག་བསྔལ་གང་ཞིག་བྱུང་ནའང་དེ་ཉིད་སྔོན་ལས་ཅན་ཞིག་ཡིན་སྙམ་སྟེ་དེ་ཉིད་སེལ་ཐབས་ལ་ཆོད་སེམས་བརྟན་པོའི་ཐོག་ནས་གདོང་ལེན་གནང་དགོས་པ་ཞིག་ལས། སྐབས་གཅིག་གི་རིང་དུ་བདེ་བར་ཆེད་དུ་དམིགས་ནས་སྨྱོ་རྫས་དེ་ཉིད་སྤྱད་ཚེ་རིམ་གྱིས་ངན་གོམས་ཆགས་ནས་མཐར་མི་ཚེ་འཕྲོ་ལྷག་འགྲོ་གིན་ཡོད་པ་དེ་རེད། དེར་བརྟེན་ང་ཚོའི་ནམ་བཞག་རྒྱུན་དུ་འབྲེལ་ཡོད་རྣམས་ཀྱིས་ཐུགས་བསམ་ཆེར་བཞེས་གནང་ནས་ཕྲུ་གུ་རྣམས་ལ་དེ་ཉིད་བེད་སྤྱོད་གནང་ཚེ་མི་ཚེ་འཕྲོ་ལྷག་འགྲོ་གི་ཡོད་ཚུལ་དང༌། དེ་ཉིད་བེད་སྤྱོད་གནང་རྒྱུ་མེད་ཚུལ་སོགས་ཀྱི་བསླབ་བྱ་རྟག་ཏུ་གནང་ན། ཕྲུ་གུའི་སེམས་སུ་ཕན་ཐོགས་མེད་པའི་རྫས་ངན་ཞིག་ཡིན་པ་ངོས་འཛིན་ཐུབ་ཚེ་བེད་སྤྱོད་གནང་གི་མ་རེད་སྙམ།
གུས་པའི་རྩོམ་ཡིག་འདི་ཉིད་སྤྱི་ཚོགས་སྟེང་དུ་ཕན་ཐོགས་ཅིག་ཡོང་ན་བསམ་སྟེ་བྲིས་པ་ཞིག་ལས་དེ་མིན་གྱི་དམིགས་ཡུལ་གཞན་ཞིག་མེད་ལ་རྩོམ་ཡིག་འདི་ཉིད་ལ་བརྟེན་ནས་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བའི་རེ་བ་དང་ཡིད་སྨོན་བྱེད་བཞིན་ཡོད། མ་ཤི་ཚུན་ཆད་ཉིན་རེ་འཚོ་བའི་ཐོག་ཏུ་འཕྲོད་བསྟེན་གྱི་ཐོག་ཏུ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཤིན་ཏུ་ཆེ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད་ཅིང༌། དེར་བརྟེན་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་ལས། ནད་དང་འཆི་བདག་ལས་གྲོལ་ནས། །ཚེ་དཔག་མེད་པའི་སྐུ་ཐོབ་ཤོག །ཅེས་དང༌། ཡང་བདག་སོགས་ཚེ་རིང་ནད་མེད་ཆོས་བཞིན་སྤྱོད། །ཅེས་ཐུགས་སྨོན་གནང་གི་ཡོད་པས། ང་ཚོའི་ཆོས་སྲིད་ཀྱི་ལས་དོན་གང་འདྲ་ཞིག་བསྒྲུབ་དགོས་ན་དང་ཐོག་ལུས་ཁམས་བདེ་ཐང་ཞིག་མེད་ཚེ་ཆོས་སྲིད་ཀྱི་ལས་དོན་ཅི་ཡང་བསྒྲུབ་མི་ཐུབ་པ་ལྟར། ང་ཚོའི་ཉིན་རེ་འཚོ་བའི་འཕྲོད་བསྟེན་གྱི་ཕྱོགས་ལ་སྤངས་བླངས་མ་ནོར་བའི་ཐོག་ནས་ལུས་ཐོག་ལ་འཆམ་པ་ཕྲན་ཚེགས་ཤིག་རྒྱབ་ནའང་སྨན་པ་མ་བསྟེན་ན་དྲག་གི་རེད་སྙམ་པ་ལྷོད་གཡེང་གི་བསམ་བློ་དེ་དག་དོར་ཏེ་དང་ཐོག་ནས་ལུས་ཁམས་ལ་ན་ཚ་ཕྲན་ཚེགས་ཤིག་བྱུང་མ་ཐག་ཏུ་སྨན་པ་བསྟེན་ཏེ་བཅོས་ཐབས་གནང་ཚེ་ནད་གཞི་དེ་ཉིད་བཅོས་ལས་སླ་བ་དང༌། འགྲོ་སོང་ཉུང་བ། སོ་སོའི་ལུས་སེམས་ཀྱི་ཐོག་ཏུ་དཀའ་ངལ་ཉུང་བ་སོགས་ཀྱི་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དེ་རེད། དེ་ལྟར་མ་གནང་ནས་དྲག་སྐྱེད་འགྲོ་གི་རེད་སྙམ་ནས་སྡུག་བསྒོམ་རྒྱབ་ནས་བསྡད་ཚེ་ནད་གཞི་དེ་དག་ནད་རྙིང་ཅན་ཞིག་ཏུ་འགྱུར་ན་དྲག་སྐྱེད་ཁག་པ་དང༌། འགྲོ་གྲོན་ཆེ་ཞིང་སོ་སོའི་ལུས་ཐོག་ལ་དཀའ་ངལ་ཉིས་བརྩེགས་འབྱུང་བ་སོགས་ཀྱིས་མཚོན་པའི་མཐར་ཐུག་ལུས་སྲོག་དང་བྲལ་བར་འགྱུར་བའི་ཉེན་ཁ་ཡང་ཡོད་པ་ཞིག་རེད། དེར་བརྟེན་ངེས་པར་ནད་གཞི་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་ལམ་སེང་སྨན་པ་བསྟེན་གཏུག་བྱ་རྒྱུ་དེ་ནི་མི་ཚེ་ནང་དུ་གལ་གནད་ཆེ་བའི་གནས་སྟངས་ཤིག་ཏུ་མངོན།

སྙིགས་མ་ལྔ་བདོ་བའི་ཚན་རིག་གི་དུས་རབས་ཀྱི་དབང་གིས་མི་རྣམས་ཉིན་རེར་འདོད་རྔམས་ཆེ་རུ་ཕྱིན་ནས་རང་བྱུང་ཁམས་ལ་གཏོར་བཤིགས་ཚད་ལས་འདས་པ་ཞིག་བཏང་དང་གཏོང་བཞིན་པའི་རྒྱུ་རྐྱེན་གྱིས་བཅོས་ཐབས་མེད་པའི་ན་ཚ་མང་པོ་ཞིག་འཛམ་གླིང་དུ་དར་ཁྱབ་ཀྱིས་ལོ་རེར་མི་དམངས་འབུམ་ཕྲག་མང་པོ་ཚེ་སྲོག་ཤོར་གྱི་ཡོད་པ་རེད། ལྷག་པར་དེང་སྐབས་ན་གཞོན་ཐ་མག་འཐེན་མཁན་གང་འཚམ་ཞིག་ཡོང་གིན་ཡོད་ལ། དེ་ཡང་ལོ་ཆུང་ཁ་ཤས་ཀྱིས་ཐ་མག་འཐེན་རྒྱུ་ཞིག་རེག་ཚེ་དེ་ཉིད་སྣང་བ་སྐྱིད་མདོག་གི་འཚོ་སྣང་ཞིག་སེམས་ཁམས་སུ་སྐྱེས་ནས་ཐ་མག་འཐེན་མཁན་ཡོང་གི་ཡོད་པ་དང༌། ཐ་མག་དེ་ཉིད་འཐེན་ནས་སོ་སོའི་ལུས་ཁམས་ལ་གནོད་འཚེ་གང་ཙམ་ཞིག་འབྱུང་གི་ཡོད་པ་ཤེས་ཀྱི་མེད།
བོད་ནང་དུ་ཆ་མཚོན་ན་བོད་སྡོད་རྒྱ་རིགས་རྣམས་ནི་ཐ་མག་འཐེན་རྒྱུར་ཧ་ཅང་དགའ་བའི་དབང་གིས་བོད་མི་རྣམས་ལ་དེའི་གོམས་གཤིས་ངན་པ་དེ་དག་སེམས་རྒྱུད་དུ་འཇག་སྟེ་བོད་མི་ཐ་མག་འཐེན་མཁན་གང་འཚམས་ཤིག་ཡོང་གི་ཡོད་ཅིང༌། དེ་བཞིན་དུ་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་ཡང་ན་གཞོན་ཁ་ཤས་ཤིག་ཐ་མག་སོགས་འཐེན་མཁན་ཡོང་གི་ཡོད་པས་འབྲེལ་ཡོད་ཚོས་འབྲེལ་བརྗོད་གནང་གི་ཡོད་པ་རེད། ལྷག་པར་དུ་ནང་ཆོས་ཀྱི་ཐོག་ནས་བརྗོད་ན་དུག་རྫས་ངན་པ་ཞིག་ལ་ངོས་འཛིན་གནང་ནས་རྫས་ངན་ཐ་མག་གི་འབྱུང་ཁུངས་ནི་འདི་ལྟར་གསུངས་སོ། “སྔོན་བཅོམ་ལྡན་འདས་སྐུ་མྱང་ལས་འདས་ནས་ལོ་ངོ་ལྔ་སྟོང་ལྷག་ཙམ་ཕྱིན་པའི་གོང་རོལ་ནས་བདུད་རིགས་ཀྱི་བུད་མེད་ཅིག་གི་ཟླ་མཚན་སར་ཟགས་པས་དེ་ལས་སྔོ་ཞིག་སྐྱེས་པས་བདུད་རིགས་ཀྱི་བུད་མེད་དེས་འདི་ནི་མ་འོངས་པ་ན་སྐྱེ་བོ་མང་པོ་ཞིག་གིས་སྤྱོད་ཅིང༌། ཁྱད་པར་འདིའི་དུ་བ་ནམ་མཁར་སོང་ན་ལྷའི་གྲོང་ཁྱེར་འབུམ་ཚོ་མང་པོ་སྟོངས་པར་གྱུར་ཅིག །དུ་མ་འདི་ས་འོག་ཏུ་སོང་ན་ཀླུའི་གྲོང་ཁྱེར་མང་པོ་སྟོངས་པར་གྱུར་ཅིག །དེ་ལ་བརྟེན་ནས་ནད་མུག་འཁྲུགས་རྩོད་སད་སེར་རྣམས་རྒྱུན་མི་ཆད་པར་ཤོག་ཅེས་སྨོན་ལམ་ལོག་པར་བཏབ་པའི་དབང་གིས་ད་ལྟའི་སྐྱ་སེར་རྣམས་ཀྱི་ལོངས་སུ་སྤྱོད་པའི་རྫས་ངན་འདི་ཉིད་བྱུང་བ་ཞིག་ཀྱང་ཡིན་པར་གྲགས།

དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་ལས། “དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ༔ སྤུན་དགུའི་ཐ་ཆུང་ཉིད་ཀྱིས་འདི་སྨྲས་སོ༔ སྤུན་རྣམས་མྱ་ངན་མ་བྱེད་གཏམ་ལ་ཉོན༔ ང་ནི་རྒྱ་ཡུལ་ཐ་མ་ཁ་རུ་སྤྲུལ༔ དུག་གི་མིང་ནི་ཧ་ལ་ནག་པོ་ཟེར༔ བོད་ཀྱི་མཐའ་ཁོབ་རྣམས་སུ་སྐྱེས་ནས་ཡོང༔ མཐའ་མི་རྣམས་ཀྱིས་དབུས་སུ་འཁྱེར་ནས་ཡོང༔ བོད་འབངས་བདེ་སྐྱེིད་ལོངས་སྐྱོད་དེ་ལ་བྱེད༔ དེ་ཡི་སྟོབས་ཀྱིས་དུག་ལྔ་རབ་རྒྱས་ཤིང༔ དགེ་བཅུ་སྤངས་ནས་མི་དགེ་བཅུ་ལ་སྤྱོད༔ བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས༔” ཞེས་དང༌། དེ་བཞིན་དུ་མ་གཅིག་ལབ་སྒྲོན་མའི་ལུང་བསྟན་ལས། “དུག་ལྔ་ཚང་བའི་ཁ་ཟས་གཅིག། །འབྱུང་ནི་ནག་པོ་རྒྱ་ནས་འབྱུང༌། །དར་ནི་ཧོར་གྱི་ཡུལ་དུ་དར། །ཟས་ནི་བོད་ཁམས་འགྲོ་བའི་ཟས། །དེ་ཡི་དབང་གིས་འཛམ་གླིང་འདིར། །ཆར་ཆུ་མི་སྙོམས་སད་སེར་སྡང༌། །”ཞེས་དང༌། ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལས། “མི་གཙང་གཙོག་མནོན་སད་སེར་དང༌། །མི་འདོད་འབྲས་བུ་སྣ་ཚོགས་འགྲོ་ལ་འབྱུང༌། །རྣམ་སྨིན་རང་ཉིད་མི་ཟད་དྲི་ཕོག་པའི། །འགྲོ་རྣམས་དམྱལ་བ་ཡི་དགས་དུད་འགྲོ་སོགས། །གནས་ངེས་མི་ཕོགས་གནས་སུ་སྐྱེ་བ་ན། །རིགས་ལྡན་སུ་ཞིག་དེ་འདྲ་ལ་མི་འཛེམ། །”ཞེས་གསུང་པ་ལྟར་ཐ་མག་གི་དྲི་ངན་དུ་བ་དེ་ཉིད་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་མང་པོ་ཞིག་གི་ལུས་སེམས་ལ་གནོད་འཚབ་ཆེན་པོ་ཐེབས་ཀྱི་ཡོད། དེ་བཞིན་དམ་སྲི་ཀླུ་བདུད་རྣམས་སྣ་དྲངས་ཏེ་ཡུལ་ལ་ནད་མུག་གདོན་དང་ལོ་ཉེས་མི་ནད་ཕྱུགས་ནད་དམག་འཁྲུགས་སོགས་ཀྱི་ཡུལ་ལུང་ལ་བཀྲ་མི་ཤིས་པའི་ལྟས་དུ་མ་ཞིག་འབྱུང་རྩ་དང་སྣ་འདྲེན་ཡིན་པ་ཞེས་གསུང་པ་ལྟར། མ་ཟད་ཡུལ་ལ་ཆར་ཆུ་དུས་སུ་མི་འབབ་པ་དང༌། ལོ་ལེགས་མི་འབྱུང་བ། ནོར་གནག་གོད་འཆིར་འགྱུར་བ། འབྱུང་བ་འཁྲུག་སྟེ་ཐོག་སད་སེར་རྒྱབ་པ་སོགས་དང༌། ནད་རིགས་ངོས་འཛིན་མི་ཐུབ་པའི་ནད་རིགས་ཁྱབ་སྟེ་དུས་མིན་གྱི་སྐྱེ་འགྲོ་མང་པོ་ཚེ་སྲོག་ཤོར་བ་སོགས་ཡོང་གི་ཡོད་པ་སྔོན་བྱོན་དམ་པ་རྣམས་ཀྱིས་ཞལ་གཅིག་མཐུན་དུ་གསུངས་པ་ལྟར་དོན་ལ་གནས་ཤིང༌། ད་སྐབས་སྙིགས་མ་ལྔའི་དུས་སྐབས་འདིར་བཅོས་ཐབས་མེད་པའི་ནད་རིགས་མང་པོ་ཞིག་རྒྱ་ཁྱབ་ཏུ་འགྱུར་བཞིན་ཡོད། པཎ་ཆེན་རིན་པོ་ཆེས་བཀའ་སློབ་ལས། “ཐ་མག་འཐེན་ནས་ཁ་ཡང་ཀྱོག་ཀྱོག་བྱས་ཏེ་བསྡད་ཀྱི་ཡོད། ཐ་མག་ལ་དགེ་མཚན་མེད་ཚུལ་དང་དེར་བརྟེན་ནས་ཉེས་དམིགས་ཆེན་པོ་ཡོད་པས་ནང་པ་སངས་རྒྱས་པའི་གསུང་རབ་ཁག་ནས་གསུང་ཚུལ་”སོགས་ཀྱི་སྤང་བླང་འཛོལ་མེད་དགོས་པའི་བླང་དོར་བཀའ་སློབ་ཟབ་མོ་ཕེབས་ཡོད།

ང་ཚོའི་སེམས་རྣལ་མར་བཞག་སྟེ་བསམ་གཞིག་གཅིག་བྱས་ཚེ་ཐ་མག་ཅེས་པའི་དུག་རྫས་འདི་ཉིད་འཐེན་ན་སོ་སོ་རང་ལ་ཕན་རྒྱུའི་འཚབ་ཏུ་དེ་ལས་ལྡོག་སྟེ་ལུས་སེམས་ལ་ཧ་ཅང་གི་གནོད་ཀྱི་ཡོད་པ་དང༌། དེ་ཙམ་དུ་མ་ཚད་ཐ་མག་སྤང་བླངས་ཚུལ་བཞིན་བྱས་ན་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་སྐུ་ཚེ་ཞབས་པད་བརྟན་ཅིང༌། མཁའ་མཉམ་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་དཔག་མེད་ལྡན་ཡོད་པར་གྲགས། ཐ་མག་ཅེས་པའི་རྫས་ངན་འདི་ཉིད་འཐེན་ཚེ་གོང་ཞུས་ལྟར་རང་ཉིད་ཀྱི་ལུས་ཀྱི་འཕྲོད་བསྟེན་ལ་ཕན་རྒྱུ་འཚབ་ཏུ་དེ་ལས་ལྡོག་སྟེ་འཆི་རྒྱུ་ལ་ཐག་ཉེ་རུ་འགྲོ་གིན་ཡོད་པས་གནའ་དེང་སྨན་པ་ཀུན་གྱིས་ཞལ་གཅིག་མཐུན་གྱི་གསུང་གི་ཡོད། ལུས་སེམས་ལ་ཁབ་ཀྱི་རྩེ་མོ་ཙམ་ཡང་ཕན་ཐོགས་མེད་པའི་འགྲོ་མགྲོན་ལྷག་མ་ཞིག་ཀྱང་ཡིན་པར་མ་ཟད་སྡོད་གནས་ཀྱི་ཉེ་ཁོར་ལ་གད་སྙིགས་བཟོ་བ། ཐ་མག་འཐེན་མཁན་ཙམ་དུ་མ་ཟད་ཉེ་ཁོར་གྱི་མི་ལ་ཡང་དེའི་ཤུགས་རྐྱེན་འཐེབས་ཀྱི་ཡོད། འཛམ་གླིང་གི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འགྲེལ་བརྗོད་ནང་དོན་ལྟར། སྐར་ཆ་བཅུ་རེའི་ནང་དུ་ཐ་མག་གི་རྐྱེན་གྱིས་མི་རེ་འདས་གྲོངས་འགྱུར་བཞིན་ཡོད་པའི་འབྲེལ་བརྗོད་བྱས་ཡོད། དེར་བརྟེན་ནས་ཐ་མག་གི་རྐྱེན་གྱིས་གློ་བར་གནོད་སྐྱོན་འབྱུང་གི་ཡོད་ལ། མིའི་གདོང་གཤིས་དང་སོར་མོ་སོགས་ནག་པོར་གྱུར་གྱི་ཡོད་པ་བཤད། ལྷག་པར་དེང་སྐབས་སློབ་གྲྭ་ཁག་ཏུ་ཡང་ཐ་མག་དང༌། སྨྱོ་རྫས་བེད་སྤྱོད་གཏོང་མཁན་ཁ་ཤས་ཡོང་གི་ཡོད་པ་འབྲེལ་བརྗོད་བྱེད་ཀྱི་ཡོད།
དབུས་འགན་འཛིན་གཙོས་པའི་འབྲེལ་ཡོད་རྣམས་ཀྱིས་དེ་རིགས་ལ་ནམ་བཞག་རྒྱུན་དུ་དོ་སྣང་ཆེན་པོའི་ཐོག་ནས་ཕྲུ་གུ་རྣམས་ལ་བསླབ་བྱ་གནང་དགོས་ལ། དེ་ཡང་”དེང་སྐབས་གཞོན་སྐྱེས་ཁྲོད་ཡ་རབས་བཟང་སྤྱོད་ཐོག་ཉམས་དམས་འཐུས་ཤོར་འགྲོ་གིན་ཡོད་པ་དང༌། སློབ་གྲྭ་ཁག་གི་ནང་ཐ་མག་ཉལ་ཐ་དང༌། མྱོས་བྱེད་རྫས་རིགས་བེད་སྤྱོད་མཁན་སློབ་ཕྲུག་མི་ཉུང་བ་ཞིག་ཡོད་པའི་གནས་ཚུལ་གོས་ཐོས་བྱུང་བ་ནི་བློ་འཚབ་དང་སེམས་ངལ་གྱི་རང་བཞིན་དང༌། སློབ་གྲྭ་སོ་སོ་ནས་དངོས་ར་འཕྲོད་པ་རྣམས་མངོན་ཆུང་འགེབས་སྲུང་ངམ། སློབ་ཕྲུག་དེ་རིགས་ཟུར་འབུད་སྡང་འཛིན་ལྟ་བུ་གཏན་ནས་མ་བྱས་པར་དགེ་རྒན་ཕ་མ་ཡོངས་ཀྱིས་སློབ་གསོ་གོ་བཀོན་འཇམ་མཁས་དང༌། མི་དང་མིའི་འདུ་ཤེས་བརྩེ་གདུང་གི་སྒོ་ནས་གཅུན་ཐབས་དཀའ་སེལ་གནང་རྒྱུ་ནི་གལ་ཆེ་བ་འདུག་པས་ཚང་མས་བསམ་ཞིབ་མི་འཕྱུགས་པ་གནང་རོགས་ཞུ་རྒྱུ་ཞེས་འབྲེལ་ཡོད་ཚོའི་འཐུས་ཤོར་ཆ་ཕྲ་མོ་ཙམ་ཞིག་མེད་པའི་ཐོག་ནས་ཡིད་གཟབ་ཆེན་པོའི་ངང་ནས་ཆུ་མ་འོང་གོང་ནས་རག་དང༌། རྐྱེན་མ་འོང་གང་ནས་ལྡོག་པ་ཞེས་པ་ལྟར་འབྲེལ་ཡོད་ཕ་མས་གཙོས་དགེ་སློབ་རྣམས་ལ་ཚོར་ཤུགས་ཟབ་མོའི་ཐོག་ནས་རེ་སྐུལ་དང་འབྲེལ་བའི་གཏམ་བཤད་གནང་དགོས་པ་ཞིག་ཀྱང་རེད། དེར་བརྟེན་བོད་འབངས་ཡོངས་རྫོགས་ཀྱིས་རྣམ་རིག་བསྒྲིམ་དགོས་པའི་དུས་ཚོད་གཅིག་དང༌། འབྲེལ་ཡོད་ཁག་གི་ཐུགས་འཁུར་སྔར་ལྷག་ཆེ་བཞེས་ཀྱིས་ཆར་པ་ཆུ་གྲོགས་དང༌། ཉི་མ་མེ་གྲོགས་ཞེས་པའི་དཔེ་ལྟར་བོད་རིགས་ཡོངས་ཀྱི་ཡུལ་དུས་ཀྱི་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་གནས་དགོས་བྱུང་ནའང་བོད་ཕྱི་ནང་གཉིས་ཀའི་ཤེས་ཡོན་པ་རྣམ་པས་ལམ་སྟོན་ལྷོད་མེད་གནང་དགོས་པའི་དུས་ཀྱི་དགོས་མཁོ་ཞིག་ཏུ་མཐོང་ངོ༌།།

ཕྱི་ལོ་ ༢༠༡༣/༡༡/༢༨ ཉིན་མོར་བྲིས།

རྩོམ་རིག

Post navigation

Previous Post: ཧེ་ལེན་ཁེ་ལར་གྱི་མི་ཚེའི་ལོ་རྒྱུས།
Next Post: བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག་སྐུ་གཤེགས་པ།

Comments (3) on “ཐ་མག་ཅེས་པ་འདི་ཉིད་བྱུང་རྩ་དང་དེའི་ཉེན་སྐྱོན་སྐོར་གླེང་བ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-30 at 4:20 am

    ཕན་སེམས་ལྷག་བསམ་ཆེན་པོས་བྲིས་པའི་ཐ་མཁ་གི་ཉེས་དམིགས་འདི་ལ་དོ་སྣང་ཆེས་པོ་བྱས་ཏེ། ཉམས་ལེན་ལ་སྟར་དགོས་། བོད་དུ་ལོ་རྒྱུས་ཀྱི་ཐོག་ནས་བལྟ་ན། ཐ་མཁ་རྫས་ངན་ལོ་བརྒྱ་རབས་གང་དུ་བྱུང་བ་ཤེས་དགོས་པ་ཞིག་ལགས།
    ་
    “དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ༔
    སྤུན་དགུའི་ཐ་ཆུང་ཉིད་ཀྱིས་འདི་སྨྲས་སོ༔
    སྤུན་རྣམས་མྱ་ངན་མ་བྱེད་གཏམ་ལ་ཉོན༔
    ང་ནི་རྒྱ་ཡུལ་ཐ་མ་ཁ་རུ་སྤྲུལ༔
    དུག་གི་མིང་ནི་ཧ་ལ་ནག་པོ་ཟེར༔
    བོད་ཀྱི་མཐའ་ཁོབ་རྣམས་སུ་སྐྱེས་ནས་ཡོང༔
    མཐའ་མི་རྣམས་ཀྱིས་དབུས་སུ་འཁྱེར་ནས་ཡོང༔
    བོད་འབངས་བདེ་སྐྱེིད་ལོངས་སྐྱོད་དེ་ལ་བྱེད༔
    དེ་ཡི་སྟོབས་ཀྱིས་དུག་ལྔ་རབ་རྒྱས་ཤིང༔
    དགེ་བཅུ་སྤངས་ནས་མི་དགེ་བཅུ་ལ་སྤྱོད༔
    བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས༔”
    ་
    ཞེས་སོགས་ཐ་མཁ་འཐེན་པའི་ཉེས་དམིགས་མང་པོ་ཞིག་བོད་ཀྱི་དཔེ་ཆ་རྣམས་སུ་བཞུགས། བདག་གིས་མཐོང་བ་ལ་གྲྭ་ས་གདན་ནས་རྣམས་སུ་ཐ་མཁ་འཐེན་པ་ལ་ཉེས་ཆད་ཆེན་པོ་མཆིས། འོན་ཀྱང་ངས་ཐ་མཁ་ལས་བཟོས་པའི་སྣ་ཐག་འཐེན་པ་ལ་ཉེས་ཆད་མེད་པ་ལ་དྲི་བ་ཞིག་བཀོད། ལན་དུ་གྲྭ་པ་རྒན་པ་ཞིག་གིས་དུ་བ་དེས་གོང་དུ་དངོས་གཞི་རྩོམ་ཡིག་ན་གསལ་བ་ལྟར་ཀླུ་གླུའི་གྲོང་ཁྱེར་མང་པོ་འཇིག་འགྲོ་བར་ཡོད་པའི་རྒྱུ་མཚན་གྱིས་ཡིན་གསུངས་པ་འདྲ་ཞིག་ད་ལྟ་སེམས་ལ་དྲན། གཞན་ཡང་། ཐ་མཁ་འཐེན་ན། ལུས་ཀྱི་རྩ་བཟང་པོ་བསྐམས་ཏེ། ཤི་ན་འཕོ་བ་རྒྱབ་པ་ན། འཕོ་བ་འཐེབས་པ་མེད། ཅེས་གསུངས་པ་ཡང་བཀླགས། སྤྱི་ལོ་༡༩༨༧ལོར་ལྷ་ས་ནས། ཐ་མཁའི་ཉེས་དམིགས་གསུངས་པའི་དཔེ་ཐུང་ཞིག་བླུ་ཡོན་ཞུས་ཏེ་ཁྱེར་འོངས།
    ཐ་མཁ་དངོས་རྫས་འདི་ནུབ་ཕྱོགས་པ་ཨ་མེ་རི་ཀའི་གླིང་དུ་སླེབས་དུས་སུ། ཨ་རིར་སྔར་ཡོད་མི་རིགས་རྒྱ་གར་པ་དམར་པོ་ཞེས་པའི་མི་རིགས་ཀྱིས་བཀོལ་སྤྱོད་བྱེད་པའི་དངོས་རྫས་ཤིག་ཡིན་པ་དེ་ཚོང་ལས་ཀྱི་སྒོ་ནས་ནུབ་གླིང་དུ་དར། དེ་ནས་རིམ་པས་རྒྱ་གར་སོགས་ཛམ་གླིང་ཡུལ་ཕྱོགས་ཚང་མ་ལ་དར།
    ཉེ་བའི་དུས་ལ་ཚན་རིག་ཤེས་པའི་སྨན་པས་བརྟག་དཔྱད་བྱས་པ་ན། ཐ་མཁ་འཐེན་པ་པོ་ཙམ་མ་ཡིན་པར་ཐ་མཁ་ཡི་དུ་བ་འཕོག་པའི་རྐྱེན་གྱིས་ཐ་མཁ་མི་འཐེན་མཁན་གྱི་ལུས་ལའང་ནད་ངན་པ་འབྱུང་བ་ཤེས། རྒྱུ་མཚན་དེས། ཨ་རི་སོགས་རྒྱལ་ཁབ་མང་པོར་མི་མངས་འཛོམས་སའམ་འདུན་ས་ཁག་དང་། ཟ་ཁང་དང་། རླངས་འཁོར་དང་། གནམ་གྲུ་སོགས་སུ་ཐ་མཁ་འཐེན་མི་ཆོག་པའི་ཁྲིམས་བྱས། ལང་ཤོར་རྒན་པ་མང་པོས་ཐ་མཁ་འཐེན་པ་འགོག་པ་ལ་ཐབས་ཤེས་གང་དྲག་བྱེད། གློག་བརྙན་དུ་སྐད་གྲགས་ཡོད་པའི་མི་ཡིས་ཐ་མཁ་འཐེན་པ་མཐོང་སྣང་མེད་པ་བཟོས། ཐ་མཁ་རྫས་སྦྱོར་དངོས་པོ་འཚོང་བ་ལ་ཚོང་ཁྲལ་ཆེན་པོ་བཀལ་ནས། དངུལ་མེད་པ་དག་གིས་ཉོ་མི་ཐུབ་པར་ཆགས་པ་སོགས་ཐ་མཁ་འགོག་པའི་ཐབས་ཤེས་མང་པོ་བྱེད། དིང་སང་བུ་དང་། བུ་མོ་ལོ་ངོ་བཅུ་རབས་པ་དག་གི་ནང་དུ་ཐ་མཁ་འཐེན་མཁན་ཉུང་བར་ཕྱིན་པའི་གནས་ཚུལ་བཤད། ཆབ་མདོ་པ་ངག་དབང་ཕུན་ཚོགས་མཆོག་གིས་ཕན་སེམས་ཀྱིས་ཐ་མཁ་འགོག་པའི་ཐབས་བྲིས་པ་ལ་མངོན་པར་བསྟོད་དོ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-30 at 4:27 am

    ་གདན་ནས།་ཞེས་པ་་གདན་ས། ཞེས་སོ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-12-07 at 12:33 pm

    ཕྱི་རྒྱལ་ཡར་ཐོན་ཡུལ་ཁམས་ནང་ལོགས་ལ། །
    མོ་ཊའི་བབས་ཚུགས་ལ་སོགས་སྤྱི་སྤྱོད་ས། །
    ཟ་ཁང་ཆང་ཁང་ནང་ལའང་ཐ་མག་ནི། །
    འཐེན་མི་ཆོག་ན་ང་ཚོ་བོད་རིགས་སོམས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme