Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ཏཱ་ལའི་བླ་མར་དྲི་བ་བདུན”ཞེས་པའི་རྩོམ་ཡིག་འདི་ནི་ཉེན་ཚབ་ཅན་གྱི་འགྲོ་ཕྱོགས་ཤིག་རེད།

Posted on 2012-04-072012-04-07 By ཁ་བརྡ་ 10 Comments on “ཏཱ་ལའི་བླ་མར་དྲི་བ་བདུན”ཞེས་པའི་རྩོམ་ཡིག་འདི་ནི་ཉེན་ཚབ་ཅན་གྱི་འགྲོ་ཕྱོགས་ཤིག་རེད།


རྩོམ་པ་པོ།ཀྲང་བྷོ་ཧྲུག
བློ་བཟང་གྲགས་པས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདིར་བསྣུན།

ཀྲུང་གོའི་བོད་ལྗོངས་དྲ་རྒྱ་ནས་ཟླ་༣ཚེས་༢༢ཉིན་འདོན་སྤེལ་བྱས་པ་དང་། དེ་ནས་མི་དམངས་དྲ་རྒྱ་སོགས་གཞུང་འབྲེལ་གནད་ཡོད་དྲ་རྒྱ་ཁ་ཤས་ནས་“ཏཱ་ལའི་བླ་མར་དྲི་བ་བདུན”ཞེས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པ་རེད། འདི་ནི་རིག་གསར་སྐབས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བའི་རྩོམ་ཡིག་རིན་ཐང་མེད་པ་ཞིག་ཡིན་ནའང་།རྩོམ་ཡིག་འདི་ཉིད་“གསར་གྱུར་བརྒྱུད་ལམ་གནད་ཡོད་”མང་པོའི་ནང་ཏཱ་ལའི་བླ་མ་དང་ཕྱིར་སྡོད་བོད་མི་ཡོངས་ལ་མ་ཉེས་ཁ་གཡོགས་བྱེད་ཆེད་སྤེལ་གྱིས་ཡོད། ད་དུང་དེ་ལས་དགོད་བྲོ་བ་ནི་ཏཱ་ལའི་བླ་མ་དང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་དྲག་སྤྱོད་རུ་ཁག་ཇི་མི་ནིའི་ན་རྫི(Nazi.Germany)དང་མི་གསོད་ལག་དམར་ཧི་ཐི་ལི་(Hethler)དང་འདྲ་མཉམ་གྱི་དཔེ་བསྡུས་བྱས་ནས་བཤད་པ་དེ་རེད། རྩོམ་ཡིག་འདིའི་ནང་“ཏཱ་ལའི་བླ་མས་རང་སྐྱོང་གི་དར་ཆ་དགུང་ལ་འཕྱར་ནས་འཛམ་གླིང་ཡོངས་ནས་སྙིང་རྗེ་རེག་ཐབས་བྱེད་པ་དང་། ཉིན་ཞིག་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དེ་ཉིད་རོ་ལངས་རྒྱག་ཆེད་དུ། མི་རིགས་ཁྱད་ཆོས་སྲུང་སྐྱོབ་ཀྱི་རྫུན་གཏམ་སྤེལ་པར་མ་ཟད། བོད་རིགས་དང་མི་རིགས་གཞན་དག་དབར་མི་རིགས་འཁོན་འདྲེས་ཀྱིས་བྷོ་ལིན་གྱང(BerlinWall)དེ་རྩིགབཞིན་ཡོད་ཚུལ་དང་།” མ་ཟད་“ཏཱ་ལའི་བླ་མའི་སྐད་ཆ་དེ་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་སྨྱོན་ཁྱི་ལྟར་གནས་བའི་ན་རྫི(Nazi)དེ་གསལ་ལྷམ་མེར་དྲན་ཡོང་ཚུལ་དང་”ཏཱ་ལའི་བླ་མའི་“དབུ་མའི་ལམ་”ནི་“ཆེས་མཐོ་བའི་རང་སྐྱོང་གི”རྒྱབ་ཏུ་མི་རིགས་ཚར་གཅོད་བྱེད་པར་དཔེར་ན་ཧི་ཐི་ལ་ཡིས་“འཇིའུ་(Jewish)མི་རིགས་རྩ་མེད་བཏང་བའི་སྣང་བརྙན་དེ་ཁྲ་ལྷམ་མེར་མཐོང་ཐུབ་པ་”སོགས་བྲིས་འདུག

ཡིན་ནའང་། སྐྱོན་བརྗོད་འདི་ནི་ཅི་འདྲ་བའི་དགག་ལན་འབྲི་མི་འདོད་པ་ཞིག་རེད་ཨང་། གང་ཡིན་ལགས་ན། སྐྱོན་བརྗོད་འདིའི་ནང་དོན་ཆ་ཚང་ནི་བཙན་བྱོལ་བོད་མིའི་ཕྱོགས་ནས་<<བོད་མི་ཡོངས་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་གྲོས་འཆར>>ནང་གསལ་བའི་མ་འོངས་བོད་ས་རང་སྐྱོང་གི་ལས་ཁོངས་ཀྱི་ནང་ལོངས་སྤྱོད་བཞིན་པའི་“ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་གཞན་དག་བོད་ས་རུ་འཚོ་སྡོད་དང་། གཏན་སྡོད། བྱ་བ་སྒྲུབ་པ་དང་གཞན་ཚོང་ལས་འཚོ་ཐབས་གཉེར་མཁན་རྣམས་ཀྱི་ཐད་བཏོན་བའི་”སྲིད་བྱུས་སྒྲོམ་གཞི་དང་ལྟ་བ་དེ་ལས་བྱུང་པ་ཞིག་རེད། བསམ་ཚུལ་འདི་ནི་རྩོམ་པ་པོ་འདིས་བཤད་པ་ནང་བཞིན་“བོད་ནང་གནས་སྡོད་བྱེད་བའི་མི་རིགས་གཞན་རྣམས་བོད་ནས་མཐར་སྐྲོད་གཏོང་གི་ཡོད་དམ།”

དོན་དངོས་ཐོག།<<བོད་མི་ཡོངས་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་གྲོས་འཆར>>ཞེས་པའི་ཡིག་ཆ་འདིའི་ནང་། བཙན་བྱོལ་བོད་མིས་ཁ་གསལ་ངང་འདི་ལྟར་བཀོད་ཡོད།“བོད་ནང་ཡུན་རིང་གནས་སྡོད་བྱེད་མཁན་དང་གཏན་སྡོད་བྱེད་མཁན་གྱི་མི་རིགས་གཞན་པ་ཚོ་བོད་ནས་མཐར་སྐྲོད་གཏོང་འདོད་ཀྱི་བསམ་བློ་རྩ་བ་ནས་མེད་པ་དང་། ང་ཚོས་སེམས་ཁྲལ་དང་སེམས་འཚབ་བྱེད་ཡུལ་ནི་མུ་མཐུད་བོད་དུ་མི་རིགས་གཞན་པ་གང་མང་གནས་སྤོར་བྱེད་པ་དེའི་མཇུག་འབྲས་དེ་ཡིན་ལ། དེས་བོད་ཀྱི་སྲོལ་རྒྱུན་ཀྱི་སྤྱི་ཚོགས་སྒྲོམ་གཞི་ལ་འགྱུར་བ་ཡོང་མིན་ཐད་ཡིན། ཕྱིས་སུ་བོད་མི་རྣམས་རང་ཉིད་ཀྱི་ཕ་ས་ནས་ཡལ་མི་ཡོང་ངམ་སྙམ་པའི་སེམས་འཚབ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གསོས་ཐབས་བྲལ་བའི་གཏོར་སྐྱོན་གྱི་འབྲས་བུ་ཞིག་མི་ཡོང་ངམ་སྙམ་པ་དེ་ཡིན”ཞེས་འཁོད་ཡོད།

ཕན་ཚུན་དབར་གོ་ལོག་ཐེབས་མི་ཡོང་བསམ་ནས།བཙན་བྱོལ་བོད་མི་ངོས་ནས་<<གྲོས་འཆར>>འདིའི་ཁ་གསབ་ཀྱི་ཡིག་ཆ་ཞིག་གི་ནང་འདི་ལྟར་གསལ་ཡོད།“<<གྲོས་འཆར་>>ནང་འཁོད་བོད་དུ་གནས་སྡོད་དང་གཏན་སྡོད་བྱེད་མཁན་དང་། བོད་དུ་ཚོང་ལས་དོན་གཉེར་བྱེད་མཁན་སོགས་ཀྱི་གནས་དོན་ཐད་ཅིས་ཀྱང་ཁོང་ཚོ་ལ་དམིགས་བསལ་ཚད་བཀག་གི་ཁྲིམས་ལུགས་གཏན་འབེབས་བྱེད་རྒྱུ་དེ་ཡིན།” འདི་ནི་རང་སྐྱོང་གི་དམིགས་བསལ་དབང་ཚད་ཞིག་རེད་ལ། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དཔེ་མཚོན་མེད་པའང་མ་རེད། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་། ས་གནས་མི་རིགས་སྲུང་སྐྱོབ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་སོགས་དང་། ཁོར་ཡུག་འཛུགས་སྐྲུན་སྲུང་སྐྱོབ་ཀྱི་ཐད་དམིགས་བསལ་ཁྲིམས་ལུགས་གཏན་འབེབས་བྱེད་སྲོལ་ཡོད་པ་རེད། <<གྲོས་འཆར>>ནང་གསལ་བའི་དོན་ཚན་འདི་ནི་བོད་དུ་གནས་སྡོད་དང་གཏན་སྡོད་ཀྱི་གཞན་མི་རིགས་རྣམས་བོད་ནས་མཐར་སྐྲོད་དུ་གཏོང་འདོད་ཡོད་པ་ཞིག་གཏན་ནས་མ་ཡིན། བོད་རྒྱ་ཞི་མོལ་སྐབས་བོད་ཀྱི་སྐུ་ཚབ་དེ་ཚོས་འགྲེལ་བཤད་བརྒྱབ་པ་ནང་བཞིན་རེད། ཏཱ་ལའི་བླ་མ་དང་བཀའ་ཤག་ངོས་ནས་སྔ་ས་ནས་དེའི་ཐད་འགྲེལ་བཤད་གཙང་མ་ཞིག་བརྒྱབ་ཟིན་པ་རེད། དེ་བཞིན་སྤྱི་ལོ་༢༠༠༨ལོའི་ཟླ་༡༢ཚེས་༤ཉིན་ཡུ་རོབ་གྲོས་ཚོགས་ཐོག་ཏཱ་ལའི་བླ་མས་“ང་ཚོས་ང་ཚོའི་བསམ་ཚུལ་དེ་འགྲེལ་བཤད་གཙང་མ་བརྒྱབ་ཟིན་པ་དང་། ང་ཚོས་བོད་དུ་གནས་སྡོད་དང་གཏན་སྡོད་བྱེད་བའི་གཞན་མི་རིགས་རྣམས་བོད་ནས་མཐར་སྐྲོད་གཏོང་འདོད་རྩ་བ་ནས་མེད་པ་དང་། ང་ཚོས་སེམས་འཚབ་བྱེད་ཡུལ་ནི་རྒྱ་རིགས་གཙོས་མི་རིགས་གཞན་པ་ཕོན་ཆེ་བོད་དུ་གནས་སྤོར་བྱས་ནས་བོད་རིགས་དེ་རང་ཉིད་ཀྱི་ཕ་ས་རུ་གྲངས་ཉུང་མི་རིགས་གྱུར་བའི་ཉེན་ཁ་དེ་ཡིན་ལ། བོད་མིའི་འཚོ་སྡོད་དང་ཁོར་ཡུག་ལ་གཏོར་སྐྱོན་མི་ཡོང་ངམ་སྙམ་པ་དེ་ཡིན”ཞེས་གསུངས་པ་ནང་བཞིན། ཁོང་གི་ཁ་གསལ་དོན་གསལ་ངང་མི་རིགས་ཕན་ཚུན་ཁ་བྲལ་གཏོང་བ་ཞིག་རྩ་བ་ནས་མིན། བྱས་ཙང་། འདི་ནི་རྩ་འཐོར་ཏུ་འགྲོ་ལ་ཉེ་བའི་བོད་རིགས་ཀྱི་སྤྱི་ཚོགས་སྒྲོམ་གཞི་དེ་ཉིད་་སྲུང་སྐྱོབ་དང་། གནས་སྐབས་རིང་བོད་དུ་མི་འབོར་གནས་སྤོར་བྱེད་པ་དང་། ལས་དོན་བཙལ་མཁན་ཚོ་དང་གཏན་སྡོད་བྱེད་མཁན་ཚོར་དམིགས་བསལ་གྱི་ཁྲིམས་ལུགས་སྟངས་འཛིན་ཡོང་པ་ཙམ་ལས་གཞན་ཅི།

འགྲེལ་བརྗོད་མང་པོ་བྱེད་དགོས་ཀྱི་མེད་ལ། གནད་དོན་འདི་དག་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་ནང་གསལ། མི་རིགས་ས་གནས་རང་སྐྱོང་ཐད་བཏོན་བའི་བསམ་ཚུལ་དེ་རང་རེད།གནད་དོན་འདིའི་ཐད་བོད་རྒྱ་སྐུ་ཚབ་དབར་གྲོས་མོལ་བྱེད་ཆོག་ལ། ཕན་ཚུན་གྲོས་བསྡུར་ཀྱང་བྱེད་ཆོག་པ་རེད། པེ་ཅིང་དང་རྡ་རམ་ས་གཉིས་དབར་གྲོས་བསྡུར་བྱེད་ཆོག་པ་མ་ཟད། རྗེས་སུ་ཀྲུང་གོའི་སྲིད་གཞུང་ནས་མི་རིགས་ས་གནས་ཐོག་འཆར་འགོད་ལས་རིམ་ཐད་ཉམས་ཞིབ་བྱེད་ཡུལ་གྱི་མཉམ་ཞིབ་བྱེད་ས་ཞིག་ཀྱང་འགྱུར་ངེས། ཡིན་ནའང་། བསམ་ཚུལ་འདི་དག་ནི་“ཁྲ་ལྷམ་མེར་གསལ་བའི་གཞན་མི་རིགས་མཐར་སྐྲོད་གཏོང་པ”དང་འབྲེལ་བ་རྟ་རྔ་ཙམ་ཡང་མེད །དེ་ནི་ཧི་ཐི་ལི་(Hethler)ཡིས་ཇིའུ་མི་རིགས་(Jewish)རྩ་མེད་གཏོང་པ་དང་བསྡུར་ན་བཤད་ཐབས་ཤིག་རྩ་བ་ནས་མིན། ཇིའུ་མི་རིགས་ཀྱི་བོད་དོན་རྒྱབ་སྐྱོར་རྩ་འཛུགས(TheSimonWiesenthalCenter)་དྲ་རྒྱའི་ནང་རྒྱ་ནག་གི་ཏཱ་ལའི་བླ་མ་ལ་འཁྱོག་བཤད་བྱས་པར་ངོས་ལེན་མི་ཐུབ་པ་དང་དེ་ནི་ཁོངས་མེད་ལུགས་མེད་ཡིན་པ་སོགས་འཁོད་ཡོད་པ་དེའང་ཁོང་ཚོ་ལ་ཁག་ཅི་ཞིག་ཡོད། གང་ཡིན་ལགས་ན། ཏཱ་ལའི་བླ་མ་ལ་ལོ་ངོ་འདི་དག་གི་རིང་འཛམ་གླིང་སྒང་ཆེ་མཐོང་གི་གཟེངས་བསྟོད་འཐོབ་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་མཛད་རིམ་གྱི་ཆ་ཤས་གཙོ་བོ་ཞིག་ནི་མི་རིགས་མཛའ་མཐུན་དང་ཕན་ཚུན་གྲོས་མོལ་བྱེད་པའི་ལམ་སྲོལ་གོང་མཐོར་གཏོང་པ་དེ་ཡིན།དོན་དངོས་ཐོག་ཏཱ་ལའི་བླ་མའི་ལྟ་བ་དེ་ནི་ན་རྫིའི་(Nazi)དམིགས་ཡུལ་དང་མཐུན་བའི་ལྟ་སྟངས་དེ་དག་གཏོར་བཤིག་བྱེད་སྲོལ་དེ་ཡིན་པ་རེད་། ངའི་རེ་བ་ལ། ཀྲུང་གོའི་གཞུང་འབྲེལ་གནད་ཡོད་གསར་ལམ་དཔེར་ན་མི་རིགས་དྲ་རྒྱ། ཤིན་ཧཱ་དྲ་རྒྱ་སོགས་ཀྱིས་ཏཱ་ལའི་བླ་མར་དགོངས་དག་ཞུ་དགོས་རྒྱུ་ཡིན།

ངས་ནན་ཏན་གྱིས་བཤད་འདོད་པ་ནི། འདི་ལྟར་རྩོམ་པ་པོའི་མིང་ཡང་འཁོད་མེད་པའི་རྩོམ་ཡིག་དེ་ཉིད་རིན་མེད་རྩོམ་པ་པོ་ཞིག་གིས་བྲིས་པ་ཡིན་ན། དེ་ལ་སྣང་འཇོག་དང་གཟབ་ནན་བྱེད་དགོས་དོན་ཅི་ཡང་མེད་མོད། འོན་ཀྱང་རྩོམ་ཡིག་འདིར་གནད་འགག་ཅིག་ཡོད་པ་ནི།རྩོམ་ཡིག་འདི་རྒྱ་ནག་གཞུང་འབྲེལ་གནད་ཡོད་གསར་ལམ་ཁག་ཏུ་ཤུགས་ཆེར་སྤེལ་པ་སོགས་རྒྱབ་ལྗོངས་ཡོད་ལུགས་འདིར་བལྟས་ན། གནད་དོན་འདི་ནི་ཆུང་ཆུང་ཞིག་གཏན་ནས་མིན་པ་ཤེས་སླ། སུས་ཀྱང་ཀྲུང་གོས་དྲ་ལམ་དང་གསར་ལམ་ཁག་ལ་དོ་དམ་ཆེས་ཆེར་ཡོད་པ་ཤེས་ཀྱི་ཡོད་རེད་ལ། ཐ་ན་མི་རིགས་དྲ་ལམ་དང་ཤིན་ཧཱ་དྲ་ལམ་ཡིན་ནའང་དོ་དམ་བྱེད་ཀྱིས་ཡོད་མོད། ད་ཐེངས་རྩོམ་ཡིག་འདི་དྲ་ལམ་འདི་དག་བརྒྱུད་ས་ཁྱབ་རྡོ་ཁྱབ་བྱེད་དུ་འཇུག་པ་དང་། རྩོམ་ཡིག་འདི་ལ་ཁྱབ་སྤེལ་གྱི་གློག་མདོག་སྔོན་པོ་དེ་སྤར་པ་དེས་ཅི་ཞིག་ལ་བརྡ་ལེན་སྤྲོད་ཀྱི་ཡོད་དམ། ཁ་ཕྱོགས་ག་འདྲ་ཞིག་ཁྱབ་བསྒྲགས་བྱེད་འདོད་ཀྱི་ཡོད་དམ།

ཚང་མས་ཤེས་གསལ་རེད། ཀྲུང་གོའི་ཆབ་སྲིད་ཀྱི་འགྱུར་འགྲོས་དེ་ནི་གནད་འགག་གི་མཚམས་ལ་སླེབས་ཡོད་པ་རེད། ཉེ་བའི་ཆར། བྷོ་ཤིས་ལེ་དང་ཝམ་ལིས་ཅོན(མཆན:མི་འདི་གཉིས་ནི་རྒྱ་ནག་ཁྲོམ་ཆེན་ཞིང་ཆེནགྱི་འགོ་ཁྲིད་ཡིན་པ་དང་། ཉེ་བའི་ཆར་ཕྱོགས་ཁག་འཐེན་འཁྱེར་གྱིས་ཇུས་ངན་འོག་སྲིད་དོན་དང་འབྲེལ་བའི་ནག་ཉེས་ཐོག་རྒྱ་ནག་སྲིད་གཞུང་གི་ཁྲིམས་གཅོད་ཕོག་པ་རེད།) གཉིས་ཀྱི་་གནས་ཚུལ་བྱུང་པ་དང་།དེ་ནི་ཕྱོགས་རིས་དང་ཕྱོགས་ཁག་ཕན་ཚུན་གྱི་འཐབ་རྩོད་ཞིག་རེད། སྲིད་བློན་ཝེན་ཅ་བྷོ་ལགས་ཀྱིས་འདུ་འཛོམས་དང་ཆོགས་འདུ་མང་པོར་རྒྱ་ནག་གི་ཆབ་སྲིད་ལ་བཅོས་སྒྱུར་གཏོང་དགོས་སྐོར་གང་མང་བཤད་ཡོད་པ་དང་། དམངས་ཁྲོད་ནང་ཡང་མང་གཙོའི་རེ་འདོད་དེ་ཉིད་གོང་མཐོར་འགྲོ་བཞིན་ཡོད། འདི་ནི་མ་འོངས་པའི་རྒྱ་ནག་ལ་མཚོན་ན། ཆེས་འཕྲད་དཀའ་བའི་གོ་སྐབས་བཟང་པོ་ཞིག་རེད། སྲིད་འཛིན་པ་ཡིན་ནའང་འདྲ། ཁ་གཏད་རུ་ཁག་ཡིན་ནའང་འདྲ། གང་ལྟར་ཚང་མས་གནས་སྟངས་དེར་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་རེད་མོད། འོན་ཀྱང་ངས་བསམ་པར། ཀྲུང་གོའི་ཆབ་སྲིད་བཅོས་སྒྱུར་གཏོང་པ་དང་། སྒྲོམ་གཞི་གསར་གཏོད་ཀྱི་ལས་རིམ་ནང་གསར་བརྗེ་པ་དང་། ཡང་ན་ཁ་གཏད་རུ་ཁག་སོགས་གནད་དོན་འདིའི་ཐད་མོས་མཐུན་ཡོད་རིགས་ཚོར་མཚོན་ན །འོས་འཚམས་དང་བཀོད་སྤྱོད་ཀྱི་ནུས་པ་ལྡན་པའི་འགྱུར་འགྲོས་ས་ཁྲ་ཞིག་བསྐྲུན་དགོས་པ་ནི་གལ་འགངས་ཆེ་ཤོས་ཤིག་ཡིན་སྙམ་ལ། ས་ཁྲ་འདིའི་ནང་། འཐབ་རྩོད་ཀྱི་དམིགས་དོན་གསལ་འཁོད་འོག་དངོས་ཡོད་ཀྱི་ལག་བསྟར་ལས་རིམ་གསལ་ཁ་སྟོན་དགོས་ཀྱིས་ཡོད་ལ། མི་རིགས་གནད་དོན་ནི་ས་ཁྲ་འདིའི་ནང་དམིགས་སུ་བཀར་བའི་ལས་རིམ་ཞིག་ཏུ་བརྩི་དགོས་པ་རེད་སྙམ།འ དས་པའི་ལོ་ངོ་༦༠་ནང་ལ། སྲིད་འཛིན་མི་སྣ་ཚོས་མི་རིགས་གནད་དོན་གྱི་ཐད་ནོར་འཁྲུལ་མི་ཉུང་བ་ཞིག་བྱུང་ཡོད་པ་དང་། ད་དུང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།

རྫུན་གཏམ་ཀྱང་མང་པོ་བཤད་ཡོད་པ་མ་ཟད། ལྡོག་ཕྱོགས་ཀྱི་མཇུག་འབྲས་མང་པོའང་གསོག་འཇོག་བྱས་ཡོད། འདི་ནི་བསྒྱུར་བཅོས་ལ་གནོད་པ་ཞིག་ལོས་ཡིན། མི་རིགས་གནད་དོན་གྱི་དཀའ་ཁག་དེ་ཉིད་ཉུང་དུ་གཏོང་ཆེད་དང་། དྲང་བདེན་མིན་པའི་མི་རིགས་ལྟ་ཕྱོགས་དང་སྲིད་བྱུས་དེ་དག་བཅོས་སྒྱུར་གུ་ཡངས་གཏོང་པ་ལ་མི་རིགས་དྲག་གནོན་དང་སྟངས་འཛིན་སྲིད་བྱུས་དེ་གུ་ཡངས་གཏོང་དགོས་ཀྱི་ཡོད་པ་ནི་སྨྲོས་མེད་རེད། བདེན་པའི་སྐད་ཆ་ཉུང་ཉུང་བཤད་པ་དང་། ཡང་ན་རྦད་དེ་མ་བཤད་པ། ཡང་ན་རྫུན་མ་བཤད་པ། རབ་བྱུང་ན་རྫུན་གཏམ་གང་མང་གསར་རྩོམ་མ་བྱེད་པ། རང་ཉིད་ཀྱི་གྲོས་མོལ་ཁ་གཏད་ལ་བདུད་འདྲེ་ལྟར་ལྟ་བ་མ་འཛིན་པ་སོགས་ནི་་དེང་སྲིད་འཛིན་མི་སྣ་དང་གཞུང་ནས་མ་མཐའ་ཡང་སྒྲུབ་དགོས་པའི་འོས་འགན་ཞིག་རེད། དྲང་བདེན་དང་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱེད་པ་ནི་དེང་སང་ཆེས་ཉམས་རྒུད་དང་ཉེས་ཁ་ནང་ལྷུང་བའི་རྒྱ་ནག་གིས་གསར་ལམ་ཁག་ལ་སྟངས་འཛིན་དང་དམ་དྲག་གི་བྱེད་སྒོ་གཙོ་བོ་དེ་ཡིན། གསར་གྱུར་མཁོ་སྤྲོད་རྗུན་མ་བྱས་ནས་རྒྱལ་ནང་མི་དམངས་ཚོ་མགོ་སྐོར་གཏོང་བའི་འབྲས་བུ་ནི། རྒྱ་ནག་རྒྱལ་ནང་དུ་དཔོན་རིགས་ཁ་ཤས་གཙོས་པའི་མི་དམངས་དེ་ཚོ་བྱབ་ཆུང་དུ་འགྱུར་བའི་རྒྱུ་མཚན་གཙོ་བོ་ཞིག་ཀྱང་རེད། དཔེ་མཚོན་ཞིག་འཇོག་ན། གལ་སྲིད་གསར་ལམ་ལ་དམ་དྲག་མེད་པ་ཡིན་ན། གལ་སྲིད་མི་དམངས་མང་པོས། ལྷག་པར་ཏུ་རྒྱ་རིགས་མང་པོས་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་། སྐད་ཡིག་དང་ཆོས་དད་སོགས་དམ་དྲག་དང་སྟངས་འཛིན་གང་ཐུབ་བྱེད་ནས་བོད་ས་ཡོངས་ཀྱི་སྐྱོ་སྡུག་གི་གནས་སྟངས་དང་གནད་དོན་འདི་རིགས་ཤེས་རྟོགས་གསལ་པོ་བྱུང་ན། ཁོང་ཚོས་ཏཱ་ལའི་བླ་མ་དང་ཕྱིར་སྡོད་བོད་མི་ཡོངས་ཀྱིས་རྒྱ་ནག་ལ་ཆབ་སྲིད་བཅོས་བསྒྱུར་ཡོང་པ་དང་མིང་དོན་མཚུངས་བའི་རང་སྐྱོང་གི་རྩོད་ཐབས་ལས་རང་བཙན་ལ་རྩོད་ཀྱི་མེད་པ་སོགས་ཀྱང་མཁྱེན་རྟོགས་ཐུབ་ཀྱིས་ཡོད། “དྲི་བ་བདུན”ཞེས་པའི་རྩོམ་ཡིག་དགོད་བྲོ་བ་དང་ངོ་ཚ་མེད་པ་འདིའི་རིགས་ཀྱང་མཐོང་རྒྱུ་མེད་པར་གྱུར།

མི་རིགས་མཐུན་སྒྲིལ་ཕྱོགས་སུ་གོམས་སྟོབས་སྤོ་པ་ནི། རྒྱ་ནག་ཆབ་སྲིད་འགྱུར་འགྲོས་ཀྱི་དམིགས་འདུན་ཞིག་ཡིན་དགོས་པ་དང་། འདི་ནི་ཞི་སྒྲིལ་དང་མཛའ་མཐུན་གྱི་ཆབ་སྲིད་སྒྲོམ་གཞི་ཞིག་གི་རྨང་གཞིའི་ལས་འགན་ཞིག་རེད། མི་རིགས་མཛའ་མཐུན་དང་ཞི་སྒྲིལ་གྱི་གོམས་སྟོབས་དང་པོ་དེ་ནི། རྫུན་གཏམ་མི་སྨྲ་པ་དང་རྫུན་གཏམ་གསར་རྩོམ་མི་བྱེད་པ་དེ་ཡིན། རྒྱུ་མཚན་འདི་དག་ལས། ང་ཚོས་།“དྲི་བ་བདུན”ཞེས་པ་རྩོམ་ཡིག་དགོད་བྲོ་བ་དང་ངོ་ཚ་མེད་པ་འདིའི་རིགས་གནད་ཡོད་དྲ་རྒྱ་དང་གསར་ལམ་དུ་བྱུང་ཡང་དོགས་ཟོན་དང་སེམས་ཁྲལ་མི་དགོས་པར་འགྱུར་ལ། རྒྱུ་མཚན་ནི་དེ་ཉིད་ཀྱི་འགྲོས་ཕྱོགས་ཤིག་སྟོན་ཆེད་དང་། འདི་ནི་རྒྱ་ནག་གི་ཆབ་སྲིད་བཅོས་སྒྱུར་དང་འགྱུར་འགྲོས་ལ་ཕན་འདོགས་མེད་པར། དེས་རྒྱ་ནག་གི་བཅོས་བསྒྱུར་ལས་རིམ་ལ་འགོག་རྐྱེན་བསྐྲུན་པ་དང་གནོད་སྐྱེལ་གྱི་ཡོད་པ་མ་ཟད། དེའི་རྒྱབ་ལྗོངས་ལ། རྒྱ་ནག་གི་སྔར་ཡོད་རུལ་སུངས་དུ་ཐེབས་བའི་ཆབ་སྲིད་ལམ་ལུགས་ལ་ལྟ་བ་མཁྲེགས་བཟུང་བྱེད་མཁན་གྱི་རུ་ཁག་གི་གྲིབ་གཟུགས་ཡོད་སྲིད་ལ། རྒྱ་ནག་གི་འབྱུང་འགྱུར་ལ་སེམས་ཁུར་དང་ལར་ཞེན་ཡོད་མཁན་ཚོས་ཅིས་ཀྱང་རྟོགས་ཞིབ་བྱེད་དགོས་པ་ཞིག་ཀྱང་ལོས་ཡིན།

འགྱུར་རྩོམ།

Post navigation

Previous Post: བྱ་སྤྲེལ་གཏམ་རྒྱུད་དང་། སྐར་ལྔའི་དར་དམར།
Next Post: ‘‘དུས་ནམ་ཞིག་བོད་མི་ཉིས་སྟོང་གིས་རང་ལུས་མེར་བསྲེགས་བཏང་ཚེ།’’

Comments (10) on ““ཏཱ་ལའི་བླ་མར་དྲི་བ་བདུན”ཞེས་པའི་རྩོམ་ཡིག་འདི་ནི་ཉེན་ཚབ་ཅན་གྱི་འགྲོ་ཕྱོགས་ཤིག་རེད།”

  1. ཕུག་རོན། says:
    2012-04-07 at 4:44 am

    ཨ་གྲགས་པ། ཡག་པོ་བསྒྱུར་འདུག མུ་མཐུད་ནས་ཡིན་དཱ།

  2. ཆོས་འཕེལ says:
    2012-04-07 at 7:31 am

    རྩོམ་བསྒྱུར་གང་ཡིན། གསར་རྩོམ་གང་ཡིན་ངོས་ཟིན་ཁག་པོ་ནས་གཏན་ནས་མ་ཟིན་པའི་སྐྱོན་གད་སྙིགས་བླུགས་སྣོད་བཞིན་གྱུར། སྐབས་སྐབས་ལ་རྩོམ་པ་པོ་གཞན་དེའི་སྐད་ཆ་ཡིན་པའི་ཟོལ་འདྲ་བོ། ་སྐབས་སྐབས་སུ་བསྒྱུར་མཁན་རང་ཉིད་གཏམ་ཡིན་ཟོལ་འདྲ་བོ་ད་མ་ཤེས་ཡ

  3. དཔྱིད་འགོའི་མེ་ཏོག says:
    2012-04-07 at 7:39 am

    རྒྱ་ནག་གི་ངན་གཡོ་འདི་དག་ལ་ཚར་རྒྱུ་ཡོད་པ་མ་རེད། ཉོབ་སོང་ཉོང་སོང་ཤུ་་་་་་་་་ད་ཅི་བྱེད།

  4. རག་ཕྱགས་རྡོར says:
    2012-04-07 at 10:45 am

    ཀྲང་བྷོ་ཧྲུག་ལགས་་་་་་་་་་་་་་་་་་་་་ཁྱེད་ཀྱིས་ཀྲུང་གོ་གུང་ཁྲིན་ཏང་ལ་ཕན་པའི་ཆེད་དུ་རྩོམ་ཡག་པོ་བྲིས་འདུག་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡིན་ན་ཡང་བླུན་རྨོང་ཁེངས་དྲེགས་ཆེ་བའི་དམར་གཞུང་གི་དཔོན་ངན་དག་ལ་ག་ཚོད་བཤད་ན་ཡང་འབྲས་བུ་འབྱུང་མི་སྲིད་དེ་ལས་བཟོ་ཏ་ཡོག་པོ་བཟོས་ན་བཟང་།།

  5. ཟུར་གནས། says:
    2012-04-07 at 10:51 am

    རྒྱ་ནག་གི་ཉེ་ཆར་གྱི་བོད་མི་སྤྱི་དང་ལྷག་དོན་རྒྱལ་དབང་རིན་པོ་ཆེ་ལ་ཉེ་བཙུགས་འདི་ལྟར་བྱེད་པ་ནི། བོད་པའི་ཕྱོགས་སུ་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་པ་དང་། བོད་རང་བཙན་ལ་སྐྱོད་བཞིན་པའི་ངེད་ཚོའི་ན་གཞོན་ཚོར་རྒྱབ་སྐྱོར་ཤུགས་ཆེ་ཞིག་བྱས་པར་བརྟེན། ངས་ལག་གཉིས་ཐལ་མོ་སྦྱར། པུས་མོ་གཉིས་ས་ལ་བཙུགས། མགོ་བོ་ཐོད་པ་དྲིན་ཅན་ཀྲའུ་ཝུན་ཆུན་གྱི་རྐང་རྩེར་བཏུགས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་ད་དུང་མུ་མཐུད་མཚམས་འཇོག་མེད་པར་གསུངས་རོགས་ཞུའོ།

    སྔོན་མ་ང་ཚོས་དབུ་མའི་ལམ་ལ་རེ་བ་མེད། ད་ལྟའི་རྒྱ་གཞུང་ལ་རེ་བ་མེད་ལ་ཡིད་ཆེས་མ་བྱེད་བཤད་མྱོང་། ངེད་ཚོའི་སྐུ་ཚབ་རྒྱ་རི་རིན་པོ་ཆེས། “དེ་འདྲ་མ་རེད། དེང་སང་གྱི་རྒྱ་ནག་དཔོན་རིགས་རྣམས་ལ་ཕར་སྐད་ཆ་བཤད་ས་ཡོད་ལ། ཡག་པོ་བྱས་ཉན་གྱི་འདུག མི་རབས་འགྱུར་བ་ཐེབས་ནས། སྔོན་མ་དང་མི་འདྲ་ཟེར། ”

    རྒྱ་རི་རིན་པོ་ཆེས་གསུངས་པའི་རྒྱའི་དཔོན་རིགས་གཙོ་བོ་གཅིག་ནི་ཀྲུའུ་ཝུ་ཆུན་རེད། ད་དུང་རྒྱ་རི་རིན་པོ་ཆེ་དང་ཁོང་གི་རོགས་པ་རྣམས་ཀྱིས། བོད་འདི་རྒྱ་ནག་གི་དཀྱིལ་འཁོར་ནང་ལ་སྡད་ན་ལེགས་པ་བརྒྱ་ཡོད་རབས། རྒྱ་ནག་གི་དཔོན་རིགས་རྣམས་ཁ་ཞེ་གཉིས་མེད་ཡིན་ལུགས་མང་པོ་བཤད་སོང་།

    ང་ཚོ་རྒྱ་ནག་གི་དཔོན་རིགས་དེ་ཚོར་ཡིད་ཆེས་བྱེད་མ་ཐུབ་མཁན་ཚོར་མགོ་བོ་མཁྲེགས་པོ། དེང་དུས་ཀྱི་གནས་ཚུལ་མ་ཤེས་མཁན། ལྷག་དོན་རྒྱ་ནག་ནང་གི་འགྲོ་ལུགས་མ་ཤེས་མཁན་ལྐུགས་པ་ལྐུགས་རྐྱང་ལ་རྩིས་བྱུང་།

    ད་ལྟ། རྒྱ་རི་ལ་གཙོས་པའི་རྒྱ་ཕྱོགས་ལ་རེ་བ་དང་ཡིད་ཆེས་ཡོད་མཁན་དེ་ཚོར་ཁོང་ཚོའི་གྲོགས་པོ་ཀྲའུ་ཝུ་ཆུན་གྱིས་སྐྱག་པ་ཚ་པོ་བཟོས་ནས་སྤྲད་དུས་ཕྱོགས་གཅིག་ནས་རྒྱ་ཕྱོགས་ལ་ཁོང་ཁྲོ་ལངས་ནས་ག་ཚོད་ཐུབ་ཐུབ་ཁ་གཏད་འཇལ་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས། རྒྱ་རི་སོགས་ལ་འདི་འདྲ་ཞིག་མ་སྤྱད་ན་གཉིད་ག་དུས་སད་ཡོང་བསམ་པའི་ཚོར་སྣང་ཞིག་ཀྱང་བསླེབས།

    བཟང་ཕྱོགས་ནས་བཤད་ན། ཀྲུའུ་ཁོས་བྱས་པ་འདི་འགྲིགས་འདུག
    ཁོས་ཁ་ཞེ་གཉིས་མེད་ཀྱིས་རྒྱའི་ཁོག་ནང་ལ་ཡོད་པའི་སྙིང་གཏམ་རྣམས་ཕྱི་ལ་བཏོན་འདུག
    ཁོས་རྒྱལ་བ་རིན་པོ་ཆེ་དང་ཕྱི་ཕྱོགས་ལ་ཡོད་པའི་བོད་པ་རྣམས་ཧེ་ཀྲི་ལ་དང་། མི་གསོད་ཤན་པ་ཤ་སྟག་གི་ངོས་འཛིན་ཡོད་པ་འདི་སྔོན་མ་ནས་ཡོད་ལ་ད་རེས་ཁ་བཤད་ཤོར་བ་རེད། དེ་གཏམ་བཟང་རེད།

    ད་ཁོར་ཡུག་བཟང་པོ་སྐྲུན་མཁན་ཚོའི་ལས་འགན་གཙོ་བོ་འདི་ཁྱོད་ཚོས་རྒྱ་མིའི་སྐྱག་པ་ཚ་བོ་འདིས་རྒྱལ་བ་རིན་པོ་ཆེའི་མཛད་པ་དང་འཕྲིན་ལས་ལ་མི་གནོད་པའི་ཐབས་ཤེས་ཡོད་དོ་ཅོག་བྱེད་དགོས།

    ཁྱོད་ཚོས་སྡོད་ས་གཅིག་ལ་གཏན་པོ་བྱས་མ་སྡོད་པར་ཕར་ཕར་ཕྱིན་ཚུར་ཚུར་ཕྱིན་མཐའ་མ་ཆག་སྒོ་དང་བོད་མིའི་དབུ་ཁྲིད་ལ་མིང་ཆད་སྡུག་པོ་འདི་འདྲ་ཁུར་བསླེབས་བྱུང་།

    ཟམ་གདོང་རིན་པོ་ཆེ་ལགས། ད་ཁོར་ཡུག་བཟང་པོ་འདིའི་ནང་ལ་རྒྱ་མིས་སྐྱག་པ་ཤ་སྟག་བཏང་སོང་། མཐའ་ན་རྒྱལ་བ་རིན་པོ་ཆེ་ལག་དམར་དང་མི་སྡེབ་གསོད་རྒྱག་མཁན་ཧེ་ཀྲེ་ལ་དང་བསྡུར་བཞིན་འདུག
    གཅིག་གསུངས་རན་པའི་དུས་ཚོད་ལ་མ་བསླེབས་སམ། རྒྱ་རི་རིན་པོ་ཆེ་ཡང་ད་སྐྱག་པ་འདིའི་དྲི་མ་ཡང་ཚ་བོ་བྱས། གཡུགས་བཞག་ན་མ་འགྲིགས་མཁན། ལག་ལ་ལེན་ན་ཡང་མ་འགྲིགས་མཁན་ཞིག་ལ་མཐོང་ནས་སྡོད་ཡོད་ཀྱི་རེད།

  6. བཀྲ་ཤིས་རྒྱལ། says:
    2012-04-07 at 11:34 am

    ཁྲོན་ཆིན་ནི་གྲོང་འཁྱེར་ཞིག་ཡིན་པ་དང་། སུ་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་རེད།

  7. ནུབ་ཕྱོགས་གངས་ཕྲུག་ says:
    2012-04-07 at 12:13 pm

    དངོས་གནས་རྒྱ་ནག་གི་ག་དུས་ཡིན་ནའང་༧གོང་ས་མཆོག་ལ་མཚན་སྨོད་དང་། སྐྱག་རྫུན་ཤ་རྟག་བཤད་ནས་དུས་ཚོད་འཁྱོལ་ཐབས་བྱེད་ཀྱི་འདུག དབུའི་ལམ་གྱི་རྒྱ་བོད་གཉིས་ཕན་བསྐོར་ཡིན་པ་འགྲེལ་བཤད་སྟོང་ཕྲག་མང་པོ་རྒྱབ་ཟིན་པ་དང་ལག་ལེན་ཡང་དེ་ལྟར་བསྟར་བཞིན་པ་རེད། ད་དུང་མུ་འཐུད་ལོ་ངོ་བཅུ་གྲངས་ནང་འཇུག་འབྲས་མ་ཐོན་ན་ཐབས་ལམ་ག་འདྲ་ཞིག་འཚལ་དགོས་མིན་མནོ་བསམ་གསར་པ་ཞིག་བཏང་དགོས། དངོས་གནས་འདས་ལོར་བཀའ་ཁྲིས་གསུངས་པ་བཞིན་རྡ་རམ་ས་ལ་ལོ་ལྔ་བཅུ་མ་གཏོགས་ལོ་ལྔ་བརྒྱ་བསྡད་དགོས་བྱུང་ས་རེད། གང་ལྟར་ཁོ་རང་གི་གསུངས་པ་བཞིན་ད་ལྟའི་དུས་ཚོད་འདི་སྐབས་དང་དུས་ལ་སླེབས་སོང་།

  8. གཉིས་མེད་སེངྒེ says:
    2012-04-07 at 2:09 pm

    འཐབ་རྩོད་ཟེར་བ་དེ་འདྲ་ལོས་ཡིན་རང་ཕྱོགས་སུ་བདེན་པ་ཡོད་མིན་ལ་མ་ལྟོས་པར་སོ་སོའི་ཞེ་འདོད་དེ་སྐད་འཛེར་འཛེར་བར་དུ་བསྒྲགས་ནས་ཕ་རོལ་པོ་སྨ་ཕབ་ཐབས་བྱེད། སྐད་གཉིས་སྨྲ་བ་ཚོས་ཁ་གཏད་ཀྱི་རྩོམ་ཡིག་གལ་གནད་རིགས་བསྒྱུར་ཐུབ་ན་དགེ་མཚན་ཆེ། གསལ་བཤད་ཅིག་ལ་གོང་གི་མཆན་༦པའི་ནང་ཁྲོན་ཆིན་ནི་སི་ཁྲོན་གྱི་ཁོངས་ཡིན་ཞེས་པ་མ་དག་སྟེ། ཉེ་བའི་དུས་ལ་དེ་སི་ཁྲོན་ལས་ལོགས་གར་བགོས་ཡོད།

  9. ཟླ་བ་བཀྲ་ཤིས says:
    2012-04-07 at 11:26 pm

    གྲོགས་པོ་ལགས། ཁྱེད་ཀྱིས་ཡག་པོ་བསྒྱུར་འདུག རྗེས་སོར་འདི་ལྟར་གང་མང་སྒྱུར་ཐུབ་པའི་རེ་བ་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་འདི་ལྟ་བུའི་རྒྱ་ནག་དང་རྒྱུས་ཡོད་ཀྱི་མཁས་པ་ཚོས་རྒྱ་ནག་སྐོར་ལ་དཔྱད་བརྗོད་བྱེད་བའི་རྩོམ་ཡིག་སོགས་མཁོ་དགོས་ཆེ་ལ། ང་ཚོ་སྨྱུག་ཐོག་པ་རྣམས་ཀྱིས་ཀྱང་རང་ཉིད་ཀྱིས་འཇོན་ཚོད་ཀྱིས་དེ་དག་ལ་དགག་ལེན་བྲིས་པ་དང་། དྲ་ཐོག་ཏུ་མཆན་བྲིས་རྒྱུད་ནས་བསམ་ཚུལ་སོགས་སྤེལ་གལ་ཆེ་ནའང་། ང་ཚོ་ཨ་གསར་ཆེ་བའི་དྲ་གྲོགས་དེ་ཚོས་མིའི་སྐྱོན་འཚོལ་པ་དང་ཆོད་མེད་རྩོམ་ཡིག་དེ་དག་ལ་དགོད་བྲོ་བའི་མཆན་བུ་འདྲ་བྲིས་པ་ལས། དོན་དངོས་ཆབ་སྲིད་ཀྱི་བསམ་བློ་ཕྱུག་པའི་ངང་རང་རིགས་ཀྱི་བདེ་སྡུག་ཆེད་དུ་གླེང་མོ་བྱེད་མཁན་ཧ་ལམ་ཉུང་ཉུང་རེད། དེ་ནི་དངོས་གནས་ཐབས་སྐྱོ་བོ་རེད་ལ། ང་ཚོའི་ནམ་རྒྱུན་ནས་འུར་རྒྱག་མཁན་གྱི་སྨྱུག་ཐོགས་པ་དེ་ཚོས་བྱ་འོས་པའི་ལས་ཀ་ཞིག་ག་ན་ཡིན། འོ་ཡ་་་་་ད་བཤད་རྒྱུ་མིན་་་་བཤད་ནའང་ཕན་འདོགས་འདྲ་རྐྱང་ཡོད་ནི་མ་རེད་་་་་་་་གང་ལྟར་ཁྱོད་ཀྱི་སྒྱུར་རྩོམ་ལ་འདོད་པ་ཁེངས་སོང་་་་་མུ་མཐུད་འབྲི་པར་འཚལ་་་་

  10. མཚོ་ནག says:
    2012-04-08 at 12:22 pm

    དེ་འདྲ་དགོས་མཁོ་ཆེ། མུ་མཐུད་དེ་དང་འདྲ་བའི་གནས་ཚུལ་རིགས་དྲ་ངོས་སུ་འགོད་པ་ཅིས་ཀྱང་རེ་བ་ཆེ། ཐུགས་རྗེ་ཆེ། དགའ་བསུ་ཡོད། ཡག་པོ་བསྒྱུར་འདུག། འདི་ཡང་བོད་བསྟན་སྲིད་གི་ཆེད་དུ་རང་ནུས་གང་ལྕོག་གི་ཞལ་འདེབས་རེད་དོ། རྩ་དོན་བོད་སྤྱི་པ་ལ་དམིགས་ནས་ཕན་པའི་རེ་བས་ཡི་གེ་བསྒྱུར་བ་ཡིན་ཙམ་ལྷག་བསམ་ཡོད་པ་ཙམ་གྱི་དགའ་བསུ་ཡོད། འདིའི་ཀྱང་བོད་བསྟན་སྲིད་ལ་སྨིན་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme