Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིས་སྟོང་བཅོ་ལྔ་ལོའི་དགའ་སྐྱོའི་གཏམ་རྒྱུད། (༣)

Posted on 2017-05-192017-05-19 By ཁ་བརྡ No Comments on ཉིས་སྟོང་བཅོ་ལྔ་ལོའི་དགའ་སྐྱོའི་གཏམ་རྒྱུད། (༣)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

གསུམ། ༸གོང་ས་མཆོག་གི་གྱ་སྟོན།

དེ་ལྟར་འཚབ་འཚུབ་དང་བྲེལ་ཟིང་། དགའ་བ་དང་སྐྱོ་བའི་འགྱུར་ལྡོག་མང་པོ་ཞིག་བརྒྱུད་ཅིང་། སྐྱབས་བཅོལ་བའི་ལས་དབང་ལ་གོམ་པ་སྤོས་པ་ནས་དེ་རིང་བར་སྐྱིད་སྡུག་གི་གནས་གཞི་བཅའ་ཡུལ་རྒྱ་གར་དུ་འབྱོར། སྔར་ཐའེ་ཝན་ལ་འགྲོ་སྐབས་སྐྱབས་བཅོལ་ལག་དེབ་ཉེན་རྟོག་ཁང་དུ་སྤྲད་དེ་ཕྱི་རྒྱལ་ལ་བསྐྱོད་ཆོག་པའི་དགོངས་གནང་ཞུས་ཡོད་པ་ལྟར། ཐད་ཀར་རྒྱ་གར་ལྷོ་ཕྱོགས་ལ་སོང་སྟེ། ཡུལ་འདིར་འདུག་ན་མེད་ཐབས་མེད་པའི་སྐྱབས་བཅོལ་ལག་དེབ་ཕྱིར་བླངས། དགོན་པའི་སྒྲིག་ལམ་ལྟར་ཕྱི་ལོགས་སུ་བསྐྱོད་ནས་ཕྱིར་དགོན་པར་འབྱོར་ཡོད་པའི་འཁོར་ཞག་སོགས་ཀྱང་སློག་སྟེ་དལ་ལྷོད་ངང་ཉིན་ཤས་རིང་སེ་ར་དགོན་པར་བསྡད།

དེ་ནས་མ་འགྱངས་པར་འཕགས་མཆོག་ཕྱག་ན་པདྨོ་༸གོང་ས་རྒྱལ་པ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ལ་ཉེ་བར་བཅར་བས་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ཆས། དེར་གནས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བཀོད་མངགས་ལྟར། ཕ་ཡུལ་གངས་ཅན་ལྗོངས་སུ་གནས་པའི་མི་རྣམས་ཀྱིས་སྐུའི་གྱ་སྟོན་དང་འབྲེལ་ནས་བརྟན་བཞུགས་ལ་གསོག་སྒྲུབ་གནང་བའི་རིམ་གྲོ་སྣ་ཚོགས་དང་། ཚེ་ཐར་སྲོག་བླུ་སོགས་ཀྱི་གྲངས་ཐོ་བསྡུ་རུབ་དང་། ཕྱོགས་བསྡུས་ཀྱིས་རྩིས་ཐོར་འགོད་པ་སོགས་ཀྱི་བྱ་བར་ཉིན་བདུན་ཙམ་ལ་ཞུགས་ཤིང་། དད་ལྡན་གཞིས་ལུས་མི་མང་གིས་༸གོང་ས་ཐམས་ཅད་མཁྱེན་པའི་ཞབས་རིམ་ལ་དམིགས་པའི་རིམ་གྲོ་ཧ་ཅང་ཕོན་ཆེན་པོ་གསོག་སྒྲུབ་བྱས་ཡོད་པ་རྟོགས་ཏེ་དགའ་སྤྲོ་དང་རྗེས་སུ་ཡི་རང་བྱས།

དེ་ནས་ཉིན་ཤས་རྗེས་ཏེ་སྤྱི་ལོ་2015 ཟླ་6 པའི་ཚེས་21 ལ་བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལུགས་པའི་ཆོས་རྒྱུད་འཛིན་པ་ཡོངས། མདོ་སྨད་གཞིས་བྱེས་གཉིས་བཅས་ཀྱིས་༸གོང་ས་ཐམས་ཅད་མཁྱེན་པར་བརྟན་བཞུགས་བསྟར་འབུལ་གནང་། བརྟན་བཞུགས་ལ་ཡོ་རོབ་དང་། ཨ་མི་རི་ཀ། ཤར་ཕྱོགས་ཨེ་ཤ་ཡའི་ཡུལ་གྲུ་མང་པོ། བོད་གཞིས་བྱེས་གཉིས་གཙོས་པའི་དད་ལྡན་མང་ཚོགས་ཧ་ཅང་མང་པོ་འཛོམས་འདུག་ལ། གཙུག་ལག་ཁང་གི་སྟེང་འོག་གསུམ་དང་ཁྱམས་ར་སོགས་ཁུག་དང་ཟ་ཟུར་ཡོངས་རྫོགས་མི་ཚོགས་ཀྱིས་གང་སྟེ་རྐང་པ་སྤོ་ས་ཙམ་ཡང་ལོན་དཀའ་བར་གྱུར། རྒྱུན་ལྡན་བརྟན་བཞུགས་སྐབས་ཀྱི་སྦྱོར་དངོས་རྗེས་གསུམ་དང་། བསུ་ཟློག ལྷ་འབེབས། བཀའ་སློབ་དང་། མཚམས་འཕྲིན་ཤིས་ཚིག་སྒྲོག་འདོན། གླུ་གར་རྩེད་མོ་སོགས་རྣམ་གྲངས་ཕུན་སུམ་ཚོགས་ལ། དགུང་ལོ་བརྒྱད་ཅུའི་བར་དཀའ་སྡུག་དང་གཟི་བརྗིད་ཀྱིས་བསྐྱལ་བའི་བྱུང་བ་དང་། མ་འོངས་འབྱུང་ངེས་པའི་གནས་སྟངས་སྣ་ཚོགས་སེམས་ལ་འཁོར་ན། དགའ་དགོས་སམ་སྡུག་དགོས་པའང་བཤད་ཚོད་མི་ཐུག་པ་ཞིག་འདུག་མོད། གང་ལྟར་༸གོང་ས་ཐམས་ཅད་མཁྱེན་པའི་ཞལ་རིས་ལྷང་ངེ་ལྷན་ནེར་བཞུགས་ཤིང་། སྙན་ཞིང་འཇེབས་པའི་གསུང་བཤད་ལྷང་ལྷང་ཐོས་རྒྱུ་ཡོད་པ་འདིས་ཆེས་མ་མཐའ་གནས་སྐབས་སུ་ཧ་ཅང་དགའ།

ཉིན་དེའི་བརྟན་བཞུགས་མཛད་སྒོ་གྲོལ་རྗེས་རྡ་སའི་རི་སྟེང་གི་གྲོང་བརྡལ་འདི་མི་ཚོགས་ཀྱིས་མནན་ཡོད་པ་དང་འདྲ་ལ། ལམ་དང་ལམ་ཟུར། གྲུ་དང་ཁུག་པ་ཡོངས་སུ་རྫོགས་པ་མི་ཚོགས་ཀྱིས་ཁེངས་ཏེ་ཕྱོགས་ཐམས་ཅད་སོག་སོག་འགུལ་བཞིན་པ་དང་འདྲ། འཚང་ཁ་ཧ་ཅང་ཆེ་བའི་མི་ཚོགས་དལ་བུར་གཤགས་ཏེ་མེཀ་ལོར་སྲང་བར་དུ་ཐོན། དེར་ཟ་ཁང་བཟུང་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བའི་ཨ་མདོ་བ་ཞིག་གིས་བརྗོད་དོན། རྡ་རམ་ས་ལར་འདི་ལྟ་བུའི་མི་མང་པོ་འཛོམས་པ་ད་རེས་མ་གཏོགས་མཐོང་མ་མྱོང་། ང་ལ་བྲེལ་བ་ཅུང་ཆེ་བས་བརྟན་བཞུགས་གྲོལ་བ་དང་ཕྱིར་ཡོང་བ་ཡིན་མོད། ནམ་རྒྱུན་སྐར་མ་བཅུའི་ལམ་ཐག་ལ་དེ་རིང་ཆུ་ཚོད་གཅིག་ལྷག་འགོར་སོང་། གཙུག་ལག་ཁང་གི་ཉེ་འཁོར་ལ་འདི་འདྲའི་མང་པོ་ཞིག་ཅི་ལྟར་ཤོང་སོང་བ་ཡིན་ནམ། ང་ཡ་མཚར་སྐྱེས་སོང་ཟེར། དངོས་གནས་ཁོང་གིས་བཤད་པ་ལྟར། བདག་ཀྱང་༸གོང་ས་མཆོག་གི་གསུང་ཆོས་དང་། བོད་མི་གཞུང་སྒེར་གྱི་ལས་འགུལ་དུས་དྲན་སོགས་རྡ་རམ་ས་ལའི་འདུ་འཛོམས་མང་པོ་ཞིག་ལ་བཅར་མྱོང་མོད། ཐེངས་འདི་ལ་དམིགས་བསལ་མི་མང་པོ་འཛོམས་ཡོད་པའི་ཚོར་སྣང་བྱུང་།

ཚེས་ཉེར་གཉིས་ཉིན་མདོ་སྨད་གཞིས་བྱེས་གཉིས་ནས་གསོལ་བ་ནན་ཏན་བཏབ་ཅིང་། ལོ་ངོ་གསུམ་རིང་ལ་གྲ་སྒྲིག་བྱས་པའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་གྱ་སྟོན་དངོས་གཞི་ཚུགས། གུས་པ་བདག་ཀྱང་ཞོགས་པ་སྔ་པོ་ནས་དགའ་སྟོན་གྱི་མཛད་སྒོར་བཅར། བདག་གིས་སྔོན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་འགན་ཁུར་མྱོང་བས་གོ་སྒྲིག་ཚོགས་ཆུང་གིས་སྐུ་མགྲོན་གྱི་ལག་ཁྱེར་གནང་ཡོད་པ་ལྟར། ༸གོང་ས་མཆོག་གི་བཞུགས་ཁྲི་དང་ཁད་ཉེ་བའི་སྡོད་ས་ཡག་པོ་ཞིག་ཐོབ་སོང་།

མཛད་སྒོའི་བཀོད་པ་ནི་བོད་མདོ་སྨད་ཀྱི་ཐུན་མིན་གྱི་ལུགས་སྲོལ་རྨང་གཞིར་བཞག་ཡོད་པ་དང་། ཞུན་དང་། ཐུད། གོ་རེའམ་བག་ལེབ། ཤིང་ཏོག མངར་མོའི་རིགས་སྣ་ཚོགས་བཅས་དཀར་ཟས་ཀྱི་བཟའ་བ་དང་བཅའ་བའི་རིགས་སྣ་ཁ་མང་ཞིང་། བཀོད་པ་ལེགས་པར་བཤམས་འདུག་ལ།

གདན་ཆའི་བཀོད་པ་དང་། བཞུགས་ཁྲིའི་གྲལ་རིམ་སྒྲིག་ཚུལ་སོགས་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་འཛོམས་པ་དང་། མདོ་སྨད་ཡུལ་སྲོལ་གྱི་རང་མདངས་ལྷག་པར་མངོན་པའི་སྣང་བ་བྱུང་ལ། མི་རེ་འགས་གཙུག་ལག་ཁང་དུ་ལོ་ངོ་འདི་སྙེད་ཀྱི་རིང་མཛད་སྒོ་ཆེ་ཆུང་ཧ་ཅང་མང་པོ་ཞིག་འཚོགས་ན་ཡང་། གནས་འདིར་འདི་ལྟ་བུའི་གོ་སྒྲིག་འཐུས་ཚང་པོ་ཞིག་བྱུང་བ་མཐོང་མ་མྱོང་ཟེར་མཁན་ཀྱང་འདུག། གང་ལྟར། བཙན་བྱོལ་གནས་སྟངས་ཉམས་ང་བོ་འདི་འདྲ་ལ་བལྟས་ན། གོ་སྒྲིག་ཧ་ཅང་ལེགས་པོ་བྱུང་འདུག་བསམ་པ་བྱུང་།

༸གོང་ས་ཐམས་ཅད་མཁྱེན་པའི་བཞུགས་ཁྲི་ནི། སྒོར་དབྱིབས་ཀྱི་གྲལ་དབུས་ནས་ཞལ་མང་ཚོགས་ལ་འཁོར་ནས་ཡོད་ཅིང་། གཡས་གཡོན་ནས་རིམ་པ་བཞིན་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། གཞུང་སའི་སྲིད་སྐྱོང་དང་ཚོགས་གཙོ། བཀའ་བློན་རྣམ་པ། གྲོས་ཚོགས་འཐུས་མི་སོགས་ད་ལྟའི་ཆར་ས་སྒང་རིལ་མོ་འདིའི་ཐོག་གངས་ལྗོངས་བོད་པ་ཚང་ལ་ཡོད་པའི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་མིང་གདགས་ས་ཡོད་པ་ཕལ་མོ་ཆེའི་སྐུ་དངོས་སམ། ཡང་ན་སྐུ་ཚབ་འཛོམས་འདུག་ལ། གྲལ་གྱི་གོ་རིམ་དང་། གདན་ཆ་དང་སྒྲོག་ཙེ། བཟའ་བཅའི་རྣམ་གྲངས་དང་བཀོད་པ། ས་གདན་དང་། རྒྱབ་ངོས་ཀྱི་རི་མོ་དང་། ཤིས་བརྗོད་ཀྱི་ཚིགས་བཅད་སྣ་ཚོགས་སོགས་མདོར་ན་ཕྱི་ནང་གི་སྣོད་བཅུད་ཚང་མ་བཀྲ་ཤིས་ཤིང་། གཟི་བརྗིད་ལྡན་པ། བག་ཕེབས་ཤིང་། ཉམས་དགའ་བ་ཞིག་འདུག

ལྷག་པར་དུ་༸གོང་ས་ཐམས་ཅད་མཁྱེན་པས་ཐུགས་དགྱེས་ཉམས་ཆེན་པོས་ཁོང་གི་འཁྲུངས་ཡུལ་མདོ་སྨད་ཡིན་པ་དང་། དགུང་ལོ་བརྒྱད་ཅུར་སླེབས་པའི་གྱ་སྟོན་ཡིན་ཚུལ་སོགས་ལས་དབུ་བསླངས་ཤིང་། ལྷག་པར་དུ་འཛམ་གླིང་ཁྱོན་འདིར་དབང་སྒྱུར་བས་གཉའ་གནོན་མྱོང་བའི་གནས་སྟངས་མང་པོ་ཡོད་པའི་ནང་ནས། གྲངས་ཉུང་མི་རིགས་སྤྱི་དང་། ཁྱད་པར་དུ། ཨ་རི་དང་། ཨོ་སི་ཁྲི་ལི་ཡ། ཐའེ་ཝན་སོགས་ཀྱི་གདོད་མའི་མི་རིགས་ཀྱི་ཉམ་ཐག་པའི་གནས་སྟངས་དང་། ཤེས་ཡོན་མེད་པ་དང་། དབུལ་ཕོངས་ཡིན་པ། འཕྲོད་བསྟེན་འདུ་ཤེས་ཞན་པ། རང་བཀུར་གཏིང་ནས་ཉམས་པ་སོགས་བོད་མི་རིགས་ལའང་གཅིག་མཚུངས་སུ་ཡོད་པའི་དཀའ་ངལ་དག་དཔེར་དྲངས་ནས། རང་ཉིད་ཡར་ཐོན་དགོས་ན། ཐོག་མར་རང་སྐྱོན་ངོས་ཟིན་དང་བཅོས་སྒྱུར་ནས་མགོ་རྩོམ་དགོས་པ་དང་། དོན་དངོས་གཉའ་ནོན་མྱོང་བཞིན་པའི་གྲངས་ཉུང་མི་རིགས་སོགས་ཉམ་ཆུང་རྣམས་ཀྱིས་ཕན་ཚུན་རོགས་འདེགས་དང་། དཀའ་སྡུག་ལ་གདོང་ལེན་བྱེད་དགོས་པའི་བཀའ་སློབ་གསེར་གྱི་ཞུན་ཐིག་ལྟ་བུ་གནང་ཞིང་། མང་ཚོགས་དང་མཉམ་དུ་བཞེས་ལག་མཆོད་པ་དང་།

མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཡུལ་སྲོལ་ལྟར་གྱི་གླུ་དང་། རྡུང་ལེན། གླུ་དབྱངས། ཞབས་བྲོ། རྩེད་རིགས། བཤད་པ་སོགས་ཡིད་དུ་འོང་བའི་རིག་གནས་དང་སྒྱུ་རྩལ་གྱི་མཆོད་པ་ཕུལ།

༸གོང་ས་མཆོག་སྐུ་དངོས་ཀྱིས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་འབྲི་བཞེངས་བྱས་པའི་<<མཛད་བརྒྱ་མཐོང་པ་དོན་ལྡན>> གྱི་སྐུ་ཐང་ཞལ་ཕྱེས་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་<<དེབ་ཐེར་ནོར་བུའི་ཕྲེང་བ།>> དང་། ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་དེབ་<<པཎ་ཆེན་སྣང་བ་མཐའ་ཡས་>> དབུ་འབྱེད་གནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐུའི་གྱ་སྟོན་དྲན་རྟེན་གསེར་གྱི་རྟགས་མ་དབུ་འབྱེད་དང་འབྲེལ་༸གོང་ས་མཆོག་ལ་ཕུལ་བ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཆེ་བ་དང་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་བ་སོགས་ཐེངས་འདིའི་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་གྱ་སྟོན་མཛད་སྒོ་དེ། བཀྲ་ཤིས་ཤིང་བརྗིད་ཆགས་པ་ཞིག་བྱུང་ཞིང་།

མཛད་སྒོར་ཞུགས་པའི་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་སྣ་ཚོགས་དང་། བོད་མི་སེར་སྐྱ་མཐའ་དག་པ་དགའ་བའི་འཛུམ་མདངས་འཚེར་འཚེར་ངང་མཛད་སྒོ་གྲོལ།

མཛད་སྒོའི་ལེའུ་གཞན་ཞིག་ལ། གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་འཛམ་གླིང་རྒྱལ་ཁབ་ཁག་གིས་གོང་བཀུར་ཆེ་བསྟོད་དུ་ཕུལ་བའི་རྟགས་མ་རྣམས་དང་། ཁོང་གི་གསུང་རྩོམ་དང་ཟིན་བྲིས་སོགས་འཛམ་གླིང་གི་སྐད་རིགས་མི་འདྲ་བའི་ནང་བཞུགས་པའི་དེབ་ཕྲེང་ལྔ་བརྒྱ་དགུ་བཅུ་གོ་དགུ་ཙམ་འགྲེམས་སྟོན་གནང་།
མཚན་མོར་མདོ་སྨད་ཆོལ་ཁས་གོ་སྒྲིག་གནང་བའི་<<གསེར་མདོག་གི་བཞུད་ལམ>> ཞེས་པའི་དགོང་ཚོགས་གྲ་རྒྱས་ཕུན་སུམ་ཚོགས་པའི་ལྟད་མོ་བཤམས་ཤིང་། ༸རྒྱལ་དབང་ཀརྨ་པ་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ། དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་གཙོས་པའི་བོད་མི་སྐྱབས་བཅོལ་བའི་ཆོས་སྲིད་ཀྱི་དབུ་ཁྲིད་ཧ་ཅང་མང་པོ་དགོང་ཚོགས་ལ་ཞུགས།

དགོང་ཚོགས་ཀྱི་གར་སྟེགས་མཛེས་བཟོ་དང་། གླུ་གར་ཞབས་བྲོའི་བརྗོད་དོན་སོགས་གནའ་དེང་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དང་། ལྷག་པར་དུ་མདོ་སྨད་དམངས་སྲོལ་གྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་བཀྲ་བས་ཕྱོགས་མཐའི་ལྟད་མོ་བ་ཚོས་དགའ་སྤྲོའི་རྣམ་འགྱུར་ཆེན་པོ་ཐོབ་པར་གྱུར། ཉིན་གསུམ་གྱི་རིང་ལ་མདོ་སྨད་དགྱེས་འཛོམས་ཆེན་མོ་སྟེ། སྐབས་དེར་བཞུགས་སྒར་དུ་འཛོམས་པའི་མདོ་སྨད་པ་ཡོངས་རྫོགས་མཉམ་དུ་འཛོམས་ནས་༸གོང་ས་ཐམས་ཅད་མཁྱེན་པ་དགུང་ལོ་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་གྱི་ཡོ་ལང་སྣ་ཚོགས་བརྩམས་ཤིང་། བོད་མིའི་སྐྱོ་སྡུག་གི་ལོ་རྒྱུས་དང་། མ་འོངས་པའི་ཁ་ཕྱོགས། ད་ལྟའི་གནས་བབ་སོགས་ལས་བརྩམས་པའི་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་སོགས་ཀྱང་མཛད།

མདོར་ན་བཙན་བྱོལ་དུ་གྱར་བའི་མི་ལོ་ལྔ་བཅུ་ལྷག་གི་རིང་། འཆར་གཞི་ལྡན་ལ། འཐུས་ཚང་བ། བོད་དམངས་སྲོལ་རིག་གནས་ཀྱི་རོ་བྲོ་འཛོམས་པ་སོགས། ཁྱད་འཕགས་རང་བཞིན་གྱི་མཛད་སྒོ་དེ་ལྟ་བུ་ཞིག་འཚོགས་མྱོང་མེད་པའི་ལེའུ་གསར་བ་ཞིག་གི་སྒོ་མོ་ཕྱེས་ཤིང་། མཛད་སྒོའི་གཙོ་བོའམ་ནང་དོན་གྱི་གཙོ་བོ། ཡང་ན་༸གོང་ས་ཐམས་ཅད་མཁྱེན་པ་མཆོག་སྟེ། རང་མི་རིགས་ཀྱི་སྲོག་སྙིང་ཁོང་ཉིད་ཀྱང་སྐུ་གཟི་མདངས་ཁྲ་མེར་བཞུགས་ཤིང་། རང་ཉིད་ཀྱང་འདི་འདྲ་བའི་མཛད་སྒོར་དངོས་སུ་ཞུགས་རྒྱུ་བྱུང་བ་ནི་སྐལ་བ་བཟང་སོང་སྙམ་པའི་དགའ་སྤྲོ་གནོན་དཀའ་བ་ཞིག་བྱུང་།

ཡང་བསམ་བློའི་དྲན་ཕྱོགས་གཞན་ཞིག་ལ། དད་པ་དང་དམ་ཚིག་གཡོ་པ་མེད་པའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་འདི་ལྟ་བུའི་སྐལ་བཟང་ལ་ནམ་ཞིག་ལོངས་སྤྱོད་ཐུབ་བམ་སྙམ་པ་དང་། འདི་ལྟ་བུའི་ཆོས་ཀྱི་མཆོད་པའི་མཛད་སྒོ་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་མཉམ་ཞུགས་ཀྱི་སྐལ་བ་མ་བྱུང་བ་མ་ཟད། ཐ་ན་རང་ལུས་ཚུན་ཆད་མེར་བསྲེགས་ཀྱིས་རང་གི་ཕ་ཡུལ་དང་། རང་གི་རིག་གཞུང་། རང་གི་ཆོས་ལུགས་སོགས་ཀྱི་ཚེ་སྲོག་སྐྱོབ་པར་འབད་ཀྱི་ཡོད་ལ། ༸གོང་ས་ཐམས་ཅད་མཁྱེན་པ་གཙོས་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁག་དང་མི་དམངས་མང་པོ་དང་བཅས་བཙན་བྱོལ་དུ་གྱར་ནས་ལོ་ངོ་འདི་སྙེད་ཀྱི་རིང་། རྒྱལ་སྤྱིའི་ཁྱོན་དུ་སྐྱབས་བཅོལ་ཞུ་གཏུག་དང་། དཔུང་འཚོལ་ཉེན་སྐྱོབས་ཀྱི་དཀའ་སྡུག་ཁྲོད་གནས་བཞིན་པ་སོགས་བསམ་ན། སྐྱོ་ནས་མིག་ཆུ་ཐེངས་འགའ་འཐོར་བར་གྱུར།

མདོར་ན་རང་རེའི་མི་རིགས་ལ་ད་ལྟ་སུན་སྣང་མེད་ལ། འཇིགས་ཞུམ་བྲལ་བ། བློ་གཤོག་ཡངས་ཤིང་། ཐབས་ཤེས་ཀྱིས་ཕྱུག་པ། སྙིང་རྗེ་ཆེ་ཞིང་མི་གཞི་ལྡན་པའི་རླབས་ཆེ་བའི་དབུ་ཁྲིད་༸གོང་ས་བཅུ་བཞི་བ་ཆེན་པོ་བཞུགས་ཤིང་། ཁོང་སྐུ་ན་ཧ་ཅང་ཆུང་སྐབས་ནས་བོད་ཀྱི་རང་དབང་ཤོར་ཏེ་སྐྱབས་བཅོལ་བའི་ཁྲོད་དུ་དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་དགོས་བྱུང་། དུས་རབས་ཀྱི་འགྱུར་བ་དང་། རྒྱལ་སྤྱིའི་སྲིད་དོན་དང་དཔལ་འབྱོར་གྱི་གནས་སྟངས། བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་དུས་རབས་རིམ་བསྟུད་དུ་བྱུང་བའི་འཐུས་ཤོར་མང་པོའི་མཇུག་འབྲས་དུས་གཅིག་ལ་རྡོལ་བ་ལྟ་བུའི་འགལ་རྐྱེན་མང་པོ་རྐྱ་འཐབ་སྟེ། ང་ཚོའི་མི་རིགས་ཀྱི་རང་དབང་ད་དུང་ཡང་སླར་གསོ་ཐུབ་མེད་མོད། ༸གོང་ས་བཅུ་བཞི་བ་ཆེན་པོས་ཕུགས་རྒྱང་རིང་པོར་གཟིགས་པའི་མཁྱེན་རྒྱ་དང་། སྐབས་དང་དུས་སུ་བབས་པའི་ལམ་སྟོན་ཡང་དག་གནང་བའི་མཇུག་འབྲས་ལ། བོད་མཐོ་སྒང་གི་ཁ་འཐོར་མི་རིགས་འདི་བསམ་ཕྱོགས་གཅིག་ལ་འཁོར་ཞིང་། བོད་རིགས་ཡོད་དོ་ཅོག་གིས་དཀའ་སྡུག་གི་ལས་དབང་གཅིག་ལ་གདོང་གཏོད་ཐུབ་ཡོད་པ་འདི་མུ་མཐུད་རྒྱུན་བསྐྱངས་ཚེ། ནམ་ཞིག་ན་བོད་མི་རིགས་ལ་ཡོད་འོས་པའི་རང་ཉིད་ཀྱི་བསྐོས་སྐལ་དེ་ངེས་པར་ཐོབ་ངེས་སྙམ་པ་བཅས་ཟིན་ཐོ་འདི་གནས་སྐབས་མཇུག་བསྡུ་བར་བྱའོ། །

སྤྱི་ལོ་༢༠༡༥ སྤྱི་ཟླ་༧ པའི་ནང་བསྐྱར་བཅོས་རྫོགས།

ལྷུག་རྩོམ།

Post navigation

Previous Post: ཧོང་ཀོང་བཀའ་བརྒྱུད་སྨོན་ལམ་གྱི་གནས་ཚུལ།
Next Post: དོ་ཧ་མི་དགོས་རྣམ་དགུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme