Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།

Posted on 2010-06-222010-06-24 By ཁ་བརྡ་ 32 Comments on ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།

bus-cardབཅར་འདྲི་ཞུ་ཡུལ། དོན་གྲུབ་ཚེ་རིང་།
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།

༡ ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་འགྲིག་གམ།
ལན། འགྲིག་དང་འགྲིག ངའི་མིང་ལ་དོན་གྲུབ་ཚེ་རིང་ཟེར། ང་སྐྱེས་ས་མདོ་སྨད་འབའ་མང་ར་ཡིན། ད་ལྟའི་སྡོད་གནས་ཨ་རིའི་བྱང་ཀ་ལི་ཕོ་ཉའི་(Northern California)ནང་གི་མཚོ་སྡེ་གྲོང་ཁྱེར་(Richmond)ཡིན།
༢ ཁྱེད་རང་ལ་དྲ་ལམ་བརྒྱུད་རྩམ་པ་བཙོང་རྒྱུའི་བསམ་བློ་དེ་ཇི་ལྟར་འཁོར་སོང་ངམ།
ལན། ཁ་དཔེ་ལ་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཟེར་བ་བཞིན། རང་གི་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་ཇི་ཙམ་མང་བ་སོང་བ་དེ་ཙམ་གྱིས་རང་གི་ཕ་ཡུལ་དང་ཕ་ཟས་ཤིན་ཏུ་དྲན། རང་གི་ཡུལ་དེ་རང་གི་ལག་ལ་ཡོང་རྒྱུ་དཀའ་ན་ཡང་། འབད་བརྩོན་དུ་མ་ལ་བསྟེན་ནས་རང་གི་ཕ་ཟས་རྩམ་པ་ཚད་ལྡན་ཞིག་བཟོ་ཐུབ་པ་བྱུང་། རང་ཉིད་སྒེར་གྱི་ཚོར་བ་དང་ཉམས་མྱོང་འདི་དག་གཞི་ལ་བཞག་ནས་། ཕྱི་ལོགས་སུ་ཡོད་པའི་བོད་རིགས་དང་དང་རྩམ་པ་དགའ་མཁན་དག་ལ་སྟབས་བདེ་བོའི་སྒང་ནས་ང་ཚོའི་ཕ་ཟས་དེ་མཁོ་སྤྲོད་བྱེད་ཐུབ་རྒྱུར་དམིགས་ནས་དྲ་ལམ་བརྒྱུད་རྩམ་པ་བཙོང་རྒྱུའི་བསམ་བློ་འདི་ཐོག་མར་འཁོར་བ་ཡིན།
༣ རྩམ་པའི་ཚོང་ལས་འདི་འགོ་འཛུགས་བྱེད་དུས་དཀའ་ངལ་ག་རེ་འཕྲད་སོང་ངམ།
ལན། དཀའ་ངལ་མང་པོ་ཞིག་འཕྲད་སོང་། སྤྱིར་ཟ་ཁང་ལྟ་བུ་ཞིག་ཡིན་ན། ས་གནས་དེ་གའི་འཕྲོད་བསྟེན་ལས་ཁུངས་ཀྱི་མཆོག་མཆན་དང་ཚོང་གཉེར་འཛིན་ཡིག་ཡོད་ན་འགྲིག་མོད། ངེད་ཚང་གི་རྩམ་པ་ནི་མངའ་སྡེ་འདི་བརྒལ་ནས་ཨ་རིའི་རྒྱལ་ཡོངས་ལ་གཏོང་གི་ཡོད་པས། མཆོག་མཆན་དང་སྟངས་འཛིན་ཚང་མ་མངའ་སྡེ་གཞུང་གིས་བྱེད་ཀྱི་ཡོད། ནས་བརྔོ་བ་དང་འཐག་པ། གཙང་ཉར་དང་སྣོད་འཇུག་སོགས་ཚང་མ་འཕྲོད་བསྟེན་ལས་ཁུངས་ཀྱི་བརྟག་དཔྱད་ཆ་ཚང་བའི་ཆེད་བཙུགས་ཐབ་ཚང་བརྒྱུད་བྱེད་དགོས། འདིའི་སྒང་ལ་དཀའ་ངལ་མང་པོ་འཕྲད་སོང་། ང་རང་རྩམ་པ་ལ་དུངས་ཆེ་བ་དང་རྩམ་པ་བོད་མི་རིགས་ལ་དྲིན་ཆེ་བ་སོགས་བྲལ་མི་ཕོད་པའི་འབྲེལ་བ་ཟབ་མོ་ཞིག་གིས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་ཐུབ་པ་བྱུང་།
༤ བོད་ལ་རྩམ་པའི་རིགས་ཁ་ཤས་ཡོད་པ་ནས་ ( དཔེར་ན། ནས་རྩམ་དང་སྲན་རྩམ་ལྟ་བུ། ) ཁྱེད་ཚོས་བཟོ་བཞིན་པའི་རྩམ་པ་དེ་རིགས་གང་ཡིན། ངོ་སྤྲོད་ཅིག་གནང་རོགས།
ལན། བོད་ལ་རྩམ་པའི་རིགས་མང་པོ་ཡོད་པའི་ནང་ནས་བོད་ས་ཡོངས་རྫོགས་ལ་དར་ཁྱབ་ཆེ་བ་དེ་ནས་རྩམ་རེད། ངེད་ཚང་གིས་བཟོ་བཞིན་པའི་རྩམ་པ་དེ་ཡང་ནས་རྩམ་ཡིན། འོན་ཀྱང་། རྒྱ་བལ་འབྲུག་གསུམ་ཏུ་མ་རྨས་ལོ་ཏོག་གི་རྩམ་པ་དང་ཨ་ཞམ་གི་རྩམ་པ་དེ་དར་ཁྱབ་ཤིན་ཏུ་ཆེ་བས། དེ་དགོ་མཁན་ཡོད་ན་དེ་མངགས་ཆོག་ཞུས་ཡོད། རྩམ་པ་ལ་ཡང་ས་ཁུལ་གྱི་དབང་གིས་དགའ་ཕྱོགས་གཉིས་འདུག མདོ་སྟོད་སྨད་གཉིས་སུ་རྩམ་པ་རགས་མོ་ལ་དགའ་བོ་བྱེད་ལ་དབུས་དང་གཙང་གི་ཕྱོགས་སུ་རྩམ་པ་ཞིམ་མོ་ལ་དགའ་བོ་བྱེད་ཀྱི་འདུག དེ་ཡང་གཙོ་བོ་ས་ཁུལ་དེ་དག་གི་རྩམ་པ་ཟ་སྟངས་དང་འབྲེལ་འདུག ངས་རྩམ་པ་དེ་གཉིས་ལ་སྤྱིར་བཏང་གི་རྩམ་པ་དང་ཨ་མདོའི་རྩམ་པ་ཞེས་མིང་བཏགས་ཡོད། སྤྱིར་བཏང་རྩམ་པ་དང་ཨ་མདོའི་རྩམ་པ་གཉིས་ལ་རགས་ཞིབ་ཀྱི་ཁྱད་པར་མ་གཏོགས་གཞན་དམིགས་བསལ་ཁྱད་པར་མེད། དེ་གཉིས་ལ་ནས་དཀར་གྱི་རྩམ་པ་དང་ནས་ནག་གི་རྩམ་པ་བཅས་གཉིས་གཉིས་བྱས་ནས་བཞི་ཡོད།
༥ ཁྱེད་ཀྱིས་དྲ་ལམ་བརྒྱུད་རྩམ་པ་བཙོང་རྒྱུ་འགོ་བཙུགས་པ་དང་རྩམ་པ་ཉོ་མཁན་ཇེ་མང་ལ་ཕྱིན་སོང་ངམ།
ལན། བཤད་ཁག་པོ་འདྲ་ཞིག་འདུག སྤྱིར་བཏང་ང་རང་གིས་དམིགས་ས་དེ་བོད་མི་དག་ལ་དམིགས་པ་ཡིན་མོད། དྲ་ལམ་ནས་ཉོ་མཁན་མང་ཆེ་བ་བོད་མི་མ་རེད། ཡང་ཁ་པར་བརྒྱུད་མངགས་མཁན་དང་ས་གནས་སུ་ཉོ་མཁན་མང་ཆེ་བ་བོད་མི་རེད། ཕལ་ཆེར་བོད་པའི་སྤྱི་ཚོགས་སུ་ད་དུང་ཡང་དྲ་ལམ་ནས་ཉོ་ཚོང་བྱེད་རྒྱུའི་གོམས་གཤིས་དེ་ཤུགས་ཆེན་པོ་དར་མེད་པས་རེད་འདོད། ཉོ་མཁན་ལ་ངེས་བ་མེད་ཀྱང་ས་ག་ཟླ་བའི་ནང་ཉོ་མཁན་མང་པོ་འདུག
༦ ཁྱེད་ཀྱིས་བཟོ་བཞིན་པའི་རྩམ་པ་ལ་དམིགས་བསལ་གྱི་ཁྱད་ཆེས་ག་རེ་ཡོད།
ལན། ངེད་ཚང་གིས་བཟོ་བཞིན་པའི་རྩམ་པ་ལ་དམིགས་བསལ་གྱི་ཁྱད་ཆོས་འདྲ་བོ་གཉིས་བཤད་ན་འདོད། གཅིག་དཀའ་ངལ་དང་འགྲོ་སོང་ལ་མ་འཛེམས་པར་རྩམ་པའི་རྒྱུ་ཆ་ལེགས་བདམས་བྱས་ཡོད།
ཨ་རིའི་ཚོང་ར་ན་ནས་ཀྱི་རིགས་མང་པོ་འདུག སྲོག་ཆགས་གི་བཟའ་ཆས་ལ་སྟེར་རྒྱུའི་ནས་དང་མིས་ཟ་རྒྱུའི་ནས། མིའི་ཟ་ཆོག་པ་ཡིན་ཡང་དེའི་ནང་ན་ཡང་རྫས་སྐྱེས་ཀྱི་ནས་དང་རྗས་རིགས་ཀྱིས་མ་ལྷད་པར་རང་བྱུང་ལྷན་སྐྱེས་ཀྱི་ནས་རིགས་བཅས་ཁག་མི་འདྲ་བ་མང་པོ་འདུག དེ་དག་ཚང་མ་ཕྱི་རོལ་ནས་བལྟས་ན་ཁྱད་པར་ཆེན་པོ་མེད་རུང་། གོང་ཚད་ཀྱི་ཐད་ཁྱད་པར་ཧ་ཅང་ཆེན་པོ་རེད། མིའི་གཟུགས་པོའི་འཕྲོད་བསྟེན་གྱི་སྐོར་ལ་བཤད་མི་དགོས་བ་རེད།
ངེད་ཚང་གིས་ནས་དེ་(Whole Food Market) བརྒྱུད་ནས་ཉོ་གི་ཡོད། ཁོང་ཚོའི་ནས་དཀར་དེ་ཁ་ཎ་སྒྲ་དང་ནས་ནག་དེ་ཨར་རྗིན་ཁྲེས་ན་ནས་ཡོང་གི་ཡོད། རྫས་རིགས་ཀྱི་ལྷད་མེད་པར་རང་བྱུང་གི་དྲོད་གཤེར་ལ་བསྟེན་ནས་སྐྱེས་བས་རྒྱུ་ཆ་ཕུན་སུམ་ཚོགས་པ་རེད། ང་ཚོ་བོད་ཀྱི་སྲོལ་རྒྱུན་ལྟར་ནས་ཆུ་རིས་བྱས་ཏེ་ནས་བཤུན་ཕུད། ནས་བྱེ་བརྔོས་བྱས་ནས་རྡོ་འཁོར་ལ་དྲངས་ནས་འཐག་གི་ཡོད།
༧ རྩམ་པ་ཟོས་ན་གཟུགས་གཞི་བདེ་ཐང་ལ་ཕན་ནུས་ག་རེ་ཐོན་གི་རེད།
ལན། ཚན་རིག་པ་དང་གསོ་རིག་པ་མང་ཚོས་མགྲིན་གཅིག་ཏུ་རྩམ་པ་ལ་ཟས་རིགས་གཞན་ལ་མེད་པའི་ལུས་སྟོབས་བསྐྱེད་བྱེད་དང་ནད་རིགས་འགོག་ནུས་ཀྱི་གསོ་བྱེད་ནུས་བ་དམིགས་བསལ་བ་ཞིག་ཡོད་པར་བརྗོད་ཀྱི་ཡོད། ༧གོང་ས་མཆོག་གིས་ཀྱང་བོད་ཀྱི་རྩམ་པ་འདི་ཟས་རིགས་གཞན་དང་མི་འདྲ་བའི་ཆེ་བསྟོད་མང་པོ་གནང་འདུག ལྷག་པར་དུ་གཅིན་མངར་གྱི་ན་ཚ་ལ་ཤིན་ཏུ་ཕན་པར་འདོད། སྨན་གཞུང་ནས་གསུངས་བའི་རྩམ་པའི་ཕན་ནུས་མདོར་བསྡུས་ཤིག་ང་ཚོའི་དྲ་ངོས་སུ་བཞག་ཡོད། ང་ཚོ་བོད་ཀྱི་རྩམ་པ་དེ་རྒྱའི་ཚོང་ཁང་ནང་གི་འགྱིག་ཤོག་དབར་གྱི་ཉ་སྐམ་པོ་དང་ཤེལ་དམ་ནང་གི་འབུ་གསོན་པོ་ལྟ་བུ་མ་ཡིན་པར། འཕྲོད་བསྟེན་དང་བྲོ་བ་གང་ཅིའི་ཐད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། སུ་ཞིག་གིས་བོད་ཀྱི་ཟ་མ་ངོ་མ་དེ་ཅི་རེད་ཞེས་དྲིས་ཚེ། རྩམ་པ་ཞེས་ང་ཚོས་སྤོབས་པའི་སྒོ་ནས་བཤད་ཆོག་གི་རེད།
༨ ད་ཕན་ཁྱེད་ཚོའི་རྩ་ནས་རྩམ་པ་ཉོ་མཁན་ཚོས་ཁྱེད་ཚོའི་རྩམ་པར་དགའ་མོས་གནང་གི་འདུག་གམ།
ལན། དགའ་བོ་གནང་གི་འདུག ལྷག་པར་དུ་མི་རྒན་པ་ཚོའི་ནང་ན་དགའ་བོ་གནང་མཁན་མང་པོ་འདུག མང་པོ་ཞིག་གིས་རྒྱ་བལ་འབྲུག་གསུམ་ནས་ཚུར་ཡོང་མཁན་དེ་འདྲར་རྩམ་པ་རེ་འཁྱེར་ཤོག་ལབ་ཀྱང་གནམ་ཐང་ནས་རྙོག་དྲ་མང་པོ་རེད། ད་ཡིན་ན་དཀའ་ངལ་དེ་སེལ་ཚར་རེད། གསུངས་ནས་དགའ་བོ་བྱེད་མཁན་དང་། ཡང་སྐོར་ཞིག་གིས་འདི་ནས་ས་གནས་གཞན་ལ་གཉེན་འཕྲད་ལ་བསྐྱོད་པའམ་ལེགས་སྐྱེས་སུ་འཁྱེར་ནས་འགྲོ་མཁན་མང་པོ་འདུག་ལ།
ཁྱེད་ཚོའི་རྩམ་པ་དེ་ཕྱིའི་བཟོ་བཀོད་གཅིག་པོའི་སྒང་ནས་ཀྱང་སྤུས་ལེགས་པོ་དང་སྙིང་རྗེ་བོ་ཡོད་པས་། དེ་ང་ཚོ་ས་གནས་འདིའི་བོད་མིའི་ཁྱད་ཆོས་ཤིག་རེད་གསུངས་ནས་དགའ་མོས་གནང་མཁན་ཡང་འདུག
༩ ཕྱི་རྒྱལ་ལུང་བར་ཡོད་པའི་བོད་མིས་ཚོས་ཁྱེད་ཚང་ནང་བཞིན་ཚོང་ལས་ཆུང་ཚགས་ཀྱི་རིགས་གཉེར་རྒྱུ་གལ་ཆེན་པོར་མཐོང་གི་འདུག་གམ།
ལན། ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་བོད་རང་ལ་ཡོད་པའི་སྲོལ་རྒྱུན་གྱི་ལག་རྩལ་དང་ཤེས་བྱའི་རིགས་དེ་དག་བེད་སྤྱོད་བྱས་ནས་རང་ཉིད་སྡོད་སའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའམ་སྒེར་གཉེར་གྱི་ཚོང་ལས་ཆུང་ཚགས་དེ་འདྲ་འཛུགས་ཐུབ་ན། རང་ཉིད་སྒེར་ལ་ཕན་པ་ཙམ་མ་ཟད་བོད་མིའི་སྲོལ་རྒྱུན་རྒྱུད་འཛིན་ལ་ཡང་ཕན་ཐོགས་ཡོད། ཚོང་གི་ཁེ་བཟང་འབོར་ཆེན་བཟོ་མ་ཐུབ་རུང་རང་གི་ཁྱིམ་ཚང་ནས་སོ་སོའི་སྲོལ་རྒྱུན་སྣ་གཅིག་ཡིན་རུང་ཉར་གང་ཐུབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དྲན།

༡༠ མ་འོངས་བར་ཁྱེད་ཚོའི་རྩ་ནས་རྩམ་པ་ཉོ་མཁན་ཚོའི་ཆེད་དུ། བོད་ཀྱི་དྲ་ལམ་རྩམ་པ་ཚོང་ཁང་ལ་འབྲེལ་བ་གནང་སའི་ཁ་པར་ཨང་གྲངས་དང་གློག་འཕྲིན། དྲ་བྱང་། ཡིག་ཟམ་བཅས་འདི་རུ་བཀོད་ན་འགྲིག་གམ།
ལན།འགྲིག་དང་འགྲིག ཁ་པར་ཨང་གྲངས། ༥༡༠ ༢༣༠ ༨༡༥༢ གློག་འཕྲིན་ཨང་གྲངས། ༥༡༠ ༦༤༢ ༡༩༤ ཡིག་ཟམ།tibetantsampa@gmail.com དྲ་བྱང་། www.tibetantsampa.com

བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།

བཅར་འདྲི།

Post navigation

Previous Post: སྒོམ་སྡེ་ལྷ་རམས་པའི་ཁ་སྟངས་སྟོངས་སྐད།
Next Post: ཀརྨ་བསམ་གྲུབ་ཀྱིས་སུ་ལ་གནོད་སོང་།

Comments (32) on “ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།”

  1. chime in italy says:
    2010-06-22 at 9:01 pm

    tashi delek
    good . tsampa is important our country

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-06-22 at 11:44 pm

    རང་འཚམས་ཀྱི་ལས་གནས་ཤིག་གི་སྒོ་ཕྱེས་ཏེ་རྒྱ་ཆེར་ཚོང་འགྲེམས་བྱེད་བཞིན་པར་རྟེན་འབྲེལ་ཞུ།

  3. འབྲོང་རྒོད། says:
    2010-06-23 at 1:41 am

    རྩམ་པ་ཚོང་བསྒྱུར་གྱི་སྐོར་ལ་ངས་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང།
    རང་དོན་བཀོར་ཙེ་དང་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་གང་ལྟར་རྩམ་པའི་ཚོང་གཉེར་ཚེ་རྒྱལ་སྤྱིའི་ཚོང་གི་འགྲོས་དང་མཐུན་པར་བྱ་རྒྱུ་གལ་བ་ཆེན་པོ་རེད།
    དཔེར་ན།
    རྩམ་པའི་རྒྱུ་ཆའི་ངོ་སྤྲོད།
    རྩམ་པ་ཇི་ལྟར་བྱས་ནས་བཟོ་བསྐྲུན་བྱས་མིན།
    རྩམ་པའི་ནང་ལ་རྫས་སྦྱོར་བསྲེས་དང་མ་བསྲེས་ཀྱི་ངོ་སྤྲོད།
    རྩམ་པ་ག་དུས་ཟོས་མིན་གྱི་ཟླ་དུས་ཚེས་གྲངས་གསལ་ཁ།
    རྩམ་པ་དེ་ཉིད་ལོ་ཟླ་ཇི་ཙམ་རིང་གནས་ཐུབ་མིན།
    རྩམ་པ་ལོ་ཟླ་ཚེས་གྲངས་འདི་ནས་དུས་ཚོད་རྫོགས་མཚམས་ཀྱི་གཏན་འཁེལ།
    རྩམ་པས་མི་ཡི་འཕྲོད་བསྟེན་ལ་ཕན་ཡོན་ཇི་ལྟར་ཡོད་ཚུལ།
    རྩམ་པ་འཇོག་སའི་གནས་གཞིའི་ཚ་དྲོད་ཇི་ལྟར་དགོས་མིན།
    རྩམ་པ་ཇི་ལྟར་བྱེད་ནས་བཟའ་བའི་ཚུལ་རྒྱས་བཤད།
    རྩམ་པ་ཚོང་བསྒྱུར་བྱེད་པར་རྒྱལ་སྤྱིའམ་གནས་ཡུལ་རྒྱལ་ཁབ་ཀྱི་ཆོག་མཆན་ཨང་རྟགས།
    དེ་ལྟ་བུའི་ཞིབ་རྒྱས་ཞིག་བྱུང་ན་སོ་སོའི་དོན་དང་རང་མི་རིགས་གང་ལྟར་རང་གཞན་གཉིས་ཕན་ཞིག་ཡོང་རྒྱུ་ཉག་གཅིག་རེད།
    དེ་མིན་རྩམ་རྙིང་སོགས་མ་བརྔོས་པ་དང་རྒྱུ་ཆ་ཡག་པོ་མེད་པའི་རྩམ་པ་ཟོས་པ་ལ་བརྟེན་ནས་མགོ་གསེར་དེ་ཚོའི་གཟུགས་གཤིས་ལ་གནོད་པའི་གནས་ཚུལ་བྱུང་ཚེ་ཁྲིམས་ལ་བསྐྱལ་བའི་ཉེན་ཁ་ཡོད།
    དེ་ཡིས་རྐྱེན་གྱིས་རྨ་པ་ལོག་ལྟ་སྐྱེ་བ་དང་དེ་ཡིས་རྐྱེན་གྱིས་བོད་ཀྱི་རིགས་གཞུང་ལ་ལོག་ལྟ་སྐྱེ།
    དེ་ཡིས་བོད་ལ་ལོག་ལྟ་སྐྱེས་པ་སོགས་རང་གཞན་གཉིས་ཕུང་གི་རྒྱུ་རུ་མི་འགྲོ་བའི་ངེས་པ་མེད་པས་ཤིན་ཏུ་གཟབ་ནན་གནང་རོགས།
    རྨོངས་དད་ཀྱི་རིགས་ལ་དེ་ལྟར་མི་དགོས་དཔེར་ན་རྒྱ་གར་དང་བལ་ཡུལ་སོགས་སུ་ཡོད་པའོི་རྩམ་རྙིང་དང་མ་བརྔོས་རིགས་ཀྱིས་ན་བ་ཡིནའང་རང་གི་ལས་རེད་ཟེར་ཡང་ན་གདོན་གྱིས་ཆོ་འཕྲུལ་རེད་ཟེར་ནས་རྨོངས་པ་མགོ་འཐུམ་ཤི་རྒྱུ་ལས་མེད་དོ།

  4. metok karpo says:
    2010-06-23 at 2:19 am

    Good job!!

  5. ཁ་རུ་ཁ་ཐུག says:
    2010-06-23 at 3:09 am

    ཉི་མ་རིང་དུ་རིང་དུ། རྩམ་པ་ཞིབ་ཏུ་ཞིབ་ཏུ་ཟེར་བ་ལས། རྩམ་པ་ཞིམ་དུ་ཞིམ་དུ་ཟེར་བ་ཞིག་གོ་མ་མྱོང་།

  6. འབྲོང་རྒོད། says:
    2010-06-23 at 5:04 am

    ཁ་རེ་ཁ་ཐུག་ནས་ཉི་མ་རིང་དུ་རིང་རྩམ་པ་ཞིམ་དུ་ཞིམ་དུ་ཟེར་བ་གོ་མ་མྱོང་གསུང་གི་འདུག
    ཁག་ཅི་ལ་ཡོད་རྒྱ་གར་ལ་ནི་རྩམ་པ་དཀོན་པོ་དང་དེང་དུས་ཀྱི་བོད་རིགས་གཞོན་སྐྱེས་མང་ཆེ་བ་རྩམ་པ་ཟེར་དུས་སྐྱུག་མེར་ལང་མཁན་ཕལ་ཆེར་ཤ་སྟག་རེད་ཁྱེད་ལ་ཐུགས་ཁག་ཅི་ཡོད།
    ཉི་མ་རིང་དུ་རིང་དུ་རྩམ་པ་ཞིབ་ཏུ་ཞིབ་ཏུ་ཟེར་བ་ཞིག་དངོས་ནས་ངས་འདིར་མ་གཏོགས་གོ་མྱོང་མེད།
    ཉི་མ་རིང་པོ་ཟེར་བ་དཀའ་ལས་ཆེ་བའི་སྐབས་ཉི་མ་ཡང་རིང་པར་སྣང་བ་དང་གྲོད་ཁོག་ཀྱང་ལྟོགས་ཀྱི་ཡོད་པས་དེས་ན་རྩམ་པ་ཞིམ་པོ་ཡོད་པར་བཤད་པ་རེད།
    ཁ་རེ་ཁ་ཐུག་ཏུ་ལན་བྲིས་པར་དགོངས་དག

  7. tenzin tsomo says:
    2010-06-23 at 6:26 am

    so great . to do continues .
    we like your tsampa .
    to announce more to more.
    wish u all best .

  8. རྩམ་དགའ། says:
    2010-06-23 at 7:18 am

    འདི་ན་ཡང་ཐུགས་ཉམས་མ་བཞག་པའི་སྐད་ཆ་རེ་གཉིས་ཤིག་འདུག་་་་་་་་་རྩམ་པ་ཞིབ་ཏུ་ཞིབ་ཏུ་ཟེར་དང་་་་་་་་ཕར་ཆེར་ཤ་སྟག་རེད་ཟེར་བ་ལྟ་བུའི་གོ་བ་ལོན་དཀའ་བའི་ཚིག་ལ་ཐུགས་གནང་གནང་རོགས་ཞུ།

  9. ཁ་རུ་ཁ་ཐུག says:
    2010-06-23 at 7:26 am

    འབྲོང་རྒོད་ཟེར་མཁན་མི་ཤེས་ཤེས་མདོག་བྱེད་མཁན་འདིས་འགྲེལ་བཤད་འདྲ་ཞིག་བརྒྱབ་འདུག དེས་ན་ང་ལ་ཡང་འགྲེལ་བཤད་རྒྱག་རྒྱུ་ལོས་ཡོད།
    རྩམ་པ་ཞིབ་ཏུ་ཞིབ་ཏུ་ཟེར་དགོས་པའི་དོན་ནི། རྩམ་པ་འཐག་དུས་ཞིབ་ཏུ་བཏང་ན་རྩམ་པ་ཕོན་ཆེ་བ་དང་འདང་ཆེ་བས་ཉིན་མ་རིང་དུ་འགྲོ་དུས་རྩམ་པ་ཡང་ཞིབ་ཏུ་བཏང་བའི་སྐད་ཆ་རེད། གལ་སྲིད་རྩམ་པ་རྩིང་པོ་ཞིག་ཐག་པ་ཡིན་ན། དེས་དུས་ཚོད་མང་པོ་མི་འདང་བར་མགྱོགས་པོ་རྫོགས་འགྲོ་བའི་དོན་སྟོན་གྱི་ཡོད་རེད།
    མ་གཞི་ཁྱོད་ཀྱི་འགྲེལ་བཤད་དེ་ལ་མ་རེད་ཟེར་རྒྱུ་མི་འདུག ངའི་འགྲེལ་བཤད་ལའང་ཁྱོད་ཀྱིས་མ་རེད་ཟེར་རྒྱུ་ཨེ་ཡོད་ན།
    ཁྱོད་རང་རྩམ་པ་འབེལ་པོ་ཡོད་ས་ཞིག་ལ་ཡོད་ཚོད་འདུག་ཀྱང་། རྩམ་པའི་སྐོར་ང་ལས་མང་བ་ཤེས་ཀྱི་མེད་ཚོད་རེད།

  10. ཁ་རུ་ཁ་ཐུག says:
    2010-06-23 at 7:32 am

    ཨོ་ད་ངས་ཤེས་སོང་།
    ཕན་ཚུན་ཨུ་ཚུགས་བྱེད་དགོས་དོན་མི་འདུག ཕོ་ཁྱོ་ག་ཡིན་ན་བློ་རྒྱ་ཡངས་དགོས་པ་རེད།
    ཁྱོད་ཚོའི་ཡུལ་དུ་རྩམ་པ་ཞིམ་དུ་ཞིམ་དུ་ཟེར་གྱི་ཡོད་ཚོད་རེད། དེ་འགྲིག་པ་རེད།
    འོན་ཀྱང་ང་ཚོའི་ཡུལ་དུ་རྩམ་པ་ཞིབ་ཞིབ་ཏུ་ཟེར་བ་ལས་ཞིམ་དུ་ཞིམ་དུ་རྩ་བ་ཉིད་ནས་ལབ་ཀྱི་མ་རེད།
    དེར་བརྟེན་སོ་སོའི་ཁ་དང་རྣ་ལ་མ་གོམས་པའི་སྟབས་ཀྱི་ཕན་ཚུན་གཉིས་ཀས་ཁྱད་མཚར་པོ་ཞིག་མཐོང་བ་རེད།

    མ་གཞི་མིང་ཚིག་མང་པོ་ཞིག་མ་གོམས་པའི་སྟབས་ཀྱིས་ཁྱད་མཚར་མཐོང་བ་དེ་འདྲ་ནམ་རྒྱུན་ནས་མང་པོ་ཡོང་གི་རེད། གོམས་ཚར་དུས་དམིགས་བསལ་ཚོར་སྣང་ཡོད་མ་རེད། དེ་འདྲ་ཞིག་མ་རེད་དམ།

  11. མེ་ཏོག་དཀར་པོ། says:
    2010-06-23 at 8:03 am

    འབྲོང་རྒོད་ལགས། ཁ་རུ་ཁ་ཐུག་ལ་བཀའ་སྐྱོན་གནང་ཞོར་རྒྱ་གར་བོད་མི་ཚང་མར་རྒྱུགས་པ་ལེབ་རྡུང་གནང་བ་འདི་གནས་ལུགས་དང་མཐུན་པ་རེད་དམ། ཁ་རུ་ཁ་ཐུག་ལགས།
    ཁྱེད་ཀྱིས། ཉི་མ་རིང་དུ་རིང་དུ། ིརྩམ་པ་ཞིམ་དུ་ཞིམ་དུ། ཟེར་བ་གོ་མ་མྱོང་བ་བདེན་སྲིད་ཀྱང་ངས་ནི་གོང་གི་ཚིག་རྐང་གཉིས་ཀྱི་སྟེང་། ཟ་མཁན་ཉུང་དུ་ཉུང་དུ། ཟེར་བ་ཞིག་ཀྱང་གོ་མྱོང་། དེས་ན་རང་གི་གོ་དང་མ་གོའི་རྒྱུ་མཚན་གྱིས་གཞན་ལ་འཕྱ་སྨོད་བྱས་ན། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་བགད་བྱེད། །ཅེས་པ་ལྟར་འགྲོ་ཉེན་ཆེ།
    དོན་གྲུབ་ཚེ་རིང་ལགས།
    འབྲོང་གིས་བསམ་ཚུལ་གྱི་སྟེང་ངས་ཁ་སྣོན་ཁ་ཤས་ཞུ་ན།
    རྩམ་པ་ལ་རགས་ཞིབ་གཉིས་དང་ནས་དཀར་ནག་གི་ཁྱད་པར་བཅས་བཞི་འདུག་པར།
    དེ་ལ་སྤྱིར་བཏང་གི་རྩམ་པ་དང་ཨ་མདོའི་རྩམ་པ་ཞེས་པའི་མིང་ཁག་ཁག་མ་བཏགས་པར། བོད་རྩམ་ཞེས་སྤྱི་མིང་ཆེ་ཙམ་ཞིག་འོག་ནས་ནག་ཞིབ་པ། ནས་དཀར་ཞིབ་པ། ནས་ནག་ཧྲོབ་པ། ནས་ནག་ཧྲོབ་པ། འདི་ལྟ་བུ་བཀོད་ན་ག་འདྲ་འདུག སྤྱིར་ཁྱེད་རང་གིས་འགྲོ་སོང་བཏང། དུས་ཚོད་བཏང་། རང་བདག་ཅན་གྱིས་ཚོང་རྫས་ལ་མིང་གང་བཏགས་རང་དབང་ཡིན་མོད། ངས་བསམ་འཆར་ཙམ་ཡིན་ལགས། ཀུན་སློང་ནི་བོད་ཅེས་པའི་མིང་འདི་གཙོ་བོར་ཁྱབ་བསྒྲགས་ཇི་ཆེ་འགྲོ་རེེས་ཡིན། བོད་མིང་ཁྱབ་སོང་ན་ཨ་མདོའི་མིང་ཞར་ལ་ཁྱབ་འགྲོ་བ་རེད་དྲན་ལགས།
    མཐའ་དོན།
    བོད་ཀྱི་རྩམ་པ་འཛམ་གླིང་ཁྱབ་གྱུར་ཅིག
    ཉིད་ཀྱིས་རྩམ་ཚོང་དེ་སྤུས་ཀ་ཇེ་ལེགས། སྙན་གྲགས་ཇི་ཆེ། རྒྱལ་སྤྱིའི་ཁྲོམ་རར་ཁྱབ་པར་ཤོག

  12. འབྲོང་རྒོད། says:
    2010-06-23 at 8:28 am

    རྩམ་པའི་སྐོར་ང་ལ་རྒྱུས་མངའ་ཆེན་པོ་ཡོད།
    རྨ་པ་ལ་རགས་ཞིབ་གཉིས་དང་དཀར་ནག་གཉིས་སུ་ཡོད་མོད།
    རྩམ་པ་ལ་དབྱེ་ན་ཁ་དོག་གིས་སྒོ་ནས་དབྱེ་བ་དང།
    རྒྱུ་ཆའི་སྒོ་ནས་དབྱེ་བ་དང།
    བརྔོ་སྟངས་ཀྱི་སྒོ་ནས་དབྱེ་བ་སོགས་སུ་ཡོད་པ་རེད།
    ཁ་དོག་གི་སྒོ་ནས་དབྱེ་ན་ནས་ནག་གི་རྩམ་པ་ནག་པོ་དང་དེ་བཞིན་ནས་དཀར་ནས་མཆོང་ནས་སྔོན་ནས་དམར་སྨུག་སོགས་ཕལ་ཆེར་རྩ་བའི་ཁ་དོག་ལྔ་དང་གྲངས་མཚུངས་དང་འདྲ་བར་དབྱེ་ཆོག
    རྒྱུ་ཆའི་སྒོ་ནས་དབྱེ་ན་རྒྱུ་ནས་ཁ་དོག་ལྔ་ལས་སོ་སོར་འབྱུང་ངོ།
    བརྔོ་སྟངས་ཀྱི་སྒོ་ནས་དབྱེ་ན་སླང་རིལ་དང་བྱེར་བརྔོས་སོགས་ཀྱིས་སྒོ་ནས་དབྱེ་བ་ཡོད།
    དེ་བཞིན་ཆུ་བཅུས་དང་སྐམ་བརྔོས་ཀྱི་སྒོ་ནས་དབྱེ་བ་སོགས་ཡོད།
    མེ་ཏོག་དཀར་པོས་ཡང་ཚོགས་གཏམ་ཞིག་བཏང་འདུག
    ངས་རྒྱུག་པ་ལེབ་བརྡུང་བྱས་པ་མེད་ཕོག་ན་སྡུག་གྱོང་རང་རེད།
    རྒྱབ་པའི་ཁ་ལ་མ་ཕོག མ་རྒྱབ་སྣ་ལ་ཕོག་འདུག་གོ།
    རྒྱ་གར་ནས་འཚར་ལོང་བྱུང་བའི་གཞོན་སྐྱེས་ཚོར་སྐད་ཆ་དྲིས་དང་རྩམ་པ་ལ་དགའ་གི་ཡོད་དམ་མེད།དེ་ནས་ཤེས་རྟོགས་ཐུབ
    རྒྱ་གར་ན་ཡོད་པའི་བོད་ཀྱི་བཟའ་ཁང་སོགས་སུ་རྩམ་པ་ཚོང་རྒྱུ་འདུག་གམ།
    ཁྱེད་ལ་དཔེར་འཇོག་རྒྱུ་ཡོད་ན་འཇོག་རོགས་ང་དེ་གར་ཕྱིན་ནས་རྩམ་པ་ཟས་ཏེ་སྟུག་དྲི་དྲ་མ་ཞིག་གཏོང་གི་ཡིན།

  13. འབྲོང་རྒོད། says:
    2010-06-23 at 8:39 am

    ཁ་རེ་ཁ་ཐུག་ནས་ཕྱོགས་གཅིག་ནས་ང་ཡིས་འགྲེལ་བཤད་ལ་གོ་རྒྱུ་ཡོད་ཚུལ་དང་ཕྱོགས་གཅིག་ནས་ང་ལ་ཤེས་འཇོན་གང་ཡང་མེད་ཚུལ་བཤད་པ་གཉིས་ནི་ཁ་རེ་ཁ་ཐུག་ཏུ་ཞུས་ན་རང་གི་ལག་པས་བྲིས་པའི་ཡིག་ཆུང་དེ་རང་གི་རྐང་པས་བསུབ་འདུག་གོ།
    རྩམ་པ་ཞིབ་རགས་གཉིང་ལ་མང་ཉུང་ག་འདྲ་སེ་ཡོད་རེད།
    ཁྱེད་རང་གི་རྒོད་བྲོའི་སྐད་ཆ་བཤད་ཡོང་གི་འདུག
    ངས་སྒྲུང་ཅིག་བཤད།
    སྔོན་མ་མི་གཅིག་གིས་གསེར་རྒྱ་མ་གང་དང་བལ་རྒྱ་མ་གང་གཉིས་ལ་ཡང་འྗིད་ཁྱད་པར་གང་ཡོད་ཡོད་དམ་ཅེས་དྲིས་དུས་མི་གླེན་པ་གཅིག་གིས་གསེར་ལྗིད་དང་ལྗིད་ཅེས་ལན་བཏབ་འདུག་དེ་དང་མཚུངས་སོ།
    དྲྭ་གྲོགས་དཔང་པོ་ཚོས་གཟིགས་དང་སུ་བདེན་སུ་རྫུན།
    སུས་མི་ཤེས་ཤེས་མདོག་བྱེད་ཀྱིན་འདུག
    དྲང་མཁན་རྣམས་ཀྱིས་དྲང་པར་མཛོད
    ཤན་འབྷབྱེད་རྣམས་ཀྱིས་ཤན་ཀྱང་འབྱེད་རོགས།
    ཕྱོགས་ཞེན་དྲང་ཤན་དག་ནི་ཟུར་དུ་བཞུགས་པར་མཛོད་དོ།

  14. མེ་ཏོག་དཀར་པོ། says:
    2010-06-23 at 9:03 am

    ལགས། རྒྱ་གར་ན་བོད་མི་ཚོས་རྩམ་པ་རང་རང་སོ་སོའི་ཁྱིམ་དུ་སྣོད་ཆས་བཀང་ནས་སྤྱོད་བཞིན་ཡོད་པས་ཟ་ཁང་ནང་རྩམ་པ་གཙོང་རྒྱུའི་ལུགས་སྲོལ་མེད། ཡིན་ནའང་རྩམ་པ་ཟ་གི་མེད་པ་དང་རྩམ་པར་མི་དགའ་བ་མ་རེད། དཔེར་ན་ཟ་ཁང་ནང་ཡོང་མཁན་མང་ཆེ་བ་ཕྱི་མི་ཡིན་དུས་དེ་ཙམ་བྲིན་པོ་ཡང་ཡོང་མི་སྲིད་པ་རེད། ངས་ཚོགས་གཏམ་གང་ཡང་བཏང་མེད། ཁྱེད་ཀྱིས། རྒྱ་གར་ལ་ནི་རྩམ་པ་དཀོན་པོ་དང་དེང་དུས་ཀྱི་བོད་རིགས་་གཞོན་སྐྱེས་མང་ཆེ་བ་རྩམ་པ་ཟེར་དུས་སྐྱུག་མེར་ལང་མཁན་ཕལ་ཆེར་ཤ་སྟག་རེད་ཁྱེད་ལ་ཐུགས་ཁག་ཅི་ཡོད།
    ཟེར་རྩམ་པ་དཀོན་རབས་ཀྱི་སྡུག་སྐད་དང་། རྩམ་པའི་མིང་ཙམ་ལ་སྐྱུག་མེར་ལངས་ངར་ངར་གྱིས་བཤད་པ་འདི་རྒྱུགས་པ་ལེབ་རྡུང་མ་རེད་དམ། མིན་དུ་ཆུག་ཀྱང་ཁོ་བོ་རྒྱ་གར་དུ་སྐྱེས་པའི་རྒྱུ་མཚན་གྱིས་ཁྱེད་ལ་ལན་ཞིག་བཏབ་པ་ཡིན།
    ང་ཚོ་རྒྱ་གར་བོད་མིས་ནི་བོད་ཀྱི་ཟས་མཆོག་རྩམ་པ་དེ་རང་གི་ལུས་སྟོབས་རྒྱས་ཤིང་འཕྲོད་པ་དང། རང་གི་རིག་གཞུང་སྲུང་སྐྱོབ། རང་ཉིད་བོད་མི་ཡིན་པ་མི་བརྗེད་པའི་ཕན་ཡོན་ཆེད་དུ་སྤྱོད་ལ། ཁྱོད་ཀྱིས་ཕན་ཡོན་དེ་དག་དེ་དག་རིང་དུ་དོར་ཏེ།

  15. འབྲོང་རྒོད། says:
    2010-06-23 at 11:29 am

    མེ་ཏོག་དཀར་པོ་ནས་ཡང་ཚོགས་གཏམ་རྫིག་པོ་ཞིག་བཏང་འདུག
    ༼རྒྱ་གར་ན་བོད་མི་ཚོས་རྩམ་པ་རང་རང་སོ་སོའི་ཁྱིམ་དུ་སྣོད་ཆས་བཀང་ནས་སྤྱོད་བཞིན་ཡོད་པས་ཟ་ཁང་ནང་རྩམ་པ་གཙོང་རྒྱུའི་ལུགས་སྲོལ་མེད།༽
    ཁྱེད་རང་དགག་བཞག་སྤོང་གསུམ་ལ་སྤྲོ་བ་ཡོད་ན་ངེད་གཉིས་དགག་བཞག་བྱེད་ཆོག་གི་རེད།ངས་ཁྱེད་རང་ལ་རིགས་པའི་ཁྱབ་འགྲིག་ཅིག་འཕེན་གྱི་ཡིན་ལན་ཀྱང་རིགས་པའི་སྒོ་ནས་འདེབས་དགོས་སོ།
    དེ་ལྟར་ན་རྒྱ་གར་ན་བོད་མི་ཚོས་ཟ་ཁང་ནང་དུ་འབྲས་དང་བག་ལེབ་སོགས་གཙོང་རྒྱུའི་ལུགས་སྲོལ་མེད་པར་ཐལ།
    ཁྱོད་ཀྱིས་འདོད་པ་ལྟར་ན་རང་སོ་སོའི་ཁྱིམ་དུ་འབྲས་དང་གྲོ་ཕྱེ་སོགས་སྣོད་ཆས་བཀང་ནས་སྤྱོད་བཞིན་ཡོད་པའི་ཕྱིར།ད་ཁྱེད་ལ་ལན་ཡོད་ན་ཐོབ་ཞིག
    དཔེར་ན་ཟ་ཁང་ནང་ཡོང་མཁན་མང་ཆེ་བ་ཕྱི་མི་ཡིན་དུས་དེ་ཙམ་བྲིན་པོ་ཡང་ཡོང་མི་སྲིད་པ་རེད། རྒྱ་གར་ལ་ནི་རྩམ་པ་དཀོན་པོ་དང་དེང་དུས་ཀྱི་བོད་རིགས་་གཞོན་སྐྱེས་མང་ཆེ་བ་རྩམ་པ་ཟེར་དུས་སྐྱུག་མེར་ལང་མཁན་ཕལ་ཆེར་ཤ་སྟག་རེད་ཁྱེད་ལ་ཐུགས་ཁག་ཅི་ཡོད།
    ༼རྩམ་པའི་མིང་ཙམ་ལ་སྐྱུག་མེར་ལངས་ངར་ངར་གྱིས་བཤད་པ་འདི་རྒྱུགས་པ་ལེབ་རྡུང་མ་རེད་དམ། མིན་དུ་ཆུག་ཀྱང་ཁོ་བོ་རྒྱ་གར་དུ་སྐྱེས་པའི་རྒྱུ་མཚན་གྱིས་ཁྱེད་ལ་ལན་ཞིག་བཏབ་པ་ཡིན།༽
    ཕ་རོལ་འདོད་པ་ཧ་མ་གོ་ནས་ཕྱོགས་སྔའི་ནམ་ལངས་འདོད་ཡིན་ནམ།
    ངས་ང་རང་རྩམ་པ་ལ་མི་དགའ་ཞིང་སྐྱུག་མེར་ལངས་ཚུལ་ཚིག་གཅིག་བཤད་མེད་པས་དེ་ལྟའི་ཧམ་བཤད་མི་གནང་བའི་རེ་བ་ཡོད།
    ཁྱེད་རང་རྒྱ་གར་དུ་སྐྱེས་པའི་རྒྱུ་མཚན་གྱིས་ཁྱེད་ཀྱི་དེ་ལྟའི་ཕྱོགས་ཞེན་གྱིས་ལན་བཏབ་པ་ཡིན་ན་
    འོ་ན་ཁྱེད་རང་འཛམ་གླིང་འདི་རུ་སྐྱེས་པས་ང་ཡི་ཕྱོགས་སུ་ལང་ནས་རྒྱབ་སྐྱོར་བྱེད་ན་མི་འགྲིག་གམ།
    ཁྱབ་རིག་མཚུངས

  16. རིན་ཆེན། says:
    2010-06-23 at 11:58 am

    ༈ རྒྱ་གར་སླེབ་ནས་ཤེས་པའི་གསང་བ།
    བོད་རྒྱ་ལག་ཏུ་མ་ཤོར་གོང་ནས་བོད་པའི་གཞུངས་ཞབས་པ་དག་གིས་རྒྱ་ཡི་རྒྱུ་རྫས་ལྐོག་ཟ་བས་ཏེ་བོད་ཀྱི་ཆབས་སྲིད་དང་བསྟན་པ་ལ་རྨ་ཁ་ཤུགས་ཆེན་གཏང་ཡོད་པའི་གསང་གཏམ་དང་། བོད་མི་རྒྱ་གར་ལ་བརྩན་བྱོལ་དུ་སླེབས་ནས་བོད་གཞུང་གི་བླ་ཆེན་དང་མི་ཆེན་མང་པོ་ཞིག་ཀྲོངས་པའི་གནས་ཚུལ་འདི་ད་བར་བོད་པའི་སྤྱི་ཚོགས་འདི་ནང་བོད་གཞུང་གི་སྦས་ཀྱང་སྦས་མ་ཐུབ་ནས་ཛམ་འདིར་ཁྱབས་ཏེ་ང་དང་ང་ལྟ་བུའི་སྙིང་ཁོང་ནས་ནམ་ཡང་བསྲུབ་དུ་མེད་པའི་རྨ་ཁ་ཞིག་ཡིན། དེ་སྔོན་གསང་བ་འདི་འགྱུར་ཆེན་ཐུབ་བསྟན་གྱིས་བེད་སྦྱད་བྱས་ཏེ་མི་མང་པོ་ཞིག་ལ་དངངས་ཀྲག་བཟོས་ཡོད།

  17. རིན་ཆེན། says:
    2010-06-23 at 12:07 pm

    ཀླད་མེད་བཅོལ་ཆུང་ཁ་ཤེས་ཀྱིས་དོན་མེད་སེམས་ཕྲན་མང་པོ་བྱེད་པ་དག་དོན་མེད་རེད།
    གོས་ཆས་ཀྱི་ངོས་ལ་བོད་ཡིག་དང་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་འགོད་པ་དག་ནམ་ཡང་འགོག་མི་ཐུབ་ལ།
    དཀག་དགོས་པའི་རྒྱུ་མཚན་དེ་དག་ནི་ལྟར་སྣང་ཤ་ལྟག་ཏུ་སྣང་བས་འཆལ་གཏམ་དེ་དག་ལ་མ་ཉན་ཤིག་སྤུན་ཟླ་ཚོ།

  18. མེ་ཏོག་དཀར་པོ། says:
    2010-06-23 at 1:05 pm

    ངས་ཚོགས་གཏམ་བཏང་མེད་ཀྱང་ཚོགས་གཏམ་རྫིག་པོ་ཞེས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ།

    ༼རྩམ་པའི་མིང་ཙམ་ལ་སྐྱུག་མེར་ལངས་༼ཚུལ་༽ངར་ངར་གྱིས་བཤད་པ་འདི་རྒྱུགས་པ་ལེབ་རྡུང་མ་རེད་དམ། མིན་དུ་ཆུག་ཀྱང་ཁོ་བོ་རྒྱ་གར་དུ་སྐྱེས་པའི་རྒྱུ་མཚན་གྱིས་ཁྱེད་ལ་ལན་ཞིག་བཏབ་པ་ཡིན།༽
    ཞེས་པར་ཚུལ་ཞེས་པའི་ཚིག་འདི་ཆད་སོང་འདུག་སྟབས་གོ་བ་ཕྱིན་ཅི་ལོག་པར་སོང་བར་ཁྱེད་ལ་ཁག་མེད། ཉེས་པ་ངས་ཁུར་ཆོག་ལགས།
    དེས་ན་ཁྱེད་ཀྱིས་དེ་ལྟར་བཤད་ནས་ངར་ངར་བྱས་སོང་ཞེས་ཁྱེད་ཀྱས་བཤད་པ་དེ་ངས་དྲངས་པ་ཡིན་་པ་ལས་ཁྱེད་རྩམ་པར་མི་དགའ་ཚུལ་མ་བཤད།
    རང་ཁྱིམ་དུ་རྩམ་པས་སྣོད་བཀང་ནས་ཡོད་པའི་ཕྱིར་ཞེས་པའི་རྒྱུ་མཚན་གྱིས་ཚོང་ཁང་དུ་གཙོང་རྒྱུ་མེད་པའི་དམ་བཅའ་ཞེ་འདོད་དང་ཚིག་རིས་གང་གིས་བསྒྲུབ་མེད་སྟབས་འབྲོང་ངར་ངར་བྱེད་ཀྱང་ངལ་བའི་རྒྱུར་ཟད།

    རང་ཉིད་རྒྱ་གར་དུ་སྐྱེས་པའི་བོད་མི་ཞིག་ཡིན་པའི་ཆ་ནས་དེ་ལ་མ་ཉེས་ཉེས་འཛུག་ལ་ལན་བཏབ་ཡོད་ལ། གལ་ཏེ་བྱང་སྒྲ་མི་སྙན་པ་ཞིག་གིས་འཛམ་བུ་གླིང་པས་མ་ཉེས་པ་ཞིག་ལ་ཉེས་འཛུག་བྱེད་ན་རང་ཉིད་འཛམ་བུ་གླིང་དུ་སྐྱེས་པའི་རྒྱུ་མཚན་གྱིས་ལན་རྒྱབ་ཁོ་ཐག་ཡིན་པས་འབྲོང་སེམས་ཁྲེལ་མ་བྱོས།

    འབྲོང་ལགས། དངོས་གནས་རང་བོད་དང་ཁ་བྲལ་རྗེས་རྩམ་པ་བཞེས་རྒྱུ་མ་འཐོབ་པ་རེད་དམ། ངས་རྩམ་པ་ཀི་ལོ་དོ་ཞིག་བསྐུར་དགོས་དྲན་ཀྱང་། ཁྱེད་ཀྱིས་རྩམ་པ་ཟོས་རྗེས་རྟུག་དྲི་གཏོང་རྒྱུའི་འཆར་གཞི་ངན་པ་ཞིག་འདུག་སྟབས་གཏོང་མ་ཕོད་ལགས། ཧ་ཧ་ཧ་ཧ་

  19. མེ་ཏོག་དཀར་པོ། says:
    2010-06-23 at 1:10 pm

    ང་ལ་ཝ་ར་ན་སི་དང། ས་ར་སོགས་བོད་ཀྱི་མཐོ་སློབ་ཁག་གཅིག་གི་ web site ཁ་བྱང་དགོས་མཁོ་འདུག་སྟབས་དྲ་གྲོགས་རྣམ་པར་ཡོད་ན་དྲ་ཐོག་ཏུ་བཀོད་རོགས།
    ལྷག་པར་སྐུ་ཞབས་འབྲོང་ལགས། ཁྱེད་ཀྱིས་ཁ་བྱང་རེ་རེ་བཀོད་པའི་ཚབ་ལ་རྩམ་པ་ཀི་ལོ་རེ་རེ་ཕུལ་ཆོག
    རྩེ་ད་མོ་ཡིན།

  20. འབྲོང་རྒོད། says:
    2010-06-23 at 1:22 pm

    མེ་ཏོག་དཀར་པོ་ནས་རྒྱབ་དགོས་པའི་ང་ཡིས་དྲིས་པར་རིགས་པའི་ལན་མི་འདེབས་པ་པར་མི་དགོས་པའི་རྒྱ་གར་ན་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཤད་ཤད་བྱེད་པ་འདི་ལ་ལན་རྒྱབ་འདོད་མི་འདུག
    ཁྱེད་ཀྱིས་བརྗོད་པར་སྐྱོན་ཞིག་ཡོད་དུས་གཞི་ནས་ཚིག་ཆད་ཚུལ་བྲིས་ཏེ་ཉེས་པ་རང་གིས་འཁྱེར་ཚུལ་བྲིས་འདུག་དེ་ལོས་འཁྱེར་དགོས་ང་ལ་དུག་ཡུས་བཤད་དགོས་མི་འདུག
    ཁྱེད་རང་གི་མིང་མེ་ཏོག་དཀར་པོ་ཞེས་པ་དང་ཁྱེད་ཀྱིས་བྲིས་པའི་ཡིག་གེ་དེ་དག་བརྗོད་བྱ་རྗོད་བྱེད་འབད་དེ་འོས་ཤིང་འཚམས་པ་ཞིག་མི་འདུག་མ་འོང་པར་རང་གི་མིང་དང་བརྗོད་བྱ་རྗོད་བྱེད་སོགས་ཅུང་མཐུན་ན་ལེགས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན།
    ངས་ཐོག་མར་མེ་ཏོག་དཀར་པོ་ཞེས་མཚན་དེ་རིག་དུས་ཨ་ཨ་་་་་་མི་འདི་ནི་སྙིང་རྗེ་བ་ལ་དང་མིང་དེ་ང་ཡི་རྣ་བར་གོ་ཡོང་དུས་ང་ཡི་སེམས་ལ་ཞི་བདེ་ཞིག་སྟེར་ས་རེད་བསམ་ནས་ང་ཡིས་ཁྱེད་ཀྱིས་བྲིས་པའི་རྩོམས་ཞིག་ལ་དགའ་བསུ་དང་རྒྱབ་སྐྱོར་ཀྱང་ཞུ་མྱོང་ད་ལྟ་བསམ་དུས་ཁྱེད་ལ་བསྟོད་ར་བཏང་བ་དེ་ང་རང་གིས་མ་བརྟག་མ་དཔྱད་ནས་བསྟོད་རང་གཏོང་ཀྱང་བྱས་འདུག་བསམ་ནས་བསྟོད་ར་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་ནོ།

  21. འབྲོང་རྒོད། says:
    2010-06-23 at 1:27 pm

    མེ་ཏོག་དཀར་པོ་ལགས་ཁྱེད་ཀྱི་ང་ལ་རྩམ་པ་ཀི་ལོ་རེ་རེ་བསྐུར་ཆོག་ཟེར་བ་དེ་བདེན་པ་ཡིན་ན་ང་རང་ཧ་ཅང་གི་དགའ་ས་རེད།
    མ་གཞི་ནི་ཁྱེད་ཀྱི་མིང་དེ་ལ་བལྟས་ན་བཞིན་རས་མཛེས་མདོག་ཞིག་ཡོད་བཟོ་འདུག་འོན་ཀྱང་ལག་ནས་བྲིས་པའི་བརྗོད་བབས་དེ་ཚོར་བལྟས་ན་ཞེད་སྣང་ཚ་བོ་ཞིག་ཡོད་ས་རེད་དྲན།
    སེ་འབྲས་དགའ་གསུམ་གྱི་ཚོགས་ཆེན་དགེ་བསྐོས་ལས་ཀྱང་ངམ་ནག་ཅིག་མེད་ན་སྙམས་པ་འདུག་གོ།

  22. ཚེ་རིང་སྒྲོན་མ། says:
    2010-06-23 at 1:33 pm

    འབྲོང་གི་བརྩམས་ཆོས་རྩམ་པ་བྱས་འདུག
    རྩམ་པའི་ཉམས་ལེན་མཁས་པ་རེད་འདུག
    རྩམ་པའི་གདམས་ངག་སྙིང་གཏམ་རེད་འདུག
    རྩམ་པའི་གོ་འཕང་ཐོབ་པ་ལོས་ཡིན།

    ཨམ་མདོས་ཡུལ་གྱིས་བུ་མོ་ང་ལ།
    འབྲོང་རྒོད་འདྲ་བའི་སྦྱང་པ་མེད་ཀྱང་།
    ཁ་ཁོག་གཙང་མའི་ཉམས་ཆུང་ངང་ནས།
    འབྲོང་རྒོད་འདྲ་བས་ང་རྒྱལ་མི་བྱེད།

    ཕ་ཡུལ་གཙང་མའི་ཕ་སྐད་རྒྱབ་དུས།
    ཨ་ཕོ་འབྲོང་རྒོད་མི་དགའ་འདུག་ཀྱང་།
    བུ་མོ་ང་ཡི་མི་ཚེ་འདི་ལ།
    ཨམ་མདོའི་རིགས་གཞུང་བརྗེད་ཀྱི་མ་རེད

    བུ་མོ་ང་ནི་བོད་ཀྱིས་རིགས་ཡིན།
    ཆོལ་ཁ་གང་གིས་སྙན་རྩོམས་མཇལ་ན།
    ཡོན་ཏན་མེད་ཀྱང་དགའ་བའི་ངང་ནས།
    མགོ་མཇུག་ཚང་བ་ཚར་གཅིག་ཀློག་དར།

    མདོ་དབུས་ཁམས་གསུམ་གང་དུ་ཕྱིན་ཀྱང་།
    བུ་མོས་བློ་ལ་ཁྱད་པར་མེད་པས།
    ས་ཡ་དྲུག་གི་སྤུན་ཟླ་ཡོངས་ལ།
    བུ་མོས་བསམ་པ་དུང་ལས་དཀར་ཡོད།

    སྐྱེ་སྔོན་ལས་དང་བག་ཆགས་དབང་གིས།
    ལྟེ་བའི་ཐག་པ་མདོ་སྨད་ཕྱོགས་ལ།
    ལས་རྟེན་འདི་ལ་བཅད་དགོས་བྱུང་བས།
    དེ་ལ་འབྲོང་རྒོད་བཅོས་ཐབས་མི་འདུག

  23. འབྲོང་རྒོད། says:
    2010-06-23 at 2:39 pm

    མེ་ཏོག་དཀར་པོའི་དྲི་བསུང་།
    འཐུལ་ཡོང་བསམ་ནས་དཔྱད་ཀྱང་།
    རྩམ་སྐམ་འགམས་པའི་དྲི་ངན།
    གནམ་ས་ཀུན་ཏུ་གཡོས་སོང་།

    ཕ་སྐད་ཕ་རྟགས་བསྟན་པའི།
    སྙན་རྩོམས་ཇི་ལྟར་སྙན་ཀྱང།
    ཀོར་ཙེའི་གཞལ་བྱ་ཙམ་ལས།
    ཐུན་མོང་སྤྲོ་བའི་གནས་མིན།

    ཙན་དུག་མེ་ཏོག་མཛེས་ཀྱང།
    གཅེས་པའི་སྲོག་དབུགས་འཁྲོག་བྱེད།
    མེ་ཏོག་དཀར་པོ་མཛེས་ཀྱང།
    རྩོམས་ཀྱི་དོ་ར་བཅོམ་སོང།

    རྩམ་པའི་རྩོམས་ལ་བཞུགས་ཀྱང།
    རྩམ་པའི་བྲོ་བ་མ་མྱོང།
    རྩམ་པ་རྩ་ཆེར་འཛིན་ཀྱང།
    རྩམ་རྩོམས་དོ་ར་བརླག་སོང་།

    དྲྭ་སྤྱོད་ནམ་མཁའ་ཡངས་པར།
    བསམ་ནས་འཕུར་བར་བརྩམས་མོད།
    ཕྱོགས་བཞི་མཚམས་བརྒྱད་ལྷ་ལ།
    འཕོག་ཐུག་ཤོར་ཏེ་ལུས་བྱུང་།

    ཐོད་པར་ཨ་ཡི་རི་མོ།
    མེད་པའི་དུས་ངན་འབྲོང་རྒོད།
    ཕ་ས་ཤོར་བས་མ་ཟད།
    དུས་ངན་གཉེན་གྱིས་སྡང་བྱུང།

  24. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-06-23 at 2:57 pm

    ངའི་རྩམ་པ་འདི་ཟ་རྒྱ་ལ་འཐག་་པ་ཡིན་མ་གཏོག་། རྩོད་རྒྱ་ལ་འཐག་བ་མིན།
    ཨ་ལ་རྩེ་མོ་ཡིན་། གཏན་གླེང་གནང་བཀའ་དྲིན་ཆེ་།
    རྩམ་པ་འདི། ་དུས་ནམ་ཞིག་ན། སྐབས་གང་ཞིག་ནས་། རྐྱེན་ཅི་ཞིག་ལ་བརྟེནནས་། ང་ཚོ་བོད་པས་རྩམ་པ་་ཟ་མགོ་བརྩམས་པ་ཡིན་པ་ཤེས་མཁན་འདྲ་ཡོད་ན་འདི་རུ་གསུང་རོགས་གནང་། ལགས་མཁོར་སྐོར་ཞོར་དུ་། རྩམ་པའི་གཏམ་རྒྱུད་ཉན་རྒྱུར་བསྒྭག་བསྡོད་ཡོད་།

  25. metok karpo says:
    2010-06-23 at 10:56 pm

    Mr Drong. I am really sorry if i did wrong with you.

  26. ཀརྡོ་རབ་འབྱམས་པ་ says:
    2010-06-24 at 1:13 am

    ཉི་མ་རིང་དུ་རིང་དུ། རྩམ་པ་ཞིབ་ཏུ་ཞིབ་ཏུ་ཟེར་བ་དེ་རྩམ་པ་ཐག་པའི་དུས་དང་སྦྱར་བ་རེད། ཉི་མ་རིང་དུ་རིང་དུ་རྩམ་པ་ཞིམ་དུ་ཞིམ་དུ་ཟེར་བ་དེ་རྩམ་པ་རྫོགས་པའི་དུས་དང་སྦྱར་ན་གཉིས་ཀ་ལ་གོ་རྒྱུ་འདུག་སྙམ།

  27. མེ་ཏོག་དཀར་པོ། says:
    2010-06-24 at 1:16 am

    འབྲོང་རྒོད་ལགས། དངོས་གནས་ངས་གོང་བཤད་ཁག་གིས་ཁྱེད་པ་ཕོག་ཐུག་ཤོར་སོང་ངམ།
    ཕོག་ཐུག་ཤོར་ན་དགོངས་དག་ཞུ་རྒྱུ་ཡིན། གང་ཐུབ་ཚིག་འཇམ་པོ་བེད་སྤྱོད་གཏོང་རྒྱུར་འབད་བརྩོན་བྱ་གི་ཡིན།
    བདེ་མོ་བྱོས།

  28. རྡོ་རྗེ་ཚེ་རིང། says:
    2010-06-24 at 1:27 am

    དངོས་གནས་བྱ་བ་བཟང་པོ་ཞིག་རེད། དེ་མིན་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་རྣམས་ཀྱི་ཁོང་ལ་དཔེ་ལྟས་ནས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་ཤིས་དང་འབྲེལ་བའི་ཚོང་ལས་མང་ཙམ་སྤེལ་ཐུབ་ན་རང་ཉིད་ལ་ཁེ་སང་ཡོད་ཐོག་མི་རིག་ཞིག་གི་སྲོལ་རྒྱུན་མི་ཉམས་པར་ཡང་བྱས་རྗེས་ཞག་ཐུབ་རྒྱུ་རེད། སླྡད་མར་དེ་འདྲའི་ལས་དོན་ལ་འཇུག་མཁན་རྣམས་པར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། །

  29. མེ་ཏོག་དཀར་པོ། says:
    2010-06-24 at 6:43 am

    23.

    མེ་ཏོག་དཀར་པོ་ང་ལ། །
    དྲི་བསུང་ཞིམ་པོ་མེད་ཅིང་། །
    རྩམ་སྐམ་འགམས་པའི་དྲི་ངན། །
    གནམ་ས་གཡོས་པའང་མདེ་ལགས། །

    ཕ་སྐད་ཕ་རྟགས་བསྟན་པའི། །
    སྙན་རྩོམ་སྙན་པོ་མེད་ཀྱང། །
    ཕ་བཟང་བུ་ཡིན་བསམ་པའི། །
    སྤྲོ་བས་ལུས་སེམས་སྐྱིད་སོང་། །

    ཙན་དུག་མེ་ཏོག་མཛེས་ཀྱང།
    སྲོག་དབུགས་འཁྲོག་པ་བདེན་ཀྱང་། །
    མེ་ཏོག་དཀར་པོ་ང་ལ། །
    བསམ་ངན་དུག་གིས་མ་གོས། །

    རྩམ་པའི་རྩོམ་ལ་ཞུགས་པའི། །
    རྩམ་གཟན་དྲ་གྲོགས་ཁྱོད་དང། །
    རྩམ་པ་དོན་ལས་འཕྲོས་ཏེ། །
    རྩམ་རྩོད་ཏོག་ཙམ་ཤོར་སོང་། །

    དྲྭ་སྤྱོད་ནམ་མཁའ་ཡངས་པར། །
    འཕུར་བའི་འབྲོང་རྒོད་གཞོན་ནུ། །
    ཉིན་མཚན་དུས་དྲུག་ཀུན་ཏུ། །
    ཁ་བརྡར་ཕེབས་པ་གནང་ཤོག །

    ལག་ན་མྱུ་གུ་ཐོགས་པའི། །
    གཞོན་ནུ་འབྲོང་རྒོད་མིང་ཅན། །
    ཐུགས་སེམས་སྐྱོ་བ་མ་གནང་། །
    ང་ཡིས་སེམས་གསོ་ཞུས་ཆོག །

  30. མེ་ཏོག་དཀར་པོ། says:
    2010-06-24 at 6:46 am

    འབྲོང་གིས་བསམ་ཚུལ་གྱི་སྟེང་ངས་ཁ་སྣོན་ཁ་ཤས་ཞུ་ན།
    རྩམ་པ་ལ་རགས་ཞིབ་གཉིས་དང་ནས་དཀར་ནག་གི་ཁྱད་པར་བཅས་བཞི་འདུག་པར།
    དེ་ལ་སྤྱིར་བཏང་གི་རྩམ་པ་དང་ཨ་མདོའི་རྩམ་པ་ཞེས་པའི་མིང་ཁག་ཁག་མ་བཏགས་པར། བོད་རྩམ་ཞེས་སྤྱི་མིང་ཆེ་ཙམ་ཞིག་འོག་ནས་ནག་ཞིབ་པ། ནས་དཀར་ཞིབ་པ། ནས་ནག་ཧྲོབ་པ། ནས་ནག་ཧྲོབ་པ། འདི་ལྟ་བུ་བཀོད་ན་ག་འདྲ་འདུག སྤྱིར་ཁྱེད་རང་གིས་འགྲོ་སོང་བཏང། དུས་ཚོད་བཏང་། རང་བདག་ཅན་གྱིས་ཚོང་རྫས་ལ་མིང་གང་བཏགས་ཁྱེད་ལ་རང་དབང་ཡིན་མོད། ངས་བསམ་འཆར་ཙམ་ཡིན་ལགས། ཀུན་སློང་ནི་བོད་ཅེས་པའི་མིང་འདི་གཙོ་བོར་ཁྱབ་བསྒྲགས་ཇི་ཆེ་འགྲོ་རེེས་ཡིན། བོད་མིང་ཁྱབ་སོང་ན་ཨ་མདོའི་མིང་ཞར་ལ་ཁྱབ་འགྲོ་བ་རེད་དྲན་ལགས།
    མཐའ་དོན།
    བོད་ཀྱི་རྩམ་པ་འཛམ་གླིང་ཁྱབ་གྱུར་ཅིག
    ཉིད་ཀྱིས་རྩམ་ཚོང་དེ་སྤུས་ཀ་ཇེ་ལེགས། སྙན་གྲགས་ཇི་ཆེ། རྒྱལ་སྤྱིའི་ཁྲོམ་རར་ཁྱབ་པར་ཤོག

  31. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-06-24 at 11:58 am

    ལེགས་སོ་། རྩམ་པས་མིང་བཏགས་ཚུལ་སྐོར་ལ་དགོང་ཚུལ་གསུང་བ་གོ་སོང་། ཐུགས་རྗེ་ཆེ། ནས་རྩམ་འདི་རིགས་གཅིག་ཡིན་པ་ལ། ཟ་མཁན་ཀྱི་ཕྱོགས་ནས་ལྟས་ན་ས་ཁུལ་ཀྱི་གཉིས་སུ་ངེས་བས་དེ་ལྟར་། བཏག་པ་ཡིན། ལགས་ལེན་གྱི་སྐབས་སུ་སླེབ་ན་མིང་འདི་ལ་འབྲེལ་བ་དང་བེད་སྤྱོད་ཅུང་ཙམ་ཞིག་འདུག་། དཔེར་ན་མི་ཞིག་གིས་ཁ་པར་ལས་རྩམ་པ་མངག་སྐབས་། ཁོང་རང་ཉིད་ལ་རྩམ་པ་ཞིབ་པ་དང་ཧྲོབ་པས་གང་དགོས་པས་ངེས་ཆ་མེད་ཚེ་། ངས་ཐད་ཀར་ཉིད་ཀྱི་སྐྱེས་ཡུལ་གང་ནས་པར་འདྲི་ཡོད་། མི་དེ་མདོ་སྟོད་སྨད་གང་རུང་ཞིག་དུ་སྐྱེས་བ་ཡིན་ན་། ཕལ་ཆེར་ཨམ་མདོའི་རྩམ་པ་དང་། དབུ་དང་གཙང་གང་རུང་ཞིག་དུ་སྐྱེས་བ་ཡིན་ན་སྤྱིར་བཏང་གི་རྩམ་པས་ཁྱབ་གི་ཡོད་།
    ཡ་ད་བདེ་མོ་བྱོས་།

  32. མེ་ཏོག་དཀར་པོ། says:
    2010-06-24 at 12:11 pm

    བསམ་ཚུལ་ཞུ་རྒྱུ་ང་ཚོའི་འགན།།
    གསན་དང་མ་གསན་ཁྱེད་ལ་རག །
    རྩམ་ཚོང་གནང་བར་ཐུགས་རྗེ་ཆེ། །
    བོད་རྩམ་འཛམ་གླིང་ཁྱབ་གྱུར་ཅིག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme