Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མ་དམར་པོ།

Posted on 2010-11-032010-11-04 By ཁ་བརྡ་ 15 Comments on ཉི་མ་དམར་པོ།

གཡང་སྐྱབས་རྒྱལ།

“ཤར་ཕྱོགས་དམར། ཉི་མ་ཤར།་་་” གཞས་འདི་གོ་མྱོང་ངམ། གོ་མ་མྱོང་ན་ཟུར་གྱི་ཡུ་ཊུབ་ནས་གཟིགས་དང་། ངས་བོད་སྐད་ཐོག་ནས་གླུ་དབྱངས་འདི་བཙལ་བ་ཡིན། རྙེད་མ་བྱུང་།

pic-00384wtmkགླུ་དབྱངས་འདི་བོད་ལ་སླེབས་དུས་བོད་མིས་མ་ཎི་གྱེར་གྱེར་བྱས་པ་རེད། ཉེ་ཆར་ ༡༠ པའི་ཚེས་ ༡༩ ཉིན་མདོ་སྨད་ཀྱི་སློབ་མས་སྐད་ཡིག་སྐོར་གྱི་སྐད་འབོད་དེ་བྱས་སྐབས་གླུ་དབྱངས་འདི་ངའི་སེམས་ལ་འཁོར་བྱུང་། གྲོང་གསེབ་ཀྱི་རྩིག་པ་རེ་རེའི་ངོས་ན་དམག་ཆས་གྱོན་པའི་མའོ་ཡི་པར་རིས་དང་། དེའི་གཤམ་དུ་རྩིག་ངོས་འཇམ་པོར་བརྡར་བའི་ངོས་སུ་བོད་ཡིག་དང་རྒྱ་ཡིག་གིས་ “མའོ་ཡི་གསུང་བཏུས་”བྲིས་ཡོད་པ་དྲན་བྱུང་། བོད་ཆས་རྙིང་ཧྲུལ་གོན་ཞིང་ལས་ཀས་ཨ་ཐང་ཆད་པའི་གྲོང་གསེབ་པ་ཚོས་རྒྱ་ཡིག་ཡིག་འབྲུ་གཅིག་ཀྱང་མི་ཤེས་ཀྱང་གླུ་དབྱངས་འདི་ཚོ་ཤར་ཤར་ལེན་པ་དྲན་བྱུང་། “ཤར་ཕྱོགས་དམར། ཉི་མ་ཤར།” ཉི་མ་མུ་མཐུད་ནས་ཤར།

250px-littleredbookསྐུ་ཞབས་པད་མ་འབུམ་གྱིས་རིག་གནས་གསར་བརྗེའི་སྐོར་ལ་བྲིས་པའི་སྨིན་དྲུག་སྐེ་འཁྱོག་ཏུ། “དང་པོ་མའོ་ཀྲུའུ་ཞིའི་གསུང་བཏུས་ཐོབ་དཀའ། རིམ་བཞིན་མའོ་ཀྲུའུ་ཞིའི་གསུང་བཏུས་མ་གཏོགས་དེབ་གཞན་ཐོབ་དཀའ།”ཞེས་བྲིས་འདུག མའོ་ཀྲུའུ་ཞིའི་གསུང་བཏུས་དེ་ཚོ་ནི་ངས་མཐོང་བའི་བོད་ཡིག་གི་དཔེ་ཆ་ཐོག་མ་དེ་ཚོ་ཡིན། རྒྱབ་ཐུམ་དམར་མོ་དེ་ཚོ་ནི་ཧ་ཅང་ཡིད་དུ་འོང་། ཤོག་ངོས་དང་པོ་ན་ཕྱི་གསལ་ནང་གསལ་ཅན་གྱི་ཤོག་གུ་ཞིག་གིས་བཀབ་པའི་འོག་ན་མའོ་ཀྲུའུ་ཞིའི་པར་ཡོད། “མའོ་ཀྲུའུ་ཞིའི་གསུང་བཏུས་” བོད་ཡིག་ནས་སློབ་སྦྱོང་བྱས་ཏེ་ “རིག་གནས་གསར་བརྗེ་”དང་ “ལམ་ཕྱོགས་སློབ་གསོ་”སོགས་ཀྱི་ལས་འགུལ་ནང་ “གསར་བརྗེའི་”ལས་དོན་བསྒྲུབས་པ་རེད། ཡང་ངའི་སེམས་ལ་ཉེ་ཆར་གྱི་སློབ་མ་ཚོའི་སྐད་འབོད་དེ་དྲན་བྱུང་། མའོ་ཀྲུའུ་ཞིའི་གསུང་རྩོམ་དང་རྫས་འགྱུར་རིག་པ་ལ་བོད་ཡིག་གི་ཐོག་ནས་སྦྱངས་ན་ཤེས་མི་ཤེས་ཀྱི་ཁྱད་པར་ཡོད་དམ།

ང་ལ་བསམ་བློའི་རྒྱབ་ལྗོངས་ཤིག་དགོས་པར་གྱུར། ང་ལ་རྒྱབ་ལྗོངས་མེད་པར་གྱུར། ཨུ་རུ་སུའི་སྐབས་སུའང་སྐད་ཡིག་ལ་རིགས་བཞི་བགར་ནས། ཁ་ཤས་ལ་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་ཡོད་པ་དང་ཁ་ཤས་ལ་མེད་པ་བྱས་པ་མ་ཟད། མེད་པ་བྱས་པ་དེ་ཚོ་ནི་ཕལ་ཆེ་བ་ཆབ་སྲིད་ཀྱི་དགོས་དབང་གིས་རེད་ཅེས་བཤད། ༼ཞིབ་ཚགས་པོར་ཀློག་རྒྱུ་མ་བྱུང་ལ། དེའི་སྐོར་གྱི་དེབ་ཅིག་དྲ་བའི་འབྲེལ་ཐག་འདི་ན་ཡོད། ༽

ངའི་སེམས་ལ་དྲན་པ་གཅིག་ཡོད་པ་ནི་ངའི་གྲོགས་པོ་ཞིག་གི་གཏམ་དེ་རེད། དེ་ནི་ ༡༩༦༠ སྨད་ཙམ་ནས་ཁོང་གིས་ རྩིས་རིག་གི་སློབ་ཚན་ བོད་བསྒྱུར་བྱས་ཏེ་སློབ་ཁྲིད་བྱས་པའི་གཏམ་རྒྱུད་དེ་རེད། ཐོག་མར་བསྒྱུར་མ་ཐག་ སྣུམ་པར་ཞེས་པའི་འཕྲུལ་ཆས་དེ་བརྒྱུད་ནས་པར་དུ་བཏབ་པ་དང་། དེ་ནས་འཛིན་གྲྭ་ལ་འཁྱེར་ཏེ་སློབ་ཁྲིད་བྱས་པ་དེ་རེད། ང་སློབ་གྲྭ་ལ་འགྲོ་དུས་ ༡༩༧༥ ཙམ་ལ་ཡིན་པ་འདྲ། ང་ཚོ་ལ་རྒྱ་ཡིག་གི་འཛིན་གྲྭ་ལོས་ཡོད། དེ་ནི་རྒྱའི་སྐད་ཡིག་གི་འཛིན་གྲྭ་དེ་ཁོ་ན་རེད། སློབ་ཚན་གཞན་ཚང་མ་བོད་སྐད་དང་བོད་ཡིག་རེད། ད་དུང་རིམ་གྱིས་ བོད་ཀྱི་སྐད་ཡིག་འཛིན་གྲྭ་ལ། “ཙག་ཀྲ་”ཟེར་བ་ལྟ་བུའི་ཚིག་ཀྱང་ཐོན། དེ་ནི་ཨ་མདོ་སྐད་ལ་ “འབར་ཞུན་”ཟེར་བ་དེ་རེད། འདིའི་རྒྱུ་མཚན་ནི། “ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་” ཞེས་པའི་སྐད་ཡིག་གི་ཀློག་དེབ་བཏོན་ཏེ། བོད་སྐད་སྨྲ་བའི་ས་ཆ་ཚང་མར་སྐད་ཡིག་གི་ཀློག་དེབ་གཅིག་གྱུར་བཟོས་པ་ལས་བྱུང་བ་རེད། འདིའི་གྲས་ནི། “རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་”ཅེས་བཀོད་འདུག

ད་ངས་སེམས་ལ་མ་ཤར་བ་ནི། “མཚོ་སྔོན་”མ་ཡིན་པའི་བོད་ཀྱི་ས་ཁུལ་གཞན་དག་རེད། “བོད་རང་སྐྱོང་ལྗོངས་”གཙོས་པའི་ས་ཁུལ་གཞན་དག་ཏུ་ དུས་ནམ་ཞིག་ནས་ཚུལ་ཇི་ལྟར་ སྐད་ཡིག་མ་ཡིན་པའི་བསླབ་གཞི་གཞན་རྣམས་རྒྱ་ཡིག་ནས་སློབ་མགོ་བརྩམས་པ་ཡིན་ནམ། ངས་མ་ཤེས། བཙལ་ཀྱང་མ་རྙེད། དྲིས་སྐབས་ ཧ་ཅང་སྔ་མོ་ཞིག་ནས་དེ་ལྟར་ཡིན་ལུགས་བརྗོད་བྱུང་། བྱས་ན་བདེན་པ་རེད། “ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་”ཞེས་པའི་ཁོངས་སུ་ བོད་ཡིག་གི་སློབ་དེབ་ས་རྒྱུས་དང་ལོ་རྒྱུས་སོགས་མེད་པ་རེད། “མཚོ་སྔོན་”དུ་ད་བར་དུ་གནས་ཐུབ་པ་དང་། ད་ཐེངས་བསྒྱུར་སྐབས་ཀྱང་དགེ་སློབ་དང་། ལས་བྱེད་པ་ཚོས་མི་འདོད་པའི་རྣམ་འགྱུར་ཆེན་པོ་སྟོན་པའམ་སྟོན་ཐུབ་པའི་རྒྱུ་མཚན་དེ་གང་ཡིན་ནམ།

དེང་རབས་དང་བོད་སྐད་གཉིས་མདུན་ཅོག་གཅིག་གི་སྟེང་བཞག་སྟེ་བསྡུར་བ་ཡིན་ན། བཤད་མི་དགོས་པ་ཞིག་ནི། བོད་སྐད་ཀྱིས་དེང་རབས་ཀྱི་རྗེས་མི་ཆོད་པ་དེ་རེད། འདི་ལ་དྲི་བ་ཁྱོན་ནས་མེད་པ་རེད། འོན་ཀྱང་རྗེས་ལུས་འདི་ བོད་མིས་ཆེད་དུ་གཉེར་ནས་རྗེས་ལུས་ཐེབས་བཅུག་པའམ། ཡང་ན་བོད་མིའི་རིག་རྩལ་གྱིས་མ་འདང་ནས་རྗེས་ལུས་ཐེབས་པ་ཞིག་མ་རེད། བཙན་བྱོལ་ནང་ཡང་བསླབ་གཞི་ཁག་བོད་ཡིག་ཏུ་བསྒྱུར་ཏེ་སློབ་བཞིན་ཡོད། བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༣ ཅན་གྱི་སྤྱི་ཚོགས་ཤིག་ན་ཡང་བྱེད་ནུས་པའི་ནུས་པ་དེ་ཡོད་པ་རེད། ད་འགོག་རྐྱེན་གཅིག་ཡོད་པ་རེད། གཅིག་རང་གཅིག་ཡོད་པ་རེད། དེ་ནི་བོད་ཀྱི་སྐད་ཡིག་འདི་ལས་མེད་དང་ནུས་མེད་དུ་བཟོ་བའི་རྒྱ་ནག་གི་སྲིད་ཇུས་རེད། ང་ལ་གྲོགས་པོ་ཞིག་གིས་བཤད་དོན། ཁྱེད་ཀྱིས་ཁྲིམས་ཁང་དུ་ལས་ཀ་བྱེད་ན། སྙན་ཞུ་རྣམས་བོད་ཡིག་ཏུ་བྲིས་ཚེ། ཁྲིམས་དཔོན་རྒྱ་དཔོན་དེས་ “ངས་བོད་ཡིག་མི་ཤེས། རྒྱ་ཡིག་ལ་འཁྱེར་ཤོག”ཟེར་གི་རེད། བོད་མི་ལས་བྱེད་པས། “ངས་རྒྱ་ཡིག་མི་ཤེས། བོད་ཡིག་ལ་བྲིས་ནས་འཁྱེར་ཤོག་”ཅེས་བཤད་པའི་ཐོབ་ཐང་ཡོད་པ་མ་རེད། ཅེས་ཟེར། གནད་དོན་འདི་རེད། རྒྱ་ཡིག་གིས་སློབ་ཚན་གཞན་ཚང་མ་སློབ་ཁྲིད་བྱས་ཚེ། རྒྱ་མི་ཁྲི་ཕྲག་མང་པོའི་ལྟོ་གོས་རེད། བོད་ཡིག་གིས་འཁྲིད་ན། བོད་མི་རིགས་འདི་མུ་མཐུད་ནས་རྒྱའི་ཁྱིམ་ཚང་ཆེན་པོའི་ནང་ཐིམ་གྱི་མེད་པ་རེད། བོད་མི་ཚོས་ཀྱང་འདི་གསལ་པོར་ཤེས་ལ། རྒྱ་མི་ཚོས་ཀྱང་འདི་གསལ་པོར་ཤེས།
ཉེ་ཆར་ “མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག” ཅེས་པ་ཞིག་དྲ་ཐོག་ནས་རྙེད་བྱུང་། དེ་ཡང་། “མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།” ཞེས་པ་རྙེད་བྱུང་། དེའི་དོན་ཚན་སོ་དགུ་བའི་ནང་འདི་ལྟར་འཁོད་འདུག “རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་གིས་རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས། ས་རྒྱུས་སོགས་སློབ་ཚན་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་དཔུང་སྡེར་མཐོང་ཆེན་དང་དེ་བརྟན་ཆགས་སུ་གཏོང་རྒྱུ་དང་། བོད་ཀྱི་སྐད་ཡིག་ལ་བྱང་ཆ་ཐོན་པའི་ངང་ནས་གོང་གསལ་སློབ་ཚན་སློབ་ཁྲིད་བྱེད་ཐུབ་པ་མ་ཟད། གྲུབ་འབྲས་ཁྱད་དུ་འཕགས་པའི་དགེ་རྒན་ལ་གཟེངས་བསྟོད་དང་བྱ་དགའ་རྒྱུ།” ཞེས་འཁོད་འདུག
འོན་ཀྱང་བོད་མིའི་འདོད་མོས་དེ་ལ་ཉི་མ་ནག་པོ་ཤར་ཡོད་པ་རེད། ཁ་དཔེར། “རྐུབ་ལ་ཉི་མ་ཤར།”ཟེར་བ་དེ་མ་རེད་དམ། ད་གནད་དོན་ནི། ཉི་མ་དམར་པོ་དེ་རེད། ཤར་ཕྱོགས་ནས་ཡོང་བའི་ཉི་མ་དམར་པོ་དེ་རེད།

རྩོམ་རིག

Post navigation

Previous Post: འབོད་སྒྲའི་གས་གཏོར་ཆེན་མོ།
Next Post: སྙན་ཞུ་བོད་འགྱུར་རྗེས་ཀྱི་སྐད་ཆ་འདི་དག་གོ།

Comments (15) on “ཉི་མ་དམར་པོ།”

  1. མི་འཁྱམ། says:
    2010-11-04 at 2:48 am

    བོད་སྡོད་བོད་སློབ་གཙོས་དགེ་རྒན་དང་སློབ་མ། ད་དུང་ལས་འཁྱུར་ངལ་གསོ་བ་སོགས་ཀྱིས་ད་ཐེངས་ཀྱི་རྒྱ་ནག་གི་སློབ་གསོའི་སྲིད་ཇུས་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྒྱག་བཞིན་ཡོད་པ་རེད། ཡིན་ཡང༌། བྱེས་ཀྱི་ཚོགས་པ་ཁག་དང་བོད་གཞུང་སོགས་ཀྱིས་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་དགོས་ནི་རེད་ལ། ཡིན་ཡང༌། བོད་གཞུང་ཁ་རོག་ཀེར་བསྡད་ཡོད་པ་འདྲ། གཞུང་ལ་ཁ་གྲག་རྒྱུའི་སེམས་ཡོད་ཀྱང་ངག་ཡོད་ནི་མ་རེད། དེ་ནི་གོང་ས་མཆོག་གིས་བོད་ཕྲུག་ཁྱིམ་སྡེ་ལོ་འཁོར་ལྔ་བཅུ་ལོན་པའི་མཛད་སྒོའི་སྟེང་གསུང་བཤད་དེ་རིང་ངས་མང་པོ་བཤད་རྒྱུ་མེད། བཤད་ནས་ཕན་ཐོགས་ཀྱང་གང་ཡང་མི་འདུག ལོ་འདི་འགའི་རིང་ལ་མང་པོ་བཤད་ཡོད། བཤད་པ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ཚེ་དགོས་པ་གང་ཡང་མི་འདུག དེར་བརྟེན་ཚས་མས་མི་རེ་ངོ་རེའི་འདུ་ཤེས་དེ་ང་བོད་པ་ཡིན་བསམ་པའི་འདུ་ཤེས་ཡོད་པ་དང༌། དེའི་སྟེང་བོད་སྤྱིའི་འགན་ཁུར་ཞིག་ཁྱེར། གཞིས་ལུས་རྒྱ་ཆེའི་མི་མང་གིས་དཀའ་ངལ་དེ་ལྟ་བུ་ཞིག་གི་འོག་ནས་རང་དབང་ལུང་པར་ཡོད་མཁན་ཚོར་རེ་བ་རྒྱག་གི་ཡོད། ང་ཚོ་རེ་བ་རྒྱག་སའི་ཡུལ་ཆགས་ཡོད་བསམས་ཏེ་ཁ་མཁས་པོའི་ཐོག་ནས་ཚིག་སྐམ་པོ་བཤད་བསྡད་ན་ཕན་ཐོགས་གང་ཡང་མི་འདུག དོན་དག་ངོ་མའི་ཐོག་ནས་སྤྱི་སེམས་སྤྱི་ཁུར་བླངས་ཏེ་གཟབ་གཟབ་བྱེད་རོགས། གསུངས་ཡོད་ནི་རེད། འདི་བོད་མི་ཡོད་དོ་ཅོག་གིས་སེམས་སྟེང་ལ་ཉར་གནང་ཞུ་རྒྱུ་ཡིན།

  2. གཞོན་ནུ་ཟླ་མེད། says:
    2010-11-04 at 6:09 am

    གཡང་སྐྱབས་ཀྱིས་རྩོམ་ཡིག་དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག

  3. ཀརྡོ་རབ་འབྱམས་པ་ says:
    2010-11-04 at 7:17 am

    བོད་ཀྱི་སྐད་ཡིག་དངོས་གནས་མ་ཉམས་འཛིན་སྐྱོང་དགོས་ན། ལགས་རེད། རེད། རེད། ་་་་བོད་ཀྱི་སྐད་ཡིག་གིས་ རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས། ས་རྒྱུས་སོགས་སློབ་ཚན་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་དཔུང་སྡེར་མཐོང་ཆེན་་་་་་ བྱེད་དགོས། ལགས་མ་རེད་པེ།

  4. ཤ་ཟན་དམར་པོ། says:
    2010-11-04 at 9:09 am

    ཉི་མ་དམར་པོ་ཞིག་མགོ་ཐོག་ནས་ཤར་བ་ནས། ང་ཚོ་ཆག་འཇིག་དམར་པོ་ཞིག་དང་ཁ་འབྲལ་མ་མྱོང་།
    ཉི་མ་སེར་བོ་ཞིག་ལ་རེ་བའི་འདུན་པ་དེ། ལོ་ཟླ་རིམ་སོང་གིས་ཆེ་ནས་ཆེ་རུ་བསྐྱེད།
    ཁོ་ཚོའི་རིག་གཞུང་ནང་། ཉི་མ་དམར་པོ་དེ་བདེ་སྐྱིད་ཀྱི་མཚོན་བྱེད་ཡིན་ནའང་། ངའི་རིག་གཞུང་ནང་། ཉི་མ་དམར་པོ་དེ། ཆག་འཇིག་གི་མཚོན་བྱེད་ཡིན། གཅིག་བྱས་ན། ཁོ་ཚོའི་ཚིག་མཛོད་ནང་། ཉི་མ་སེར་བོ་འདི་མེད་ལས་ཆེ། གལ་སྲིད་ཡོད་ནའང་། ཁོ་ཚོའི་མི་རིགས་ཀྱི་འདུ་ཤེས་ནང་། འདི་ཡག་སྡུག་ཅི་འདྲ་ཞིག་ཡིན་ནམ།
    ང་ཚོ་ལ་མཚོན་ན། དགུང་གི་ཉི་མ་སེར་བོ་ཁོ་ན། ང་ཚོ་ལ་དྲོད་ཁོལ་དང་བདེ་སྐྱིད་སྟེར་མཁན་ཡིན།
    ང་ཆུང་བའི་སྐབས་སུ། ཉི་མ་དམར་པོ་ཟེར་བའི་གཞས་ཚིག་འདི་ཡང་ཡང་སྐྱོར་མྱོང་། དགའ་འོས་པ་ཞིག་ནི། ངས་ཉི་མ་སེར་བོ་ཟེར་ནས་རྩ་ནས་སྐྱོར་མྱོང་མི་འདུག དེ་ཡང་། ཡིག་སྒྱུར་མཁན་དེས་ཉི་མ་སེར་བོ་དང་ཉི་མ་དམར་པོ་གཉིས་དང་འབྲེལ་བའི་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ལ་དོ་སྣང་ཆེན་པོ་མ་བྱས་པར་བསྒྱུར་པ་ཡིན་ནམ་བསམ་བཞིན་དུ་ཉི་མ་དམར་བོ་ཞེས་ཐད་བསྒྱུར་བྱས་པ་ཅི་ཡིན་མི་ཤེས་ཀྱང་སྟབས་ལེགས་པོ་བྱུང་འདུག ད་ལྟ་བསམ་བློ་ཞིག་བཏང་ན། ཉི་མ་དེ་ནི་ཉི་མ་དམར་པོ་རང་ཞིག་རེད།

  5. འཇིག་མེད་ says:
    2010-11-04 at 11:03 am

    དབང་སྐྱབས་ལགས་ཀྱི་རྩོམ་དངོས་གནསཡག་པོ་དང་ ཀློག་བདེ་པོ་འདུག
    ཉི་མ་དམར་པོའི་གཞས་དེ་ངས་ཀྱང་འབུམ་གཅིག་སག་དགོས་བྱུང
    ཉི་མ་དམར་པོའི་འོད་ཟེར་ལ་རྟེན་ནས་རྒྱ་མི་མང་པོ་དེ་འདྲ་བོད་ལ་སླེབས།

  6. ཀརྡོ་རབ་འབྱམས་པ་ says:
    2010-11-04 at 11:07 am

    མའོ་བདུད་རྒྱལ་གྱི་འདྲ་དཔརདེ་་ཁ་བརྡའི་ནང་ལ་ཡང་ཡང་ལྟ་འདོད་མེད། དགོངས་དག

  7. འཇིག་མེད་ says:
    2010-11-04 at 11:46 am

    ད་ངས་གཞས་ཚིག་དེ་དྲན་གསོས་སོང་
    ཤརདྷ་ཕྱོགས་དམར་ ཉི་མ་ཤར་ ཀྲ་་་ུང་གོའི་ཕྱོགས་ནས་མོའོ་ཙེ་ཏུང་འཁྲུངས་
    ཁོང་ནི་མི་དམངསདགོན་སྐྱབས་རེད་ ཨོ་ཧ་ཧས་ཡོ་ ཁོང་ནི་མི་དམངས་ཀྱི་དགོན་སྐྱབས་རེད་
    གཞས་ཚིག་གཉིས་པ་དེ་དྲན་གསོས་ཀྱི་མིན་འདུག་

  8. འཇིག་མེད་ says:
    2010-11-04 at 3:54 pm

    རིགས་གནས་གསར་རྗེའི་སྐབས་ལ་ལས་གྲ་ཁག་ལ་ཞོག་པ་ཡར་ལངསནས་མི་ཚང་མ་མཉམ་དུ་སྐད་ཤུགས་ཆེན་པོས་གཞས་དེ་གཏང་དགོསདུས་ ལྷ་ས་ནས་ཡོང་བའི་མི་རྒན་པ་ཁག་གཅིག་གི་གཞས་དྭངསདེ་རང་ལ་
    གཞས་ཚིག་གཞན་ཞིག་སྐད་ཤུགས་ཆུང་ཆུང་ངངགཏང་གི་འདུག་ གཞསཚིག་དེ་ནི་
    ༼གངས་ཅན་ལྗོངས་ པད་དཀར་ཕྱར་ སེམ་ཅན་སྐྱེས་འགྲོ་ཡོངས་ཀྱི་སྐྱབས་གཅིག་པོ་
    ཁོང་ནི་བོད་མིའི་དགོན་སྐྱབས་རེད་ སོ་ཡ་ལ་སོ་ ཁོང་ནི་བོད་མིའི་དགོན་སྐྱབས་རེད།༽
    གོ་ཐོས་ལ་གཞས་ཚིག་དི་ ༡༩༥༩ ལོའི་གོང་རྩམ་ལ་ཡོངས་འཛིན་ཁྲི་ཕྱངས་རེན་པོ་ཆེས་བརྩོམ་གནང་པ་རེད་ཟེར་གྱི་འདུག

  9. ཀླུ་སྨྱོན། says:
    2010-11-04 at 7:53 pm

    ཅི་བཤད་རུང་ང་ཚོའི་མི་རབས་འདི་དར་དམར་གྱི་འོག་ནས་འཚར་ལོངས་བྱུང་བ་རེད་ལ།

  10. ཀླུ་སྨྱོན། says:
    2010-11-04 at 7:54 pm

    རྒྱ་མིའི་དར་དམར་གྱི་འོག་ནས་ཐར་མ་ཐག་བོད་ཀྱི་དར་དམར་གྱི་འོག་ལ་འཛུལ་དགོས་བྱུང་སོང་། བོད་ཀྱི་དར་དམར་ཤེས་ཀ། གྲྭ་པའི་གཟན་ཤམ། ཧཧཧཧུཧུཧུ

  11. གཙང་ཁའི་བུ says:
    2010-11-04 at 11:22 pm

    དར་དམར་ནི་རྒྱལ་ཁབ་ཀྱི་དོན་དུ་ཁྲག་དམར་འགྲོ་གྲོན་གཏོང་བའི་སྔོན་གཤེགས་དཔའ་བོ་དག་གི་མཛད་རྗེས་རྗེས་དྲན་དང་གུས་བསུ་མཚོན་བྱེད་ཁྲག་མདོག་ཅན་གྱི་དར་རྟགས་ཤིག་རེད།

    ཨ་ལགས་དྲིན་ཆེ་གཟན་ཤམ་འདིས་རྒྱལ་ཁབ་དར་རྟགས་ཤིག་བསྟན་གྱི་འདུག་གམ།

  12. ཁ་རུ་ཁ་ཐུག says:
    2010-11-05 at 12:23 am

    ཨ་ཁུ་ཀླུ་སྨྱོན་ལགས་བོད་ཀྱི་དར་དམར་འོག་ཏུ་དཀའ་ཁག་དེ་འདྲ་ཡོད་ན། དར་དམར་དེ་ཕར་གཡུགས་བཞག་ན།

  13. ཀླུ་སྨྱོན། says:
    2010-11-05 at 1:00 am

    ཆབ་སྲིད་དང་ཆོས་ལུགས་ཀྱི་དར་དམར་དམར་པོ་འདི་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི་དུས་ཚོད་ངེས་ཅན་ཞིག་ལ་མ་བསླེབས་བར་དུ་བར་གཡུགས་བཞག་ན་ཡང་ཚུར་འབྱར་ཡོང་བ་དེ་རེད།

  14. ཀླུ་སྨྱོན། says:
    2010-11-05 at 1:01 am

    དར་ཆ་དམར་པོ།

  15. ཀརྡོ་རབ་འབྱམས་པ་ says:
    2010-11-05 at 5:58 am

    ང་ནི་མའོའི་རོ་སྒམ་སྒྲིབ་ཅན་དེ་ཕྱིར་བཏོན་ནས། དར་དམར་ཁྲག་ཅན་དེ་ཡང་། ཞི་དར་མཚོན་ཅན་དུ་དགོས་པ་ད་ལྟ་ནས་སེམས་གཏིང་ལ་བསམ་ཆར་སྟོན་དུས་རེ་སྒུག་བྱས་ནས་སྡོད་མཁན་ཞིག་ཡིན། མའོའི་ལྟ་ཕྱོགས་དང་། དར་དམར་ལ་འགྲམ་ཆུ་ལྡང་བ་ཚོར་དགོངས་འགལ་མེད་པ་དང་བཅས་ཞུ་རྒྱུ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme