Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇ་འཐུང་ཚེའི་ཁ་བརྡ།

Posted on 2011-08-02 By ཁ་བརྡ་ 14 Comments on ཇ་འཐུང་ཚེའི་ཁ་བརྡ།

སྐྱོ་བྲག་དགའ་དབང་།

ངས་ཇ་འཐུང་ཚེའི་ཁ་བརྡ་ཞིག་ཕྱིར་དྲན་བྱ་འདོད་བྱུང་། གང་ཡིན་ཞེ་ན། མི་གཞན་པས་བཤད་པའི་སྐད་ཆ་རྣམས་སོ་སོའི་བློ་ལ་འགྲོ་མིན་ཙམ་གྱིས་བླ་དོར་བྱེད་པ་ནི་སྔ་དྲགས་པ་རེད་ལ། ཕན་གནོད་ཅི་འབྱུང་དང་དོན་དངོས་དང་མཐུན་མིན་ཀྱང་གཞི་ནས་ཐག་ཆོད་རྒྱུ་རེད།
སྒོ་མང་སྤྲུལ་སྐུ་གྲགས་པ་རྒྱ་མཚོས། རིས་མེད་བླ་སྤྲུལ་ལྷན་ཚོགས་ཤིག་འཛུགས་འཆར་གྱིས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ ཉིན། བཞུགས་སྒར་དྷ་རམ་སཱ་ལའི་གངས་སྐྱིད་སྤྱི་ཐབ་ཐོག་ཁར། རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་སྔོན་འགྲོའི་ཚོགས་འདུ་བསྐོངས་སར་ང་རང་བཅར་བ་ན། དགེ་ལུགས་སྤྲུལ་སྐུ་བྱ་དོ་རིན་པོ་ཆེའི་ཞབས་ཕྱི་གྲྭ་པ་གདོང་པ་སྒུར་ཞད་ཡོད་པ་ཞིག་འདུག །ཡིན་ནའང་ཁོང་གཏན་གྱི་ཞབས་ཕྱི་ཡིན་དང་གློ་བུར་བ་ཡིན་ཆ་མ་འཚལ་ལ། མཚན་ཀྱང་ཤེས་མ་སོང་། གང་ལྟར་ཁོང་ཚོགས་ཞུགས་དངོས་མིན་སྟབས་ཚོགས་ཐོག་ཏུ་བསམ་ཚུལ་བཤད་པའི་ཐོབ་ཐང་མེད་མོད། བར་གསེང་གི་ཇ་འཐུང་ཚེ་ནམ་ཡིན་ལ་ང་ཡོད་སར་ཕེབས་ནས་ཁ་བརྡ་མང་ཙམ་བྱེད་ཀྱི་འདུག །ཁོང་ངའི་སར་ཡང་སེ་ཕེབས་དོན་ནི་ངས་བཤད་པའི་སྐད་ཆ་དག་ཁོང་གི་བློར་འགྲོ་སེ་བྱུང་བ་མིན་ནམ་སྙམ།
ཁོང་གི་བསམ་ཚུལ་གཙོ་བོ་ནི་གྲྭ་པའི་སྤྱི་ཚོགས་ལ་སློབ་ཁྲིད་བྱེད་སྟངས་ཀྱིས་འདོད་བློ་མ་ཁེངས་པའི་སྐོར་ཏེ། ཁོང་གིས་གསུངས་ན། གདན་ས་ཁག་གཙོ་བོར་བྱས་པའི་ང་ཚོ་དགོན་སྡེ་ཁག་གི་སློབ་ཁྲིད་བྱེད་སྟངས་འདིས་མི་མང་པོ་ཞིག་འཕྲོག་བརླག་ཏུ་གཏོང་གི་འདུག །དཔེར་ན། མི་སོ་སོའི་ཁམས་དབང་མོས་པ་མ་འདྲ་བའི་དབང་གིས་ཤེས་བྱ་དང་ཤེས་ཚད་ཁྱོན་ནས་མི་འདྲ་བ་ཡིན་ནའང་། ང་ཚོས་སློབ་མའི་བློ་དང་མི་སྟུན་པར་ཤེས་བྱ་གཅིག་རང་མི་མང་པོར་ཨུ་ཚུགས་ཀྱིས་དུས་ཡུན་རིང་པོར་བཤད་དེ་མི་ཚེ་ཆུད་ཟོས་བྱེད་ཀྱི་ཡོད། འཛིན་གྲྭ་གཅིག་ལ་མི་བརྒྱ་ཐམ་པ་ཡོད་པའི་དབང་དུ་བཏངས་ན། དངོས་གནས་གཞུང་རིག་ལ་སློབ་སྦྱོང་བྱེད་མཁན་དང་ཤེས་མཁན་ནི་བདེན་པ་བཤད་ན་བཞི་ཙམ་ཡོད་ན་ཡང་རབ་རེད། མི་གོ་དྲུག་དེ་ནི་ཡར་འགྲོ་དུས་གདན་ཁྲིགས་ཁྲིགས་ཤིག་ཁུར། མར་ཡོང་དུས་ཀྱང་དེ་རང་ཁུར་ནས་སླེབ་པ་ཙམ་ཡིན། ཐ་མ་སྤྱི་ཚོགས་ཁྲོད་ཆོས་འཇིག་རྟེན་གང་ཡང་མེད་པའི་རྒས་འཁོགས་ཁྱུ་གཅིག་ལུས་ཡོང་གི་རེད། གལ་སྲིད་སོ་སོའི་བློ་ནུས་དང་སྟུན་ནས་སློབ་ཁྲིད་བྱས་ཡོད་ན། ཆོས་མེད་ནའང་འཇིག་རྟེན་པའི་འགྲོ་སྟངས་ཤིག་ཤེས་ནས་རང་གཞན་གཉི་གར་ཕན་པའི་བྱ་བ་གང་མང་བྱེད་ཐུབ་ངེས་རེད། དེས་ན་ཁྱོད་རང་ཚོས་དངོས་གནས་དགེ་བ་ཞིག་སྒྲུབ་དགོས་ཀྱི་ཡོད་ན། ཕར་སྤྱི་ཚོགས་སུ་ཁ་བསྐོར་ནས་དགེ་བསྐུལ་བྱ་བའི་བློ་འདོན་མིན་པར། ཚུར་ང་ཚོ་དགོན་སྡེའི་ཕྱོགས་སུ་ཁ་གྱུ་ནས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལ་འགྱུར་བ་ཞིག་བཏངས་ཏེ་ཁ་ལག་འཕྲོད་པའི་སློབ་རིམ་ཞིག་འཛུགས་ཐུབ་པ་ཡིན་ན་དོན་དངོས་ཀྱི་དགེ་བ་འགྲུབ་ཀྱི་རེད། མ་གཞི་ང་ཚོའི་སློབ་ཁྲིད་འདི་ཚོ་མགོ་སྐོར་རེད་འདུག །བོད་ཤར་ཕྱོགས་ནས་རྒྱ་མིས་དམག་རྒྱག་ཡོང་སྐབས་ནུབ་ཕྱོགས་སུ་ཡོད་པའི་དགོན་སྡེ་དག་གིས་ཐམས་ཅད་མཁྱེན་པ་རང་བཤད་ནས་བསྡད་ཡོད། མངོན་པ་མཛོད་ཀྱི་ལུང་དང་བཅས་ཏེ། རི་ཡི་རྒྱལ་པོ་རི་བོ་མཆོག་རབ་ཀྱི་རྒྱུ་ཆ་དང་ཚད་གཞི། བརྒྱ་བྱིན་གྱི་ཕོ་བྲང་རྣམ་རྒྱལ་ཁང་བཟང་གི་དབྱིབས་དང་བཀོད་པ། མཐའ་ཡི་རྒྱ་མཚོའི་ཆེ་ཆུང་དང་གནས་སྟངས་སོགས་ཤར་རེ་བཤད་ཀྱི་རེད། དོན་དངོས་ལ་རི་བོ་མཆོག་རབ་སོགས་ཕར་གཡུག་ཤོག །བོད་ཡུལ་གྱི་རི་ཆེ་ཤོས་ག་རེ་ཡིན། ཕོ་བྲང་པོ་ཊ་ལ་ལ་སྒོ་སྐར་ཁུང་ག་ཚད་ཡོད། བོད་ཀྱི་མཚོ་ལ་ཆེ་ཆུང་ཇི་ཙམ་ཡོད། དེ་ཚོ་ཚང་མ་ལྐོག་གྱུར་རེད། གལ་སྲིད་དེང་སང་གཅིག་བཤད་ཡག་ཡོད་ན་དེ་ནི་རྒྱ་གུང་ཁྲན་གྱི་བཀའ་དྲིན་རེད། བོད་ཀྱི་རི་སོགས་མ་བཤད་པ་ནི་རྫུན་རྐུབ་རྡོལ་དུ་དྭོགས་པས་རེད་ལ། རི་བོ་མཆོག་རབས་སོགས་རྒྱུན་འཁྱོངས་ཀྱིས་བཤད་པ་ནི་མཐོང་དུ་མེད་ཕྱིར་གང་བཤད་བཤད་ཆོག་པས་ཡིན། རི་མོ་ཞིག་ལ་མཚོན་ནའང་། ལྷ་བླ་མ་རེད་ཟེར་ནས་མི་དང་ཁྱོན་ནས་མི་འདྲ་བ་མཛུབ་མོ་ལ་ཡང་མེ་ཏོག་གི་འདབ་མ་འདྲ་བའི་མཉེན་ལྕུག་ཅན་བྲིས་ཡོད། མི་ཞིག་མདུན་དུ་བཞག་སྟེ་འདྲ་རིས་འབྲི་གཅུག་ན་ཤེས་ཀྱི་མ་རེད། ཁྱོད་རང་ལྟོས་གདའ། དབྱིན་ཇི་སོགས་དེ་འདྲ་མ་རེད། དངོས་པོ་མདུན་ལ་བཞག་སྟེ་བརྟག་དཔྱད་དང་ཞིབ་འཇུག་བྱས། གྲུབ་འབྲས་གཞི་ལ་བཞག་ནས་ལས་ཀ་བྱས་པས་ད་ལྟའི་ཡར་རྒྱས་འདི་བྱུང་ཡོད། ང་ཚོས་དཔེར་ན། གྲོ་སྣུམ་སྲེག་བྱས་པ་འདིའི་བཟོ་སྟངས་དང་རོ་ནུས་ལ་ཞིབ་འཇུག་བྱ་མཁན་ཞིག་བྱུང་བ་ཡིན་ན་དེ་ནི་ཅོལ་ཆུང་དང་ཆོ་མེད་ཅིག་ཏུ་བརྩིས་ནས་བྱ་གཅུག་གི་མེད། བྱེད་སྟངས་འདི་དག་གིས་བོད་ཡུལ་འདི་ད་ལྟའི་གནས་སྟངས་སུ་གྱར་བ་རེད་ལ། མ་འོངས་པར་ཡང་ལེགས་བཅོས་མ་ཐུབ་ན། རེ་བ་བྱས་པའི་ལྷ་གྲལ་ཕར་ཞོག །དངོས་སུ་ཡོད་པའི་མི་གྲས་ན་ཡང་ཚུད་ཀྱི་མ་རེད་སོགས་མང་ཙམ་བཤད་ཀྱི་འདུག །
ཁོང་གིས་བཤད་པ་འདི་ཚོ་དང་པོ་བློ་ངོར་འགྲོ་བོ་རང་མ་བྱུང་སྟེ། རྗེས་སུ་ག་ལེར་བསམ་མནོ་གཏོང་སྐབས་གཏན་ནས་ཐོས་མི་རུང་བའི་ཐན་ལྟས་ཤིག་གདའ་ཡིན་ས་མ་རེད་སྙམ་ནས། ཚིག་ཇི་མ་ཇི་བཞིན་མིན་ནའང་དོན་ཇི་མ་ཇི་བཞིན་བྲིས་ཡོད། འདི་དག་ཁོང་གི་བློ་ངོ་ན་ཤར་བའི་བསམ་ཚུལ་ཙམ་རེད། ལེགས་ཉེས་ཅི་ཞིག་ཡིན་མིན་ནི་ཀློག་པ་པོ་སོ་སོའི་རྣམ་དཔྱོད་ཀྱིས་གཞལ་ཡག་རེད། ཡིན་ནའང་། སོ་སོའི་འདོད་བློ་དང་མཐུན་མིན་ཙམ་གྱིས་ལེགས་ཉེས་ཀྱི་བཤད་པར་ཐག་གཅོད་བྱེད་པ་ནི། དོན་དངོས་དང་མི་མཐུན་པའི་ཧམ་བཤད་ཡར་རྒྱས་ཀྱི་འགག་རྡོ་ཡིན་པ་ཤེས་དགོས།

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད་།
Next Post: བཟའ་ཟླ་འཚོལ་བ།

Comments (14) on “ཇ་འཐུང་ཚེའི་ཁ་བརྡ།”

  1. ཀླུ་སྨྱོན། says:
    2011-08-02 at 4:05 am

    འདི་ནི་དགེ་འདུན་ཆོས་འཕེལ་གྱི་བཤད་སྟངས་རང་རེད། བོད་པའི་སྤྱི་ཚོགས་ཀྱི་གྲོད་ཁོག་ལ་བཅུད་ཆེ་བའི་ཟ་མ་འདི་རིགས་འཕྲོད་ནི་མ་རེད། དེ་ལས་ཁ་དང་རྐུབ་གཉིས་ཀ་བཙུམས་ནས་བསྡད་ན་ཡག་གི་རེད། གཅིག་བྱས་ན་ཁོང་གིས་ཞབས་ཞུ་ཞུ་སའི་སྤྲུལ་སྐུ་བྱ་དོ་ཚང་གི་རྨི་ལམ་ལ་ཡང་འདི་འདྲའི་བསམ་བློ་རེ་འཁོར་མེད་ཀྱང་སྲིད།

  2. བཀྲ་ཤིས། says:
    2011-08-02 at 4:18 am

    སྐྱོ་བྲག་དགའ་དབང་ལགས། ངས་ཁྱེད་རང་མཁན་པོ་དང་། བླ་མ། ཡང་ན་གྲྭ་པ། མི་སྐྱ་གང་ཡིན་མི་ཤེས་མོད། ངས་ཁྱེད་མི་སྤྱོད་ངན་ཞིག་མིན་པའི་རེ་བ་བྱེད་ཀྱི་ཡོད། ཕལ་ཆེར་གོང་གི་རྩོམ་ཡིག་དང་། དེ་སྔ་དྲ་ལམ་ཁག་ཏུ་ཁྱེད་ཀྱི་ཡིག་རྙོག་མི་ཉུང་བ་ཞིག་སྤེལ་བ་དག་ལ་མིག་ཡུལ་ཙམ་བྱེད་མྱོང་བས། བསམ་ཚུལ་འགའ་ཤས་ཞུ་འདོད་བྱུང།
    དང་པོ། གོང་གི་བསམ་ཚུལ་དེ་དག་ཕྱིས་འབྱུང་གྲྭ་པ་ལོག་མཁན་ཞིག་ལ་གཞི་བཞག་ནས་བཤད་པའི་རྣམ་པ་གསལ་པོ་མངོན། ང་རང་ཡང་ཝར་ཎ་མཐོ་སློབ་སློབ་སྦྱོང་བྱེད་མྱོང་ལ། སྭ་ར་མཐོ་སློབ་ལ་ཡང་བསྡད་མྱོང་མཁན་ཞིག་ཡིན། ད་དུང་དེ་སྔ་སྨན་རྩིས་མཐོ་སློབ་ནང་གྲྭ་བཙུན་བཅུག་པའི་རྗེས་འབྲས་ཀྱང་མཐོང་མྱོང་མཁན་ཞིག་ཡིན། ཝ་ཎ་མཐོ་སློབ་དང་། ས་རཱ་མཐོ་སློབ། སྨན་རྩིས་མཐོ་སློབ། ནོར་གླིང་མཐོ་སློབ་སོགས་ནང་གྲྭ་བཙུན་ཡོང་མཁན་ཕལ་ཆེ་བ་ཡར་ཡོང་དུས་གོས་དམར་སེར་གྱོན་མཁན་ཡིན་ཀྱང། མར་ཐོན་སྐབས་མི་སྐྱའི་ངོ་བོར་གྱུར་མཁན་རེད། ད་དུང་དེ་དག་ལས་ཕལ་ཆེ་བ་དགོན་སྡེ་ཁག་ནང་ཆོས་སློབ་གཉེར་ཚུལ་བཞིན་བྱེད་མི་ཐུབ་མཁན་དང་། ཡང་ན་དྷ་སའི་ཁུལ་ལ་དགོན་སྡེ་མེད་པའི་གྲྭ་བཙུན་ཕྱི་གླིང་པའི་རྗེས་ལ་རྒྱུགས་མཁན་ཞེ་ཅིག་རེད། གནའ་སྔ་མོ་ནས་བོད་ལ་དགོན་སྡེའི་སློབ་གསོའི་ལམ་ལུགས་དང་། སྐྱ་བོའི་སློབ་གསོའི་ལམ་ལུགས་ཡོད་པ་མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་རྩོམ་ལས་གསལ་པོར་མི་མཐོང་ངམ། གལ་ཏེ་སྐུ་ཉིད་ཕྱིས་འབྱུང་གྲྭ་ལོག་བྱེད་རྒྱུའི་དམིགས་འདུན་གྱིས་དགོན་སྡེའི་སློབ་གསོའི་ལམ་ལུགས་ལ་བསྒྱུར་བ་བཏང་ནས་དེང་དུས་སློབ་གསོ་སྤྲོད་དགོས་ཚུལ་བརྗོད་ཀྱི་ཡོད་ཚེ། སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་བསྒྲུབ་མཁན་ཞིག་ལས་མ་འདས་པས་ཞུ་རྒྱུ་གང་ཡང་མེད།
    ༢། གལ་ཏེ་སྐུ་ཉིད་དྷ་སའི་ཉེ་འགྲམ་དུ་བཞུགས་ཡོད་ཚེ། དྷ་སའི་ཉེ་འགྲམ་དུ་ཆགས་པའི་ས་རཱ་མཐོ་སློབ་དང་། སྨན་རྩིས་མཐོ་སློབ་གཉིས་ནང་འདས་པའི་དུས་ཡུན་གྲྭ་བཙུན་ག་ཚོད་འཛུལ་བཞུགས་བྱས་ཡོད་པ་དང་། སློབ་མཐར་ཕྱིན་རྗེས་གྲ་བཙུན་གྱི་ངོ་བོར་རང་ཆགས་བསྡད་པ་བརྒྱ་ཆ་ག་ཚོད་ཡོད་མེད་ཞིབ་འཇུག་གནང་དང། བརྒྱ་ཆ་༩༠ལྷག་གྲ་བཙུན་གྱི་ངོ་བོར་གནས་ཐུབ་མེད།
    ༣། སྐྱོ་བྲག་དགའ་དབང་ལགས། ངས་ཁྱེད་ཉིད་ཀྱི་ཡིད་ཀྱི་སྡོམ་པ་ཚུལ་བཞིན་བསྡད་ཡོད་པར་ངོས་ལེན་བྱེད་ཀྱི་མེད་ཀྱང། ལུས་ཀྱི་སྒོ་ནས་སྡོམ་པ་ཆགས་རོ་ལྷག་ཡོད་པར་ངོས་འཛིན་པའི་ཐོག་ནས་གྲྭ་བཙུན་གྱི་ངོ་བོར་ལོ་ངོ་ལྔ་དྲུག་ཙམ་མུ་མཐུད་ནས་གནས་རྒྱུའི་རེ་སྨོན་ཤུགས་ཆེ་ཞུ་བཞིན་ཡོད། དུས་ཡུན་དེའི་རིང་ཁྱེད་ཀྱི་ཐུགས་འདུན་ལྟར་དེང་དུས་ཀྱི་སློབ་སྦྱོང་སྦྱངས་ནས་ཕྱིས་སུ་གྲྭ་པ་ལོགས་སྐབས་ཀྱི་འཚོ་བའི་རྨང་གཞི་བརྟིང་ན་མི་ལེགས་སམ། ཐུགས་རྗེ་ཆེ།།།

  3. འཚུབ་དགའ says:
    2011-08-02 at 5:33 am

    ཨ་ཙི་དེ་འདྲའི་འུད་བརྗོད་ལ་བོད་པའི་ནང་དོན་རིག་པ་སྦྱོང་མཁན་༡༠༠ཡི་ནང་ལ་༤་མ་གཏོགས་སྐབས་
    བབས་ཀྱི་སྦྱང་བྱའི་གནད་དོན་མི་ཤེས་མཁན་ཡིན་ཅེས་ལབ་ན་ཧ་ཅང་ཐར་བའི་སྐད་ཆ་མིན་འགྲོ་ སྤྱིར་ཏང་ཤར་བྱང་ནུབ་ལྷོ་སོགས་རྒྱལ་ཁབ་སུ་དང་སུ་ཡིན་ཀྱང་ཤེས་བྱ་ག་གེ་མོར་སྦྱོང་པའི་སློབ་མ་བརྒྱ་
    ཕྲག་གི་ནང་ཤེས་མཁན་དང་མི་ཤེས་མཁན་ཅི་རིགས་ཡོད་སྲིད་ལ། དེ་ནི་བོད་པ་གཅིག་པུ་མ་ཡིན་པར་སོ་
    སྐྱེ་རང་ཁ་མ་ཀུན་གྱི་གཤིས་ལུགས་ཡིན་མོད། ད་དུང་རི་རྒྱལ་ཡོད་མེད་ཀྱི་དོགས་འཆར་ནི་དོན་གྱི་སྒོ་ནས་
    གོ་བརྡ་འཕྲོད་དཀའ་ན་དཔེ་ཡི་སྒོ་ནས་བརྟག་ཀྱང་འགྲིགས་མོད། དེང་ང་ཚོས་སྤྱོད་ཡུལ་དུ་གྱུར་བའི་མི་ཤི་
    བོའི་རྣམ་ཤེས་གསོན་པོར་བཞུགས་པའི་རྟགས་ཇི་ཙམ་འདུག་ ཞུགས་མཁན་གྱི་རྣམ་ཤེས་ང་ཚོའི་དངོས་
    ཡུལ་མིན་པས་རྒྱུ་མཚན་ཡང་ཕན་ཚུན་བསྐལ་བའི་སྐྱོན་གྱིས་ཡིན་ན། ར་ིརབ་ཀྱང་དེ་ལྟར་ཡིན་མི་ཆོག་
    པའི་རྒྱུ་མཚན་མེད་དེ་རི་རབ་ལ་གནས་པའི་སེེམས་ཅན་དག་ལྷ་དང་ལྷ་མིན་བདུད་དང་སྲིན་པོ་དམུ་སོགས་
    ས་བདག་ཀླུ་གཉན་ཡོད་རྒུ་གོང་གི་དཔེ་བཞིན་མི་དང་བསྐལ་བ་ཤ་སྟག་མིན་ནམ།དེས་མ་ཚད་གྲྭ་བ་ནི་ཁྱིམ་
    པ་བ་དང་ཁྱད་པར་ཡོད་དགོས་པ་དང་ཁྱིམ་ལས་ཀྱི་ཤེས་ཡོན་དག་དོར་བ་ལས་སླང་བྱར་མི་འདོད་པ་
    བཞིན་ནོ།

  4. མངའ་རིས་ཕྲིན་ལས། says:
    2011-08-02 at 6:01 am

    རེད་ཁྱེད་ཀྱི་བཤད་པའི་གྲྭ་བ་དེ་ད་ཚོད་ཁོང་བྱ་དོ་རིན་པོ་ཆེའི་ཞབས་ཕྱི་ཕར་ཟད་རྣམ་རྒྱལ་གྲྭ་ཚང་ནང་ལ་མེད་པ་ཐག་ཆོད། ཟློས་གར་ཚོགས་པའི་བུ་མོ་ཞིག་གམ། དབྱིན་མོ་ཞིག་ཁྲིད་ནས་འགྲོ་ཚར་ཡོད་པ་གཏན་འཁེལ་རེད། མ་གཞི་གྲྭ་བའི་སྤྱི་ཚོགས་སུ་དེང་དུས་ཤེས་ཡོན་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད། ཁོས་བཤད་པ་ཧ་ཅང་ཐལ་ཆེ་སོང་བརྒྱ་ནས་བཞི་ཙམ་ཟེར་བ་ནི་ཁོ་རང་མཐོང་ཚུལ་རེད། རྔོན་པ་དང་དུས་འཁོར་སོགས་ནས་གསུང་པའི་ཕྱི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་དེ་རྣམས་ཁོ་བའི་བློ་ལ་མི་འགྲོ་བ་ནི་སོ་སོའི་བསམ་ཚུལ་རེད་ལ་དེ་གཞན་ལ་བཤད་ནའང་སྨྲ་བརྗོད་རང་དབང་རེད། འོན་ཀྱང་ཁོ་གཅིག་པོའི་བསམ་ཚུལ་ལ་གཞི་བྱས་ཏེ་བསྟན་པའི་གཞི་མ་དགེ་འདུན་སྤྱིའི་ཐོས་བསམ་གྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་སྣང་ཤར་བ་ནི་རྨི་ལམ་གྱི་ནང་ནས་རྨི་ལམ་འགྲུབ་དཀའ་བ་ཞིག་མ་རེད་དམ།

  5. སྤོབས་པ་མཐའ་ཡས། says:
    2011-08-02 at 6:10 am

    ད་བསྡུས་གྲྭ་སློབ་རྒྱུ་ཇེ་ཉུང་ལ་བཏང་ནས་རྩིས་རིག་སློབ་དགོས་པ་རེད། རྩིས་རིག་མ་ཤེས་ན་དེང་རབས་རིག་གནས་སྣ་གཅིག་ཀྱང་ཤེས་ཀྱིན་མི་འདུག

  6. གཉན་གཡག་ཕྲུག says:
    2011-08-02 at 6:22 am

    སྐྱ་མིན་སེར་མིན་གྱི་བན་དེའི་ཁ་ནས་ཅི་བཤད་འདི་བཤད་མིན་འདུག །དགོན་སྡེ་གྲྭ་ཚང་གི་སློབ་གཉེར་བྱེད་སྟངས་བསྒྱུར་བ་མ་བཏང་གོང་ཁྱེད་རང་གི་སེམས་དེ་ཞུས་དང་ཅུང་ཙམ་བགྱིས་ན་མི་ལེགས་སམཇ

  7. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-08-02 at 7:14 am

    མི་སོ་སོའི་བསམ་ཚུལ་ཙམ་གླེང་བ་ལ་ནི་སྐྱོན་དུ་བརྩི་མི་རུང་ནའང་། སོ་སོའི་བསམ་ཚུལ་ལྟར་ཡོད་ཚད་འགྱུར་བ་གཏོང་དགོས། བཅོས་སྒྱུར་བྱ་དགོས་ཞེས་པ་འདི་བཙན་པོ་དབང་ཡོད་ཀྱི་རིང་ལུགས་ལ་མཉེས་དྲགས་པའི་རྫོབ་རྟགས་ངོམ་སྟངས་ཤིག་མ་ཡིན་ནམ།

  8. པཀྵི says:
    2011-08-02 at 7:25 am

    ངས་བལྟས་ན་སྐད་ཆ་འདི་དག་ལ་རིན་ཐང་ངེས་ཅན་ཞིག་ཡོད་པར་མཐོང་སྟེ། དགོན་པ་ཁག་གི་སློབ་སྦྱོང་བྱེད་སྟངས་ནི་དངོས་ནས་དེ་ལྟར་རེད། ལོ་ལྔ་བརྒྱ་དྲུག་བརྒྱའི་སྔོན་གྱི་སློབ་གཉེར་བྱེད་སྟངས་དེ་ལ་འགྱུར་བ་གཅིག་ཀྱང་མ་བཏང་བར་དུས་རབས་ཉེར་གཅིག་ལ་སླེབས་པའི་དེ་རིང་ཡང་ང་ཚོ་ལམ་ཁ་དེ་རང་ལ་ཡིད་ཚིམ་ནས་བསྡད་འདུག ཤེས་གསལ་ལྟར་ང་ཚོས་ཡི་གེ་འབྲི་གློག་ཐུབ་ལ་མ་ཐུབ་པའི་སྐབས་དེ་ནས་མཚན་ཉིད་སྦྱངས་འགོ་འཛུགས་པ་ཡིན། མཚན་ཉིད་ནི་ཆེད་སྦྱོང་གི་སློབ་ཚན་ཞིག་རེད། དེ་ཡི་གེའི་འགྲོ་སྟངས་ཤེས་ལ་མ་ཤེས་ཙམ་ནས་སྦྱང་རྒྱུ་ཞིག་མ་ཡིན། གང་ཞིག་ཆེད་སྦྱོང་བྱེད་པ་ལ་ཐོག་མར་དེའི་སྔོན་འགྲོའི་སློབ་ཚན་རྣམས་ངེས་བར་དུ་སྦྱོང་དགོས་བ་ཡིན། འུ་ཚོར་མཚོན་ན་མ་མཐའ་ཡང་ཡི་གེའི་འགྲོ་སྟངས་ཆགས་པ་བྱེད་དགོས།

  9. འཇིགས་བྱེད་དབང་ཆེན། says:
    2011-08-03 at 9:00 am

    གྲྭ་བ་འདིས་བཤད་པ་ནོར་མི་འདུག་་མཁྲེགས་བཟུང་བ་ཚོས་ཨུ་ཚུགས་ཅི་ལྟར་བྱས་ཀྱང་དོན་དངོས་འདི་ལྟར་རེད།གདན་ས་གྲྭ་ཚང་ནས་ཐོན་པའི་དགེ་བཤེས་ཀྱི་མིང་འཁུར་བརྒྱ་ཆ་བདུན་ཅུ་ཙམ་སྤྱི་ཚོགས་ནང་གི་མི་ལྷག་ཡིན།གཞན་པ་ཞིག་ཕར་ཞོག
    རང་གི་འཚོ་བའང་རང་གི་འགན་འཁིར་མི་ཐུབ་པའི་གྲས་ཡིན།

  10. ལུང་རྟོགས། says:
    2011-08-03 at 11:46 am

    དེ་ཚོ་ནི་དོན་དངོས་དང་མཐུན་པའི་སྐད་ཆ་ཞིག་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དོན་དངོས་ཁས་ལེན་ཐུབ་མཁན་ཉུང་ཉུང་རེད། གོང་གི་མཆན་འདེབས་མཁན་ཚོའི་བཤད་སྟངས་ལ་བལྟས་ན་ཡང་ང་ཚོའི་སྤྱི་ཚོགས་ཀྱི་རྣམ་པ་ཅུང་ཟད་མཐོང་ཐུབ།

  11. སྐྱོོ་བྲག་དགའ་དབང་། says:
    2011-08-03 at 1:31 pm

    ངས་ང་རང་ལ་བློ་ནུས་ཡོད་ཚོད་ཀྱིས་གསལ་གསལ་ཐིང་ཐིང་བྲིས་ཡོད། འོན་ཏེ་མཆན་འདེབས་ཁ་ཤས་ཀྱིས་སྤྱི་པའི་གནད་དོན་དང་འབྱུང་འགྱུར་གྱི་ལེགས་ཉེས་ལ་བསམ་གཞིག་ཤེས་པ་ཕར་ཞོག །ཐ་ན་ངས་བཤད་པ་དང་ང་ལ་བཤད་པ་གང་ཡིན་ཀྱང་ཤེས་མི་འདུག །གནས་ཚུལ་འདི་དག་མཐོང་སྐབས་ང་ཚོའི་མི་བུ་ཚོའི་བློ་གྲོས་དང་བྱེད་སྟངས་ལ་སེམས་པ་ཡང་སྐྱོ་ཡོང་།

  12. སྐྱུ་རྩི་ནས། says:
    2011-08-04 at 1:28 am

    སོ་སོའི་རིག་གཞུང་ལ་སྡང་བ་ནི་མ་རུང་བ་ཞིག་ཡིན། གདན་ས་ཁག་ཏུ་གཞུང་ཆེན་རྒྱ་མཚོ་ལྟ་བུ་ཆ་ཚང་བ་སློབ་ཀྱི་ཡོད། དེ་ལ་ཚན་རིག་མཁན་པོ་ཡིད་དབང་འཕྲོག་བཞིན་པ་ཡིན། རང་མི་རིགས་ཀྱི་རིག་གཞུང་གི་དྲི་མས་མ་གོས་པའི་ཀླད་མེད་པ་ཉུང་ཤས་ནས་གོ་སྐབས་བཟུང་ནས་མི་རིགས་འདི་ས་སྟེང་དུ་དཀྱུར་གང་ཐུབ་་བྱེད་པ་ནི་ཡ་མཚན་པ་ཞིག་ཡིན། སྐྱོ་གྲགས་ངག་དབང་ལགས་ཀྱི་རྩོམ་དེའི་ཤུགས་བསྟན་གང་ཡིན་ངས་ཀྱང་ཤེས་མ་སོང་། བྱ་མདོ་རིན་པོ་ཆེ་ནི་རྩོད་མེད་ཡོངས་གྲགས་ཀྱི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གི་ཞབས་གྲས་ཀྱི་གདན་ས་ཁག་གི་གྲགས་ཅན་གྱི་སློབ་གཉེར་བྱ་སྟངས་མི་ཤེས་པ་གང་ཡིན་ནམ།

  13. འཚུབ་དགའ says:
    2011-08-04 at 8:04 am

    ང་ལ་བཤད་པ་དང་ངས་བཤད་པ་སོགས་བཤད་ཚུལ་འདྲ་མིན་ལ་གོ་བ་འདྲ་མིན་ཡོད་སྲིད་ཀྱང་
    དོྭགས་སེལ་གྱི་རིགས་པ་དོགས་གཞི་ཅན་ལ་དགོས་པ་ལས་དེ་དང་འབྲེལ་ཡོད་ལ་འཁོ་དགོས་
    ཆེར་མེད་སྙམ།

  14. ཏི་སི། says:
    2016-04-30 at 1:05 am

    མཚན་རིག་པས་མཚན་རིག་ཁོ་ན་ལ་མི་ཚེ་བསྐྱལ་ཏེ་མཚན་རིག་གནས་དོན་སོགས་འཆད་རྩོམ་བགྲོ་གླེང་གནང་། སྲིད་དོན་པས་མི་ཚེ་གང་པོར་གཞུང་གི་སྲིད་དོན་ར་བ་ལ་མི་ཆེ་བསྐྱལ་ཏེ་འགྲིག་མི་འགྲིག་བགྲོ་གླེང་དཔྱད་རྩོམ་སྤེལ། སྨན་པས་སྨན་ཁང་ནང་དུ་ནད་པ་ལ་ཕན་ཐོགས་ཐབས་ལམ་དང་སོགས་དུས་འདའ། ད་ནང་བསྟན་ལ་ཞུགས་པའི་སེར་མོ་བ་ནི་གཞི་གསུམ་སོགས་རྒྱུ་བཅང་སྟེ་མདོ་རྒྱུད་འཆད་རྩོད་རྩོམ་གསུམ་སོགས་མི་ཚེ་མི་བསྐྱལ་བ་ལ་དེ་མ་བཟང་ན་དེ་ནས་ནང་བསྟན་འཞུག་སེར་མོ་བ་ལས་ཀ་ག་རེ་རེད། སོ་སོ་་གདན་སའི་ནང་ལ་འདུག་སྙིང་མ་འདོད་ན། ད་དུང་ལོ་ངོ་བརྒྱ་ཕྲག་མང་པོས་བོད་རྒྱུད་ནང་བསྟན་སྲོལ་བཟང་པོ་དེ་ནི་ན་ལེནཌིའི་དཔེ་བཤུས་འདི་ད་ཚང་མ་བསྒྱུར་བཅོས་གཏོང་དགོས་འདུག་ཟེར་ན་ལས་ངན་ཚབ་པོ་ཆེ་བསག་ཉེན་འདུག་གོ། དེ་ནས་མ་འོངས་པར་རིན་ཐང་ག་ཚད་གནས་ཐུབ་པའམ་མི་འདེག་འཇོག་ག་ཚད་འཇོག་ཡོང་བ་ཐེ་ཚོམ་རེད། དེང་སང་ལ་ལར་དགོས་རྒྱུ་ནི་ཡི་ཤུ་ཆོས་སྤེལ་ལུགས་ལ་དགའ་ཞེན་ཡོད་ཆེ། ཡི་ཤུའི་གསུང་རབ་དེབ་ཅུང་ཟླ་བ་ཁ་ཤས་རིང་ཚིག་དེ་དག་ངག་ཐོག་ལ་བཟུང་མི་ལ་དེ་ག་རང་བཤད་པ་ཙམ་མ་གཏོགས་བོད་རྒྱུད་ནང་བསྟན་ཆ་ཙམ་མི་ཉེ་བས་ད་དེ་འདྲ་བཟོ་འདོད་དམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme