Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལྡན་ཚང་གི་གཏམ་རྒྱུད་ཡིད་ཀྱི་མེ་ལོང་།

Posted on 2015-02-132015-02-13 By ཁ་བརྡ No Comments on ཆོས་ལྡན་ཚང་གི་གཏམ་རྒྱུད་ཡིད་ཀྱི་མེ་ལོང་།

ཆབ་མདོ་ངག་ཕུན།

 
སྔོན་”སྐྱིད་གཤོངས་”ལུང་པ་ཞེས་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡོད་ཅིང་། དེའི་ནང་དུ་འཚོ་སྡོད་བྱེད་མཁན་ཁྱིམ་ཚང་འགའ་ཤས་ཤིག་ཡོད་ཅིང་། དུས་རྒྱུན་ཁོ་ཚོར་ཕན་ཚུན་དཀའ་སྡུག་ག་འདྲ་ཞིག་བྱུང་བ་ཡིན་ན་ཕར་ཚུར་རོགས་རམ་བྱེད་རེའི་བྱེད་པའི་ཧ་ཅང་གི་ལུགས་སྲོལ་བཟང་པོ་ཞིག་ཡོད། དེ་འདྲའི་ཁོར་ཡུག་བཟང་པོ་ཞིག་ལ་སོ་སོའི་ཁ་རྗེ་དབང་ཐང་ལ་དཔག་པའི་ཞིང་ལས་བྱེད་ཀྱི་ཡོད་པ་དང་། ལུང་པ་དེ་ནི་ས་མ་འབྲོག་ཡིན་གཤིས་སྟོན་ཐོག་ཀྱང་ཧ་ཅང་ཡག་པོ་སྐྱེས་ཀྱི་ཡོད་པ་རེད། ལུང་པ་དེར་”ཆོས་ལྡན་ཚང་”ཞེས་གནའ་སྔ་མོ་ནས་འཚོ་བྱེད་བསྡད་མཁན་ཞིག་ཡིན་ལ། རྒྱུ་དཔལ་འབྱོར་ལུང་པ་དེ་ནས་ལེགས་གྲས་ཤིག་ཀྱང་ཡིན་པ་རེད།

ཆོས་ལྡན་ཚང་གི་བུ་རིག་འཛིན་དེ་ཞོགས་པ་སྔ་པོ་ལངས་ཏེ་ཇ་འཐུང་། ཐོང་གཤོལ་ཕྲག་སྟེང་ལ་འཁུར་ནས་རྨོན་མཛོ་གཉིས་འདེད། ཞིང་ཁ་རྨོ་རུ་ཕྱིན་པ་དང་། རྨོན་མཛོ་ཞིང་ཁར་བརྒྱབ་ནས་གཉའ་སྦྲེལ་ནས་ཞིང་ཁ་རྨོས་ཆོག་བཟོས། བཟའ་ཟླ་མཚོ་སྐྱིད་ཀྱིས་སྒྲོ་བ་ནང་འབྲུ་བླུགས་ཏེ་རྒྱབ་ཏུ་འཁུར་ནས་སྔོན་ལ་ཕྱིན་ཏེ་ཞིང་ཁའི་མུ་ལ་སྒྲོ་སྣོད་བཞག། །ལུད་འབུར་འབུར་བཞག་ཡོད་པ་རྣམས་ཞིང་ཁར་བཀྲམས་ཏེ་སྒྲོ་སྣོད་ཁ་ཕྱེས་ནས་བླུགས་སྣོད་ནང་འབྲུ་བླུགས་ཏེ་ཞིང་ཁར་ས་བོན་བཏགས། དེ་ཉིན་གྲོང་པ་ཁྱིམ་མཚེས་ཚང་མའི་ཞིང་ཁར་ས་བོན་བཏབས་ནས་ཞིང་ཁ་རྨོས་མགོ་བཙུགས་ནས་གྲོང་མི་ཚང་མ་བྲེལ་འཚུབ་ངང་དཔྱིད་ལས་བྱེད་བཞིན་མཆིས། དཔྱིད་ལས་བྱས་ཏེ་ཟླ་བ་གཅིག་ལྷག་ཙམ་འགོར་གྱི་ཡོད་པ་རེད།

དེ་ནས་ཆོས་ལྡན་ཚང་གི་དཔྱིད་ལས་ཚར་རྗེས་རིག་འཛིན་ཕ་མ་མཉམ་དུ་ཉི་རའི་བམ་འཁྱམས་ལ་བསྡད། རིག་འཛིན་གྱིས་”ཨ་མ་ད་ལོ་སྟོན་ལས་དེ་མགྱོགས་པོ་ཚར་སོང་”ཞེས་ཤོད་བཞིན་ངོ་གདོང་ལ་འཛུམ་མདངས་ལྷད་མེད་གཅིག་ཤར་བཞིན་ཇ་འཐུང་སྟེ་བསྡད། འདས་ཟིན་པའི་གནས་སྟངས་སྐོར་ལ་སྐད་ཆ་མང་པོ་ཞིག་བཤད་ནས་བསྡད་པ་དང་། རིམ་གྱི་ཉི་མ་ལ་རྩེ་ནས་བྱོན་འགྲོ་བ་མངོན། མ་བུ་གཉིས་ནང་ལ་ཡོང་སྟེ་རིག་འཛིན་གྱིས་ཐབ་ལ་མེ་བཏང་།
བཟའ་ཟླ་མཚོ་སྐྱིད་ཀྱིས་རྒྱབ་ཏུ་སླེ་པོ་ཞིག་འཁུར་ཏེ་ནོར་ལུག་རུབ་ཏུ་སོང་། ལྕི་བ་སྒྲུབ་བཞིན་ནོར་ལུག་རྣམས་རུབ་སྟེ་ནང་ལ་དེད་ཡོང་བ་དང་། ལྷས་ར་ནང་བརྒྱབ། ལྕི་ར་ནང་ལྕི་བ་བླུགས་ཏེ་ནོར་ལུག་རྣམས་ལྷས་གདོང་ལ་བཏགས། ནང་ལ་ཕྱིན་ནས་ལག་པ་འཁྲུས་ཏེ་འོ་ཟོམ་འཁུར་ནས་འབྲི་མཛོ་བཞོ་མགོ་བཙུགས། དེ་ནས་ནང་ལ་ཡོང་སྟེ་འོ་མ་བསྐོལ་ནས་བང་ཁྲིའི་སྟེང་ལ་བཞག་ཅིང་།
དེ་ནས་ནང་གི་ཁ་ལག་བཟོ་མགོ་བཙུགས། ཁ་ལག་བཟོ་ཚར་རྗེས་ནང་མི་རྣམས་ཀྱིས་ཁ་ལག་བཟས་ཏེ་ཉལ། ཕྱི་ཉིན་ཞོགས་པ་སྔ་པོ་ལངས་ཏེ་འཚོ་སྐྱིད་ཀྱིས་འབྲི་མཛོ་རྣམས་བཞོས། རིག་འཛིན་ལངས་ཏེ་འབྲི་མཛོ་རྣམས་ལ་རིར་དེད་ཕྱིན་ནས་རི་ངོས་ལ་བརྒྱབ་སྟེ་ནང་ལ་ཡོང་བ་དང་། རིམ་གྱིས་གྲོང་མི་རྣམས་འབྲོག་ས་སྤོ་འགོ་བཙུགས་ཤིང་། ཆོས་ལྡན་ཚང་ཡང་འབྲོག་སར་སྤོས། ནང་ལ་ཆོས་འཛིན་དང་ཕ་མ་གཉིས་ལས་མེད་ཅིང་། འཚོ་སྐྱིད་དང་བུ་མོ་ལྷ་མོ་གཉིས་འབྲོག་སར་ཕྱིན།

སྐྱ་མདའ་གཏོང་བ་དང་ཆོས་འཛིན་གྱིས་གཉིད་ས་ནས་ལངས་ཏེ་ཐབ་ཏུ་མེ་བཏང་སྟེ་ཞོགས་ཇ་བསྐོལ། ཐབ་ཚང་གི་སྒེ་ཁུང་ནས་བལྟས་པ་དང་། རི་བོ་སྟོད་སྨད་སྔོ་ལྗང་ལྗང་གྱུར་བ་མཐོང་དུས་རང་དབང་མེད་པའི་སེམས་ཁམས་ལ་བདེ་བའི་སྣང་བ་ཞིག་དབང་མེད་དུ་ཤར་གྱི་ཡོད། ཆོས་འཛིན་གྱི་ཇ་བཟོས་ཏེ་ཕ་མ་གཉིས་ལ་དྲངས། རང་ཉིད་ཀྱང་འཐུང་། དེ་ཉིན་མཁའ་དབྱིངས་ལ་ཆུ་སྤྲིན་མཁྲེགས་ཤིང་། ཆར་པ་སིམ་སིམ་འབབ་བཞིན་མཆིས་ལ། ལུང་པའི་སྟོད་སྨད་སྔ་ལས་མཛེས་སྡུག་ལྡན་པར་གྱུར། དེ་ནས་རིམ་གྱིས་སྟོན་ཐོག་སྐྱེ་མགོ་བཙུགས་ཤིང་། སྙེ་མ་སྨིན་ནས་མགོ་བོ་སྒུར་བ་ནང་བཞིན་སྟོན་ཐོག་རྣམས་ཞིང་ཁའི་མུ་ལ་ཡོལ་གྱི་འདུག་ཅིང་། དེ་དག་ཆོས་འཛིན་གྱིས་མཐོང་དུས་དགའ་བ་དཔག་མེད་སྐྱེ་གི་ཡོད་པ་རེད།

དེ་འདྲའི་དུས་སྐབས་ཤིག་ལ་གློག་པུར་མཁའ་དབྱིངས་ལ་ཆུ་འཛིན་མཁྲེགས་ཤིང་། དབྱར་རྔས་སྒྲ་དབྱངས་འཐེན་པ་དང་། གློག་དམར་འཁྱུག་པ་སོགས་ཀྱི་རི་ལུང་འུར་གྱིས་བརྒྱངས། ཞིང་པ་རྣམས་ཀྱིས་ད་སེར་བ་བརྒྱབ་ན་དཔེ་བསགས་སོང་ཞེས་ལབ་བཞིན་དཀོན་མཆོག་ལ་སྨོན་ལམ་འདེབས་པ་ལས་གཞན་གང་ཡང་བྱ་ཐབས་མ་མཆིས།
འབྱུང་བའི་མི་ལ་སྙིང་རྗེ་ཞིག་ག་ལ་བྱེད་སྲིད། དང་ཐོག་ཆར་པ་བཏང་བ་དང་། རིམ་གྱིས་ཆར་པ་དེ་དྲག་ཆར་ལ་གྱུར། དེ་ནས་སེར་བ་ཤུགས་ཆེན་པོ་བརྒྱབ་པས་ལུང་པ་སྟོད་སྨད་དཀར་ཁྱབ་ཁྱབ་ཏུ་གྱུར། ཞིང་ཁའི་སྟོན་ཐོག་རྐང་གཅིག་ཀྱང་མ་ལྷག་པ་སེར་བས་བརྡུང་། ལུང་པའི་ཕུ་ནས་ཆུ་ལོག་རྒྱུ་ནས་དུད་འགྲོ་མང་པོ་ཞིག་ཆུས་འཁྱེར་བ་སོགས་ཀྱི་དུས་རྒྱུན་དང་ཁྱོན་ནས་མ་འདྲ་བའི་རྟགས་མཚན་ངན་པ་དུ་མ་ཤར།

ཞིང་པ་རྒན་བྱིས་རྣམས་ཀྱིས་དེ་དག་མཐོང་དུས་མིག་ཆུ་རང་དབང་མེད་པར་ཤོར། ལོ་ན་མཐོ་བའི་རྒན་རབས་འགའ་ཤས་ཀྱིས་”སྔོན་ལས་བརྐོས་ཐང་ལ་ཟུར་ཐབས་ཡོད་མ་རེད་”ཅེས་སེམས་གསོ་བྱེེད་ཀྱི་ཡོད། ལོ་དེར་སྟོན་ཐོག་རྐང་གཅིག་ཀྱང་བསྡུ་རུབ་བྱེད་རྒྱུ་མ་བྱུང་བ་རེད།
དུས་དེ་ནས་བཟུང་སྟེ་ལུང་པ་དེར་དུས་ཐོག་ཆར་པ་ཁྱོན་ནས་མི་འབབ་པ་སོགས་ཀྱིས་ལུང་པ་དེའི་མི་མང་ཆེ་བ་དེར་གནས་མ་ཐུབ་ནས་གཞན་ལ་རིམ་གྱིས་སྤོ་འགོ་བཙུགས། གྲོང་མི་ཚོས་ཆོས་འཛིན་ལ་གཞན་ལ་གནས་སྤོས་དགོས་ཚུལ་རིམ་པ་ལབ་ཀྱང་ཆོས་འཛིན་གྱིས་ང་ནི་ཕ་མེས་ནས་ལུང་པ་འདིར་གནས་གཞིས་ཆགས་པའི་ཁྱིམ་རྒྱུད་གཅིག་ཡིན་ན་གཏན་ནས་མི་སྤོ་ཞེས་ལབ་སྟེ་ཁྱོན་ནས་མ་སྤོས་པ་རེད། སྐྱིད་གཤོངས་ལུང་པར་ཆོས་ལྡན་ཚང་གཅིག་པུ་ལས་གཞན་ཁྱིམ་ཚང་སུ་ཞིག་བསྡད་མེད། ཆོས་འཛིན་ཨུ་ཚུགས་བརྒྱབ་སྟེ་བསྡད་བཞག་པ་རེད།
དེ་ནས་རིམ་གྱིས་ཆོས་ལྡན་ཚང་གི་ནང་ལ་འབྲུ་རྡོག་རྐང་གཅིག་ཀྱང་མེད་པ་གྱུར་ནས་དབུལ་པོ་དབུལ་རྐྱང་ཆགས། ཆོས་འཛིན་གྱིས་”བཟའ་ཟླ་ལ་ད་འདི་མུ་བཞིན་བསྡད་ཚེ་ང་ཚོ་ནང་མི་མུ་གེ་ཤི་བས་ཉེན་ཁ་འདུག་པས། དེ་ལས་ང་དང་བུ་ཕྲུག་ཁྲིད་དེ་ལུང་པ་གཞན་ལ་སློང་མོར་འགྲོ་དགོས་”ལབ། གཏམ་དེ་བཟའ་ཟླ་མཚོ་སྐྱིད་ཀྱི་གོ་བ་དང་རང་དབང་མེད་པའི་མིག་ཆུ་ཤོར།

མཚོ་སྐྱིད་ཀྱིས་རང་ཉིད་ལ་སེམས་གསོ་བྱས་ནས་ཁྱོ་ག་ལ་”ཁྱོད་རང་ནང་ལ་སྡོད་དང་ངས་བུ་ཕྲུག་ཁྲིད་དེ་སློང་མོ་བརྒྱབ་ཏུ་འགྲོ་དགོས་”ཟེར། ཆོས་འཛིན་གྱིས་”དེ་ཡོང་གི་མ་རེད། ཕྱི་ལོག་ཁྱི་ལ་སོགས་པའི་དཀའ་ངལ་དུ་མ་ཞིག་འཕྲད་ཀྱི་རེད། དེ་ལས་ང་འགྲོ་”ཞེས་བརྗོད་དེ་བུ་ཕྲུག་ཁྲིད་དེ་ལུང་པ་གཞན་ལ་སློང་མོར་ཕྱིན། ཉིན་གཉིས་ཙམ་ཕྱིན་ནའང་ཁྱིམ་ཚང་གཅིག་ཀྱང་མ་མཐོང་། རི་ལུང་མང་པོ་བརྒལ་ནས་ཕྱིན་པ་དང་། ཕྲུ་གུ་གཉིས་ཁ་སྐོམ་ནས་ཁོག་ནས་མེ་འབར་བ་ནང་བཞིན་གྱུར་ནས་”ཨ་ཕ་ཆུ་དགོས་ཁ་སྐོམ་གྱི་འདུག་”ཅེས་ལབ་པ་དང་། ཕ་ཆོས་འཛིན་གྱིས་”ཕྲན་བུ་སྡུག་རུས་བྱས་དང་། མ་གེར་རི་བོ་འདབས་ལ་ཆུ་ཡོད་ཀྱི་རེད་”ཅེས་ལབ་སྟེ་ཕྲུ་གུ་གཉིས་ལག་པས་འཇུས་ཏེ་ཁྲིད།

རི་འདབས་ལ་སླེབས་ཉེ་སྐབས་བུ་ཆུང་བ་འགྲོ་མ་ཐུབ་ནས་ཐང་ལ་འགྱེལ་ཞིང་། ཆོས་འཛིན་གྱིས་རྒྱབ་ལ་འཁུར་ཏེ་འཁྱ་རེ་འཁྱོལ་རེ་ངང་འཁུར་ནས་ཡོང་བ་དང་། རི་བོ་དེའི་འདབས་ལ་སླེབས་དུས་ཆུ་མིག་གཅིག་ཡོད་པ་མཐོང་མ་ཐག་དགའ་ཐག་ཆོད་དེ་ཕྲུ་གུ་དེར་བཞག །ས་ཀོང་ཀོང་བཟོས་ཏེ་སྒྱེ་མོ་ནས་ཕོར་པ་ཚུར་སྟོན་ཏེ་ཕྲུ་གུ་གཉིས་ལ་ཆུ་སྟེར། ལུས་སེམས་ལ་གསོན་དབུགས་སྦྱིན་པ་ལྟ་བུ་གྱུར་ནས་ཡུན་ཙམ་ཞིག་གི་རིང་ལ་གཉིད་ལ་ཤོར། ཆོས་འཛིན་གཉིད་སད་པ་དང་རླུང་བསིལ་བུ་རྒྱབ་བཞིན་ཡོད་པས། ཕྲུ་གུ་གཉིས་དེ་གང་དུ་ཡོད་ན་བསམ་སྟེ་སྙིང་གཡུག་བཞིན་བལྟས་པས་ཕྲུ་གུ་གཉིས་ཉལ་ཁུག་པ་ཡོད་པ་མཐོང་བ་དང་། སེམས་ལྷོད་ལྷོད་དུ་གྱུར། ནམ་མཁའི་དབྱིངས་ལ་སྐར་ཚོགས་འོད་འཚེར་འཚེར་ཤར་ཞིང་། བཅོ་ལྔའི་ཟླ་བ་ཡང་ཤར་རི་རྩེ་ནས་གོང་དུ་འཕག །ཆོས་འཛིན་ལམ་སེང་ཡར་ལངས་ཏེ་གཡས་གཡོན་ནས་མེ་ཤིང་འཐུས་ཏེ་མེ་སྤར་ནས་ཇ་ཐང་ཞིག་བསྐོལ་ཏེ་འཐུང་།
དེ་ནས་རིམ་གྱིས་ནམ་གསལ་བ་དང་ཕྲུ་གུ་གཉིས་ཀྱང་ལངས་ཏེ་ཇ་ཐང་བླུགས། དེ་འཐུང་སྟེ་རིམ་གྱིས་ཕ་བུ་གསུམ་ཐོན། ཉིན་ཕྱེད་ཡོལ་ཙམ་ཕྱིན་པའི་རྗེས་ལ་ལུང་པ་ཡིད་དུ་འོང་བ་ཞིག་ལ་སླེབས་ཤིང་། དེར་དུད་ཚང་འགའ་ཤས་འཚོ་སྡོད་བྱེད་ཀྱི་ཡོད་པ་ཁོ་ཚོས་མཐོང་སྟེ་དགའ་ཐག་ཆོད་ནས་དེའི་ཕྱོགས་སུ་ཕྱིན།

ཁོ་ཚོའི་ཁྱིམ་ཚང་གཅིག་གི་སྒོ་འགྲམ་ལ་ཕྱིན་ཏེ་ཆོས་འཛིན་གྱིས་ཡིག་དྲུག་བགྲང་བཞིན་”བདག་ཚོར་བསོད་སྙོམས་ཤིག་གནང་རོགས་གནང་”ཞེས་འབོད་པ་དང་། དུད་ཚང་དེས་ཕ་རྒན་སྒོར་འབུད་ནས་”ཁྱོད་ཕ་བུ་གསུམ་ལུང་པ་ག་ནས་ཡིན་ནམ་”ཞེས་དྲིས། ཆོས་འཛིན་གྱིས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་”ངེད་ཕ་བུ་གསུམ་ནི་སྐྱིད་གཤོངས་སྡེ་པ་ཡིན་ཞིང་། ང་ཚོའི་ལུང་པར་བསྟུད་མར་ལོ་ལྔ་ཙམ་ཞིག་ལ་ཆར་པ་མ་བཏང་བའི་རྐྱེན་གྱིས་སྟོན་ཉེན་བྱུང་སྟེ་དཀའ་སྡུག་གི་འོག་ལ་ཚུད་སོང་”ཚུལ་འགྲེལ་བཤད་རྒྱབ་པ་དང་། ཕ་རྒན་དེས་ཕྲུ་གུ་གཉིས་ཀྱི་ངོ་གདོང་མཐོང་མ་ཐག་རང་བཞིན་མེད་པའི་སྙིང་རྗེ་སྐྱེས།
ཕ་རྒན་དེས་གོ་ར་ནང་གདན་རྙིང་པ་ཞིག་འདིང་ནས་དེར་སྡོད་ཟེར། ཕ་བུ་གསུམ་དེར་བསྡད་པ་དང་། ནང་གི་ཕ་རྒན་དེས་ཁོག་ལྟིར་དང་རྩམ་སྒམ་བཅས་འཁུར་ནས་”ཁྱོད་ཚོར་ཕོར་པ་ཡོད་དམ་ཞེས་”དྲིས། ཆོས་འཛིན་གྱིས་སྒྱེ་མོ་ནས་ཕོར་པ་ཚུར་སྟོན་ནས་སར་བཞག །ཕ་རྒན་དེས་ཕོར་པ་ནང་རྩམ་པ་རྒྱབ་ནས་ཇ་བླུགས། ཕ་བུ་གསུམ་ཉིན་གྲངས་ཁ་ཤས་ལ་ཁ་ལག་ཁྱོན་ནས་མེད་པའི་རྩམ་དྲི་དྲོ་བ་ཙམ་གྱིས་གཟུགས་ལུས་ཡོངས་རྫོགས་ལ་གསོན་ཤུགས་གསར་པ་སྦྱིན་པ་ལྟ་བུའི་ཚོར་སྣང་སྦྱིན། ལུང་པ་དེས་གྲོང་མི་ཚོས་ཕ་བུ་གསུམ་གྱི་ངོ་གདོང་མཐོང་དུས་སྙིང་རྗེ་ཚད་མེད་སྐྱེས་ཏེ་རྩམ་པ་དང་། གྲོ། ནས། ཆུ་ར་སོགས་གང་འཚམས་སྦྱིན། དེ་དག་སྒྱེ་མོ་ནང་བཅུགས། རིམ་གྱིས་ལུང་པ་གཞན་ལ་སློང་དུ་སོང་།

དེ་ཚོས་ཀྱང་དེ་ག་ནང་བཞིན་སྦྱིན་པ་སོགས་བྱས་དེ་དག་ཆོས་འཛིན་གྱིས་འཁུར་མ་ཐུབ་སྟེ་ཁྱིམ་ཚང་ཞིག་གི་ནང་ལ་བཅོལ་ནས་བཞག །ག་ཚད་འཁུར་ཐུབ་པ་རྣམས་སྒྱེ་མོ་ནང་བཅུགས་ཏེ་འཁུར་ཏེ་ནང་ལ་བློ་ཁ་བསྒྱུར། བཟའ་ཟླ་མཚོ་སྐྱིད་ཀྱིས་ཉིན་ལྟར་ཕ་བུ་གསུམ་ག་དུས་ཡོང་གི་ཡོད་ན་བསམ་སྟེ་བྱིའུའི་གནམ་ཆུ་སྒུག་པ་ནང་བཞིན་བསྡད་ཀྱི་ཡོད། ཉིན་གཅིག་དགོང་དག་ས་མ་རུབ་ཙམ་ལ་མ་གེ་མདའ་ནས་ནག་རིལ་རིལ་འགའ་ཡོང་གི་ཡོད་པ་མཐོང་མ་ཐག་ཕ་བུ་གསུམ་རེད་བསམ་སྟེ་ལམ་སེང་ཐབ་ལ་མེ་བཏང་སྟེ་ཇ་ཐང་ཞིག་བསྐོལ།
དེ་འདྲའི་ཇ་སྐོལ་བཞིན་པའི་སྐབས་སྒོ་བརྡུང་བ་དང་། བཟའ་ཟླ་མཚོ་སྐྱིད་འདུར་མ་རྒྱུགས་ཕྱིན་ཏེ་རྒྱལ་སྒོ་ཕྱེས། ཕ་བུ་གསུམ་གྱི་ངོ་གདོང་མཐོང་མ་ཐག་མཚོ་སྐྱིད་དབང་མེད་དུ་མིག་ཆུ་ཤོར་བཞིན་ཕྲུ་གུ་གཉིས་ལ་འཐམ་ནས་ལག་གཉིས་ཀྱིས་མགོ་ལ་བྱིལ་བྱིལ་བྱེད་བཞིན་མིག་ཆུ་འབབ་བཞིན་གནས། ཆོས་འཛིན་གྱིས་”ཁྱེད་ཀྱི་ཕྲུ་གུ་གཉིས་ཀྱི་ཁུར་པོ་ཕབ་རོགས་བྱེད་ཀྱི་མིན་ནམ་”ཞེས་ལབ་པ་དང་། མ་མཚོ་སྐྱིད་ཀྱིས་”ང་སེམས་གཡེང་ལ་ཤོར་བ་རེད་”ཟེར་ཏེ་ཁུར་པོ་ཕབ་རོགས་བྱས།

ཁུར་པོ་སར་བཞག་ཚར་རྗེས་མཚོ་སྐྱིད་ཀྱིས་ཇ་ཐང་གང་རེ་དྲངས། ཆོས་འཛིན་གྱིས་སྒྱེ་མོ་ཁ་ཕྱེས་ཏེ་མར་དང་། རྩམ་པ། ཆུ་ར། ཤ་སོགས་ཚུར་སྟོན། ཁོ་ཚོ་ནང་མི་རྣམས་ཀྱིས་དགོང་ཟས་མཉམ་དུ་རྩམ་པ་བཟས་ཏེ་ཉལ། ཕྱི་ཉིན་སྐྱ་མདའ་གཏོང་བ་དང་ཆོས་འཛིན་ཉལ་ས་ནས་ལངས་ཏེ་སུ་ཞིག་གི་མ་མཐོང་བ་བྱས་ནས་འཇོར་དང་། ལྕགས་ཁྱེམ་འཁུར་ཏེ་སྒོ་འགྲམ་གྱི་ཞིང་ཁ་ཞིག་ཡོད་པས། དེའི་དཀྱིལ་ལ་ས་དོང་བྲུས་ནས་འབྲུ་ཟོ་ལག་གཅིག་སྦས་ཏེ་བཞག །དཔྱིད་ཚེས་པ་དང་འབྲུ་དེ་ཡར་སྟོན་ཏེ་ཞིང་ཁར་བཏགས་པས། སྟབས་ལེགས་པ་ཞིག་ལ་ལོ་དེར་ཆར་པ་དུས་ཐོག་ལ་འབབ་མགོ་བཙུགས་ཏེ་བརྒྱ་ལོ་ཁར་ལྡིང་། སྟོང་ལོ་མུ་ལ་ཡོལ་བ་སྐྱེས། །དུས་དེ་ནས་བཟུང་སྟེ་ལོ་ལྟར་ཆར་ཆུ་དུས་སུ་འབབ་པས། ལོ་ལེགས་པ། སྒོ་ཕྱུགས་འཕེལ་བ་སོགས་ཀྱིས་ཡུལ་ལྗོངས་སྔ་ལས་མཛེས་སྡུག་ལྡན་པར་གྱུར།

ཆོས་ལྡན་ཚང་གིས་ཞིང་ཁ་དེ་གཡང་ཞིང་ཞིག་ལ་ངོས་འཛིན་གྱིས་ཞིང་ཁའི་མིང་ལ་”ཆོས་སྐྱིད་ཁ་”ཞེས་བཏགས་པ་རེད། ཞིང་ཁ་དེའི་ཉེ་འགྲམ་ལ་མཆོད་རྟེན་ཞིག་བཞེངས་རྒྱུའི་ནང་མི་བློ་ཚེ་གཅིག་མཐུན་བྱུང་དོན་ལྟར། ཚེས་བཟང་བཟང་བའི་ཉིན་མོ་ཞིག་ལ་མཆོད་རྟེན་བཞེངས་མགོ་བཙུགས། མཆོད་རྟེན་བཞེངས་སྟངས་འཆར་འགོད་བྱེད་མཁན་མི་སྣ་གདན་དྲངས་ཏེ་མཆོད་རྟེན་བཞེངས་པ་དང་། ཆོས་ལྡན་ཚང་གིས་མཆོད་རྟེན་བཞེངས་ཀྱི་ཡོད་པ་གཡས་གཡོན་གྱི་ལུང་པ་ཚོའི་གོ་སྟེ་མི་མང་དུ་མ་ཞིག་མ་སྐུལ་དང་བླངས་ཀྱིས་མི་རྒྱུ་གཉིས་ཀྱི་མཐུན་གྱུར་གནང་སྟེ་བློ་ཡུལ་ལ་མེད་པའི་མཆོད་རྟེན་ཡིད་དུ་འོང་བ་ཞིག་བཞེངས་སྐྲུན་གནང་ཐུབ་པ་བྱུང་བ་རེད། ཚོགས་བསགས་སྒྲིབ་སྦྱོང་བྱེད་ས་ཞིག་ཏུ་གྱུར་བ་རེད་ལ། ལུང་པ་ཀུན་གྱི་མིག་དཔེ་བལྟ་འོས་པ་ཞིག་ཀྱང་ཆགས་པ་རེད།
ཆོས་ལྡན་ཚང་གི་བུ་ཆོས་འཛིན་གྱིས་དཀའ་སྡུག་ཁག་ལ་གདོང་ལེན་མཐའ་གཅིག་ཏུ་གནང་བའི་འབྲས་བུར་བརྟེན་དུས་དེ་ནས་བཟུང་སྟེ་ཆོས་ལྡན་ཚང་རྒྱུ་དཔལ་འབྱོར་སོགས་མངའ་ཐང་ཕྱོགས་ཀུན་རྒྱས་ཤིང་། གཞན་དོན་བསྒྲུབ་མཁན་གྱི་ཁྱིམ་ཚང་མིག་དཔེ་བལྟ་སའི་ཁྱིམ་ཚང་ཞིག་ཏུ་གྱུར་བ་རེད་ལ། གཞན་གྱི་ཡིད་སྨོན་ཤོར་བའི་ཁྱིམ་ཚང་འབྱོར་ལྡན་ཞིག་ཏུ་གྱུར་བ་རེད་དོ།

བརྩམས་སྒྲུང་།

Post navigation

Previous Post: ཕྱི་རྒྱུད་ཨིན་བསྒྱུར་དཔེ་དེབ་ཀྱི་ཆེད་བརྗོད།
Next Post: ཆང་ཁང་དམར་བོའི་བསླུ་བྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme