Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 7

Posted on 2020-10-08 By ཁ་བརྡ No Comments on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 7

བློ་བཟང་རིན་ཆེན།

སྔོན་གླེང་།

གཏམ་དཔེ་ལ། བསམ་པ་སྡེ་བར་ངན་ན། སྦྱོར་བ་རང་ལ་རྩུབ། ཟེར་བ་བཞིན། མདང་ནུབ་བློ་འཛིན་སྐབས་ངས་གྲོགས་པོ་ཞིག་ལ་ཞེད་སྣང་སློང་ཆེད། རྒྱབ་ལོགས་ནས་འཇབ་སྟེ་ཡར་མཆོང་སྐབས་ངའི་མགོ་ཡིས་ཆུ་སྒམ་ལ་བརྡབས་ཏེ་རྨ་ཁ་འབྲང་ཙམ་བཟོས་བྱུང་། དེ་རིང་རྨ་དེ་ལ་ཁག་བཞག་ནས་ཞོགས་ཉལ་བྱེད་པ་མང་དྲགས་ཏེ་ཉིན་གུང་ཡང་གཉིད་མི་སྤྲོ་བར་གྱུར། ངས་ཁུ་སིམ་སིམ་གྱི་ལྷིང་འཇགས་ལ་ཡིད་ཙམ་རོལ་དུས། བྱ་སྐད་བྱེའུའི་སྐད་ལས་ཅི་ཡང་མ་ཐོས། ངའི་བསམ་པར་ཁམས་ཚན་གཅིག་པ་རྣམས་རེ་ཞིག་བློ་འཛིན་དང་དཔེ་ཀློག་གི་ངལ་དུབ་ལ་ཡུབ་ནས། གཏུ་མིག་གཉིད་ཀྱི་ཞིང་ཁམས་སུ་ངལ་གསོ་ཐེངས་གཅིག་བྱེད་བཞིན་པའི་སྣང་བ་ཞིག་ངང་གིས་སྟེར་བྱུང་།

ངས་གོ་སྐབས་འདི་བརྒྱུད་ནས་༧གོང་ས་སྐྱབས་མགོན་མཆོག་གིས་ལྗགས་རྩོམ་གནང་བའི་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>> ཅེས་པའི་དཔེ་དེབ་དེའི་ཀློག་འཕྲོ་ནས་ཀློག་འདོད་བྱུང་སྟེ། ཆུ་ཚན་ཕོར་གང་བཟུང་ནས་ཁམས་ཚན་གྱི་ཡང་སྟེང་ལ་བུད། ངའི་མདུན་ཐད་དུ་ས་སྐྱའི་སློབ་གླིང་དུ་སྐྱེས་པའི་ཨམ་སྡོང་དང་ཙན་དན་གྱི་ལྗོན་ཤིང་རྣམས། ཡམ་ཡོམ་དུ་གར་དུ་རྩེན་བཞིན་མཆིས། ངས་དེ་དག་སྣང་བ་མ་བཞག་པར་ཆོས་ལུགས་དང་བཟང་སྤྱོད་ཅེས་པའི་ཚན་པ་འདི་ཀློག་འགོ་བརྩམས།

ཆོས་ལུགས་དང་བཟང་སྤྱོད།

ཚན་པ་འདིར་ཆོས་ལུགས་དང་བཟང་སྤྱོད་གཉིས་ལས་གང་ཞིག་གལ་ཆེན་ཡིན་མིན་སྐོར་ནས་དགོངས་ཚུལ་ལྷུག་བརྗོད་གནང་འདུག ང་རང་བོད་ལ་ཡོད་སྐབས་འཇིག་རྟེན་འདིའི་བདེ་སྐྱིད་ཀྱི་རྩ་བ་ཆོས་ལུགས་ཡིན་པའི་བསམ་ཚུལ་ཤུགས་རྐྱེན་ཆེན་ཡོད། མ་ཟད་བདག་གི་དགེ་བའི་བཤེས་གཉེན་བློ་བཟང་དགེ་ལེགས་ཀྱིས་ང་ཚོར་<< ལམ་རིམ་མྱུར་ལམ་>>དང་<<བདེ་ལམ།>><<འཇམ་དཔལ་ཞལ་ལུང་།>>སོགས་ཁྲིད་སྐབས། འཇིག་རྟེན་གྱི་མི་ཡོད་ཚད་ཀྱིས་ལམ་རིམ་འདི་དག་ལ་ཅུང་ཟད་བློ་སྦྱངས་ཤིང་། རྒྱུ་འབྲས་མན་ངག་བདུན་གྱི་གོ་བ་རེ་རག་ན། འཇིག་རྟེན་ལ་བསམ་སྦྱོར་ངན་པའི་མི་ངན་ཏིལ་ཙམ་ཡང་ཡོང་རྒྱུ་མ་རེད་བསམ་མྱོང་། ད་སྐབས་ཕྱི་མིག་ཅིག་ལྟ་དུས་དེ་ནི་ན་ཚོད་མ་སྨིན་པའི་ལྟ་ཚུལ་ཞིག་གམ། ཡང་ན་ལྷད་མ་འདྲེས་པའི་དྭངས་གཙང་གི་སེམས་ཁམས་ཤིག་ལས་ཅི་ཡང་མིན་པ་འདྲ།

འདི་ལྟར་ཕུགས་བསམ་ཞིག་ཞེ་ལ་ཐོགས་ནས། ཆོས་ལུགས་དང་རིགས་རུས་མི་གཅིག་པའི་ཡུལ་ལུང་ཞིག་ལ་རང་གིེས་གོམ་ཁ་ལྷོད་ཀྱིས་སྤོ་བཞིན། མཐོང་ཐོས་མྱོང་གསུམ་གཞི་ལ་བཞག་སྟེ་༧སྐུ་མདུན་གྱི་ལེགས་བཤད་དག་ལ་རིམ་གྱིས་མཇལ་དུས། ངས་སྔོན་ཆད་བསམ་པ་ལྟར་འཇིག་རྟེན་གྱི་བདེ་སྐྱིད་ཡོད་ཚད་ཆོས་ལུགས་ལ་ཐུག་ཅིང་། དེའང་ནང་ཆོས་ལ་ཐུག་ཡོད་པའི་བསམ་ཚུལ་ལ་འགྱུར་བ་ཞིག་མ་བཏང་ཐབས་མེད་དུ་གྱུར། སྔར་གྱི་བསམ་ཚུལ་ནི་ང་རང་ཆོས་ལུགས་པ་ཞིག་ཡིན་པ་དང་། དེའི་ནང་ནས་ནང་བསྟན་ཆོས་ལུགས་པ་ཞིག་ཡིན་པའི་རྨང་གཞི་བྱས་ཞིང་། ཡུལ་ལུང་གཞན་གྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་ཏིལ་ཙམ་མེད་པའི་བསམ་ཚུལ་སྤུ་སུད་དོག་པོ་ཞིག་ཡིན་པ་ངོ་འཕྲོད་བཞིན་འདུག

སྔར་གྱི་བསམ་ཚུལ་ལྟར་ན་བྱམས་པ་དང་སྙིང་རྗེ། བཟོད་པ་སོགས་ཐམས་ཅད་ནང་བསྟན་ལ་བརྟེན་ནས་བྱུང་བ་དང་འབྱུང་དགོས་པའི་བསམ་ཚུལ་ཡོད། ཚུལ་དེ་ལ་རང་གིས་རང་ལ་ཚ་འདྲི་བྱས་ཏེ། ཡེ་ཤུའི་ཆོས་ལུགས་པ་དང་ཆོས་ལུགས་གཞན་གྱི་རྗེས་འབྲང་བ་དག་ལ་བྱམས་བརྩེ་སོགས་མེད་པ་རེད་དམ། ད་དུང་ཆོས་ལུགས་ཀྱི་ཐ་སྙད་ཙམ་མི་ཤེས་པའི་བྱིས་པ་དག་ལ་བྱམས་བརྩེ་སོགས་མེད་པ་རེད་དམ། གླེན་ཞིང་ལྐུག་པའི་བྱ་དང་ཁྱི་སོགས་ལའང་བྱམས་བརྩེ་སོགས་མེད་པ་རེད་དམ། དེ་ནི་གཏན་མ་ཡིན་ཏེ། ཡེ་ཤུའི་ཆོས་ལུགས་པ་སོགས་ཆོས་ལུགས་གཞན་པའི་ནང་ལ་བྱམས་བརྩེ་དང་། གཞན་ཕན་གྱི་བདག་ཉིད་དུ་གྱུར་བའི་རླབས་ཆེན་གྱི་སྐྱེས་བུ་མང་དག་ཅིག་བྱུང་བ་ནི་བསྙོན་དུ་མེད་པ་ཞིག་རེད། མ་ཟད་ཆོས་ལུགས་ཅེས་པའི་ཐ་སྙད་ཙམ་ཡང་མི་ཤེས་པའི་བྱིས་པའི་ནང་ལ་བྱམས་པ་དང་སྙིང་རྗེ་ཆེ་ཞིང་། རང་གཤིས་བཟང་བའི་བྱིས་པ་ནི་ཡང་ཡང་མཐོང་དུ་ཡོད་པ་དེའོ།། མ་ཟད་སྲོག་ཆགས་དུད་འགྲོའི་ནང་ལའང་བྱམས་པ་དང་སྙིང་རྗེ་མངའ་བའི་སེམས་ཅན་མང་དག་ཅིག་མཐོང་དུ་ཡོད་པ་ལ་ནི་བསྙོན་པར་སུ་ཞིག་ནུས།

དེ་ལྟར་རིམ་གྱིས་བསམ་དུས། ཚན་པ་འདིར་༧གོང་ས་མཆོག་གིས་ཆོས་ལུགས་དང་བཟང་སྤྱོད་གཉིས་ཀྱི་གང་ཞིག་གལ་ཆེན་མིན་གསུང་སྐབས། “ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན།”ཞེས། ཆེས་གོ་བདེ་ཞིང་དཔེ་བརྗོད་སླ་མོ་ཞིག་གི་ཐོག་ནས་བཟང་སྤྱོད་གལ་ཆེ་བར་གདམས་པ་རེད། འདིའི་སྐབས་ཀྱི་ང་ཚོ་ཞེས་པ་ནི་འགྲོ་བ་མི་སྤྱི་ལ་གོ་བ་ལས། གང་ཟག་བྱེ་བྲག་པ་ཞིག་དང་། ཚོགས་སྡེ་བྱེ་བྲག་པ་ཞིག་ལ་གོ་བ་གཏན་ནས་མིན་ནོ།།

ཏག་ཏག་རེད། ང་ཚོ་འགྲོ་བ་མི་རྣམས་ལ་ཆེས་མཁོ་བ་ནི། བྱམས་པ་དང་། སྙིང་རྗེ། བཟོད་སྲན། དཀྱེལ་ཡངས། ཆོག་ཤེས་སོགས་སེམས་ཀྱི་ཡོན་ཏན་རྣམས་རེད། ནང་ཆོས་ནི་དེ་དག་འགྲུབ་བྱེད་ཀྱི་ཐབས་ཀྱི་ཆ་ཤས་ཤིག་རེད། དེ་བཞིན་ཡེ་ཤུའི་ཆོས་ལུགས་སོགས། ཆོས་ལུགས་གཞན་དག་ཀྱང་སེམས་ཀྱི་བདེ་སྐྱིད་སྒྲུབ་པའི་ཐབས་ཀྱི་ཆ་ཤས་རེ་ལས་མ་འདས་པ་གཞི་ནས་རྟོགས་བཞིན་འདུག

ཆོས་ལུགས་ནི་སྨན་ཞིག་ཡིན་པའི་དབང་དུ་བཏང་ན། ང་ཚོ་ནི་ན་ཚ་མི་གཅིག་པའི་ནད་པ་ཤར་སྟག་རེད། ནང་ཆོས་ནི་མགོ་སྨན་ལྟ་བུའི་སྨན་བྱེ་བྲག་པ་ཞིག་ཡིན་པས། དེས་ནད་པ་ཐམས་ཅད་ལ་ཕན་དགོས་ཟེར་བ་ནི་དོན་དངོས་དང་མི་མཐུན་པའི་བཤད་ཡམས་ཤིག་ལས་མ་འདས་པ་རྟོགས་པ་གལ། དེ་ལྟར་བཤད་དུས། ཆོས་ལུགས་ནི་འདོར་བྱ་དང་ཉེ་བར་མི་མཁོ་བ་ཞིག་ཏུ་བསམ་པ་མིན་པར། ཆོས་ལུགས་ནི་ཉེ་བར་མཁོ་ཞིང་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་ཞིག་ཡིན་པ་སྨོས་མེད་རེད། འོན་ཀྱང་ས་སྒང་འདིར་གནས་པའི་རིགས་རུས་ཀྱི་དབྱེ་བ་མེད་པར་འཇིན་རྟེན་ཀུན་ཁྱབ་ཀྱི་མནོ་བསམ་ཞིག་བཏང་ན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་ཆེས་གལ་ཆེ་ཤོས་སུ་གཟིགས་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་གསར་གཏོད་མཛད་པ་རེད།

གནད་ཀྱི་དོམ་པོ་མ་ཟིན་པ་འགས། རང་གི་རིག་གཞུང་གསེར་གྱི་ཉི་མ་འདྲ་བོ་བསྐྱུར་ནས། བཟང་སྤྱོད་ཅིག་འཚོལ་དུ་འགྲོ་བ་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་“ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་བྱུང་།།” གསུངས་པ་ལ་མ་འདས་པར་སྙམ།

2020/8/28 ལ་བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉེས་ཆད་བཀོད་ཁྱབ་དང་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་སྐོར་ལ་དཔྱད་པའི་གཏམ།
Next Post: ཡུན་རིང་བོད་ལ་རོགས་གྲོགས་བྱེད་མཁན་Nancy Pelosi

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme