Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་འཁོར་དུས་ཆེན་གྱི་ཚེས་གྲངས་སྐོར་ཅུང་ཟད་གླེང་བ།

Posted on 2021-07-162021-07-19 By ཁ་བརྡ 1 Comment on ཆོས་འཁོར་དུས་ཆེན་གྱི་ཚེས་གྲངས་སྐོར་ཅུང་ཟད་གླེང་བ།

འབྲིང་བ་འཇིགས་མེད་ཀྱིས།

༄༅།། དེ་རིང་ཆོས་འཁོར་དུས་ཆེན་གྱི་ཉིན་མོར། སྔར་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེས་གནང་བའི་བཀའ་སློབ་ཅིག་ཏུ། ཆོས་འཁོར་དང་པོ་བསྐོར་བའི་དུས་ཆེན་ནི་འཕགས་པ་གནས་བརྟན་པ་རྣམས་ཀྱིས་དྲུག་པའི་ཚེས་བཅོ་ལྔར་བརྩི་བ་དང་། ང་ཚོས་དྲུག་པའི་ཚེས་བཞིར་བརྩི་བ་འདི་གཉིས་ལས། དེ་བྱུང་རིག་པའི་དབང་དུ་བྱས་ན་འཕགས་པ་གནས་བརྟན་པའི་བརྩི་སྲོལ་དེ་ཁུངས་ལུང་རྒྱུ་མཚན་ཡང་དག་དང་ལྡན་ཚུལ་དང་། ང་ཚོས་དྲུག་པའི་ཚེས་བཞིར་བརྩི་བ་འདིའི་རྒྱུ་མཚན་ཅི་ཡིན་དཔྱད་དགོས་ཚུལ་ཞིག་གསུངས་ཡོད་པ་དེ་དྲན་སོས་པ་དང་འབྲེལ་འདིར་དེའི་སྐོར་གླེང་སློང་ཙམ་བྱེད་འདོད་བྱུང་།

བཅོམ་ལྡན་འདས་ས་གའི་ཉ་ལ་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རིང་རྡོ་རྗེ་གདན་དུ་བཞུགས་པ་ནི་རྩོད་མེད་ཡོངས་གྲགས་ཡིན་ཞིང་། ས་གའི་ཉ་ནས་བདུན་ཕྲག་བདུན་འདས་པའི་ཉིན་མོ་ནི་ཚེས་གྲངས་ཆད་ལྷག་མེད་པའི་དབང་དུ་བྱས་ན་ཆུ་སྟོད་ཀྱི་ཡར་ཚེས་གསུམ་ལ་ཁེལ་

ཡོད་པས། དྲུག་པའི་ཚེས་གསུམ་ཉིན་རྡོ་རྗེ་གདན་དུ་བཞུགས་ཡོད་པ་དང་། དེའི་ཕྱི་ཉིན་དྲུག་པའི་ཚེས་བཞིའི་ཉིན་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར་བ་ནི། བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གསུངས་པ་ལྟ་བུ་སངས་རྒྱས་ཀྱི་མཛད་པའི་རྫུ་འཕྲུལ་གྱི་དབང་དུ་བྱས་ན་ཅི་ཡང་ཡོང་སྲིད་པས་དེ་ལ་སྐྱེ་བོ་ཐ་མལ་པའི་ཚད་ཐིག་གིས་དཔྱད་དུ་མེད་ཀྱང་། ཐ་མལ་ཐུན་མོང་བའི་དབང་དུ་བྱས་ན་སྔ་ཉིན་རྡོ་རྗེ་གདན་དུ་བཞུགས་པ་དེ་ཕྱི་ཉིན་ཝཱ་རཱ་ཎ་སཱིར་བཞུགས་པ་ནི་དེང་སང་འགྲིམ་འགྲུལ་གྱི་མཐུན་རྐྱེན་ལེགས་པས་ཡོང་ཐུབ་ཀྱང་སྐབས་དེའི་ཚེ་ཡོང་ཐབས་མེད་པ་ཞིག་ཡིན།

དེས་ན་བཅོམ་ལྡན་འདས་རྡོ་རྗེ་གདན་ནས་ཝཱ་རཱ་ཎ་སཱིར་ཇི་ལྟར་ཕེབས་པ་དང་། ཆོས་འཁོར་དང་པོ་ནམ་བསྐོར་བའི་ཚུལ་ལ་འཇིག་རྟེན་ཐུན་མོང་བའི་དབང་དུ་བྱས་ནས་དཔྱད་པའི་གཞི་ཙམ་བསླང་ཆེད་ཐོག་མར་དཔྱད་གཞིའི་རྒྱུ་ཆ་གཙོ་བོ་འགའ་དྲངས་ན།

གཅིག

དེའང་ཐེག་པ་ཆེན་པོའི་མདོ་རྒྱ་ཆེར་རོལ་པ་(སྡེ་དགེ་ཤིང་པར་)ལས། “དགེ་སློང་དག དེ་ནས་དེ་བཞིན་གཤེགས་པས་དེ་སྙམ་དུ་དགོངས་ནས་བྱང་ཆུབ་ཀྱི་སྙིང་པོ་ལས་བཞེངས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཤེགས་ནས། མཐར་གྱིས་ཡུལ་མ་ག་དྷཱར་རྒྱུ་ཞིང་ཡུལ་གསལ་ལྡན་དུ་གཤེགས་སོ། །དེ་ནས་རི་ག་ཡཱ་དང་། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཀུན་ཏུ་འཚོ་བ་པ་གཞན་ཞིག་གིས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་། །”ཞེས་དང་། དེ་ནས་ཀུན་ཏུ་འཚོ་བ་པ་དེ་དང་བཀའ་འདྲི་བཀའ་ལན་དུ་མ་མཛད་མཐར། “དེས་སྨྲས་པ། ཚེ་དང་ལྡན་པ་གཽ་ཏ་མ་ད་གར་བཞུད། དེ་བཞིན་གཤེགས་པས་བཀའ་སྩལ་པ། ང་ནི་བཱ་རཱ་ཎ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུངས་པ་མེད་པའི་འོད་བྱ་འོ། །”ཞེས་སོགས་གསུངས་མཐར། “དེ་བཞིན་གཤེགས་པ་ནི་བྱང་ཕྱོགས་ལོགས་སུ་བཞུད་དོ། །དགེ་སློང་དག དེ་ལྟར་དེ་བཞིན་གཤེགས་པ་རི་ག་ཡཱའི་ཀླུའི་རྒྱལ་པོ་ཤིན་ཏུ་བལྟ་མཛེས་ཀྱིས་བཞུགས་སུ་གསོལ་བ་དང་། བཤོས་གསོལ་བར་སྤྱན་དྲངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཉེ་གནས་སུ་གཤེགས་སོ། །དེ་ནས་ཀྱང་ལྟེང་རྒྱས་ལྟར་གཤེགས་སོ། །དེ་ནས་ཀྱང་ཙན་ད་ལྟར་གཤེགས་སོ། །དེ་ནས་གྲོང་ཁྱེར་ཁ་ལོ་སྒྱུར་དུ་གཤེགས་སོ། །དགེ་སློང་དག དེ་དག་ཏུ་ཡང་ཁྱིམ་བདག་རྣམས་ཀྱིས་དེ་བཞིན་གཤེགས་པ་བཞུགས་སུ་གསོལ་བ་དང་། བཤོས་གསོལ་བར་སྤྱན་དྲངས་ཏེ། མཐར་གྱིས་ཀླུང་ཆེན་པོ་གང་གཱའི་འགྲམ་དུ་གཤེགས་སོ། །དགེ་སློང་དག དེའི་ཚེ་ཀླུང་ཆེན་པོ་གང་གཱ་ཤིན་ཏུ་བྲུག་སྟེ། མུ་དང་མཉམ་པར་འབབ་བོ། །དགེ་སློང་དག དེ་ནས་དེ་བཞིན་གཤེགས་པ་ཕ་རོལ་ཏུ་གཤེགས་པའི་ཕྱིར། མཉན་པའི་གན་དུ་གཤེགས་པ་དང་། དེས་གསོལ་བ། གཽ་ཏ་མ་གྲུ་བཙས་སྩལ་དུ་གསོལ། གྲོགས་པོ་ང་ལ་གྲུ་བཙས་མེད་དོ་ཞེས་བཀའ་སྩལ་ནས། དེ་བཞིན་གཤེགས་པ་ནམ་མཁའ་ལས་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་གཤེགས་སོ། །” ཞེས་དང་། དེ་ནས་མཉན་པ་འགྱོད་དེ་རྒྱལ་པོ་གཟུགས་ཅན་སྙིང་པོར་ཚུལ་དེ་ཞུས་ཚུལ་དང་། རྒྱལ་པོས་དེ་ཕྱིན་ཆད་རབ་བྱུང་ཀུན་ལ་གྲུ་བཙས་མི་དགོས་པར་བྱས་ཚུལ་སོགས་གསུངས་མཐར། “དགེ་སློང་དག དེ་ལྟར་དེ་བཞིན་གཤེགས་པ་མཐར་གྱིས་ཡུལ་རྒྱུ་བ་རྒྱུ་ཞིང་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱི་ག་ལ་བ་དེར་གཤེགས་སོ། །གཤེགས་ནས་ནང་པར་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་གཤེགས་ཏེ། དེར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། བསོད་སྙོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་ཏེ། ཟས་ཀྱི་བྱ་བ་བྱས་ནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ག་ལ་བ་དང་། ལྔ་སྡེ་བཟང་པོ་ག་ལ་བ་དེར་གཤེགས་པ་དང་། ལྔ་སྡེ་བཟང་པོ་དག་གིས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་། །”ཞེས་དང་། དེ་ནས་ལྔ་སྡེས་བཅོམ་ལྡན་འདས་ལ་ཕེབས་བསུ་སྣེ་ལེན་མི་ཞུ་བའི་འོག་ཁྲིམས་བཅས་ཀྱང་མ་ཐུབ་ཚུལ་དང་། ལྔ་སྡེ་བསྙེན་པར་རྫོགས་ཚུལ། ལྷ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཚུལ་སོགས་གསུངས་མཐར། “དགེ་སློང་དག དེ་བཞིན་གཤེགས་པ་ནམ་གྱི་ཆ་སྟོད་ཀྱི་ཐུན་ལ་ནི་ཅང་མི་གསུང་བས་ཟད་པར་མཛད་དོ། །ནམ་གྱི་གུང་ཐུན་ལ་ནི་ཡང་དག་པར་ཆགས་པར་འགྱུར་བའི་གཏམ་གསུང་ངོ་། །ནམ་གྱི་ཆ་སྨད་ཀྱི་ཐུན་ལ་ནི་ལྔ་སྡེ་བཟང་པོ་རྣམས་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །”ཞེས་ཆོས་འཁོར་དང་པོ་བསྐོར་ཚུལ་གསུངས།

གཉིས།

ཐེག་པ་ཐུན་མོང་བའི་མདོ་མངོན་པར་འབྱུང་བའི་མདོ་(སྡེ་དགེ་ཤིང་པར་)ལས་འདི་སྐོར་གསུངས་པ་གོང་གསལ་དང་ཕལ་ཆེར་འདྲ་ཞིང་། རྡོ་རྗེ་གདན་ནས་ཝཱ་རཱ་ཎ་སཱིར་ཕེབས་པའི་སྐོར་ལ། “(ལྔ་སྡེ་བཱ་རཱ་ཎ་སཱིར་འཁོད་པ་)གཟིགས་ནས་ཀྱང་ཇི་ཙམ་བཞེད་ཀྱི་བར་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་བཱ་རཱ་ཎ་སཱིའི་ཀ་ཤིའི་གྲོང་རྡལ་གང་ན་བ་དེར་རྒྱུ་ཞིང་གཤེགས་སོ། །དེའི་ཚེ་ཀུན་ཏུ་འཚོ་ཉེར་འགྲོ་ལམ་དེ་ཉིད་དུ་ལམ་དུ་ཞུགས་པར་གྱུར་ཏེ། ཀུན་ཏུ་འཚོ་ཉེར་འགྲོས་བཅོམ་ལྡན་འདས་ལམ་ནས་གཤེགས་པ་མཐོང་ངོ་། །”ཞེས་སོགས་ཀུན་ཏུ་འཚོ་ཉེར་འགྲོ་དང་བཅོམ་ལྡན་འདས་བཀའ་མོལ་མཛད་པའི་སྐོར་གསུངས་མཐར། “ཀུན་ཏུ་འཚོ་ཉེར་འགྲོ་ལམ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཡུལ་ཀ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་པ་བཱ་རཱ་ཎ་སཱིར་བྱོན་ཏོ། །དེའི་ཚེ་ལྔ་སྡེའི་དགེ་སློང་རྣམས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་འཁོད་དོ། །ལྔ་སྡེའི་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །”ཞེས་མདོར་བསྡུས་ཤིག་ལས་མ་གསུངས།

གསུམ།

ཝི་ཏི་ནམ་གྱི་སློབ་དཔོན་ཆེན་པོ་གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུང་མོང་བའི་རྣམ་ཐར་སྤྲིན་དཀར་ལམ་རྙིང་ཞེས་བྱ་བ་(བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང་༡༡)ལས། “སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཐར་པའི་ས་བོན་བསྐྲུན་རྒྱུ་ནི་ངེས་པར་སྤྱི་ཚོགས་ཁྲོད་ཕེབས་ནས་སྒྲུབ་དགོས་པའི་གནད་དམ་པར་གཟིགས། དེ་དུས་ཁོང་སངས་རྒྱས་ཏེ་ཞག་ཞེ་དགུ་ལོན་ཟིན་སྟབས་ད་ནི་ལྟེང་རྒྱས་ཀྱི་ཡུལ་དང་ཞལ་གྱེས་རྒྱུའི་དུས་ལ་སླེབས་སོ། །”ཞེས་དང་། དེ་ནས་ཁྱེའུ་བཀྲ་ཤིས་སོགས་ལྟེང་རྒྱས་གྲོང་གི་ཕྲུ་གུ་ཚོས་ཕེབས་སྐྱེལ་གྱིས་ལྟེང་རྒྱས་གྲོང་གི་མཐར་འབྱོར་སྐབས་དཀའ་ཐུབ་པ་ཉེར་འགྲོ་དང་མཇལ་ཏེ་བཀའ་མོལ་མཛད་པའི་སྐོར་གསུངས་པའི་མཐར། “སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཁོང་ཚོར་(ལྟེང་རྒྱས་གྲོང་གི་ཕྲུ་གུ་ཚོ)བཞུགས་གདན་འཇགས་གསུངས་ནས་བྱང་ཕྱོགས་སུ་བཞུར་བཞིན་པའི་ཆུ་བོ་ནཻ་རཱཉྫ་ན་བརྒྱུད་དེ་བྱོན་སོང་ངོ་། །སྤྱིར་ན་ཆུ་བོ་དེ་བརྒྱུད་ནས་བྱོན་ན་ལམ་ཐག་རིང་ཙམ་ཡོད་ཀྱང་དེར་བགྲོད་ལམ་བདེ་པོ་ཡོད་པ་ཁོང་གིས་མཁྱེན་གྱི་ཡོད། ཆུ་བོ་ནཻ་རཱཉྫ་ནབྱང་ཕྱོགས་སུ་བཞུར་ཏེ་མཐར་ཆུ་བོ་གངྒཱར་ཐིམ་འགྲོ་གི་ཡོད་པས། གཙང་པོའི་འདྲེས་མདོ་དེ་ནས་ཆུ་བོ་གངྒཱ་བརྒྱུད་དེ་ནུབ་ཕྱོགས་སུ་བྱོན་ན་ཉིན་ཤས་རྗེས་པཱ་ཏི་ལིག་རཾཞེས་པའི་གྲོང་གསེབ་དེར་འབྱོར་ཐུབ། གནས་དེ་ནས་ཆུ་བོ་གངྒཱ་འཕྲེད་ཀྱིས་བཅད་དེ་ཆུའི་ཕ་རོལ་ཏུ་བྱོན་ན་ཡུལ་གསལ་ལྡན་གྱི་རྒྱལ་ས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་འབྱོར་ཐུབ་པ་ཡིན་ནོ། །”ཞེས་ལམ་ཐག་རིང་བ་སྟེ་ནཻ་རཱཉྫ་ན་དང་གངྒཱའི་འདྲེས་མདོ་བརྒྱུད་ནས་ཕེབས་ཚུལ་གསལ་བར་གསུངས།

བཞི།

གོང་དུ་དྲངས་པའི་མདོ་དང་བསྟན་བཅོས་འདི་དག་ལས་རགས་ཙམ་ཤེས་ཐུབ་པ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རྗེས་ཏེ་དྲུག་པའི་ཚེས་བཞིའི་ཉིན་རྡོ་རྗེ་གདན་ནས་ཞལ་གྱེས། ཆུ་བོ་ནཻ་རཱཉྫ་ན་བརྒྱུད་ནས་བྱང་ཕྱོགས་སུ་ཕེབས། ནཻ་རཱཉྫ་ན་དང་གངྒཱ་གཉིས་ཀྱི་འདྲེས་མདོ་ནས་གངྒཱ་བརྒྱུད་དེ་ནུབ་ཏུ་ཕེབས། པཱ་ཏི་ལིག་རཾ་ནས་གངྒཱ་བརྒལ་ཏེ་ཝཱ་རཱ་ཎ་སཱིར་འབྱོར། དེའི་རིང་ལ་རི་ག་ཡཱ་དང་། ཉེ་གནས། ལྟེང་རྒྱས། ཙན་ད། གྲོང་ཁྱེར་ཁ་ལོ་སྒྱུར། པཱ་ཏི་ལིག་རཾ། ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་བཅས་སུ་ཞག་རེ་རེ་བཞུགས་པའི་དབང་དུ་བཏང་ན་ཞག་བདུན་དང་། གཙང་པོའི་འདྲེས་མདོ་ནས་པཱ་ཏི་ལིག་རཾ་བར་ཉིན་ཤས་དགོས་པར་ཉིན་གསུམ་ཙམ་འགོར་བའི་དབང་དུ་བཏང་ན་ཞག་བཅུ། ཝཱ་རཱ་ཎ་སཱིར་འབྱོར་བའི་ཕྱི་ཉིན་ཏེ་ཉིན་བཅུ་གཅིག་པའི་ཞོགས་པར་བསོད་སྙོམས་ལ་ཕེབས་རྗེས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་ཏེ་ལྔ་སྡེ་བཟང་པོས་མཇལ། ཉིན་དེའི་དགོང་མོའི་ནམ་གྱི་ཆ་སྨད་དེ་ཉིན་བཅུ་གཉིས་པའི་ཐོ་རངས་ལ་ཆོས་འཁོར་དང་པོ་བསྐོར་བ་ལྟ་བུ་ཡིན་ཚེ། དྲུག་པའི་ཚེས་བཞི་ལ་རྡོ་རྗེ་གདན་ནས་ཕེབས་ཐོན་མཛད་དེ་ཉིན་བཅུ་གཉིས་པ་སྟེ་དྲུག་པའི་ཚེས་བཅོ་ལྔའི་ཐོ་རངས་ཆོས་འཁོར་དང་པོ་བསྐོར་བ་འདི་རགས་རྩིས་འགྲིག་པར་སྣང་ལ། དེ་ལྟ་ན་ང་ཚོས་དྲུག་པའི་ཚེས་བཞི་ལ་ཆོས་འཁོར་དུས་ཆེན་དུ་བརྩི་སྲོལ་འདི་ནི་རྡོ་རྗེ་གདན་ནས་ཝཱ་རཱ་ཎ་སཱིར་ཕེབས་ཐོན་མཛད་པའི་ཉིན་མོ་དེ་ཝཱ་རཱ་ཎ་སཱིར་ཕེབས་འབྱོར་བྱུང་བའི་ཉིན་མོ་(དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་འབྱོར་བྱུང་བའི་ཉིན་མོ།)ལ་འཁྲུགས་པ་ལྟ་བུས་བྱུང་བ་ཞིག་ཡིན་ནམ་སྙམ་པ་འདུག་ནའང་། ད་དུང་སྟོན་པའི་རྣམ་ཐར་ཁག་དང་། བསྟན་རྩིས། དུས་ཆེན་སྐོར་སོགས་ལ་དཔྱད་དགོས་པར་མ་ཟད། ཐེག་པ་ཐུན་མོང་བའི་ལུགས་ཡིན་མིན་སོགས་ཕྱོགས་དུ་མ་ནས་ཞིབ་ཏུ་དཔྱད་དགོས་ཏེ། འདིར་ནི་དཔྱད་པའི་གཞི་ཙམ་བསླངས་པའོ།།
འབྲིང་བ་འཇིགས་མེད་ཀྱིས། ཆུ་སྟོད་ཟླ་བའི་ཚེས་བཞི། ༢༠༢༡།༧།༡༤ ལ།

དཔྱད་བརྗོད།

Post navigation

Previous Post: ཉི་མ་གནམ་ལ་སྐྱོ་ན།
Next Post: ཕ་ཡུལ་ལྟ་བུའི་རྡ་ལ་ཧོ་སི།

Comments (1) on “ཆོས་འཁོར་དུས་ཆེན་གྱི་ཚེས་གྲངས་སྐོར་ཅུང་ཟད་གླེང་བ།”

  1. མྱི་དཀར། says:
    2021-07-18 at 5:31 am

    དེ་སྔོན་སློབ་དཔོན་ཟམ་གདོང་རིན་ཆེས་གསུང་བ་ལས་ཅང་ལྷག་མེད་པ་འདྲ། དྲ་འབུ་གདན་སའི་དགེ་བཤེས་ངག་གི་དབང་ཕྱུག་ཟེར་བ་ཞིག་གིས་ཀྱང་ཟམ་གདོང་རིན་པོ་ཆེས་གསུང་བའི་བཀའ་སློབ་ཇི་བཞིན་ཡིག་ཐོག་ཏུ་བཀོད་ནས་རང་གི་ཡིན་མདོགས་བྱས་འདུག་ཟེར། མ་གཞི་ནས་ལས་སྟངས་འདིའི་རིགས་དེང་སྐབས་ཧ་ཅང་མང་ཚོད་འགུ ཁྲིམས་ཡང་དག་ཞིག་ཡོད་ན་འདིའི་རིགས་ལ་དག་ཐེར་ཏོག་ཙམ་གནང་ན་དུས་འགྱང་ཤོར་མེད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme