Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་པའི་མིག་ནང་གི་ལམ་དབུ་མ།

Posted on 2013-03-042013-03-04 By སྤོབས་པ་མཐའ་ཡས། 29 Comments on ཆོས་པའི་མིག་ནང་གི་ལམ་དབུ་མ།

སྤོབས་པ་མཐའ་ཡས།

དགྲ་གཉེན་མཉམ་པར་གཟིགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ།
ལམ་དབུ་མ་ཞེས་པའི་མིང་བརྡ་འདི་ཡང་ཁྱད་དུ་འཕགས་ཏེ། འོད་སྲུང་གི་ལེའུ་ལས། འོད་སྲུང་ཡོད་ཅེས་བྱ་བ་འདི་ཡང་མཐའ་གཅིག་གོ།། མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ།། དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་བརྗོད་དུ་མེད་པ། བསམ་དུ་མེད་པ་སོགས་ཀྱིས་བསྟན་པའི་ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་ཡོད་མེད་ཀྱི་མཐའ་ལ་མ་ལྷུང་བ། རྟག་ཆད་ཀྱི་མཐའ་ལ་མ་ལྷུང་བ། འཁོར་འདས་ཀྱི་མཐའ་ལ་མི་གནས་པ་སོགས་གསུངས། རང་རེའི་ཆབ་སྲིད་འཐབ་རྩོད་ཀྱི་གྲོས་གཞིར་བྱུང་བའི་ལམ་དབུ་མ་ནི་ཚིག་འདྲ་ཡང་དོན་གྱི་ཆ་ནས་ཁྱད་པར་ཆེ་ཞིང་རྒྱ་བོད་ཀྱི་ཕྱོགས་སུ་མ་ལྷུང་བ་ཞིག་གམ་རྒྱ་དམར་གཞུང་གི་དགོས་འདུན་དང་བོད་རང་བཙན་འཐབ་རྩོད་པའི་དགོས་འདུན་གཉིས་ཀྱི་བར་འདུག་གམ་བར་འདུམས་ཀྱི་ཐབས་ལམ་ཞིག་ལ་ཟེར། ཡིན་ན་ཡང་དམ་པའི་ཆོས་ཉམས་ལེན་གྱི་ལམ་རྨད་དུ་བྱུང་བ་རེ་ཡིན་པར་འདི་གཉིས་མཐུན།

འདི་ནི་མཐའ་རུ་མ་ལྷུང་བའམ་ཕྱོགས་སུ་མ་ཆད་པའི་དབུས་སམ་དཀྱིལ་གྱི་དོན་ཡིན། ཆོས་དབུ་མ་དང་རྩ་དབུ་མ་ཙམ་མ་གཏོགས་དེང་གི་དུས་སུ་ཡོངས་སུ་ཁྱབ་པའི་སྐད་ལ་དཀྱིལ་ཀྱི་དོད་དུ་དབུས་ཞེས་པ་ལས་དབུ་ཞེས་བརྗོད་སྲོལ་མེད། དེང་རབས་བོད་སྐད་ཀྱི་དབང་དུ་བྱས་ན་དབུས་ཀྱི་དོད་དུ་དབུ་སྦྱར་སྲོལ་དེ་ནི་དུས་ལས་ཡོལ་ཟིན་པའི་བརྡ་རྙིང་གི་གྲས་ཡིན། དེའི་ཕྱིར་ན་དབུ་མ་ལས་ཀྱང་དབུས་མ་ཞེས་བརྗོད་ན་ཡོངས་སུ་གྲགས་པའི་ཐ་སྙད་དང་མཐུན། དེའི་ཕྱིར་ན་མིང་བརྡ་གོ་སླ་བའི་ཆེད་དུ་ལམ་དབུས་མ་ཞེས་བཏགས་ན་བློ་གྲོས་མཆོག་དམན་གྱི་སྐྱེ་བོ་ཚང་མས་གོ་ནུས་པར་ཕན་ཐོགས་ཡོད་ངེས། དབུ་འཇུག་ཡུལ་ནི་ཡན་ལག་གི་མཆོག་མགོ་བོ་ལ་ཞེ་ས་བྱས་པའི་མིང་ཡང་ཡིན། རྣམ་པ་གཅིག་ཏུ་ན་ཡན་ལག་ཐམས་ཅད་ཀྱི་མཆོག་མགོ་བོ་ཡིན་པ་བཞིན་དུ་ལམ་འདི་ཡང་ལམ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པས་དཔེ་ཡི་སྒོ་ནས་བཏགས་པར་བཀྲལ་ཀྱང་རུང་ངོ།།

བྱང་ཆུབ་སེམས་དཔའི་ཐབས་སྙིང་རྗེ་ཆེན་པོའི་ལམ་གྱི་ཉམས་ལེན་ལ། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ།། བདག་དང་ཁྱད་པ་ཅི་ཡོད་ན།། གང་ཕྱིར་བདག་གཅིག་བདེ་བར་བརྩོན།། ཞེས་གསུངས་པའི་ཉམས་ལེན་གྱི་མཐིལ་ལམ་དབུ་མ་འདི་ནི་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཉམས་ལེན་གནད་དུ་འཁྱོལ་བའི་ཕྱག་རྗེས་ལས་ཤར་བའི་དགྲ་གཉེན་མཉམ་པར་གཟིགས་པའི་མཛད་པ་རྨད་དུ་བྱུང་བ་ཞིག་ཡིན། ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་མགོན་དང་དབྱེར་མི་ཕྱེད་ན་ཡང་དྲངས་བའི་དོན་དུ་མིའི་སྲིད་པ་བཟུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ཉིད་ཀྱིས་ཀྱང་རྒྱལ་བུ་དོན་གྲུབ་ཀྱིས་རྒྱལ་སྲིད་བཟུང་བ་བཞིན་དུ་ཐོག་མར་བོད་རང་བཙན་གྱི་ལས་འགུལ་ཁོ་ནས་བོད་འདི་རྒྱ་དམར་གྱི་དབང་བསྒྱུར་ལས་གྲོལ་བའི་མཛད་པ་བསྐྱངས།

དེ་ནས་དགུང་ན་སྨིན་པའི་རིམ་པ་བཞིན་དུ་ཆོས་ཀྱི་ཉམས་ལེན་ལ་ཡར་སྐྱེད་ཆེན་པོ་ཐོན་ཏེ་ཉེ་རིང་ཆགས་སྡང་གི་འཁྲི་བ་གཏིང་ནས་ཆོད་དེ་རྒྱ་དམར་གཞུང་དང་བོད་རང་བཙན་འཐབ་རྩོད་པ་གཉིས་ཀྱི་བར་གནས་པའམ་བར་འདུམས་པའི་མི་སྣ་ཙམ་ལས་བོད་ཕྱོགས་ལ་ཞེན་པ་དང་རྒྱ་ཕྱོགས་ལ་སྡང་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཏིལ་འབྲུ་ཙམ་ཡང་མ་བསྐྱངས། ལྷག་པར་རྒྱ་བོད་གཉིས་སྨན་དབུ་མའི་ལམ་ཞེས་པའི་གྲོས་གཞི་ངོ་མཚར་ཅན་འདི་བཏོན་ནས་བྱང་ཆུབ་སེམས་དཔའི་ཉམས་ལེན་བཅོས་མ་མིན་པའི་དཔང་རྟགས་བསྟན། རང་སྣང་དབང་དུ་འདུས་ན་གཞན་སྣང་ཟིལ་གྱིས་གནོན་པ་ཆོས་ཉིད་ཡིན་སྟབས་རླབས་ཆེ་བའི་མཛད་པ་དེས་འཛམ་གླིང་འདིའི་བློ་གཟུ་བོར་གནས་པའི་སྐྱེ་བོ་ཡོད་ཏོ་ཅོག་གི་ཡིད་ཀྱི་སྣང་བ་དབང་མེད་དུ་འགྱུར་ཏེ་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ། གཟེངས་བསྟོད་དོ།། འདི་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ཙམ་མ་ཡིན་པར་ལྷ་དང་བཅས་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོར་ཇི་སྲིད་བར་དུ་སྙན་པའི་བ་དན་དཀར་པོ་ནུབ་མེད་དུ་གཡོ་བ་ཞིག་ཡིན་པར་ངེས།

འདི་ནི་ཐེག་པ་ཆེན་པོའི་སློབ་དཔོན་ཞིག་གིས་དགྲ་གཉེན་མཉམ་པར་གཟིགས་པའི་རྣམ་པར་ཐར་པ་ཆེན་པོའི་ཆ་ཤས་ཤིག དམ་པའི་ཆོས་ཀྱི་ཉམས་ལེན་གནད་དུ་འཁྱོལ་བའི་རབ་ཏུ་བྱུང་བ་ཞིག་འཁོར་བ་ལས་ངེས་པར་འབྱུང་བའི་མཛད་པ་ཞིག འཇིག་རྟེན་གྱི་སྲིད་དོན་འཐབ་རྩོད་ལ་ཞེན་པ་ལོག་པའི་རྣལ་འབྱོར་བ་ཞིག་གིས་ཆགས་སྡང་ལ་རྡོག་རྫིས་བཏང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་ངོ་མཚར་བ་ཞིག ཆགས་སྡང་དང་རྒྱལ་ཕམ་རྩོད་པའི་མུན་ཁྲོད་འདི་ན་དགྲ་གཉེན་གྱི་དབྱེ་བ་མེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་འཚོ་ཞིང་གཞེས་པའི་དཔང་རྟགས་རླབས་པོ་ཆེ་ཞིག་གོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་འདིའི་དགྲ་གཉེན་མཉམ་པར་གཟིགས་པའི་རྣམ་པར་ཐར་པ་འདི་ལ་བསམ་ན་མུན་ནག་སྤྲིན་རུམ་ན་གློག་འགྱུ་བས་རང་སྣང་སྟོན་པ་བཞིན་དུ་དད་པའི་གོ་སྐབས་འགའ་ཡང་དབྱེ་བར་བྱེད་དོ།། དེ་ནི་ཁོང་ལ་རྐུན་མ་དང་། ཇག་པ། གཡོ་སྒྱུ་ཅན་དང་། དྲག་སྤྱོད་པ་སོགས་ཀྱི་གཤེ་ཞིང་སྐུར་མཁན་རྒྱ་དམར་གཞུང་དང་ཞབས་ཀྱི་པདྨ་ལ་བཏུད་ཅིང་གསུང་གི་བདུད་རྩི་ལ་ངོམ་མེད་དུ་རོལ་མཁན་བོད་མི་རིགས་གཉིས་མཉམ་པར་གཟིགས། བར་དུ་བཞུགས། ལམ་དབུས་མ་བསྟན་མཁན་འདི་བྱང་ཆུབ་སེམས་དཔའ་མིན་ན་སུ་ཞིག་བྱང་ཆུབ་སེམས་དཔའ་ཡིན།

བྱང་ཆུབ་སེམས་དཔའི་ཉམས་ལེན་ལམ་དབུ་མ་འདི་ཉིད་དབེན་པའི་རི་སུལ་དུ་སྒྲུབ་པའི་རྒྱལ་མཚན་འཛུགས་མཁན་ཚོས་ཁུ་སིམ་སིམ་ངང་ཉམས་སུ་བླང་ན་ནི་སྐད་ཅིག་རེས་ཀྱང་བསྐལ་ཆེན་གྲངས་མེད་དུ་མའི་ཚོགས་དུས་གཅིག་ལ་འདུམས་པར་ཐེ་ཚོམ་མེད། མགོན་པོ་གང་གི་བྱང་ཆུབ་སེམས་ཀྱི་ཀློང་ན་ཕྱག་གི་མཐེ་བོང་གཡས་གཡོན་བཞིན་མཉམ་པར་བརྩེ་བས་རྗེས་སུ་བཟུང་བའི་བོད་དང་རྒྱ་ཡི་སྐྱེ་བོ་དམུ་རྒོད་དག་གི་སེམས་ལ་རྒྱལ་བ་རིན་པོ་ཆེའི་བྱང་ཆུབ་སེམས་ཀྱི་ཉམས་ལེན་འདིའི་བཞི་ཆ་ཙམ་རེ་སྐྱེ་ན་ད་གཟོད་ལམ་དབུ་མ་འདིས་བོད་ཀྱི་ཆབ་སྲིད་མདུན་ལམ་ལ་འདི་ཡིན་དེ་མིན་གྱི་གསལ་ཁ་རེ་འདོན་་སྲིད།

འོན་ཀྱང་སྟབས་ཉེས་པ་ཞིག་ལ་དེ་ནི་ད་དུང་བསྐལ་ཆེན་གྲངས་མེད་ཁ་ཤས་རེ་འགོར་ངེས་རེད། དཔལ་ལྡན་ཟླ་བས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་།།བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ།།ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཞེས་གསུངས་པ་བཞིན་དུ་བོད་མི་ཚོར་དགོས་པ་དེ་བོད་འདི་རྒྱ་འོག་ནས་ཐར་རྒྱུ་དེ་རེད། རྒྱ་དམར་ལ་དགོས་པ་དེ་བོད་རྒྱ་འོག་ལ་འཇུག་རྒྱུ་དེ་རེད། དབུ་མའི་ལམ་འདི་ཟབ་དྲགས་ནས་བསོད་ནམས་དམན་པའི་གངས་ཅན་སྐྱིད་གཤོང་དང་ཀྲུང་ནན་ཧའེ་ཡི་བར་གྱི་ན་ན་ཚ་ཚ་དེ་དྲག་པར་ལག་ལེན་ལ་ཐེབས་པ་ཞིག་ནི་རེད་མི་འདུག ལོ་ཤས་སྔོན་ལ་ཚ་བ་ཟམ་གདོང་སྤྲུལ་སྐུས་ཀྱང་བོད་མི་ཚོར་ལམ་དབུས་མ་ཉམས་སུ་ལེན་པའི་བསོད་ནམས་མི་འདུག་པས་གཟུངས་སྔགས་བགྲང་བ་དང་སྐུ་འདྲ་བཞེངས་པ་སོགས་ཀྱི་རིམ་གྲོ་ཕེབས་པ་ཡང་དོན་འདི་འདྲ་ལ་དགོངས་པར་ངེས།

ལམ་དབུ་མ་ནི་དེ་ལྟར་ཚིག་དོན་གང་ཐད་ནས་བསམ་ཡང་བྱང་ཆུབ་སེམས་དཔའི་མཛད་པ་རྒྱ་མཚོ་ལྟ་བུའི་རྣམ་པར་ཐར་པའི་ཆ་ཤས་ཡིན་པར་གདོན་མི་ཟ་བས་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་ལ་མེད་དུ་མི་རུང་བ་ཞིག་ནི་ཡིན་པར་ངེས། དེའི་ཕྱིར་ན་ད་དུང་ཡང་ལམ་དབུ་མ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་མཆོད་ན་འདོད་རྒུ་འབྱུང་བ་བཞིན་དུ་སྲིད་པའི་བདེ་བ་ལ་ཞེན་པ་ལོག་པའི་སྐལ་ལྡན་དག་གིས་སྙིང་གི་དབུས་སུ་གཏེར་བཞིན་བཟུང་ནས་ཉམས་ལེན་གྱི་རྩལ་སྦྱོང་བའི་གཞི་རྟེན་རྨད་དུ་བྱུང་བར་ངེས་སོ།།ཡིན་ན་ཡང་། ཐའེ་ལན་གྱི་མཁས་དབང་སྨན་པ་མེ་ཏྲ་ནན་དོ་མཆོག་གིས། “ནང་ཆོས་འདི་ཆབ་སྲིད་དང་གཉེན་སྒྲིག་མི་རུང་། ནང་ཆོས་འདི་ཆབ་སྲིད་དང་གཉེན་བསྒྲིགས་ན་དེའི་བུ་དེ་བདུད་ཕྲུག་ཅིག་སྐྱེས་ཡོང་ངེས་ཡིན།” གསུངས་པ་བཞིན་དུ་ཆགས་སྡང་རྨོངས་པས་ཀུན་ནས་བསླངས་པའི་ཆབ་སྲིད་ཀྱི་ཁོར་ཡུག་འདི་ལ་མར་ཁྱེར་ཡོང་ན་འོ་བརྒྱལ་མ་གཏོགས་མི་འདུག

དེའི་ཕྱིར་ན་རྒྱ་ཕྱོགས་ལ་སྡང་བ་ཆུང་ཡང་བོད་ཕྱོགས་ལ་ཞེན་པ་ཟབ་པའི་མི་ཞིག་ཡིན་ཕྱིན་རྒྱ་བོད་བར་གྱི་བར་འདུག་པའམ་དབུས་མ་པ་ཞིག་བྱེད་ཐབས་དབེན། དེའི་ཕྱིར་ན་ལམ་དབུ་མ་འདི་ལ་དར་དཀར་པོ་དྲི་མ་མེད་པ་ཞིག་གི་སྣ་དྲངས། གུས་པའི་ལྷ་ཕྱག་གསུམ་གྱིས་གཞུང་བསྲིངས། སྐྱེ་བའི་ཕྲེང་བ་གཞན་དང་གཞན་དུ་དབུ་མའི་ལམ་རིན་པོ་ཆེ་འདི་ཉམས་ལེན་གནད་དུ་འཁྱོལ་བའི་སྐལ་བ་བཟང་པོ་དང་ལྡན་པའི་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་གངས་ཅན་སྐྱིད་གཤོང་གི་ཆབ་སྲིད་ཀྱི་འདམ་རྫབ་ལས་བཏོན་ཏེ་གཤེགས་གསོལ་བྱས་ཟིན་པའི་གཞུང་འབྲེལ་ཁྱབ་བསྒྲགས་ཁ་གསལ་ཞིག་བྱེད་པའི་དུས་ལ་བབ་འདུག་སྙམ།

དཔྱད་རྩོམ།

Post navigation

Previous Post: སྙན་ངག་ལ་སྦྲན་པའི་སེམས།
Next Post: འགྱུར་ལྡོག

Comments (29) on “ཆོས་པའི་མིག་ནང་གི་ལམ་དབུ་མ།”

  1. འཇམ་གཅེས says:
    2013-03-04 at 2:56 am

    ད་ནི་དབུས་མ་ཡིན་ཡང་ཆོག་དབུ་མ་ཡིན་ཡང་ཆོག །གང་ལྟར་ང་ཚོ་བོད་པ་ཚང་ལ་ལམ་འདི་ལས་ལྷག་པར་ཞིག་ཡོད་ན་དགོས་པ་མ་ཟད་ཕྱིག་དྲག་པ་རེད། ལམ་འདི་ལས་ལོགས་སུ་འགྲོ་འདོད་ན་འདི་དང་འདི་ཞེས་བྱ་བར་སོང་ན་་དེ་དང་དེ་ཞེས་བ་བྱ་བར་འོང་ངོ་ཞེས་བླང་དོར་ལམ་བསྟན་གང་ལ་ཐོག་པར་མེད་པ༸གོང་ས་ཡིད་བཞིན་ནོར་བུ་ལས་ལྷག་པའི་བཀའ་དྲིན་གསུམ་ལྡན་དང་། མཁས་བཙུན་བཟང་གསུམ་ལྡན་པ། ཉམ་མྱོང་ཕུན་སུམ་ཚོགས་པ། རིགས་ཀྱིས་བདེ་སྡུག་ལ་ཁ་ཞེ་གཉིས་སུ་མེད་གནང་གྱི་སྐྱེས་མཆོག་ཞིག་དགོས་པ་རེད། དེ་མིན་གཅིག་དགོས་འདུག་ཟེར་ནས་མལ་སའི་ནང་སྐྱིད་ཉལ་བཟོས་ཏེ་ཁ་གཡང་སྙན་མོ་བཤད་ནས་བསྡད་ན་དགེ་མཚན་ཡོད་དམ།

    ཡང་མི་ཁག་གཅིག་གིས་རང་བཙན་རྩོད་དགོས། ཐོབ་ཐང་རེདཟེར་ནས། རྒྱལ་ཁབ་མང་པོའི་རང་བཙན་རྩོད་ནས་ཐོབས་པའི་ལོ་རྒྱུས་སྙན་མོ་རེར་ཁུངས་སུ་འདྲེན་བཞིན་པ་རེད།

    བདེན་པའི་ཕྱོགས་ཡོད་ཀྱང་ཡུལ་དུས་དང་གནས་བབ་ལ་ངེས་པར་དུ་བསམ་བློ་འཁོར་ཐུབ་དགོས། ད་དུང་འབྱུང་འགྱུར་ཡི་དགོས་མཁོ་དང་ཁེ་ཕན་ངོས་ཟིན་དགོས།

    མདོར་ན་སེམས་ཚོར་ཙམ་གྱིས་རྗེས་སུ་རྒྱུགས་མི་རུང་། སེམས་ཚོར་བ་ནི་ཚོར་བ་རང་གིས་ངོ་བོ་ལས་མ་འདས་པས་དེར་ཡིད་ཆེས་ཆོག་པའི་གདེང་སྤོབས་གང་ཡང་མ་མཐོང་།

    འགྲོ་བ་མིའི་ནར་སོན་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་བཙན་ལ་མི་དགའ་མཁན་དང་། ་དེར་མི་འདོད་མཁན་ཞིག་ཡོད་མི་སྲིད། ཡིན་ནའང་༸གོང་ས་ཡིད་བཞིན་ནོར་བུའི་ལམ་བསྟོན་འོག་ནས་དེ་སྔར་གཞིས་བྱེས་གཞུང་མང་ཟུང་ནས་ལན་མང་རྒྱ་ཁར་ཐོབས་པའི་ལམ་མཆོག་འདི་ལས་ལོག་ལམ་དུ་གྱར་མི་རུང་བ་ནི་འཛམ་གླིང་འདིའི་ཤེས་ཡོན་པ་ཚོས་གཟིགས་ཀྱིནཡོད།

    ཆིག་སྒྲིལ་བྱོས། འུར་ཤོད་མ་གནང་རོགས། །

  2. འདྲེ་རྐང་ཐོ། says:
    2013-03-04 at 3:19 am

    ད་བྱས་དུས་་དབུ་མའི་ལམ་འདི་་་་བོད་མི་དམངས་ལ་ཁེ་ཕན་དང་འདོད་པ་ཡོད་མེད་ལ་མ་གཟིགས་པར་༧གོང་ས་མཆོག་རང་ཉིད་ཆོས་ཀྱི་ཚད་མཐོན་པོར་ཕྱིན་པའི་དབང་དུ་བྱས་ནས་གསུངས་གནང་བ་ཡིན་པ་འདྲ།
    སྐུ་ཞབས་ལགས་ཁྱེད་ཀྱིས་་་དབུ་མའི་ལམ་འདི་ཡིན་གཅིག་མི་གཅིག་ཆོས་དང་འགྲེལ་ནས་ཅི་གང་མི་ཤེས་མཁན་གྲོང་གསེབ་པ་ང་འདྲ་བའི་མགོ་འཐོམས་འཇུག་དགོས་དོན་གང་ཡིན་ནམ། འོ་རེད་་་ད་དུང་དབུ་ལ་དབུས་བྲིས་ན་དག་རབས་འདྲ་ཞིག་གསུངས་འདུག གཅིག་བྱས་ན་དག་ན་ཐང་མོད་་་་རྣ་བར་བདེ་མོ་ཞིག་དང་ཁ་ལ་ལེན་བདེ་བོ་རང་མི་འདུག གཞན་ཡང་དཔའ་ལྡན་ཟླ་བའི་དབུ་མ་ལ་འཇུག་པ་ཞེས་པའི་དབུ་འདི་ཡང་མ་དག་པ་རེད་དམ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-03-04 at 3:28 am

    ་་་་་ དེའི་ཕྱིར་ན་དབུ་མ་ལས་ཀྱང་དབུས་མ་ཞེས་བརྗོད་ན་ཡོངས་སུ་གྲགས་པའི་ཐ་སྙད་དང་མཐུན། ་་་་ཟེར།

  4. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-04 at 4:06 am

    སྤོབས་པ་མཐའ་ཡས་བོད་ཀྱི་བུས།
    གནད་དོན་ལེགས་བཤད་བྲིས་པ་འདིས།
    གནས་ལུགས་རྟོགས་ནས་བོད་མི་མངས།
    དབུ་མའི་ལམ་ལ་གཞོལ་གྱུར་ཅིག །

  5. གཡུ་འབྲུག་དཀར་པོ། says:
    2013-03-04 at 4:18 am

    མཁན་པོ་རྣམ་གྲོལ་གྱི་དབུ་མའི་བཀའ་ཁྲིད་ལ་ཉན་པ་ཡིན། དེ་ལ་དབུ་མ་ལ་དབྱེ་ན་བརྗོད་བྱ་དོན་གྱི་དབུ་མ་དང་བརྗོད་བྱེད་ཚིག་གི་དབུ་མ། དོན་གྱི་དབུ་མ་ལ་གཞི་ལམ་འབྲས་གསུམ། ཚིག་གི་དབུ་མ་ལ་བཀའ་དབུ་མ་དང་བསྟན་བཅོས་དབུ་མ་གསུངས་འདུག་པ་ལས་དེ་ལས་གཞན་པའི་དབུ་མ་ཞིག་གསུངས་པ་ཐོས་རྒྱུ་མི་འདུག། འདིར་བལྟས་ན་ཐོག་མར་ཆོས་དབུ་མ་དང་སྲིད་དབུ་མ་ཞེས་གཉིས་སུ་དབྱེ་ཞིང་དེ་ནས་ཆོས་དབུ་མ་ལ་དོན་དང་ཚིག་གི་དབུ་མ་སོགས་དབྱེ་དགོས་པ་འདྲ། སྲིད་ཀྱི་དབུ་མ་འདི་ཉིད་ཆོས་ཀྱི་དབུ་མ་ལ་བརྟེན་ནས་བྱུང་བ་ཡིན་གཤིས། ཆོས་ཀྱི་དབུ་མ་ཉམས་སུ་ལེན་མཁན་ལ་ཐལ་རང་གཉིས་ཀྱི་དབྱེ་བ་ཡོད་པ་ལྟར་སྲིད་ཀྱི་དབུ་མ་ཉམས་ལེན་པའི་གྲལ་དུ་ཡང་དེ་འདྲའི་དབྱེ་བ་ཡོད་པ་འདྲ་ལ། ཡང་དབུ་མའི་གྲུབ་མཐའ་ལ་དགག་པ་གཏོང་མཁན་བྱེ་མདོ་སེམས་ཙམ་རྣམས་ལ་དབུ་མ་པས་དངོས་སྨྲ་བ་ཞེས་པའི་མིང་བཏགས་ནས་གྲུབ་མཐའ་འོག་མ་འམ་ཐེག་པ་འོག་མ་ལམ་དམན་པ་ཡིན་པར་བལྟ་བ་ལྟར་སྲིད་ཀྱི་དབུ་མ་ལ་དགག་པ་གཏོང་མཁན་ཏེ་རང་བཙན་པ་རྣམས་ལ་ཡང་སྲིད་ཀྱི་དབུ་མ་པས་ལམ་དམན་པར་བལྟ་གི་ཡོད་པ་འདྲ། ཡང་ཆོས་དབུ་མའི་ལུགས་ལྟར་ན་སྤྱིར་དབུ་མའི་ལམ་ཞེས་པ་དེ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པའི་ལམ་ཞིག་ཡིན་ཀྱང་དོན་ལ་ནི་སངས་རྒྱས་ཀྱི་གོ་ཕང་དང་འཁོར་བ་ཟེར་བ་ཞིག་གྲུབ་པ་མེད་པར་བསྟན་ལ་མཐར་ཐུག་དབུ་མའི་དོན་ཡང་མཐའ་ཀུན་དང་བྲལ་བ་བློ་འདས་སྨྲ་བསམ་བརྗོད་མེད་ཡིན་པར་འདོད། སྲིད་དབུ་མ་ཡང་དེ་ལྟར་བློ་འདས་སྨྲ་བསམ་ཞིག་ཡིན་ན་་་་་་་

  6. འབྲོག་ཕྲུག says:
    2013-03-04 at 5:37 am

    ཤི་བོའི་ཁ་ཆེམས། གསོན་པོའི་རེ་བ། མ་འོངས་པའི་ཕུགས་བསམ། ལོ་རྒྱུས་ཀྱི་བྱིན་སྐལ། བོད་རང་བཙན། བོད་རང་བཙན།

  7. རིག་པའི་བུ says:
    2013-03-04 at 8:12 am

    སྤོབས་མཆོག་གི་གསུངས་ལ་ཁ་གསབ་རེ་བྱས་ན་ཐམས་ཅད་ཆེན་པ་རྒྱལ་མཆོག་བཅུ་བཞི་བ་མཆོག་གིས་དེ་སྔོན་རྒྱལ་སྲས་དྲི་མེད་ཀུན་བདེན་གྱིས་ནོར་བུ་དགོས་འདོད་སྤུངས་འཛོམས་སྦྱིན་པ་བཏང་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཛད་སྤྱོད་ངོམས་པ་བཞིན། དམག་སྲིད་རྩྭ་བཞིན་དོར་ཞིང་ལོ་མང་དཀའ་ལས་ཀྱིས་སྐྲུན་ཞིང་ཚེ་སྲོག་གིས་ཉོས་བའི་གློ་བ་ས་ཁུལ་དང་
    གློ་བ་དམར་སྒར་བཅས་བལ་གཞུང་ལ་སྦྱིན་པ་གནང་། ཏེང་གི་ཞེན་འདོད་བཞིན་ཕྱོགས་རིས་དང་བྲལ་བའི་ལམ་དབུ་མར་ཐུགས་བཞེས་གནང་བ་བརྟེན། ལྷ དང་མི། ཤར་གླིང་དང་ནུབ་གླིང་སོགས་འཇིག་རྟེན་གྱི་སྐྱེས་བོའི་ཐམས་ཅད་ཁོང་གི་བླ་མེད་ཀྱི་བློས་བཏང་དང་། ཚད་མེད་ཀྱི་སྦྱིན་པ་ལ་ཡིད་སྨོན་ཤོར་ཞིང་སྐྱབས་སུ་མཆི། དེའདྲིའི་རླབས་ཆེན་གྱི་མཛད་པ་ཞིག་ཟས་གཙང་གི་སྲས་པོ་སོགས་དམ་པ་རེ་ཟུང་ལས་འཇིག་རྟེན་དུ་བྱུང་དུ་དཀོན་ཞིང་། སྐྱེས་བོའི་ཕལ་བའི་སྤྱོད་ཡུལ་ལས་འདས་ལ་། འདསབ་ངོས་འཛིན་གྱིས་ནོལ་ཝེ་ཞི་བདེའི་རྟགས་མ་ཕུལ། སྐྱབས་སུ་མཆི། ཞི་བདེའི་གཟེངས་རྟགས་ཀྱིས་ཉན་ཐོས་ཆེན་པོ་ཟམ་གདོང་སོགས་བྱིན་གྱིས་རློབས་ཀྱང་། ཁོང་ཚོར་གཞན་སྤྲད་ཡ་མེད་ཅིང་ཡོད་པ་ཐམས་ཅད་གོང་ས་མཆོག་གིས་སྦྱིན་ཟིན་པས། མཐར་ཟམ་གདོང་གིས་བོད་འདི་ལོ་རྒྱུས་ཐོག་རང་བཙན་མིན་ཞིང་ཡིན་པའི་རྒྱུ་མཚན་འདང་ངེས་མེད་ཚུལ་སོགས་གསུངས་ཀྱང་། དེ་ནི་སྐད་ཆ་ཙམ་ཡིན་ཡང་ནུས་བ་མེད་པས་དོ་སྣང་བྱེད་མཁན་དེ་ཙམ་མ་བྱུང་ཞིང་། ཞི་བའི་བྱ་དགའ་སོགས་ཕུལ་མཁན་མ་བྱུང་བས་རིམ་བཞིན་ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པ་བཞུགས་སོ།

  8. རིག་པའི་བུ says:
    2013-03-04 at 8:25 am

    ནོར་བཅོས།
    སྐྱབས་སུ་མཆི། ཞི་བདེའི་གཟེངས་རྟགས་ཀྱིས་ཉན་ཐོས་ཆེན་པོ་ཟམ་གདོང་སོགས་བྱིན་གྱིས་རློབས་ཀྱང་། ཁོང་ཚོར་གཞན་ལ་སྤྲད་ཡ་མེད་ཅིང་ཡོད་པ་ཐམས་ཅད་གོང་ས་མཆོག་གིས་སྦྱིན་ཟིན་པས། མཐར་ཟམ་གདོང་གིས་བོད་འདི་ལོ་རྒྱུས་ཐོག་རང་བཙན་མིན་ཞིང་ཡིན་པའི་རྒྱུ་མཚན་འདང་ངེས་མེད་ཚུལ་སོགས་གསུངས་ཀྱང་། དེ་ནི་སྐད་ཆ་ཙམ་ཡིན་ཡང་ནུས་བ་མེད་པས་དོ་སྣང་བྱེད་མཁན་དེ་ཙམ་མ་བྱུང་ཞིང་། ཞི་བའི་བྱ་དགའ་སོགས་ཕུལ་མཁན་མ་བྱུང་བས་རིམ་བཞིན་ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པ་བཞུགས་སོ།

  9. སྤྲུལ་སྐུ་དབང་ཆེན། says:
    2013-03-04 at 11:34 am

    དུས་མཐའི་བྱང་ཆུབ་སེམས་དཔས་མཛད་སྤྱོད་ཡིད་བཞིན་ནོར་བུ་ནེའུ་བྷེལ་ཞི་བདེའི་གསང་ལམ་མཆོག་གྱུར་དབུ་མ་དམ་པ་ལ་དེ་དེ་བཞིན་དེ། དེ་དེ་བཞིན་ནོ་ཞེས་ལྷ་དང་ཀླུ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེ་ཆུང་དུ་མ་དང་འདབ་ཆགས་གོ་བོ་མགོ་སེར་དང་སྡུག་འབུ་སྲིན་བྱ་ཁུར་རྟ་ལ་སོགས་འཁོར་དབུ་མའི་ལྟོ་བཅུད་ཀྱི་རྩི་ལ་རོལ་བའི་རིག་འཚོ་བའི་ཚོགས་དག་སེམས་པ་ཏུར་ཏུར་ངང་ལག་པ་དང་རྐང་པ་གཤོག་པ་མཉམ་དུ་བརྡབས། ལ་ལ་ནི་དར་དམར་འཕྱར་བའི་ཕྱིར་འོང་དང་ཕྱིར་མི་འོང་བའི་བསམ་གཏན་གྱི་གོ་འཕང་ཐོབ། ལ་ལ་ནི་མངོན་ལྐོག་གང་རུང་གཉིས་ཀྱི་སྒོ་ནས་རྒྱ་བོད་གཉིས་ཀྱི་ཕྱོགས་ནས་རྒྱུན་ཞུགས་གཉིས་ཀྱི་འབྲས་བུ་ལ་གནས། ལ་ལ་ནི་རྒྱ་བོད་གྲོས་གཏམ་གྱི་ཚོགས་ལམ་དང་སྒྲོལ་ལ་ཞུགས། ལ་ལ་ནི་རྒྱ་བོད་མཉམ་གནས་ཀྱི་འདུན་ལམ་ཐོག་མི་དམིགས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །དེའི་ཚེ་་་་་་་་་་་་་་་་་་་

  10. ས་སྐྱའི་རྗེས་འཇུག says:
    2013-03-04 at 12:17 pm

    སྐུ་ཞབས་སྤོབས་པ་མཐའ་ཡས་ཀྱིས་གསུངས་ལ་མངོན་པར་བསྟོད་དོ།
    ཡ་ ད་སྤྲུལ་དབང་གི་མཆན་འཇུག་བསྐྱངས་ན་་་་་་་་་་་ དེའི་ཚེ་དྲང་བདེན་དང་རང་བཙན་གི་ལྟ་བ་ལ་གནས་པའི་གང་ཟག་རྣམས་ལ་དམ་ཉམས་དང་རྒྱ་མིའི་རྒྱུག་ཁྱི་ཤུག་ལྡན་ཚོགས་པ་སོགས་ཀྱི་མཚན་གསོལ་ནས་བོད་པའི་སྤྱི་ཚོགས་ནས་ཁ་ཐག་རིང་དུ་གཏོང་པའི་གཡུལ་བཤམས་ནས་འདབ་ཆགས་གོ་བོ་མགོ་སེར་གྱིས་རྐེ་འཁྱོག་འཁྱོག་བྱེད་ནས་མཐུན་འགྱུར་མཛད།།

  11. འོད་གསལ says:
    2013-03-04 at 12:36 pm

    གྲོགས་པོ་གཡུ་འབྲུག་དཀར་པོ་ལགས།

    དོན་གྱི་དབུ་མར་གཞི་ལམ་འབྲས་གསུམ་འབྱེད་པ་ནི་འཕགས་ཡུལ་མཁས་པས་ཐུགས་མ་ཤར་བར། བོད་པ་ཚིག་གི་སྤྲོས་པ་ལ་དགའ་མཁན་ཁ་ཤས་ཀྱིས་བཟོས་པར་མ་ཟད། ནང་འགལ་ཅན་དུ་མཐོང་སྟེ། ལམ་དབུ་མ་ཆོས་ཅན། དོན་གྱི་དབུ་མ་མ་ཡིན་པར་ཐལ། དབུ་མ་བཏགས་པ་བ་ཡིན་པས་ཕྱིར། དེར་ཐལ། ཕྱོགས་ཀྱི་གླང་པོས། གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་པས་ཕྱིར། འདོད་ན་རྩ་བའི་དམ་བཅའ་ཤོར་ཚར།

  12. འོད་གསལ says:
    2013-03-04 at 1:10 pm

    གྲོགས་པོ་གཡུ་འབྲུག་དཀར་པོ་ལགས།

    གཞན་ཡང་སྤྲོས་བྲལ་སྟོང་བ་ཉིད་ཆོས་ཅན། བརྗོད་བྱ་དོན་གྱི་དབུ་མ་ཡིན་པར་ཐལ། ཁྱོད་ལྟར་ན་གཞིའི་དབུ་མ་ཡིན་པས་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། སྨྲ་བསམ་བརྗོད་མེད་ཀྱི་གནས་ལུགས་མ་ཡིན་པར་ཐལ། བརྗོད་བྱ་ཡིན་པས་ཕྱིར། འདོད་ཟེར་ན།(མི་ཕམ་རིན་པོ་ཆེ་སོགས་ཀྱི་ལུགས་གཞིར་བཞག་ན)དཔལ་མགོན་ཀླུ་སྒྲུབ་ཀྱི་ལུགས་དང་འགལ་ཏེ། ཞི་བ་ལྷས། དོན་དམ་བློ་ཡིན་སྤྱོད་ཡུལ་མིན། །ཞེས་དང་། གཞན་ཡང་། སྒྲ་གཅན་འཛིན་གྱིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། ། ཞེས་སོགས་གསུངས་པས་ཕྱིར། གཞན་ཡང་དབྱེ་སྟངས་འདི་སྐྱོན་མང་དུ་མཐོང་སྟེ། དབུ་མའི་ཁོངས་སུ་གཏོགས་ན་ཚིག་དོན་གང་རུང་གི་དབུ་མ་ཡིན་པས་ཁྱབ་པར་ཐལ། དབྱེ་བ་དེས་ཕྱིར། འོ་ན། ཤྲི་སིངྷས་ཕྱག་མཛུབ་གནམ་ཀ་བསྒྲེངས་ནས་ཆོས་ཉིད་སྟོན་པའི་ཕྱག་རྒྱ་དེ་ཆོས་ཅན། རྗོད་བྱེད་ཚིག་གི་དབུ་མ་ཡིན་པར་ཐལ། དབུ་མའི་ཁོངས་སུ་བསྡུ་འོས་པ་གང་ཞིག །བརྗོད་བྱ་དོན་གྱི་དབུ་མ་མ་ཡིན་པས་ཕྱིར། འདོད་ཟེར་ན་ཤིན་ཏུ་མི་འོས་ཏེ། དེ་ཆོས་ཅན། ཚིག་གི་དབུ་མ་མ་ཡིན་པར་ཐལ། མིང་ཚིག་གང་རུང་མ་ཡིན་པས་ཕྱིར། རྟགས་སླ། ཚ་ཚ་ཚ།

  13. སྤོབས་པ་མཐའ་ཡས། says:
    2013-03-04 at 1:50 pm

    ངའི་ལྟ་ཚུལ་ལྟར་ན་ལམ་དབུ་མ་འདི་ཆོས་ཕྱོགས་ནས་བལྟས་ན་ཕུལ་དུ་བྱུང་ཞིང་སྨོན་ལམ་ཡན་ཆོད་བཏབ་ནས་ཉམས་སུ་ལེན་འོས་པ་ཞིག་དང་། སྲིད་ཀྱི་ཕྱོགས་ནས་ལྟ་ཉན་གང་ཡང་མེད་ས་ཞིག་རེད་བསམ་གྱིན་ཡོད། འདིའི་སྐོར་ལ་ད་དུང་ཡང་བསམ་ཚུལ་ཁ་ཤས་རེ་འབྲི་བཞིན་ཡོད།

  14. སྤོབས་པ་མཐའ་ཡས། says:
    2013-03-04 at 1:54 pm

    ལམ་དབུས་མ་འདིས་མགོ་འཐོམ་ཡོད་མཁན་ཁྱོད་གཅིག་པོ་མ་རེད། ང་ཡང་དེ་མཚུངས་ཡིན། ལོ་མང་པོ་ལ་ལམ་འདི་ལ་དོ་སྣང་བྱས་པ་ཡིན། ཟབ་སྦྱོང་མང་པོ་ལ་ཕྱིན་པ་ཡིན། ཆབ་སྲིད་པ་མང་པོ་ལ་འདིའི་སྐོར་ལ་འདྲ་རྩད་བྱས་པ་ཡིན་མོད་འདི་ཙམ་ལས་གོ་བ་རྙེད་ཐུབ་མ་སོང་ལགས།

  15. འོད་གསལ says:
    2013-03-04 at 5:11 pm

    གོང་ནས་དབུ་མའི་ལམ་གྱི་བཀའ་ཞིག་གནང་། །
    འོག་ནས་རང་བཙན་དགོས་ཞེས་འབོད་སྒྲ་བསྒྲགས། །
    བདག་ནི་ལེགས་ཉེས་དབྱེ་བ་མ་ཕྱེད་པར། །
    འདི་ན་བར་དོའི་འགྲོ་བ་བཞིན་དུ་ལྷག །

    དོན་གྱི་བླ་མ་རྒྱལ་བ་རིན་པོ་ཆེ། །
    མཐོང་རྒྱ་མང་ཞིང་བློ་རྒྱ་ཆེ་བས་ན། །
    ཁོང་གི་བཞེད་པ་འཁྲུལ་བ་མེད་སྙམ་ནས། །
    ང་ནི་ད་ལྟ་དབུ་མའི་ལམ་ལ་འདུན། །

    འོན་ཀྱང་མཁས་དབང་ཀླུ་སྨྱོན་ཧེ་རུ་ཀ །
    ཐུགས་རྒྱུད་དྲང་ཞིང་ལྷག་བསམ་གྱིས་ཕྱུག་པས། །
    ཁོང་གི་བཞེད་སྟངས་གསར་བ་ཐམས་ཅད་ལ། །
    བཅོས་མ་མིན་པར་དགའ་བསུ་སྙིང་ནས་ཞུ། །

  16. པདྨ་འཕྲིན་ལས་། says:
    2013-03-04 at 6:44 pm

    སྤོབས་པ་མཐའ་ཡས་ལགས། ལམ་དབུ་མ་འདི་ཆོས་ཕྱོགས་ནས་བལྟས་ན་ཕུལ་དུ་བྱུང་ཞིང་སྨོན་ལམ་ཡན་ཆོད་བཏབ་ན་ཉམས་སུ་ལེན་འོས་པ་ཞིག་དང། སྲིད་ཀྱི་ཕྱོགས་ནས་ཉན་གང་ཡང་མེད་ས་ཞིག་རེད་བསམ་གྱིན་ཡོད་ཟེར། ད་དུང་ལོ་མང་རིང་དོ་སྣང་བྱས་པ་དང་ཟབ་སྦྱོང་མང་པོ་ལ་ཕྱིན་པ། ཆབ་སྲིད་པ་མང་པོ་ལ་འདིའི་སྐོར་འདྲ་རྩད་བྱས་པ་ཡིན་མོད་འདི་ཙམ་ལས་གོ་བ་རྙེད་ཐུབ་མ་སོང་ཟེར། བཀའ་འདྲི་ཞུ་རྒྱུ་ལ། ཉིད་གྱི་ཆབ་སྲིད་པ་སུ་ལ་འདིའི་སྐོར་འདྲ་རྩད་བྱས་པ་ཡིན་ནམ། ཆབ་སྲིད་པའི་མིང་ཁ་ཤས་ཞིག་འདི་རིར་བཀོད་ན་འགྲིག་གམ། ཆོས་ཕྱོགས་ནས་བལྟས་ན་ལམ་དབུ་མ་འདི་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་ཆབ་སྲིད་གྱི་ཕྱོགས་ནས་དེ་ཙམ་གོ་བ་རྙེད་མ་ཐུབ་པ་དེ་རང་ཉིད་གྱི་ཆབ་སྲིད་གྱི་སྐོར་ལ་དེ་ཙམ་སློབ་སྦྱོང་བྱས་ཡོད་མེད་ཞིབ་འཇིགས་བྱེས་ཡོད་དང་མེད།

  17. ཁྲི་རལ་པ། says:
    2013-03-05 at 12:16 am

    སྤོབས་མཐའ་ཟེར་བ་དེ་འདྲ་མི་ཅོལ་ཆུང་ཁྱད་མཚར་ཅིག་རེད།ང་ཚོར་རང་སྐྱོང་ཙམ་ཐོབ་པའི་ནུས་པ་མེད་ས་ནས་རང་བཙན་གང་ནས་འཐོབ་རྒྱུ་རེད།ཁྱིམ་ན་རྒྱ་མ་གང་མེད་པར་སྒོ་ནས་རྒྱགས་འགྲོས་བྱེད་ཟེར་བ་དེ་རེད།

  18. རིག་པའི་བུ says:
    2013-03-05 at 6:48 am

    མེད་པ་ནས་ཡོད་པ་སྒྱུར་ཞིང་ཡོད་པ་ནས་ཚད་ལྡན་དུ་སྒྱུར་རྒྱུ་ཆབ་སྲིད་ཀྱི་བླ་ན་མེད་པའི་ཐབས་ཡིན། རྒྱ་ནག་གུང་ཁྲན་ཏང་་ཡང་དང་པོ་ནས་ཡོད་པ་མིན་ཞིང་ཡོད་ཅིང་གཞི་འཛིན་ཡང་རི་མགོའི་ཇག་ཚོགས་ཡིན།

  19. kangsar says:
    2013-03-05 at 9:13 am

    དབུ་མའི་ལམ་འདི་ལྡེམ་ཤུགས་ཅན་གྱི་སྲིད་བྱུས་ཤིག་རེད། སྲིད་ཇུས་འདི་ལ་རྒྱ་ནག་གཞུང་གིས་ཀྱང་ཁ་གཏད་གཅག་ཁག་པོ་ཆགས་ཡོད། སྲིད་བྱུས་འདིའི་ཁྱད་ཆོས་ཁ་ཤས་ཤིག་བཤད།
    ༡) སྲིད་ཇུས་འདིས་འདས་པའི་ལོ་རྒྱུས་དེ། ལོ་རྒྱུས་ཀྱི་ངོ་བོར་གཞག་སྟེ། དེ་ལ་བཟོ་བཅོས་དང་འགྲེལ་བཤད་གསར་བ་གང་ཡང་གནང་གི་མེད།
    ༢) སྲིད་ཇུས་འདིས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གི་སྒྲོམ་གཞི་གཅིག་གི་འོག་འཇུག་དགོས་བ་དེ་གལ་གནད་ཆེ་ཤོས་ཤིག་ཏུ་འཛིན། གོང་གསལ་གྱི་རྩ་དོན་གཉིས་དེར་དབུ་མའི་ལམ་གྱི་དོར་དུ་མེད་པའི་དམ་བཅའ་ཟེར།
    ༣) སྲིད་ཇུས་འདིས་རྒྱ་ནག་དང་མཉམ་གནས་ལས་ཁ་བྲལ་རྩོད་ཀི་མེད། འོན་ཀྱང་ད་ལྟའི་རྒྱ་ནག་གཞུང་གིས་བོད་ལ་དབང་སྒྱུར་བྱེད་སྟངས་དེ་ཡང་ཁས་ལེན་གནང་གི་མེད། ཁས་ལེན་མི་གནང་ས་གཙོ་བོ་དེ། བོད་ཁུལ་དུམ་བུར་བགོས་ནས་དབང་བསྒྱུར་བ་དང་། དུམ་བུར་བགོས་པའི་བོད་ཁུལ་དག་ཏུ་བོད་མིར་དབང་ཆ་མེད་པ་དེ་གཉིས་ཁས་མི་ལེན་པ་རེད།

  20. kangsar says:
    2013-03-05 at 9:27 am

    ངས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ལྡེམ་ཤུགས་ལྡན་འདུག་ཟེར་གྱིན་ཡོད།
    དེ་ནི་རྒྱ་ནག་གི་འགོ་ཁྲིད་ཚོར་དོན་ངོ་མའི་བོད་དོན་ཐག་གཅོད་བྱེད་སེམས་ལྡན་ན། ཐག་གཅོད་ཐུབ་པའི་ལམ་ཁ་བསྐྲུན་ཡོད། དེ་ལྡེམ་ཤུགས་དང་པོ་རེད།
    རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཞིག་བྱེད་འདོད་ན། རྒྱ་ནག་ལས་ཁ་བྲལ་རྩོད་པར་རྒྱབ་སྐྱོར་བྱེད་ཀྱིན་མེད་པའི་ཆ་ནས་རྒྱབ་སྐྱོར་བྱེད་བདེ་པོ་ཆགས་ཡོད། དེ་ལྡེམ་ཤུགས་གཉིས་པ་དེ་རེད།
    གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལམ་ལྷོང་མ་བྱུང་བ་ཡིན་ནའང་། སྲིད་བྱུས་དེ་ག་དུས་ཡིན་རུང་ཕྱིར་བསྡུ་བྱས་ཆོག་པའི་ལམ་ཁ་ཞིག་བསྐྲུན་ཡོད། དེ་ལྡེམ་ཤུགས་གསུམ་པ་དེ་རེད།
    ད་དུང་དབུ་མའི་ལམ་གསལ་བསྒྲགས་མ་གནང་གོང་ལ། ཆིངས་ཡིག་དོན་ཚན་ ༡༧ ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས་ཡོད། དེས་བོད་པས་འཇོན་ན་བོད་ཀྱི་འཐབ་རྩོད་ལ་མདུན་ལམ་རྒྱ་ཆེན་པོ་བསྐྲུན་ཡོད།
    དེར་བརྟེན་དབུ་མའི་ལམ་མུ་མཐིད་གནས་དགོས་རེད། རང་བཙན་ཡང་མུ་མཐུད་རྩོད་དགོས་རེད། དབུ་མའི་ལམ་ད་ལྟ་ཕྱིར་བསྡུ་བྱས་ན། བོད་དོན་འཐབ་རྩོད་ཀི་ལྡིངས་ཆ་རྒྱ་ཆེ་ཤོས་དེ་མེད་པ་བཟོས་པ་ཙམ་ལས་གཞན་གང་ཡང་ཡོང་གི་མ་རེད། བསམ་བློ་ཐོངས་དང་། སྲིད་ཇུས་འདི་ཕྱིར་བསྡུ་བྱས་རྗེས། ང་ཚོས་རང་བཙན་དང་རང་བཙན་ཞེས་བཤད་བསྡད་ན། ག་ཚོད་འགྲོ་ཐུབ་ས་རེད། བོད་དོན་རྒྱལ་སྤྱིའི་སྒང་ནས་རིམ་པས་ཡལ་མི་འགྲོ་བ་ཙམ་ཡང་འགན་ལེན་ཐུབ་ས་རེད་དམ།
    སྐུ་ཚབ་ཕར་ཚུར་འགྲོ་བ་འདི་ཙམ་གྱིས་ཀྱང་། ཚགས་པར་མང་པོའི་འགོ་བརྗོད་བསྐྲུན་ཐུབ་ཀི་ཡོད། བོད་པ་མང་པོར་རེ་བ་སྤྲོད་ཀྱིན་ཡོད། ཆབ་སྲིད་འཐབ་རྩོད་ཀྱི་བརྒྱུད་རིམ་ཟེར་ན། ཚིག་གཉིས་རེད། ཚགས་པར་གྱི་འགོ་བརྗོད་བསྐྲུན་རྒྱུ་དང་རེ་བ་སྤྲོད་རྒྱུ་དེ་རེད། དེ་གཉིས་མེད་ན་ཚར་བ་རེད།

  21. ཅོ་རི་ཉི་མ། says:
    2013-03-05 at 11:14 am

    ༡་་་ སྲིད་ཇུས་འདིས་འདས་པའི་ལོ་རྒྱུས་དེ། ལོ་རྒྱུས་ཀྱི་ངོ་བོར་གཞག་སྟེ། དེ་ལ་བཟོ་བཅོས་དང་འགྲེལ་བཤད་གསར་བ་གང་ཡང་གནང་གི་མེད་ཀྱང་ད་ལྟའི་ཆ་བོད་རྒྱ་ཁུངས་སྡོད་ཀྱི་ཡིན་ཟེར་གྱི་ཡོད། འདི་ནི་་་ལོ་རྒྱུས་ཐོག་ཏུ་ཕག་པ་མིན་ཀྱང་ད་ནི་ཕག་པའི་ཁུངས་སུ་སྡོད་ཀྱི་ཡིན་ཟེར་བ་དང་གཅིག་པ་རེད་འདོད།

    ༢་་་ དབུ་མའི་ལམ་གྱི་སྲིད་ཇུས་འདིས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གི་སྒྲོམ་གཞི་གཅིག་གི་འོག་འཇུག་དགོས་བ་དེ་གལ་གནད་ཆེ་ཤོས་ཤིག་ཏུ་འཛིན་གྱི་ཡོད་པ་ལྟར་རང་བཙན་ཐོག་ཏུ་སྐྱོད་པ་ཡིན་ནའང་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཏུ་འཇུག་དགོས་པ་ལས་བོད་རང་སྐྱོང་ལྗོངས་གཅིག་པོ་ལ་རང་བཙན་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་གྱི་མེད་པས་ཁྱད་པ་ཆེ་མ་མཐོང་།

    ༣་་་ཁ་བྲལ་རྩོད་ཀྱི་མེད་པའི་རྒྱུ་མཚན་གྱིས་རྒྱ་ཕྱོགས་ནས་རྒྱ་ནག་གི་ནང་སྲིད་ལ་བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཁག་གིས་ལག་པ་འཆང་བའི་ཐོབ་ཐང་མེད་ཅེས་ངར་ངར་རྫིག་རྫིག་གྱི་ཐོག་ནས་བཤད་ཀྱི་ཡོད། ཨ་རིའི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་ཏུ་སེམས་ཁྲལ་ཡོད་ཚུལ་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་རེ་སྐུལ་ཙམ་མ་གཏོགས་བྱེད་ཐུབ་ཀྱི་མེད། བོད་དོན་ཐོག་ཏུ་རྒྱབ་སྐྱོར་བྱ་ཁག་པོ་ཆགས་ཡོད།

    ༤་་་ང་ཚོས་རང་བཙན་དང་རང་བཙན་ཞེས་བཤད་བསྡད་ན། ག་ཚོད་འགྲོ་ཐུབ་ས་རེད། བོད་དོན་རྒྱལ་སྤྱིའི་སྒང་ནས་རིམ་པས་ཡལ་མི་འགྲོ་བ་ཙམ་ཡང་འགན་ལེན་ཐུབ་ས་རེད་དམ།ཅེས་གསུངས་འདུག རང་བཙན་གྱི་ཐོག་ཏུ་ཕྱིན་པ་ཡིན་ནའང་དེང་སང་ཡོད་བཞིན་པའི་རྒྱལ་སྤྱིའི་སྒང་གི་བོད་དོན་འདིར་ཡར་རྒྱས་མ་ཕྱིན་ནའང་ཡལ་འགྲོ་བའི་གནད་དོན་མེད་པར་འདོད། དེ་ལས་དབུ་མ་དང་དབུ་མ་ཟེར་བསྡད་ན་ལྷ་སར་བོད་མི་ལས་རྒྱ་མི་མང་བའི་གནས་སྟངས་ལྟར་བོད་ཡུལ་ཀུན་དུ་རྒྱ་མི་གྱིས་ཁེངས་མི་འགྲོ་བའི་འགན་ལེན་ཐུབ་ས་རེད་དམ།་་་རྒྱལ་སྤྱི་སྒང་དུའང་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཙམ་མ་གཏོགས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཟེར་བའི་ཉེན་ཁ་ཆེན་པོ་ཡོད་པར་འདོད།

    ༥་་་དབུ་མ་དང་རང་བཙན་གཉིས་ཀའི་ཐོག་ཏུ་མུ་མཐུད་ནས་འགྲོ་དགོས་ཟེར་བ་ནི་རྫ་མ་གཅིག་གི་ནང་དུ་ཕག་མགོ་གཡག་མགོ་གཉིས་ཀ་བཙོ་དགོས་ཟེར་བ་འདྲ་པོ་རེད། ཕག་མགོ་གཡག་མགོ་གཉིས་ཀ་རྫ་མ་གཅིག་གི་ནང་དུ་བཙོ་དུས་བོད་པ་ཕག་ཤ་མི་ཟ་མཁན་གཞོན་ནུ་ཚོས་ཟ་འདོད་པ་མེད་པ་ཆགས་བཞིན་ཡོད། ཐལ་སྐྱོད་པ་ཚོས་ཡིན་གཅིག་ཟ་དགོས་རེད་ཟེར་ནས་སྒེར་གཅོད་བྱེད་ཀྱི་ཡོད། སྤྱི་ཚོགས་འཁྲུག་གི་ཡོད། དབྱིག་པ་གཅིག་ལ་བོད་དར་རྒྱ་དར་གཉིས་སྒྲོན་གྱི་ཡོད།

    ༦་་་དབུ་མའི་ལམ་འདི་ཕྱིར་བསྡུ་བྱ་དགོས་ཀྱང་དང་པོར་ཨ་མེ་རི་ཀས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པར་འདོད། འདིའི་ཐོག་ཏུ་ཤུགས་བརྒྱབ་དགོས་པ་མིན་ནམ་སྙམ།

  22. ཁྲི་རལ་པ། says:
    2013-03-05 at 11:15 am

    ཁང་གསར་གྱི་སྐད་ཆ་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།

  23. དབུ་མ་པ། says:
    2013-03-05 at 11:25 am

    བློ་མཐུན་ཁང་གསར་ཚང་ལ་ད་དུང་ཁ་སྣོན་འགའ།

    ༡༽ དབུ་མའི་ལམ་འདིས་བོད་ཕྱི་ནང་གི་ཁ་ལག་གཉིས་ཀ་མཉམ་སྦྲེལ་ཡག་པོ་གནང་གིན་ཡོད།
    ༢༽ དབུ་མའི་ལམ་ཁ་ནས་བོད་དོན་རྒྱབ་སྐྱོར་བའི་དཔུང་ཤུགས་གསར་བ་འཕེལ་གྱིན་ཡོད།
    ༣༽ དབུ་མའི་ལམ་བར་ན་གཞིས་ལུས་མི་དམངས་ཀྱིས་ཀྱང་ཉེན་མེད་ཁེ་དབང་རྩོད་པའི་ས་ཆ་ཡོད།
    ༤༽ ལམ་འདིས་བོད་ཅེས་པའི་དར་ཆ་དེ་འཛམ་གླིང་གི་མཐོངས་སུ་གཟི་བརྗིད་དང་ལྡན་པར་བསླངས་ཡོད།
    ༥༽དབུ་མའི་ལམ་ནི་དེང་རབས་ཀྱི་ཆབ་སྲིད་ལམ་ཆེན་དཀར་གཙང་གཙང་དེ་ཡིན། དེའི་མཚུངས་ལམ་འདིར་ཁ་ཞེ་གཉིས་མེད་ཀྱིས་སྐྱོད་མཁན་ཚོ་ཡང་ནག་ཐིག་མེད་པའི་སྲིད་དོན་པ་ཡིན།

  24. ས་སྐྱའི་རྗེས་འཇུག says:
    2013-03-05 at 12:59 pm

    དབུ་མའི་ལམ་གྱི་ལྡེམ་ཤུགས་དེ་ནང་ཁུལ་གཏོར་བཤིག་གཏོང་བའི་འབར་རྫས་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག

  25. སྤོབས་པ་མཐའ་ཡས། says:
    2013-03-06 at 4:53 am

    ད་ངས་ཆབ་སྲིད་པའི་མིག་ནང་གི་ལམ་དབུ་མ་ཞིག་བྲིས་ཡོད། དེ་མགྱོག་པོར་འདིར་གཏང་གི་ཡིན། ཁྱོད་ཚོས་གཟིགས་རོགས།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-03-06 at 5:25 am

    ་་་་་ དབུ་མའི་ལམ་ད་ལྟ་ཕྱིར་བསྡུ་བྱས་ན། བོད་དོན་འཐབ་རྩོད་ཀི་ལྡིངས་ཆ་རྒྱ་ཆེ་ཤོས་དེ་མེད་པ་བཟོས་པ་ཙམ་ལས་གཞན་གང་ཡང་ཡོང་གི་མ་རེད། ་་་་ཟེར།

  27. སྤོབས་པ་མཐའ་ཡས། says:
    2013-03-06 at 6:03 am

    དབུ་མའི་ལམ་གྱིས་བོད་དོན་འཐབ་རྩོྩོྩོད་ཀྱི་ལམ་ཞིག་བསྐྲུན་ཡོད་མེད་མི་ཤེས་མོད་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་རྟེན་རྨད་དུ་བྱུང་བ་ཞིག་རེད། དེ་ནི་ངའི་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་ཡིན

  28. འདྲེ་རྐང་ཐོ། says:
    2013-03-06 at 11:38 pm

    འ་རོགས་་་་སྤོབས་པ་མཐའ་ཡས་ལགས་་་་ཁྱོད་ཀྱིས་བཤད་ཚད་ཀྱི་སྙིང་དོན་ངོ་མ་ཚིག་ཅིག་གིས་བཤད་ན་་་་དབུ་མའི་ལམ་གྱིས་སྲིད་ཇུས་འདི་་་སྲིད་ཇུས་ཡག་པོ་ཞིག་མ་རེད་ལབ་ཀྱིན་ཡོད་པ་རེད་པ། རེད་་་ཀུ་ཡངས་ཅན་གྱི་སྲིད་ཇུས་འདིས་་་་བོད་རྒྱ་མཐུན་སྒྲིལ་ཉམས་གནས་ཀྱི་ཁོར་ཡུག་ཅིག་སྐྲུན་མི་ཐུབ་ན་་་་རང་བཙན་གྱིས་ག་བ་ག་བ་རེད་པ། དེས་ན་་་་ཁྱོད་ལ་ལམ་ཁ་འདི་གཉིས་ལས་གཞན་པའི་ལམ་ཁ་ཞིག་སྟོན་རྒྱུ་ཞིག་ཡོད་ན་སྟོན་ཤོག་་་གསང་ནས་མ་འདུག དེ་མིན་མཁས་རྟགས་སྟོན་པ་ཡིན་ན་འདྲ་་་་ཟ་དང་ཟུར་ནས་ལོག་འགྲེལ་བྱས་པ་ཡིན་ན་འདྲ་་་་་དབུ་ལམ་འདི་གཡས་བསྒྱུར་གཡོན་སྒྱུར་མ་གནང་ན་ཡག་གི་རེད་དྲན།

  29. འོ་མ། says:
    2013-03-09 at 12:42 am

    དཔྱད་རྩོམ་འདི་སྤྱི་བཏང་ཆ་ནས་བཤད་ན་ལེགས་པོ་ཞིག་བྲིས་འདུག་ཟེར་ན་མི་ཆོག་པ་མེད། འོན་ཀྱང་་་་་ང་ཚོ་བོད་རིགས་ཤེས་ལྡན་གང་མང་ཞིག་གིས་ཚིག་རྩོད་རྒྱུ་དང་། ཚིག་དེ་བསྒྲུབ་རྒྱུ། ཚིག་ཤོམ་བརྒྱག་རྒྱུ་སོགས་སུ་དགའ་བ་ལས་དོན་དངོས་ཀྱི་གནས་ལུགས་རང་རྐྱང་བ་དེ་བཤད་རྒྱུ་དང་། བཤད་པ་གནད་དུ་ཁེལ་རྒྱུ་ཉུང་ཉུང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme