Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ལ་བརྟེན་ནས་བྱུང་བའི་དཀའ་རྙོག་དེ་སེལ་ཐབས་ཤིག་ཡོད་དམ།

Posted on 2021-05-07 By ཁ་བརྡ 2 Comments on ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ལ་བརྟེན་ནས་བྱུང་བའི་དཀའ་རྙོག་དེ་སེལ་ཐབས་ཤིག་ཡོད་དམ།

གཞུང་ཞབས་ཟུར་པ་འཇིགས་མེད་པ་སངས།

༄༅།། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བྲེལ་བའི་ངང་ཁྲིམས་འགལ་གྱི་སྒོ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བ་ལ་བརྟེན། བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་བརྡབ་གསིག་ཚབས་ཆེན་བཟོས་པ་མ་ཟད། ད་ལྟའི་ཆར་དཀའ་ངལ་དེ་སེལ་མ་ཐུབ་པར་མུ་མཐུད་ལུས་པའི་དབང་གིས་འབྱུང་འགྱུར་བདུན་ཕྲག་ཁ་ཤས་ནང་མང་གཙོའི་ཀ་བ་གསུམ་ཆར་སྦོ་ལུག་རྒྱུའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། དེ་འདྲའི་ཉེན་ཁ་ལས་གྲོལ་ཆེད་ད་བར་རྒྱ་ཆེའི་མང་ཚོགས་ཀྱིས་བསམ་འཆར་དང་འབོད་བསྐུལ་ཇི་སྙེད་ཅིག་ཕུལ་དང་འབུལ་བཞིན་པ་རྣམས་ལ་སྤྱི་འཐུས་ལྷན་ཁང་གིས་ཡ་ལན་གནང་རྒྱུ་ལྟ་ཅི། ད་དུང་དེ་ལས་ལྡོག་ཏེ་མི་མང་གིས་བསམ་འཆར་སྤེལ་བ་དེ་གང་མིན་ཚད་རེད་མདོག་མདོག་བྱེད་པ་ནི། ཞེ་གཏིང་ལ་མང་གཙོའི་མྱོང་གོམས་གཏན་ནས་མེད་པའི་དན་རྟགས་དམར་རྗེན་དུ་ཐོན་པ་ཞིག་མ་ཡིན་ནམ། མང་གཙོའི་སྤྱི་ཚོགས་ནང་མི་མང་གི་བསམ་ཚུལ་ནི་གཙོ་བོ་ཡིན་སྟབས། ང་ཚོས་མུ་མཐུད་བསམ་འཆར་སྤེལ་ཏེ་དཀའ་རྙོག་འདི་ལ་གྲོལ་ཐབས་བཙལ་དགོས།

ད་ལྟའི་དཀའ་རྙོག་འདི་ལས་གྲོལ་ཐབས་གང་འདྲ་ཞིག་བཙལ་རུང་། ཕྱི་ཟླ་ ༣ ཚེས་ ༢༥ བཞག་པའི་གྲོས་ཆོད་ཨང་ ༣༩ དེ་རྩིས་མེད་གཏོང་དགོས་ཤིང་། དེ་ཡང་བཅའ་ཁྲིམས་དང་མཐུན་པའི་སྒོ་ནས་གནང་ཐུབ་དགོས་ཀྱི་ཡོད་སྟབས། ཟླ་བའི་སྔོན་མའི་ནང་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་གུས་ནས་སྤྱི་འཐུས་ཚོགས་གཞོན་གྱི་མིང་ཐོག་མཚན་འཁོད་སྙན་ཞུ་དང་སྦྲགས་དགོངས་པའི་དཔྱད་གཞིའི་སླད་ ༼ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ལ་བརྟེན་ནས་བྱུང་བའི་དཀའ་རྙོད་དེ་སེལ་ཐབས་ཤིག་ཡོད་དམ།༽ ཞེས་དཔྱད་རྩོམ་ཞིག་ཕུལ་བར་ད་བར་ཡ་ལན་གང་ཡང་མ་བྱུང་བ་མ་ཟད། ཐུགས་ཞིབ་ཀྱང་གནང་ཡོད་ཚོད་མི་འདུག་ན། ད་ཆ་སྙན་ཞུ་དང་དཔྱད་རྩོམ་གཉིས་ཀ་ཡོངས་གྲགས་མ་བཟོ་འདོད་བྱུང་།   

དེང་སང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཆ་ཚང་བ་ཞིག་དམིགས་འོག་ཏུ་མ་ཆུད་པར་བཅའ་ཁྲིམས་ལ་ད་དུང་བསྐྱར་བཅོས་མང་པོ་གནང་དགོས་འདུག་ཅེས་གསུང་མཁན་འགའ་ཞིག་ཡོང་གི་ཡོད་ཚོད་འདུག  བཅའ་ཁྲིམས་ལ་དགོས་ངེས་ཀྱི་བསྐྱར་བཅོས་བྱེད་དགོས་ངེས་ཤིག་ཀྱང་རེད། འོན་ཀྱང་བཅའ་ཁྲིམས་ཆ་ཚང་བ་ཞིག་དམིགས་འོག་ཏུ་མ་ཆུད་པར་བསྐྱར་བཅོས་གཏོང་གིན་བསྡད་ན་བཅའ་ཁྲིམས་རྩབ་ཧྲལ་གཏོང་རྒྱུ་ཉག་གཅིག་རེད། དེ་ཡང་ཉེ་ཆར་གྲོས་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཁག་ལས་གསལ་པོ་ཆགས་ཟིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདིའི་ཟིན་བྲིས་བཟོ་བའི་སྐབས་སུ་སྙན་གྲགས་ཆེ་བའི་རྩ་ཁྲིམས་ཀྱི་ཁྱད་མཁས་མི་སྣ་མང་པོ་ལས་སློབ་སྟོན་དང་བགྲོ་གླེང་ཞུས་མཐར་བཙན་བྱོལ་བོད་མིའི་དགོས་མཁོར་གཞིགས་པའི་བཅའ་ཁྲིམས་ཤིག་བཟོས་ཡོད། གལ་ཏེ་རྩ་ཁྲིམས་དང་སྒྲིག་གཞི་སོགས་ལ་ཐུགས་རྒྱུས་ཏོག་ཙམ་ཡོད་མཁན་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཆ་ཚང་ཞིང་ལག་ཏུ་བླང་བདེ་བ་ཡིན་པ་ཧ་ཅང་གསལ་པོ་རེད། བཅའ་ཁྲིམས་ནི་ཁྲིམས་ཀྱི་ཨ་མ་ལྟ་བུ་རེད། གཞུང་ཡོངས་རྫོགས་ཀྱི་ལས་དོན་བྱེད་ཕྱོགས་ཞིབ་ཕྲ་འདིའི་ནང་བཀོད་སྲོལ་མེད་ཅིང་། སོ་སོའི་དགོས་མཁོའི་སྒྲིག་གཞི་ཞིབ་ཕྲ་རྣམས་བཅའ་ཁྲིམས་ཀྱི་དོན་ཚན་གྱི་འོག་ནས་བཟོ་དགོས་ཀྱི་ཡོད། འོན་ཀྱང་ད་བར་བཅའ་ཁྲིམས་ཀྱི་འོག་ནས་སྒྲིག་གཞི་བཟོ་འགོད་མ་ཐུབ་པ་ཇི་སྙེད་ཅིག་ཡོད། དཔེར་ན། བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པ་དང་། དོན་ཚན་ཞེ་དྲུག་པའི་ནང་གསེས་གཉིས་པ། དེ་བཞིན་བཅའ་ཁྲིམས་དོན་ཚན་བཅོ་བརྒྱད་པའི་ནང་གསེས་གསུམ་པ་དང་། དོན་ཚན་ང་བཞི་པ་སོགས་རེད། ཁྲིམས་བཟོ་ལྷན་ཚོགས་ཀྱི་བླ་ན་མེད་པའི་ལས་དོན་ནམ་ལས་འགན་ནི་ཁྲིམས་སྒྲིག་ཁག་བཟོ་རྒྱུ་དེ་རེད། 

༄༅།། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྐོུ་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དྲུང་དུ།

གུས་པས་ཞུ་གསོལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བ་ལ་བརྟེན་ནས་གདོང་ལེན་བྱེད་དཀའ་བའི་གནད་དོན་མང་པོ་གཅིག་མཇུག་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་པར་སོང་། མཛད་གཙོ་རྣམ་པ་ཚོ་ཡོངས་དང་། ཁྱད་པར་སྐུ་ཉིད་ལ་མཛད་དཀའ་ཆེན་པོ་ཡོད་པ་གསལ་པོ་རེད། འོན་ཀྱང་ད་ལན་སྐུ་ཉིད་ནས་བློ་རྒྱ་ཡངས་པོའི་སྒོ་ནས་འགོ་ཁྲིད་ཀྱི་ནུས་པ་བཏོན་ཏེ་དཀའ་རྙོག་འདི་ལས་གྲོལ་ཐུབ་པ་བྱུང་ན། བོད་མི་རིགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབ་རྒྱུ་མ་ཟད། རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུའང་འགྲོ་རྒྱུ་ཡིན་པ་ཞུ་ག་ལ་དགོས།

དེ་འདྲ་སོང་ཙང་། དཀའ་རྙོག་འདི་ལས་གྲོལ་ཐབས་སུ་མི་མང་པོས་ལྷག་བསམ་རྣམ་དག་གིས་བསམ་འཆར་འདོན་སྤེལ་གནང་དང་གནང་བཞིན་པ་ལྟར། གུས་ནས་ཀྱང་སྤྱི་དོན་ལ་ཕན་ན་སྙམ་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ་དཀའ་རྙོག་འདི་ལས་གྲོལ་ཐབས་ཤིག་བྱུང་ན་ཅི་མ་རུང་སྙམ་ཏེ་བསམ་བློ་མང་པོ་བཏང་བ་ཡིན། ཁྱད་པར་རང་ཅག་སློབ་ཟུར་ཡོངས་ཀྱིས་གུས་བརྩི་ཆེན་པོ་ཞུ་ཡུལ་དང་། བཅའ་ཁྲིམས་རིན་པོ་ཆེ་ཐོག་མར་བཟོ་བཀོད་གནང་མཁན་གཙོ་བོའི་ཁོངས་ཡོད་པ་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོའི་ཆེས་ཉེ་སྔོན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་གནང་བའི་བཀའ་སློབ་ཀྱི་ནང་དོན་རྣམས་གཞི་རྩར་བཞག་ནས། བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཕན་ཚུན་སྦྱར་ནས་བསམ་ཞིབ་ནན་པོ་བྱས་འབྲས་སུ། ཐབས་ལམ་འདི་འདྲ་ཞིག་མེད་དམ་སྙམ་པ་བྱུང་བ་རྣམས་སྤྱི་བརྟོལ་བསྐྱེད་དེ་སྐུ་ཉིད་ཀྱི་དཔྱད་གཞིར་ཡོངས་གྲགས་མ་ཡིན་པར་ནང་མོལ་རང་གི་ངོ་བོའི་ཐོག་ནས་ཟུར་འབུལ་ཞུས་པ་ལགས་ན། ཞུ་ཧམ་དུ་དགོངས་པར་ཐུགས་ཕན་གསོས་པ་ཡོད་མེད་གཟིགས་ཞིབ་ཡོང་བ་ཞུ། གུས་ཝར་ཎ་སློབ་ཟུར་དང་གཞུང་ཞབས་ཟུར་པ་ཨོ་སི་ཀྲོ་ལི་ཡར་གནས་སྡོད་འཇིགས་མེད་པ་སངས་ཀྱིས་གུས་ཞབས་བཅས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་ཕུལ།། 

ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ལ་བརྟེན་ནས་བྱུང་བའི་དཀའ་རྙོག་དེ་སེལ་ཐབས་ཤིག་ཡོད་དམ།

༄༅།། ཉེ་ཆར་གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་རྗེས་སུ་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་སྒྲོམ་གཞི་དེ་བཅའ་ཁྲིམས་དང་མཐུན་པ་གནས་ཐབས་ཇི་ལྟར་ཡོང་གི་ཡོད་མེད་ཀྱི་བསམ་ཚུལ་གསལ་པོ་ཞིག་ད་བར་མཇལ་མ་སོང་།

དེ་ནི་གནས་ཚུལ་ཕྲན་བུའི་རྙོག་འཛིངས་ཅན་ཞིག་ཡིན་པས་ཐུགས་ཁག་ཀྱང་མི་འདུག དེ་ཡང་།

༡། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཡུན་མ་རྫོགས་གོང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་གསར་པ་གསུམ་བསྐོ་གཞག་གནང་བའི་དབང་དུ་བཏང་ནའང་། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གསུམ་པའི་དགོངས་དོན་ལྟར་དམ་བཅའ་འབུལ་ཡུལ་མེད་པར་བརྟེན། ཁྲིམས་མཐུན་གྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆགས་ཐབས་མེད།

༢། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་གསར་བསྐོ་མ་བྱས་པར་ལས་དུས་རྫོགས་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དུས་མགོ་བཙུགས་པ་ཡིན་ན། སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་གཉིས་བཅའ་ཁྲིམས་དོན་ཚན་ཞེ་ལྔ་པའི་ནང་གསེས་གཉིས་པའི་དགོངས་དོན་ལྟར་དམ་བཅའ་འབུལ་ཡུལ་མེད་པས། ཁྲིམས་མཐུན་གྱི་ཚོགས་གཙོ་དང་ཚོགས་གཞོན་ཆགས་མི་ཐུབ་པར་བརྟེན། སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་མཚན་ཉིད་ཚང་བ་ཞིག་ཡོང་ཐབས་མེད།

༣། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་དེ་བཅའ་ཁྲིམས་དོན་ཚན་སོ་དགུ་པའི་ནང་གསལ་ལྟར་ལོ་ལྔའི་ཡུན་ཚད་ཚང་བའི་རྗེས་སུ་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་འབུལ་མ་ཐུབ་ན། བཅའ་ཁྲིམས་ལེའུ་ལྔ་པའི་ནང་གསལ་ཁྲིམས་བཟོ་དབང་འཛིན་མེད་པ་ཆགས་རྒྱུ་རེད།

༤། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་དེ་དག་བཅའ་ཁྲིམས་དོན་ཚན་ཉེར་བཞི་པའི་ནང་གསལ་ཡུན་ཚད་རྫོགས་པའི་རྗེས་སུ་འདེམས་ཐོན་སྲིད་སྐྱོང་གསར་པས་བཅའ་ཁྲིམས་དོན་ཚན་ཉེར་ལྔ་པའི་དགོངས་དོན་ལྟར་དམ་འབུལ་མ་ཐུབ་ན་བར་བརྒལ་གྱི་འཛིན་སྐྱོང་ཙམ་ལས། བཅའ་ཁྲིམས་ལེའུ་བཞི་པའི་ནང་གསལ་སྒྲིག་འཛུགས་ཀྱི་འགན་འཛིན་ཡང་མཚན་ཉིད་ཚང་བ་ཞིག་མེད་པ་ཆགས་རྒྱུ་མ་ཟད། སྲིད་སྐྱོང་གསར་པའི་དམ་འབུལ་གྱི་དུས་ཚོད་ཡོང་རྒྱུ་མེད། དེར་བརྟེན་ད་རེས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོ་བཅའ་ཁྲིམས་དགོངས་དོན་ལྟར་ཁྲིམས་ལུགས་ཀྱི་བྱ་རིམ་མེད་པར་གློ་བུར་དུ་ཁྲིམས་འགལ་གྱི་གྲོས་ཆོད་ཅིག་གི་ལམ་ནས་འཕོ་འགྱུར་བཏང་བ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོས་ཀྱང་ཐུགས་བསམ་ཞིབ་ཚགས་མ་བཞེས་པར་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པའི་བརྡ་ལན་བྱུང་འཕྲལ་ཕྱག་ལས་མཚམས་འཇོག་མཛད་པ། དེ་ལ་བརྟེན་ནས་གལ་སྲིད་འབྱུང་འགྱུར་ཟླ་བ་གཅིག་གཉིས་ནང་དཀའ་རྙོག་སེལ་ཐབས་མ་རྙེད་ན་མང་གཙོ་ཀ་བ་གསུམ་པོ་རྩ་མེད་འགྲོ་རྒྱུ་གཏན་འཁེལ་བ་རེད། དེ་འདྲའི་གནས་ཚུལ་ཡོང་རྒྱུ་ཡིན་པ་སྤྱི་འཐུས་གྲོས་ཚོགས་དང་ཁྲིམས་ཞིབ་པ་གསུམ་པོས་དགོངས་པ་མ་བཞེས་པ་རེད་དམ། དགོངས་པ་མ་འཁོར་བ་རེད། ཡང་ན་ཆེད་མངགས་གིས་གནང་བ་རེད། དེ་ནི་བོད་མི་མང་ཚོགས་ཀྱིས་ཤེས་དགོས་པ་ཞིག་རེད་ཅེས་དེང་སང་མི་བསམ་ཡོད་དང་། སེམས་ཆུང་། བོད་མིའི་སྒྲིག་འཛུགས་ལ་ཤ་ཞེན་ཡོད་མཁན་མང་པོ་ཞིག་གིས་ད་ཐབས་ཤེས་ག་རེ་ཡོད་དམ་གསུང་གིན་ཡོད་རེད།

གོང་དུ་ཞུས་པའི་རྒྱུ་མཚན་དེ་ཚོ་ལ་བརྟེན་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཞེས་པ་དེ་གྲོས་ཚོགས་ནས་ཕྱིར་འཐེན་བྱས་ཏེ། ཆེས་མཐོའི་ཁྲིམས་ཞིབ་པ་རྙིང་པ་གསུམ་གྱི་གོ་གནས་བསྐྱར་གསོ་བྱ་རྒྱུ་མ་གཏོགས་ཐབས་ཤེས་གཞན་པ་གང་ཡང་མེད་པ་གསལ་པོ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་ ༣༩ པ་ཕྱིར་བསྡུའམ་ནུས་མེད་གཏོང་རྒྱུའི་ཐབས་ལམ་ག་རེ་ཡོད་མེད་མང་པོས་མཁྱེན་གྱི་ཡོད་ཚོད་མི་འདུག

༡། མང་པོ་ཞིག་གིས་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཡིན་ཙང་། ཕྱིར་བསྡུ་བྱེད་པ་ལའང་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་དགོས་ཀྱི་རེད་གསུང་མཁན་ཡང་འདུག དེ་ནི་ནོར་བ་རེད།

གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་གང་ཡང་ཕྱིར་བསྡུ་གནང་བའི་སྐབས་སུ་གྲོས་ཆོད་གྲོས་འཆར་གྱི་ལམ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྟར་གྲོས་འཆར་བཏོན་ནས་གནང་རྒྱུ་ཡིན་པ་དང་། དེ་འདྲ་བའི་གྲོས་འཆར་དེ་བཅའ་ཁྲིམས་དོན་ཚན་ཞེ་བརྒྱད་པའི་ནང་“བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་བའི་དོན་ཚན་རྣམས་ཕུད།” ཅེས་གསལ་བ་ལྟར་གྲོས་འཆར་དེ་ནི་བཅའ་ཁྲིམས་འདིིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་ཏེ་འོས་ཤོག་གྲངས་འབོར་ཉུང་མཐའ་ཇི་དགོས་གསལ་བའི་དོན་གནད་མིན་སྟབས། “དེ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།” ཞེས་པའི་ནང་གསལ་གྱི་ལས་དོན་ཡིན་པས་མང་མོས་ཙམ་གྱིས་འཐུས་པ་རེད།

༢། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། སྔོན་དུ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པར་རྒྱབ་སྐྱོར་འོས་ཤོག་འཕེན་མཁན་གྱི་སྤྱི་འཐུས་གཉིས་ལས་མི་ཉུང་བས་རྒྱབ་སྐྱོར་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་གྲོས་ཚོགས་སུ་བྱས་པ་ཡིན་ན། སྔོན་མའི་གྲོས་ཆོད་ལ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་གྲངས་ཚད་མ་ལོན་པ་ཆགས་ནས་རང་བཞིན་གྱིས་ནུས་མེད་དུ་འགྱུར་རྒྱུ་རེད།

གནས་ཚུལ་འདི་གྲོས་ཆོད་ཡོངས་ལ་ཁྱབ་ཐབས་མེད་ཀྱང་། བཀའ་ཤག་དང་། ཁྲིམས་ཞིབ་པ། སྤྱི་འཐུས་ཚོགས་གཙོ་བཅས་འཕོ་འགྱུར་གྱི་ལས་དོན་ཐོག་ཡོང་སྲིད་པ་ནི་གྲོས་ཚོགས་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཚོའི་ནང་གཞུང་འཛིན་ལ་ཡིད་ཆེས་ཡོད་པའམ་མེད་པའི་གྲོས་འཆར་གྱི་ཐོག་དགག་བྱ་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་འཐུས་ཚོས་རྗེས་སུ་རང་གི་ལངས་ཕྱོགས་འགྱུར་བ་བཏང་ན་སྔོན་མའི་གྲོས་ཆོད་ནུས་མེད་དུ་འགྲོ་བ་སྤྱི་སྲོལ་དུ་ཡོད་བཞིན་པ་ཚང་མས་གཟིགས་གསལ་རེད།

༣། ཡང་ན་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་འཇོག་རྒྱུའི་ལས་རིམ་བཅའ་ཁྲིམས་དོན་ཚན་ང་བཞི་པའི་འབྲུ་དོན་དང་དངོས་སུ་འགལ་བ་ཡིན་སྟབས། བཅའ་ཁྲིམས་དོན་ཚན་ལྔ་པའི་ནང་གསེས་དང་པོའི་དགོངས་དོན་ལྟར་རྩ་འཛིན་མེད་པ་གྲོས་ཚོགས་ནས་གསལ་བསྒྲགས་གནང་ན་སྟབས་བདེ་པོ་དང་ཁྲིམས་དང་མཐུན་པའང་རེད།

༤། ཡང་ན་གྲོས་ཆོད་ཨང་ ༣༩ པ་དེའི་ཐོག་འོས་བསྡུ་བྱེད་སྟངས་དེ་བཅའ་ཁྲིམས་དོན་ཚན་ཞེ་བརྒྱད་པ་དང་དངོས་སུ་འགལ་བ་ཡིན་སྟབས། དེའི་རྒྱུ་མཚན་གྱིས་བཅའ་ཁྲིམས་དོན་ཚན་ལྔ་པའི་ནང་གསེས་དང་པོའི་འོག་རྩིས་མེད་གསལ་བསྒྲགས་གནང་ནའང་འགྲིགས་པ་ཞིག་རེད།

ད་ལྟའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རྡིབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གཅིག་མཇུག་གཉིས་མཐུད་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ལས་སྐྱོབ་པའི་ཐབས་ལམ་ནི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་བསྡུ་བྱ་རྒྱུའམ། ནུས་མེད་དུ་གཏོང་རྒྱུ་ཁོ་ན་མ་གཏོགས་མེད། ཐབས་ལམ་འདི་ལག་བསྟར་བྱེད་པའི་འགན་དབང་དང་ནུས་པ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཅིག་པུ་ལ་ཡོད་པ་དང་། དེ་ཡང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱིས་གནང་དགོས་པ་དང་འབྲེལ་ཆགས་པ་ཡོད་པ་དེ་གསལ་པོ་རེད།

བོད་ཡིག་འབྲི་ཀློག་ཚད་ལྡན་མཁྱེན་མཁན་གྱི་མི་སུས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཞིབ་ཏུ་ཀློག་ན་གོང་དུ་བཤད་པའི་གནས་ཚུལ་རྣམས་གསལ་པོ་རྭ་འཕྲོད་ཐུབ་རྒྱུ་ཞིག་རེད་མ་གཏོགས། རྟོགས་དཀའ་བའི་དཀའ་གནད་ཅིག་མ་རེད་བསམ་གྱི་འདུག

སྣ་ཚོགས།

Post navigation

Previous Post: བརྩམས་སྒྲུང་ཐུང་ངུ་ཞིག
Next Post: བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱིས་འགན་ཁུར་ལ་དཔྱད་པའི་ཀ་བཤད།

Comments (2) on “ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ལ་བརྟེན་ནས་བྱུང་བའི་དཀའ་རྙོག་དེ་སེལ་ཐབས་ཤིག་ཡོད་དམ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2021-05-08 at 1:04 am

    སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་གནས་དབྱུངས་གཏོང་ཆོག་པའི་ཆ་རྐྱེན་དེ་བཅའ་སྒྲིག་གང་གི་ནང་དུ་ཡང་གསལ་མེད་པ་དང་། སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཚོ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཅའ་ཁྲིམས་དོན་ཚན་ ༥༤ ཡིན་པ་ལས་བཅའ་ཁྲིམས་དོན་ཚན་ ༦༣ དེ་ཆེས་མཐོའི་ཁྲིམས་ཞིབ་ཚོའི་ལས་ཡུན་ལོ་ཚད་སྐོར་ཡིན་པ་ནས་ཡིག་ཆ་ཨང་ ༣༩ དེ་བཅའ་ཁྲིམས་ཀྱི་དོན་ཚན་དང་མ་མཐུན་པ་ནས་ཡིག་ཆ་ཨང་ ༣༩ དེ་ཁྲིམས་འགལ་གྱི་ཡིག་ཆ་ལ་ངོས་འཛིན་ཞུ་གི་། བཅའ་ཁྲིམས་དོན་ཚན་ ༦༦ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་། བཅའ་ཁྲིམས་དོན་ཚན་ ༦༧ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་སྒྲིག་གཞི་། དོན་ཚན་འདི་གཉིས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་བཅའ་ཁྲིམས་ནས་བཀུར་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཡིན་པ་དང་འགན་དབང་འདི་བརྒྱུད་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱི་ངོས་བཞེས་ལ་སོགས་པའི་སྒྲིག་གཞི་བཟོ་ཆོག་པ་དེ་བཅའ་ཁྲིམས་ཀྱི་དོན་ཚན་ ༦༦ དང་ ༦༧ གཉིས་ནས་འགན་བཀུར་ཡོད་པ་དང་གལ་སྲིད་བཅའ་ཁྲིམས་ཀྱི་དོན་ ༦༦ དང་ ༦༧ གཉིས་ནོར་ཡོད་ན་དེའི་འགན་དེ་བཅའ་ཁྲིམས་གཏན་འབེབས་གནང་མཁན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་ལས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ནམ་མེད་པ་བཅས་ད་ལྟའི་དཀའ་རྙོགས་དེ་སེལ་རྒྱུའི་འགན་དབང་ཆ་ཚང་སྤྱི་འཐུས་གྲོས་ཚོགས་ཡོད་པ་དེ་ཡང་བཅའ་ཁྲིམས་ལ་འགན་ཁུར་ནས་སེལ་ཐུབ་པའི་ནུས་པ་དང་གདེངས་སྤོབ་བཟང་སྤྱོད་ཀྱི་ནུས་པ་སོགས་དགོས་བ་བཅས་།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2021-05-08 at 2:03 am

    ༡ ནོར་བཅོས་། ཡིག་ཆ་ཨང་ ༣༩ དེ་ཁྲིམས་འགལ་གྱི་ཡིག་ཆ་ལ་ངོས་འཛིན་ཞུ་གི་། འདི་ཞུ་གི་ཡོད་ལ་བཅོས་རོགས་།
    ༢ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ནམ་མེད་པ་། འདི་ནམ་ཡང་མེད་པ་ལ་བཅོས་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme