Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ཆེས་མཐའ་མཇུག་གི་སློབ་ཁྲིད།”

Posted on 2015-05-252015-05-25 By ཁ་བརྡ 3 Comments on “ཆེས་མཐའ་མཇུག་གི་སློབ་ཁྲིད།”

ཆབ་མདོ་ངག་ཕུན།

 

དེ་ཡང་ཕྱི་ལོ་༡༩༤༩ལོར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་དམར་པོ་དྲག་པོའི་བཙན་འཛུལ་བྱས་ཤིང་། ཉེས་མེད་བོད་མི་ཉམ་ཆུང་མང་པོ་ཞིག་དམར་བཏང་། ཆེས་རིན་ཐང་བྲལ་བའི་གནའ་བོའི་དགོན་རྙིང་དུ་མ་ཞིག་གཏོར་བཤིག་བཏང་བ་སོགས་ཀྱི་བོད་མི་རྣམས་ལ་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་། དེ་འདྲའི་གནས་སྟངས་ཤིག་གི་འོག་ལ་གེག་པ་ཞེས་པའི་གྲོང་གསེབ་གཅིག་ལ་གཞུང་གི་སློབ་གྲྭ་ཞིག་བཙུགས་ཡོད། སློབ་གྲྭ་དེར་གྲོང་གསེབ་གཡས་གཡོན་ནས་ཕྲུ་གུ་རྣམས་བསྡུས་ནས་སློབ་གསོ་སྤྲད་ཀྱི་ཡོད་ཅིང་། སློབ་གྲྭ་དེར་བོད་རིགས་དགེ་རྒན་གཅིག་ལས་མེད་ཅིང་།  བོད་རིགས་དགེ་རྒན་གྱི་མིང་ལ་བློ་བརྟན་ཟེར། ཁོང་ནི་རང་བཞིན་གྱི་ངག་འཇམ་ལ། སེམས་ཤུགས་དང་ལྷག་བསམ་ཧ་ལས་པ་ཡོད་པ་མ་ཟད། སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་ཧ་ཅང་གདེང་འཇོག་དང་གཅེས་འཛིན་བྱེད་ཀྱི་ཡོད།

 

བློ་བརྟན་སློབ་གྲྭ་དེར་དགེ་རྒན་གྱི་སློབ་ཁྲིད་གནང་ནས་མི་ལོ་ཉེར་ལྔ་ཙམ་ཕྱིན་ཡོད་ཅིང་། དེའི་རིང་ལ་སོ་སོའི་སྐད་ཡིག་གི་ཐོག་ལ་རང་ནུས་ཡོད་ཚད་བཏོན་ནས་སློབ་ཁྲིད་གནང་གི་ཡོད་ལ།  དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་ནའང་ཞུམ་པར་མེད་པའི་མདུན་བསྐྱོད་གནང་ཡོད། སློབ་ཕྲུག་དང་ཕ་མ་ཚོས་དགེན་བློ་བརྟན་ལ་གུས་བཀུར་དང་ཆ་འཇོག་ཆེན་པོ་གནང་གི་ཡོད་ཅིང་།  དེར་བརྟེན་སློབ་གྲྭའི་འགོ་ཁྲིད་ཚོའི་བྱ་ཐབས་རྙེད་ཀྱི་མེད། ལྷག་པར་དགེ་རྒན་བློ་བརྟན་གྱིས་བློ་རྩེ་གཅིག་ཏུ་གཏད་ནས་སློབ་ཕྲུག་རྣམས་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་གཙོ་འདོན་སློབ་ཁྲིད་བྱེད་ཀྱི་ཡོད།  སློབ་ཕྲུག་རྣམས་ལ་ཕན་ཐོགས་ཀྱང་རླབས་ཆེན་བྱུང་དང་འབྱུང་བཞིན་ཡོད་ནའང་བོད་དགེའི་བློ་བརྟན་གྱི་སློབ་ཁྲིད་བྱེད་སྟངས་དེར་འགྱུར་བ་གཏོང་དགོས་ཚུལ་སློབ་སྤྱིས་བརྗོད།  དེ་ལ་བོད་དགེ་བློ་བརྟན་གྱིས་”གྲངས་ཉུང་མི་རིགས་རྣམས་ལ་སོ་སོའི་སྐད་ཡིག་ལ་ལྟ་ཀློག་སྦྱོང་བྱེད་ཆོག་པའི་རྩ་ཁྲིམས་ནང་འཁོད་ཡོད་ལུགས་བརྗོད་”པས།  འབྲེལ་ཡོད་སློབ་སྤྱི་ཅི་ལབ་མེད་པར་གྱུར་ནས་གནས་སྐབས་རིང་ལ་འཇོག་དགོས་བྱུང་བ་རེད།

དེ་ནས་ཉིན་གཅིག་དགེན་བློ་བརྟན་གྱིས་སློབ་ཕྲུག་རྣམས་ལ་བོད་བཙན་པོའི་སྐབས་ཀྱི་བོད་དམག་དང་རྒྱ་དམག་འཐབ་སྟེ་རྒྱ་དམག་ཕམ་སྟེ་རྒྱ་ཡི་རྒྱལ་པོ་ཡང་རྒྱལ་ས་ནས་བྲོས་དགོས་བྱུང་སྐད་སོགས་འགྲེལ་བཤད་སྐྱོན་གནང་བ་སོགས་ཀྱི་སློབ་ཕྲུག་རྣམས་བསམ་བློ་གཏོང་དགོས་པ་བཟོས། ཉིན་གཅིག་ཞོགས་པ་སློབ་གྲྭ་ཡར་ཚུགས་པ་དང་། སློབ་སྤྱིས་”བློ་བརྟན་རང་ལས་ཁུངས་ལ་འཁྱུག་ཙམ་རིང་ཡོང་”དགོས་ཚུལ་བརྗོད། བློ་བརྟན་གྱི་དོན་དག་གང་ཞིག་ཡོད་པ་ཡིན་ནམ་སྙམ་སྟེ་སློབ་སྤྱིའི་མདུན་དུ་བཅར་མ་ཐག་སློབ་སྤྱི་རྒྱ་མི་དེས་མི་འདོད་པའི་རྣམ་འགྱུར་ཞིག་བཏོན་ནས་”ཁྱོད་རང་གི་སློབ་ཕྲུག་ལ་སློབ་གསོ་སྤྲད་སྟངས་ནོར་འཁྲུལ་ཆེན་པོ་ཞིག་བཟོ་བཞིན་འདུག  །ཀྲུང་དབྱངས་ཀྱི་ལྟ་བ་དང་ལངས་ཕྱོགས་དང་མ་མཐུན་པའི་བོད་ཀྱི་ལོ་རྒྱུས་འགྲེལ་བཤད་བརྒྱག་གི་ཡོད་ཚུལ་ཕྱི་ནང་ཀུན་ལ་བཤད་བཞིན་འདུག །དོན་མེད་ང་ཚོར་དཀའ་ངལ་འཕྲད་བཞིན་འདུག་”ཅེས་བརྗོད་པ་དང་། གཏམ་དེ་དགེན་བློ་བརྟན་གྱི་གོ་མ་ཐག་ཕྲན་བུ་མ་བདེ་བ་བྱུང་ནའང་གུས་ཞབས་དང་དང་བཅས་ཏེ་”ངས་སློབ་ཁྲིད་བྱེད་སྟངས་དེ་དག་ཀྲུང་དབྱང་གི་ལྟ་བ་དང་ལངས་ཕྱོགས་དང་མཐུན་གྱི་ཡོད་པ་ལས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མ་མཐུན་པའི་སློབ་ཁྲིད་གཏན་ནས་བྱེད་ཀྱི་མེད།  ངས་སློབ་གྲྭ་ནང་ལ་བོད་བཙན་པོའི་རྒྱལ་རབས་ནང་དུ་གང་འཁོད་ཡོད་པ་དེ་བཤད་པ་ལས་དེར་སོ་སོའི་རྟོག་བཟོ་བྱས་པའི་ཚིག་ན་གཅིག་ཀྱང་མེད་ལ། རྫུན་གཏམ་གཏན་ནས་བཤད་ཀྱི་མེད་ལ། བཤད་མྱོང་དེ་ལས་ཀྱང་མེད།  བཤད་རྒྱུ་འདོད་པ་ཡང་མེད། བཤད་དགོས་པའི་རྒྱུ་མཚན་ཡང་མ་མཐོང་། བོད་བཙན་པོའི་ལོ་རྒྱུས་ནང་དུ་ཡག་སྡུག་གཉིས་ཀ་གང་འཁོད་པ་དེ་དག་གསར་སྐྱེས་ཚོར་ཤེས་པར་བཟོ་དགོས་པ་དེ་ནི་ཧ་ཅང་གལ་ཆེ་རང་བཞིན་འགྱུར་འདུག་སྙམ།   དེ་དག་ནི་མི་སུ་འདྲ་ཞིག་སྦས་དགོས་དྲན་ནའང་”ཉི་ཤར་སྦར་མོས་མི་ཁེབས་”ཞེས་པའི་དཔེ་ལྟར་ལོ་རྒྱུས་དངོས་ཡོད་སྦས་བསྐུང་བྱ་ཐབས་རྩ་བ་རང་ནས་ཡོད་མ་རེད་”ཅེས་བཤད།  དེ་ནས་སློབ་སྤྱི་དེ་ཧ་ཅང་ཁྲོ་ཉམས་དང་བཅས་ཏེ་ཞབས་སྟེགས་ནས་ལངས་ཏེ་”ད་ནས་བཟུང་སྟེ་བོད་ཀྱི་སྐད་ཡིག་སློབ་ཁྲིད་མཚམས་འཇོག་བྱེད་ཀྱི་ཡིན་ནམ། ཡན་ན་སློབ་གྲྭ་འདི་ནས་རྩ་དགོངས་ཞུ་ནས་འགྲོ་གི་ཡིན་དེ་གཉིས་གང་ཞིག་འདེམས་ཀྱི་ཡིན་མིན་རང་གི་བསམ་བློ་གཏང་ནས་ཐག་གཅོད་བྱེད་དགོས་ཟེར་བ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་འདི་ནི་ཧ་ཅང་རྗེས་ལུས་སྐད་ཡིག་གཅིག་ཡིན་ན་དེ་སློབ་ཁྲིད་བྱས་ནས་ཕན་ཐོགས་ཅི་ཞིག་ཡོད། ཆེས་རྗེས་ལུས་ཐེབས་ཟིན་པས་སྐད་ཡིག་ཡིན་པས་དུས་རབས་ཀྱི་རྗེས་ཟིན་གྱི་མ་རེད་”ཅེས་དང་།  དེ་ལ་བོད་དགེ་བློ་བརྟན་ཡང་ཁོང་ཁྲོ་དང་ཡིད་སྐྱོ་བའི་ངང་ཚུལ་གྱི་ཐོགས་ནས་”ཁྱོད་ཀྱི་བཤད་པ་དེ་བདེན་པ་མ་རེད་ཟེར་གྱི་མེད། ཡིན་ནའང་ང་ཚོའི་བོད་མི་རིགས་ཀྱི་སྐད་ཡིག་འདི་ཉིད་དེང་རབས་དང་མཐུན་པའི་མདུན་བསྐྱོད་བྱེད་སའི་ཁོར་ཡུག་མ་བྱུང་བ་རེད་མ་གཏོགས་སྐད་ཡིག་རྗེས་ལུས་རྩ་བ་རང་ནས་མ་རེད། དང་ཐོག་མི་རིགས་སུ་འདྲ་ཡིན་ནའང་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་ཡིན་གྱི་མ་རེད།  འཛམ་གླིང་གི་གནས་སྟངས་འཕོ་འགྱུར་དང་བསྟུན་ནས་སྐད་ཡིག་འཕེལ་རྒྱས་བཏང་བ་ཞིག་ལས་རང་བཞིན་གྱིས་སྐད་ཡིག་འཕེལ་རྒྱས་བྱུང་བ་སྐད་ཡིག་གཅིག་ཀྱང་ཡོད་ཀྱི་མ་རེད་སྙམ་”ཞེས་གནས་ལུགས་དང་རྒྱུ་མཚན་བགྲང་ནའང་ཆུ་ནང་རྡོ་གཡུག་པ་ལྟར་ཕན་ཐོགས་ཅི་ཡང་མ་བྱུང་།

 

གང་ལྟར་སློབ་སྤྱི་རྒྱ་དཔོན་དེས་”ཁྱོད་ཀྱི་གོང་རིམ་གྱི་བཀའ་ལ་རྩི་འཇོག་བྱེད་ནས་བོད་ཀྱི་སྐད་ཡིག་ཁྲིད་མཚམས་འཇོག་ནས་སློབ་གྲྭ་ནང་སྡོད་ཀྱི་ཡིན་ནམ། ཡང་ན་སློབ་ཁོངས་ནས་རྩ་དགོངས་ལ་འགྲོ་གི་ཡིན་རང་གི་བསམ་བློ་བཏང་ནས་སང་ཉིན་ལན་འཁུར་ཤོག་”ཟེར།  དེ་ནས་དགེན་བློ་བརྟན་གྱིས་འདི་ཡིན་ལན་ཅི་ཡང་མ་བཏབ་སྟེ་མགོ་བོ་སྒུར་ནས་ལས་ཁུངས་ནས་ཕྱི་རོལ་ལ་ཐོན་ཕྱིན།   མཁའ་དབྱིངས་ལ་སྤྲིན་པ་ལྕང་ལོ་ཙམ་ཞིག་མེད་པར་མདངས་མ་གྱུར་ཞིང་། སློབ་གྲྭའི་གཡས་གཡོན་ཁོར་ཡུག་འཇམ་ཐིང་ངེར་གྱུར་ལ། སློབ་ཕྲུག་རྣམས་ངོ་གདོང་ལ་རྔུལ་ནག་འཕྱུར་རེ་གྱུར་ནས་སུན་སྣང་སྐྱེ་བའི་རྣམ་པར་མངོན། རིམ་གྱི་སློབ་གྲྭ་ཚོགས་བརྡ་བཏང་བ་དང་བསྟུན་སློབ་དགེ་བློ་བརྟན་ཡང་སློབ་ཁང་ཕྱིན་ནས་སློབ་ཁྲིད་གནང་ཡང་སེམས་ཁམས་སྟོངས་ལྷང་ལྷང་གྱུར་པ་དང་།  ཡི་གེ་ཡང་ཡག་པོ་ཞིག་མིག་གིས་མི་མཐོང་བ་གྱུར་ཏེ་མགོ་ཡུལ་འཁོར་ནས་ལན་མང་སར་འགྱེལ་གྲབ་བྱས་ཀྱང་ཨུ་ཚུགས་རྒྱབ་སྟེ་སློབ་ཁྲིད་མཐའ་སྐྱོང་གནང་་། སློབ་ཕྲུག་རྣམས་ཀྱིས་མཐོང་སྟེ་ལམ་སེང་ལངས་ཏེ་དགེ་ལགས་སྐྱོར་གྲབ་བྱེད་སྐབས་དགེན་བློ་བརྟན་གྱིས་”ང་ལ་སེམས་ཁྲལ་མ་བྱེད། ཁྱོད་རང་ཚོས་ནག་སྤང་སྟེང་གི་ཡི་གེ་ཆ་ཚང་ཤུས་དགོས་”ཟེར།  སློབ་ཕྲུག་རྣམས་ཀྱི་དགེ་ལགས་ཀྱི་བཀའ་ལྟར་ཆ་ཚང་བཤུས།  དེ་ནས་སློབ་གྲྭ་གྲོལ་བརྡ་བཏང་བ་དང་སློབ་ཕྲུག་རྣམས་ཀྱི་དཔེ་ཁུག་རྒྱབ་ཏུ་འཁུར་སོ་སོའི་ནང་ལ་ལོག ཕྱི་ཉིན་ནམ་སྐྱ་མདའ་གཏོང་བ་དང་དགེན་བློ་བརྟན་མལ་ས་ནས་ལངས་ཏེ་ཤིང་སྐས་ཐོག་ནས་ཁང་ཐོག་ལ་འཛེགས་ཏེ་ཕྱིའི་ཡུལ་ལྗོངས་ལ་བྱ་ར་བྱས་ཤིང་། ཁོར་ཡུག་གི་བཀོད་ལེགས་མཛེས་སྡུག་ལྡན་ཞིང་རང་བཞིན་མེད་པའི་སེམས་ལ་བདེ་སྣང་ཞིག་ཀྱང་དབང་མེད་དུ་སྟེར་བ་དང་བསྟུན་དབུགས་རིང་ཞིག་ཀྱང་རང་བཞིན་མེད་དུ་ཤོར།  རིམ་གྱིས་ལྗོན་ཤིང་གི་གསེང་ནས་བྱ་བྱེའུ་ཚོགས་ཀྱི་སྐད་སྙན་སྣ་ཚོགས་སྒྲོག་འོང་བ་དང་། དགེན་བློ་བཟང་གི་སེམས་ནང་ལ་བྱ་བྱེའུ་འདི་ཚོ་ཡིན་ན་སྐྱིད་པ་ལ་ཨང་། ཁོ་ཚོའི་སེམས་ནང་དཀའ་སྡུག་གང་ཡང་ཡོད་ཀྱི་མ་རེད། ང་ཡང་བྱ་ལུས་ཞིག་བླངས་ཡོད་པ་ཡིན་ན་ད་ལྟ་སེམས་ནང་གི་དཀའ་སྡུག་འདི་དག་མྱོང་དགོས་པ་ཞིག་མ་རེད་སྙམ་པའི་སེམས་ནང་ལ་སུན་སྣང་ཞིག་སྐྱེས།

 

དེ་ནས་ཁ་སྐོར་ནས་ཤིང་སྐས་མར་འབབ་སྟེ་ཞོགས་ཇ་བསྐོལ་ཏེ་འཐུང་།   དེ་དག་ཚར་རྗེས་དཔེ་ཁུག་འཁྱེར་ནས་སློབ་ཁྲིད་ལ་ཕྱིན།  དེ་ཉིན་ནི་མཁའ་དབྱིངས་ལ་སྤྲིན་ནག་འཁྲིགས་ཤིང་།  གྲང་ལྷང་ལྷང་རླུང་བུ་རྒྱབ་བཞིན་མཆིས་ལ།  ནམ་མཁའི་ལྷ་མོས་ཀྱང་དགེན་བློ་བརྟན་ལ་སེམས་གསོའི་གདུང་སེམས་མཉམ་སྐྱེད་བྱེད་པར་མཚོན།  དགེན་བློ་བརྟན་གྱིས་སློབ་ཁང་སྒོ་ཕྱེས།  སློབ་ཕྲུག་གཅིག་གིས་འཛིན་ཁང་གཙང་མར་གད་ཕྱེས་བྱས་ཤིང་ནག་སྤང་གཙང་མར་ཕྱེས།  དེ་ཉིན་ནི་དགེན་བློ་བརྟན་དུས་རྒྱུན་དང་ཁྱོན་ནས་མ་འདྲ་བ་ཞལ་རས་ལ་སྐྱོ་ཉམས་ཀྱི་རྣམ་པར་མངོན་ལ། དེ་ལས་ཀྱང་བློ་ཕྲུག་རྣམས་ལ་བརྩེ་བས་གཟིགས་ཤིང་དབུགས་རིང་ཞིག་ཀྱང་དབང་མེད་ཤོར།  དགེན་བློ་བརྟན་ནི་དུས་རྒྱུན་ཞལ་རས་འཛུམ་མདངས་སྟོན་པ་ལས་སློབ་ཕྲུག་རྣམས་ལ་དོན་མེད་ཀྱིས་གདོང་ནག་པོ་ཁྱོན་ནས་བཏོན་མྱོང་མེད་ལ།  སློབ་ཕྲུག་རྣམས་སོ་སོའི་ཤ་ལས་མཆེད་པའི་བུ་ཕྲུག་ནང་བཞིན་བྱམས་པོ་གནང་གི་ཡོད་པས།  སློབ་ཕྲུག་ཚོས་ཀྱང་དགེན་ལགས་ཞེས་རྩི་འཇོག་དང་གུས་བཀུར་ཚད་མེད་ཞུ་གི་ཡོད། དེ་ནས་སློབ་ཕྲུག་རྣམས་སོ་སོའི་རྐུབ་སྟེགས་ཐོག་འཁོད་པ་དང་བསྟུན་དགེན་བློ་བརྟན་ཞབས་སྟེགས་ནས་བཞེངས་ཏེ་ས་སྨྱུག་ལག་པས་འཛིན་ནས་ནག་པང་གི་སྟེང་ལ་”ཆེས་མཐའ་མཇུག་གི་སློབ་ཁྲིད་”ཅེས་བྲིས་ཤིང་། སློབ་ཕྲུག་རྣམས་ཀྱིས་”ཆེས་མཐའ་མཇུག་གི་སློབ་ཁྲིད་”ཅེས་ཚིག་རྐང་དྲུག་དེ་མཐོང་མ་ཐག་འཛིན་ཁང་སྐབས་གཅིག་གི་རིང་ལ་ཁུལ་སིམ་མེར་གྱུར་ཅིང་། ཕྱི་རོལ་ནས་བྱ་བྱེའུ་སྐད་ལས་གོ་རྒྱུ་མེད།  དེ་ནས་དགེན་བློ་བརྟན་གྱིས་སློབ་ཕྲུག་རྣམས་ལ་ཁ་མར་ལྷོག་ནས་ཞལ་རས་འཛུམ་འཛུམ་མདངས་བཏོན་ཁུལ་མཛད་ནའང་དགེན་ལགས་ཀྱི་ཁོག་ལ་ནམ་ཡང་བརྗེད་ཐབས་བྲལ་བའི་དཀའ་སྡུག་ཅིག་སྦས་ཡོད་པར་མངོན།

 

དགེན་བློ་བརྟན་གྱིས་སློབ་ཕྲུག་རྣམས་ལ་གསུང་དོན། “དེ་རིང་ངས་སློབ་པའི་ཆེས་མཐའ་མཇུག་གི་སློབ་ཁྲིད་ཞིག་རེད། དེར་བརྟེན་རྣམ་པ་ཚོས་ཡག་པོ་བྱས་ནས་ཉན་སེམས་ལ་ཞོག་ཨང་།  དེ་ཡང་ང་ཚོའི་མི་རིགས་འདི་ནི་ཆེས་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན། ཡིན་ནའང་འཛམ་གླིང་འཕོ་འགྱུར་དང་མཐུན་པའི་ང་ཚོ་མདུན་བསྐྱོད་མ་ཐུབ་པ་ནི་ང་ཚོའི་མི་རབས་ཀྱི་མ་འཇོན་པ་ཞིག་ཡིན་པ་ལས་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་ནོར་འཕྲུལ་ག་ལ་ཡིན། ང་ཚོའི་གཅེས་ནོར་འདི་དག་རྒྱུན་གནས་ཐུབ་མིན་ནི་གངས་ལྗོངས་ཀྱི་བུ་ཕྲུག་ཁྱོད་ཚོའི་ལག་ཏུ་ཡོད། ཁྱོད་ཚོར་སྦྱོང་འདོད་ཚོར་ཤུགས་དྲག་པོ་ཡོད་ན་སུ་ཞིག་གིས་བཀག་འགོག་མི་ཐུབ་ཅིང་།  ས་གཞི་གཤིན་པའི་ཐོག་ལ་མེ་ཏོག་གི་ས་བོན་སྐྱེ་མིན་རྣམ་པ་ཚོའི་སེམས་ཤུགས་དང་འདུན་པར་རག་ལས་ཡོད། རྣམ་པ་ཚོས་སྟོན་ཏོག་འདི་ཉིད་སྐྱེ་བ་ཙམ་དུ་མ་ཟད།  གངས་ལྗོངས་ཆོས་ལྡན་གྱི་ཞིང་ལ་གནས་དགོས་དྲན་ན། འདི་ཉིད་བདག་གཅེས་དང་བཀོལ་སྤྱོད་མང་ཙམ་བྱེད་དགོས་པ་ཞིག་ལས།  འདི་ཉིད་བཀོལ་སྤྱོད་མ་བྱས་ཚེ་ས་བོན་གྱི་འབྲས་བུ་ཇི་ལྟར་ལེགས་ཀྱང་ཆུ་ལུད་སོགས་ཀྱི་གསོ་སྐྱོང་མ་བྱས་ཚེ་མཐའ་མ་མེད་པ་འགྱུར་རྒྱུ་ཡིན་པར་བརྗོད་ག་ལ་དགོས། ང་ཚོའི་མེས་དབོན་བཀའ་དྲིན་ཅན་རྣམས་ཀྱི་མི་རྒྱུ་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་ནས་གསར་བཏོད་མཛད་པའི་སྐད་ཡིག་འདི་ཉིད་གཅེས་འཛིན་དང་བདག་གཅེས་བྱེད་དགོས།  མི་རིགས་སུ་འདྲ་ཞིག་ཡིན་ནའང་མི་རིགས་འདི་ཉིད་དབྱེ་བ་ཕྱེ་ས་ནི་མི་རིགས་སོ་སོའི་སྐད་ཡིག་ཡིན་པ་ལྟར་ང་ཚོའི་སྐད་ཡིག་གཅེས་འཛིན་གྱི་བཀོལ་སྤྱོད་མང་ཙམ་གནང་རྒྱུ་གལ་ཆེ་རང་བཞིན་ལྡན་ཡོད།  ལྷག་པར་ན་གཞོན་ཁྱོད་རང་ཚོའི་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་ནང་ལ་གཞན་གྱི་སྐད་ཡིག་བསྲེས་ལྷད་ཁྱོན་ནས་གཏོང་མི་ཉེས། བོད་མི་ནང་ཁུལ་ཕན་ཚུན་ཕྲད་སྐབས་ངེས་པར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་དགོས། དེ་དག་ནི་ངའི་རེ་བ་ཉག་ཅིག་ཡིན་ལ། དེ་རིང་ངས་ཁྱོད་ཚོར་”ཆེས་མཐའ་མཇུག་གི་སློབ་ཁྲིད་”དེ་རེད་ཅེས་བརྗོད་དེ་མིག་ཆུ་སར་ཟགས། སློབ་མ་ཚོ་ལའང་དགེན་བློ་བརྟན་གྱི་ཡིད་ཐང་ཆད་པ་དང་།  སྐྱོ་བའི་རྣམ་འགྱུར་བཅས་མཐོང་དུས་སློབ་མ་ཚོ་ཡང་མིག་ཆུ་ཁེངས་ཤིང་གནས།  དུས་དེ་ནས་བཟུང་སྟེ་ནག་པང་སྟེང་ལ་ཀ་མེད་སུམ་ཅུ་མཐོང་རྒྱུ་མེད་ལ། དབྱངས་བཞིའི་སྒྲ་དབྱངས་དེ་ལས་ཀྱང་ཐོས་རྒྱུ་མེད་པ་གྱུར་བ་རེད། ཉིན་མ་དེ་ནས་བཟུང་སྟེ་མི་རིགས་གཞན་ཞིག་གི་སྐད་ཡིག་ཉན་འདོད་མེད་བཞིན་བཙན་དབང་གིས་སློབ་ཕྲུག་ཚོའི་ཉན་དགོས་ཐུག་དུས་ལུས་སེམས་ལ་ཧ་ཅང་གི་དཀའ་སྡུག་མནར་གྱི་ཡོད་ཀྱང་ལས་དབང་གི་མི་ཉན་ཀ་མེད་རེད།

བརྩམས་སྒྲུང་།

Post navigation

Previous Post: རྒྱ་ནག་གི་ཚོང་རྫས་རྫུན་མ་དང་བོད་ཀྱི་སྤྲུལ་རྫུན་རྒྱ་ལྷ།
Next Post: སྟོན་མཆོག་ཤཱཀྱ་ཐུབ་པའི་རྗེས་དྲན་ཡིད་ཀྱི་མུན་སེལ།

Comments (3) on ““ཆེས་མཐའ་མཇུག་གི་སློབ་ཁྲིད།””

  1. སྤོབས་པ་མཐའ་ཡས། says:
    2015-05-25 at 6:15 am

    རྩོམ་པ་པོལགས། ཁྱེད་ཀྱི་སྒྲུང་འདི་དུས་རབས་བཅུ་དགུ་པའི་ནང་དུ་བྱུང་བའི་ཧྥ་རན་སིའི་རྩོམ་པ་པོ་Alphonse Daudet མཆོག་གིས་བརྩམས་པའི་The Last Lessonཟེར་བ་དེར་ལད་ཟློས་བྱས་ནས་བརྩམས་འདུག ངས་སྒྲུང་ཐུང་དེ་ཐེངས་མང་པོར་བཀླགས་མྱོང་། ཐོག་མར་བོད་ཡིག་ཏུ་བསྒྱུར་ཡོད་པ་དེ་ཐེངས་མང་པོར་བཀླགས།་རྗེས་སུ་ཕྱི་ཡིག་གི་སྟེང་དུ་ཡང་བཀླགས་པའི་སྐལ་བ་ཐོབ་བྱུང་། ཡིན་ན་ཡང་། ཁྱེད་ཀྱི་སྒྲུང་འདིར་ཁོང་གི་སྒྲུང་ལྟ་བུའི་ཚག་དམ་པོ་མི་འདུག སྒྲུང་གི་ནང་དུ་བསླབ་བྱའི་ཚིག་མང་པོ་བཅུག་པ་ལས་སྒྲུང་གི་གོ་རིམ་ཞིབ་འབྲི་དེ་ཙམ་ཐུབ་མི་འདུག གང་ལྟར་ཡང་ཁྱེད་ཀྱིས་སྙན་པོ་དང་ནང་དོན་ཡོད་པ་ཞིག་བྲིས་འདུག་ལགས།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-25 at 9:20 am

    ཆབ་མདོ་ངག་ཕུན་མཆོག་གིས་སྒྲུང་གཏམ་དངོས་བྱུང་ངམ་བཅོས་མ་གང་ཡིན་རུང་བོད་སྲོལ་ལ་གཅེས་པ་ཡོངས་ཀྱིས་སློབ་དགེ་བློ་བརྟན་བཞིན་དུ་རང་ཉིད་ཀྱང་བྱུང་ན་སྙ། བོད་མི་རིགས་ཀྱི་མིག་དཔེར་འོས་པ་ཞིག་གོ

    “དེ་འདྲའི་གནས་སྟངས་ཤིག་གི་འོག་ལ་གེག་པ/” གེག་པའི་དོན་མ་ཤེས།
    རྣམ་པ་ཚོས་སྟོན་ཏོག་འདི་ཉིད་སྐྱེ་བ་ཙམ་དུ་མ་ཟད།
    སེམས་ཤུགས་དང་ལྷག་བསམ་ཧ་ལས་པ་ཡོད་པ་མ་ཟད། གོང་གི་བརྗོད་པར་ལ་དོན་ཡོད་པ་ལྟར་དུ། ཡོད་པར་མ་ཟད། ཅེས་བཀོལ་ན། བོད་ཀྱི་གཞུང་དཔེ་དག་དང་མཐུན།
    དེར་བརྟེན་རྣམ་པ་ཚོས་ཡག་པོ་བྱས་ནས་ཉན་སེམས་ལ་ཞོག་ཨང་། འདིར་ཨང་ཞེས་པ་དང་ཞེས་པ་ཟུར་ཆག་ཏུ་ངེས།
    ་
    དང་ནི་སྡུད་འབྱེད་རྒྱུ་མཚན་དང་།
    ཚེ་སྐབས་གདམས་ངག་ལྔ་ལ་འཇུག ཅེས་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུངས།

    བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་དགོས། ཞེས་པར་བྱེད་སྦྱོད། ཅེས་པར་གནའ་བོའི་འབོད་ཚུལ་ལས་ཡ་སྟ་མ་འཐོན་པ་བྱེད་པ་ལ་བེད་ཅེས་འདོན་པ་ལ་དྭགས་གཤམ་ཕྱོགས་སོགས་ན་ཡོད།
    ཉིན་མ་དེ་ནས་བཟུང་/ཉིན་མོ་ཡིན་ནམ་སེམགས།
    ་ནོར་འཁྲུལ་ཆེན་པོ་ཞིག་བཟོ་བཞིན་འདུག
    ནོར་འཕྲུལ་ག་ལ་ཡིན།
    འདིར་འབྲི་ཚུལ་མི་འདྲ་བ་གཉིས་ལས་ཕྱི་མ་དེ་དག་པར་སེམས་ཏེ། བྱ་ཚིག་ལྟར་ན། སྤྲུལ་ཞེས་པ་བྱ་ཡུལ་ཡོད་པ་་དང་། འཕྲུལ་ཞེས་པ་བྱ་ཡུལ་མེད་པ་ཡིན་ནོ་སྙམ། སྒྲ་གདངས་འདྲ་བ་ཡོད་པས་གཞུང་དཔེ་དག་ཏུ་ཡང་འཁྲུལ་ཞེས་བྲིས་པ་མང་ངོ་།

  3. ཆབ་མདོ་ངག་ཕུན། says:
    2015-05-25 at 11:20 pm

    རྣམ་གཉིས་ཀྱིས་དགོངས་ཚུལ་གསུང་བར་བཀའ་དྲིན་ཆེ་གནང་། དེ་འདྲའི་དགོངས་འཆར་མང་ཙམ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme