Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་ཆུང་སྐབས་ཀྱི་འབྲི་དེབ། ཆུང་ཆུང་སྐབས་ཀྱི་སྨྱུ་གུ།

Posted on 2011-01-252011-01-28 By དབང་ཕྱུག་ 10 Comments on ཆུང་ཆུང་སྐབས་ཀྱི་འབྲི་དེབ། ཆུང་ཆུང་སྐབས་ཀྱི་སྨྱུ་གུ།

spy-gadgets རྡོ་རྗེ་དབང་ཕྱུག

ཉིན་འདི་ཚོར། རང་ཉིད་ཆུང་ཆུང་སྐབས་ཀྱི་འདྲ་པར་ཞིག་ཡོད་ན་ཅི་མ་རུང་སྙམ་པ་དེ་སེམས་ནང་ཡང་ཡང་འཁོར་གི་འདུག གཞན་གང་ཡང་མ་རེད། སྐབས་དེའི་རང་ཉིད་ལ་བལྟ་འདོད་པ་དེ་ཙམ་ལས་གཞན་གྱི་དགོས་མཁོ་གང་ཡང་མེད་ནའང་། ཉིན་རྟག་པར་ཆུང་ཆུང་སྐབས་ཀྱི་འདྲ་པར་ཞིག་མེད་པ་དེར་སེམས་ནང་སྐྱོ་སྣང་ལྷང་ངེ་བ་ཞིག་འདུག
ཞིབ་ཏུ་བསམས་ན། དེ་དུས་ལབ་ནའང་འདྲ། ང་དང་ལོ་ཚོད་གཅིག་པའི་གྲོགས་པོ་གྲོགས་མོ་སུལའང་ཆུང་ཆུང་སྐབས་ཀྱི་པར་ཞིག་ཧ་ལམ་ཡོད་ཀྱི་མ་རེད། ང་རང་ལོ་ན་དགུ་ལ་སོན་སྐབས་ནི། ཕྱི་ལོ་ 1980 ལོ་རེད། དེ་དུས་ང་རང་གཞི་ནས་སློབ་གྲྭར་འགྲོ་རྒྱུ་བྱུང་། ང་ལ་སློབ་སྦྱོང་གི་མཁོ་ཆས་ཤིག་ཡོད་པ་ནི། བོད་ཡིག་དང་ཨང་རྩིས་ཀྱི་སློབ་དེབ་དེ་གཉིས་ལས། དེ་ལས་བརྒལ་ནས་ང་ལ་སྨྱུ་གུ་དང་འབྲི་དེབ་ཟེར་བ་ཞིག་མེད། ཕལ་ཆེར་འཛིན་གྲྭ་དང་པོ་ནས་གསུམ་པའི་བར་ལ་དེ་ལྟར་ཡིན།
མི་མང་པོ་ཞིག་གིས་སྨྱུ་གུ་དང་འབྲིོ་དེབ་མེད་པར་སློབ་སྦྱོང་ཇི་ལྟར་བྱེད་བསམ་སྲིད། ཡིན་ནའང་། ངས་ཉི་མ་རེ་རེའི་ནང་སྦྱོང་དེ་ཚོ་ཆད་ལུས་མེད་པར་བྲིས་པ་ཡིན། དཀའ་ངལ་ཆེ་ཤོས་ནི། དབྱར་ཀའི་གུང་སེང་དང་། དགུན་ཁའི་གུང་སེང་གི་ནང་ལས་དེ་ཚོ་རེད། དེ་འབྲི་བ་ནི་ང་ལ་མཚོན་ན་དཀའ་ངལ་ཆེ་ཤོས་དེ་རེད།
སློབ་གྲྭའི་ནང་སྡོད་སྐབས། དགེ་རྒན་ཚོས་སློབ་ཚན་འཁྲིད་ཚར་ནས་ནང་སྦྱོང་བཀོད་སྒྲིག་བྱས་པ་ཡིན་ན། ང་དང་ད་དུང་རོགས་པ་གཞན་གཉིས་བཅས་ང་ཚོ་གསུམ་འཛིན་ཁང་གི་ཕྱི་ལོགས་ལ་སོང་སྟེ། ཐང་གི་ས་རྡུལ་དག་ངོས་སྙོམ་པོ་ཞིག་བྱས་རྗེས། ས་རྡུལ་དེའི་སྟེང་ལ་ནང་སྦྱོང་འབྲི་དགོས། ས་རྡུལ་ངོས་སྙོམ་དེ་ནི་ངའི་འབྲི་དེབ་རེད། ལག་ཏུ་རྡོ་དཀར་ནར་དབྱིབས་ཤིག་ཡོད་པ་དེ་ནི་ངའི་སྨྱུ་གུ་ཡིན། འབྲི་དེབ་ཟེར་ནའང་འདྲ། སྨྱུ་གུ་ཟེར་ནའང་འདྲ། འཛིན་གྲྭ་དང་པོ་ནས་ཕལ་ཆེར་བཞི་པའི་བར་ལ་ངས་ནང་སྦྱོང་དེ་ལྟར་བྲིས་པ་ཡིན། དེ་དུས་ཀྱི་ང་ལ་མཚོན་ན། འབྲི་དེབ་སྟེང་ནང་སྦྱོང་འབྲི་བའི་སྐབས་ཤིག་ཤར་བ་ཡིན་ན། ཤོག་བུ་ཨེན་ཙམ་ཡང་འཕྲོ་བརླག་མ་བཏང་བར་ཁམས་གཙང་ངོས་གཙང་ཞིག་འབྲི་དགོས་སྙམ་པ་ཡང་ཡང་བྱུང་། ཡིན་ནའང་། ངའི་ནང་གི་མཐུན་རྐྱེན་ཧ་ཅང་ཞན་སྟབས། ང་ལ་འབྲི་དེབ་དང་སྨྱུ་གུ་ཞིག་གང་ནས་རག། སློབ་དེབ་དེ་ནི་སྒང་ཞིག་ནས་རིན་མེད་སྤྲོད་ཀྱི་ཡོད་མེད་ད་ལྟ་དྲན་གི་མི་འདུག་སྟེ། སློབ་དེབ་དེ་ནི་རག་གི་འདུག ས་ངོས་ལ་ནང་སྦྱོང་འབྲི་སྐབས་ཀྱི་དགའ་སྣང་ཆེ་ཤོས་ནི། ཆར་བ་བབས་ཤུལ་གྱི་ས་ངོས་དེ་ཡིན། དེ་ནི་རླུང་བུས་བསུབ་འགྲོ་གི་མ་རེད་ལ། ནག་ཤར་སེར་མཐོང་བ་ཞིག་ཡོད། དེ་མིན་དགུན་ཁ་དང་དཔྱིད་ཀའི་དུས་ལ་མཚོན་ན། རླུང་བུ་ལྡང་ཐེངས་རེས། ངའི་ནང་སྦྱོང་ཚང་མ་ཁྱུར་མིད་གཏོང་གི་ཡོད། དགེ་རྒན་ལ་མིག་སྟོན་མ་བྱས་གོང་ངའི་ནང་སྦྱོང་རླུང་གིས་བསུབ་འགྲོ་ཐེངས་རེར། སེམས་ནང་བཤད་མི་ཤེས་པའི་སྡུག་བསྔལ་མང་པོ་ཞིག་ཡོང་གི་ཡོད། ངས་ས་ངོས་ཀྱི་ནང་སྦྱོང་རེ་བྲིས་ཚར་བ་དང་། ལམ་སང་དགེ་རྒན་འབོད་དུ་འགྲོ་གི་ཡོད། དགེ་རྒན་ཚོའང་ལམ་སང་ཕེབས་འོང་གི་ཡོད། གཅིག་གཅིག་གཉིས་གཉིས་བྱས་ནས་དག་བཅོས་གནང་གི་ཡོད། ཡིད་ཕངས་པ་ཞིག་ལ། དགེ་རྒན་གྱིས་ངའི་ནང་སྦྱོང་དེ་ཚོའི་མཇུག་ལ་འགྲིག་རྟགས་ཟེར་ན།་ངའི་གཟུགས་པོའི་ཚད་འདྲ་པོ་རེ་རྒྱག་གི་རེད་དེ། འགྲིག་རྟགས་བརྒྱབ་ཚར་བ་དང་ངས་རང་གི་ནང་སྦྱོང་དེ་ཚོ་ས་ངོས་ནས་གཙང་བསུབ་བྱེད་དགོས་པ་དེར་ཕངས་པོ་ཞེ་དྲག་བྱུང་། ལོ་ཕྱེད་དམ་ཟླ་དྲུག་ཡིག་ཚད་དང་ལོ་འཁོར་གྱི་མཚམས་ཀྱི་ཡིག་རྒྱུགས་སྐབས་དེ་ནི། ང་ལ་མཚོན་ན། ཤོག་བུའི་སྟེང་ལ་ཡི་གེ་འབྲི་བའི་གོ་སྐབས་གཅིག་རང་ཡོད་པ་དེ་ཡིན། ཡིག་རྒྱུགས་ཐོན་ལ་ཉེ་སྐབས་ངས་ཀྱང་ཕ་མ་ལ་སྔ་ས་ནས་བཤད་དེ། ང་ལ་ཞ་སྨྱུག་རེ་གྲ་སྒྲིག་བྱེད་འཇུག་གི་ཡོད། དེ་མིན་ངའི་ཕ་མ་ནི་དཔལ་འབྱོར་ཡོང་ཁུངས་གང་ཡང་མེད་པ་ཡིན་སྟབས། ངས་ང་ལ་སྨྱུ་གུ་དང་འབྲི་དེབ་དགོས་ཞེས་སྐབས་གང་ལའང་ལབ་ཕོད་ཀྱི་མེད། སྟབས་ཡག་ག་ཞིག་ལ། ངའི་དགེ་རྒན་དེ་ཚོས་ངའི་གནས་སྟངས་ལ་གཟིགས་སྟངས་ཡག་པོ་བྱུང་། ཁོང་ཚོས་ངའི་ནང་སྦྱོང་དེ་ཚོ་ས་ངོས་ནས་བཀླགས། ས་ངོས་ནས་བཅོས་པ་དེ་བསམས་ན། དགེ་རྒན་དེ་ཚོས་ལྷག་བསམ་རྣམ་དག་ཟེར་ན་དཔེ་འདྲ་ཞིག་གནང་འདུག་པ་ཡང་ཡང་དྲན་གྱི་འདུག a-hardback-notebook
སྐབས་རེར། སློབ་གྲོགས་ཚོས་སློབ་དེབ་སྟེང་ལ་ཚོན་ཁྲ་འདྲ་མིན་བྱུག་པ་མཐོང་སྐབས། ང་རང་སྨྱུ་གུ་མེད་མཁན་ཞིག་ལ་ཚོན་ཁྲ་ཞིག་གང་ནས་ཡོང་། དབྱར་ཁ་ཤར་མཚམས། སྡོང་ལོ་གསར་སྐྱེས་དང་། ལྡུམ་བུའི་ལོ་མ་དེ་ཚོ་བཀོག་ཡོང་ནས་དེབ་ཀྱི་སྟེང་ལ་ཚོན་ཁྲ་བྱུག་གི་ཡོད། ད་ལྟ་བསམས་ན། དེ་ཡང་ཐབས་ཤེས་དྲག་ག་ཞིག་བྱུང་འདུག
ད་ལྟའང་དྲན་བརྗེད་མེད་པ་ཞིག་ལ། ཉིན་ཞིག་ངའི་ཨ་མས་ང་ལ་འབྲི་དེབ་ཅིག་སྤྲད་སོང་བ་དེ་ཡིན། འབྲི་དེབ་དེ་ནི། ཤོག་བུ་མཁྲེགས་པོ། ངོས་མི་སྙོམས་པ་འབར་འབུར་ཅན། ཚོས་གཞི་སྨུག་སྐྱ་ཞིག་རེད། རྗེས་ལ་ཤེས་དུས། དེ་ནི་ཨར་འདམ་གྱི་རྡོ་ཕྱེ་བླུག་སྣོད་ཤོག་ཁུག་ཤོག་བུ་ཉིས་རྩེག་སུམ་རྩེག་ཅན་དེ་དྲས་གཏུབས་ཀྱིས་བཟོས་པ་ཞིག་རེད། ཨ་མས་ང་ལ་ཐེངས་དང་པོར་འབྲི་དེབ་ཅིག་རག་ཐབས་བྱས་པ་ནི་དེ་རེད། ཨ་མས་གང་ཞིག་ནས་ཤོག་ཁུག་དེ་གྲས་སྒྲུག་པ་དང་། དེ་ནས་ངའི་གཅེན་པོ་རྒན་པ་ལ་འདྲ་གཅོད་བྱེད་བཅུག་ནས་གསོ་མའི་སྐུད་པ་ཕྲ་པོ་ཞིག་གིས་མཁྲེགས་པོ་ཞིག་བཙེམ་བཅུག་པའང་རྗེས་སུ་རིམ་པས་ཤེས། གང་ལྟར་ད་ནི་ང་ལ་འབྲི་དེབ་ཅིག་ཡོད་པར་གྱུར་པས་སེམས་དགའ་བ་ལ་དཔེ་མི་སྲིད་པ་ཞིག་བྱུང་། ཡིན་ནའང་། དེ་དང་མཉམ་དུ་སེམས་ཁྲལ་གཞན་ཞིག་ཀྱང་བྱུང་། སེམས་ཁྲལ་དེ་ནི། ཨ་མས་ཁབ་གསོག་འབིག་གསོག་གིས་ཞ་སྨྱུག་གཉིས་ཉོས་འདུག་པ་དེ་གཉིས་རྫོགས་ཚར་བའི་རྗེས་ལ་ཡང་བསྐྱར་ཞ་སྨྱུག་རག་མི་རག་དེ་གཅིག་དང་། གཉིས་ནས་ཡང་བསྐྱར་འབྲི་དེབ་འདི་འདྲ་རག་མི་རག་དེ་རེད། ཤོག་བུ་མཁྲེགས་པོ་ཡིན་པ་དེ་བཟང་ཡང་། ངོས་མི་སྙོམས་པ་དེས་ངའི་ཞ་སྨྱུག་གཉིས་པོ་ལམ་སེང་རྫོགས་བཅུག་སོང་། དེ་ནས་ངས་གློག་སྨན་གྱི་ནང་སྙིང་ནག་པོ་མཁྲེགས་ཙམ་ཡོད་པ་དེ་འདྲ་ཞིག་གད་སྙིགས་ནས་རྙེད་པ་དེ་བརྡར་ནས་ཞ་སྨྱུག་གི་ཚབ་བྱེད་དགོས་བསམ་ནའང་། དེ་ནི་ཡོང་ཐབས་མེད་པར་གྱུར། སླར་ཡང་ངའི་ནང་སྦྱོང་དེ་ཚོ་ཐང་སྟེང་སྒང་ལ་བྲིས་པ་ཡིན། འཛིན་གྲྭ་བཞི་པ་བར་བྲིས་པ་ཡིན།
འཛིན་གྲྭ་བཞི་པ་སླེབས་སྐབས། ང་ལ་འབྲི་དེབ་མང་པོ་རག་བྱུང་། དེ་ནི་ནང་སྦྱོང་འབྲི་དེབ་ལ་བེད་སྤྱོད་བྱས་པ་ཡིན། ངའི་འབྲི་དེབ་ནི་དཔེ་དེབ་མཐུག་པོ་རྐྱང་ཡིན། སྟེང་ན་བོད་ཡིག་མང་པོ་འདུག ཐིག་ཕྲེང་རེའི་བར་སྟོང་ཨེན་ཙམ་གྱི་དཀར་ངོས་དེར། ངས་བོད་ཡིག་བྲིས། ངས་ཨང་རྩིས་བཀོད་ནས་ཕལ་ཆེར་སློབ་ཆུང་གི་དུས་ཚོད་རྫོགས་པར་བྱས། རྗེས་ལ་ཤེས་དུས། དེ་ནི་ལོ་མང་པོའི་རིང་ནང་ལ་ཉར་བའི་མའོ་ཙེ་ཏུང་གི་གསུང་རྩོམ་གྱི་རིགས་རེད་འདུག མའོ་ཙེ་ཏུང་གི་གསུང་རྩོམ་དེ་ཚོའི་སྟེང་ལ་ངས་ནང་སྦྱོང་ཇི་འདྲའི་མང་པོ་དང་། ཞིབ་ཚགས་པོ་བྲིས་མེད་ཨང་། སྐབས་དེར་མཚོན་ན། དེ་འདྲ་ཞིག་རེད།
སློབ་ཆུང་ཐོན་ཁ་ལ་མོར་གཞི་ནས་ཚད་ལྡན་གྱི་འབྲི་དེབ་ཐིག་ཅན་གྱི་སྟེང་ལ། ཞ་སྨྱུག་གིས་དད་ལྷོད་ངང་ནང་སྦྱོང་དེ་ཚོ་འབྲི་རྒྱུའི་སྐལ་བ་བྱུང་། དེ་ཡང་། གཟའ་ཉི་མ་སོགས་གུང་སེང་ལ་རི་ཀླུང་ཐང་གསུམ་མྱུལ་ནས་སེམས་ཅན་ཤི་རྗེས་ཀྱི་རུས་པ་སྒྲུག་པ་དང་། ཚེར་མགོར་གཡེང་བའི་ལུག་གི་བལ་དེ་ཚོ་སྒྲུག་ནས་བསགས། དེ་ཚོ་རྫོང་མཁར་ལ་སོང་ནས་བཙོང་བ་ཡིན་ན། མོ་ཙི་བརྒྱད་དགུ་རེ་དང་། མང་བ་རག་སྐབས་སྒོར་མོ་གཅིག་རེ་དང་དེའི་སྟེང་ལ་མོ་ཙི་འགའ་རེ་རག་གི་ཡོད། ལྕི་བ་སྐམ་པོ་དང་ལུག་གི་རིལ་མ། ད་དུང་འབུད་ཤིང་གི་རིགས་ཀྱང་བཙོང་ས་ཡོད་ནའང་། དེ་ཚོ་ནི་ངས་འཇོན་པ་ཞིག་མ་རེད། ངས་འཇོན་པ་ནི། རུས་པ་སྒྲུག་པ་ལྟ་བུ་རེད། དེ་དུས་ཀྱི་ངའི་འབྲི་དེབ་མང་ཆེ་བ་སྐར་མ་ལྔ་ཡི་གོང་ཚད་ཅན། འབྲི་དེབ་རེར་ཤོག་བུ་བཅོ་བརྒྱད་ཡོད་པ་དེ་འདྲ་ཡིན། གཟབ་ནན་གྱིས་བྲིས། ཡི་གེ་ཆུང་ཆུང་བྲིས་པ་ཡིན་ན། དུས་ཚོད་གང་འཚམ་ལ་འདང་བ་ཞིག་ཡོད། ད་ལྟ་བསམ་ན། དེ་དུས་ཤོག་བུ་རེའི་རྒྱབ་མདུན་གཉིས་ཀ་ལ་འབྲི་བ་ཨ་ཅང་ཅང་། དང་པོར་ཞ་སྨྱུག་གིས་བྲིས་ནས་རྫོགས་བཅུག དེའི་རྗེས་ལ་སྣག་ཚས་བྲིས་ནས་ཕལ་ཆེར་འབྲི་དེབ་གཅིག་བེད་སྤྱོད་ཐེངས་གཉིས་ལ་བཏང་བ་དེ་ད་དུང་ཡང་སེམས་ནས་བརྗེད་མི་ཐུབ་པ་ཞིག་རེད།
སློབ་འབྲིང་ལ་འགྲོ་སྐབས། རྩྭ་ཤོག་ཟེར་བ་ཞིག་ཉོ་རྒྱུ་འདུག དེ་དྲས་ནས་འབྲི་དེབ་ལ་བེད་སྤྱོད་བཏང་བའང་དྲན། རྩྭ་ཤོག་དེར་སྐྱོན་གཅིག་ཡོད། དེ་ནི་དེའི་སྟེང་ལ། ཞ་སྨྱུག་གིས་བྲིས་ན་ཡི་གེ་གསལ་པོ་ཕབ་དཀའ་ཙམ་ཡོད། སྣག་ཚས་བྲིས་ན་ལམ་སང་འདལ་འགྲོ་བ་ཞིག་ཡོད། ཤོག་བུ་ཁོ་རང་ཡང་སྐྱ་སྨུག་འདྲ་ཞིག་རེད། དེ་ཡང་དུས་ཚོད་གང་འཚམ་ལ་བེད་སྤྱོད་བཏང་།
སློབ་འབྲིང་སྐབས་ཀྱི་འཚོ་བ་ནི་སློབ་ཆུང་དང་བསྡུར་ས་མི་འགྲོ་བ་ཞིག་རེད། ལོ་གཅིག་གི་ནང་ལ་འབྲུ་རིགས་ཤིག་གང་ཞིག་ལ་སྤྲོད་འཇལ་བྱེད་དགོས་ཀྱི་འདུག འབྲུ་རིགས་སྤྲད་པའི་འཛིན་དེ་སློབ་གྲྭར་སྤྲད་པ་ཡིན་ན། དེ་ནས་སློབ་གྲྭའི་ངོས་ནས་ཟ་མའི་སྤ་སེ་ཟེར་བ་རིགས་གཉིས་སྤྲོད་ཀྱི་འདུག གཅིག་དེ་གྲོ་ཕྱེའི་རིགས་ཀྱི་ཟ་མའི་སྤ་སེ་དང་། གཅིག་དེ་ཚལ་རིགས་ཀྱི་ཟ་མའི་སྤ་སེ་རེད། དེ་ན་སློབ་གྲོགས་ཚོའི་བར་ཚོང་རྒྱག་རྒྱུའང་འདུག ཟ་འབྲུའི་སྤ་སེ་སྲང་འགའ་དང་ཚལ་གྱི་སྤ་སེ་བརྗེ་པོ་རྒྱག་སྲོལ་ཞིག་འདུག ད་དུང་སློབ་གྲྭའི་གཡས་གཡོན་གྱི་ཚོང་ཁང་དེ་ཚོའི་ནང་ལ་ཟ་མའི་སྤ་སེ་སྤྲད་ནས་ཅ་ལག་ཀྱང་ཉོས་ཆོག་གི་འདུག
ང་ནི་ད་དུང་ཡང་སློབ་སྦྱོང་གི་མཐུན་རྐྱེན་སྐྱོ་བོའི་གྲས་རེད། འབྲི་དེབ་དེ་སློབ་གྲྭ་ནས་ལོ་རེར་ཐེངས་གཉིས་རེ་སྤྲོད་ཀྱི་འདུག སྨྱུ་གུ་དང་སྣག་ཚ་སྒེར་ནས་ཉོ་དགོས་ཀྱི་འདུག་སྟབས། མཚམས་རེར། ཟ་མའི་སྤ་སེ་བེད་སྤྱོད་ཉུང་ཉུང་བཏང་ནས་སྨྱུ་གུ་དང་སྣག་ཚ་ཉོ་བ་དང་། མཚམས་རེར། གདོང་པར་བྱུག་སྣུམ་རེ་ཡང་ཉོ་ཐུབ་པ་བྱེད་ཀྱི་ཡོད། ང་ལ་མཚོན་ན། ཟ་མའི་སྤ་སེས་ཅ་ལག་ཉོ་ཐུབ་པ་འདི། སྟབས་བདེ་པོ་ཞིག་དང་ཕན་ཐོགས་པོ་ཞིག་རེད་དེ། དེ་ཉོ་བ་ལ་ཉུང་མཐར་ཡང་ཟླ་བ་གཅིག་གི་ནང་ལ་ཉི་མ་ཁ་ཤས་རིང་ལ་ཕོ་བ་ཏོག་ཙམ་ལྟོགས་བཅུག་ན་མ་གཏོགས་ཡོང་ཐབས་ཡོད་པ་མ་རེད།
དཀའ་ངལ་འདི་འདྲ་ཞིག་བརྒྱུད་ནས་སླེབས་སྟབས། ནམ་རྒྱུན་ཤོག་བུའི་རིགས་ལས་འབྲི་དེབ་ཀྱི་རིགས་ལ་དགའ་མོས་ཆེ་ཤོས་དང་། དེ་བེད་སྤྱོད་ཏག་ཏག་ཅིག་གཏོང་བའི་གོམས་གཤིས་དེ་འདོར་ཐབས་མེད་པ་ལྟ་བུ་ཞིག་འཇགས་བསྡད་འདུག
g-pen-f509སློབ་འབྲིང་སྐབས་ལ་སྤུན་མཆེད་དུ་འགྲོ་མཁན་ཇོ་ཇོ་ཞིག་ཡོད་པ་དེས། ང་ལ་བོད་ཡིག་གི་དེབ་ཅིག་སྤྲད་ནས། ང་ལ་འདི་འདྲ་གཉིས་རག་བྱུང་། གཅིག་འདི་ཁྱེད་རང་ལ་སྤྲད་པ་ཡིན། ཉར་ཚགས་ཡག་པོ་བྱོས་དང་ཡག་པོ་ཡོད་པ་རེད་ཟེར། ང་ནི་དེ་དུས་སློབ་འབྲིང་གི་འཛིན་གྲྭ་དང་པོ་རེད། རང་ལོ་ལོ་བཅོ་ལྔར་སོན་ཙམ་ཞིག་རེད། སློབ་དེབ་ལས་གཞན་གྱི་དེབ་ཚང་མ་ནི་མའོ་ཙེ་ཏུང་གི་གསུང་རྩོམ་ཡིན་ཤག་བྱས་པ་ཡིན། ཇོ་ཇོ་དེས་སྤྲད་པའི་དེབ་དེའི་སྟེང་ལ། སློབ་ཆུང་སྐབས་ལྟར་ཨང་རྩིས་ཀྱི་རྩིས་གཞི་དག་རྩིས་རྒྱག་བྱེད་བྱས་པ་ཡིན། རྗེས་ལ་ཤེས་དུས། དེ་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་ཐོན་མིའི་ཞལ་ལུང་རེད་འདུག ཨ་ཁ་ཁ་ཉེས་པ་བསགས་འདུག་བསམ་པ་ཞིག་ཀྱང་བྱུང་། འགྱོད་སེམས་སྐྱེས་དུས་ནི་དེའི་རྗེས་ཤིག་ལ་རེད། ད་ལྟའང་ཐོན་མིའི་ཞལ་ལུང་བལྟ་ཀློག་བྱེད་ཐེངས་རེར། ངའི་ཨང་རྩིས་ཀྱི་རྩིས་གཞི་དེ་ཚོ་མིག་ལ་ཕྲ་ལམ་མེར་འཆར་འོང་བ་འདྲ་ཞིག་འདུག
སྔོན་གྱི་གནས་སྟངས་དང་ད་ལྟའི་གནས་སྟངས་ལ་བསམས་ན། འགྱུར་བ་ཆེན་པོ་བྱུང་འདུག དེ་དུས་ས་ངོས་ལ་ནང་སྦྱོང་བྲིས་པ་དེ་དང་། ད་ཆ་གློག་ཀླད་ནང་ཡི་གེ་གཏགས་དུས་གཉིས་བསྡུར་བ་ཡིན་ན། འཇིག་རྟེན་མ་འདྲ་བ་གཉིས་རེད། ད་ཞུ་མཚམས་འདིར་འཇོག་གི་ཡིན།
ངས་རྒྱ་ཡིག་སློབ་སྦྱོང་བྱས་སྟངས་བཤད་ན། ཀློག་མཁན་ཚོ་དགོད་ཁ་ཤོར་བ་ཞིག་ཡོད། དེ་ཚོའང་རིམ་པས་ཞུ་ཡག་ཡིན།

བརྩམས་སྒྲུང་།, སྣ་ཚོགས།

Post navigation

Previous Post: སྦྲག་གླ་བར་ཟོས་དང་དཀའ་ངལ།
Next Post: ཁོག་འདར་བརྒྱབ་སོང་།

Comments (10) on “ཆུང་ཆུང་སྐབས་ཀྱི་འབྲི་དེབ། ཆུང་ཆུང་སྐབས་ཀྱི་སྨྱུ་གུ།”

  1. སྦྲ་རིགས་ཐོགས་མེད། says:
    2011-01-25 at 5:34 am

    སྙན་མོ་བྲིས་འདུག ལྷུག་རྩོམ་གྱི་རྩོམ་འགྲོས་ལ་ལྷུང་ལྷུང་གྲམ་གཞུང་གི་ཆུ་ཕྲན་བཞུར་བ་ལྟ་བུའི་མཉེན་ཤ་དང་ལྷོད་པོ་འདུག

  2. ༜࿋དབྱངས་བུ། says:
    2011-01-25 at 6:42 am

    ཡག་པོ་བྲིས་འདུག འཇིག་རྟེན་མི་འདྲ་བའི་ངོས་གཉིས་མིག་ལམ་འཆར་བྱུང་བས།་མུ་མཐུད་རྒྱ་ཡིག་སྦྱོང་ཚུལ་སོགས་འབྲི་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

  3. ཀརྡོ་རབ་འབྱམས་པ་ says:
    2011-01-25 at 9:26 am

    ནག་པང་ཤོག་བུ་འབྲི་དེབ་ཀློག་དེབ་དང་། །
    རྒྱ་ཅོག་རྐུབ་བཀྱག་འཛིན་ཁང་སྒོ་སྒེའུ་ཁུང་། །
    དགེ་རྒན་སློབ་ཁྲིམས་སློབ་སྦྱོང་སྡུག་རུས་སོགས། །
    དྲན་དུས་ད་ལྟ་དགའ་སྒོམ་གནས་སུ་མཐོང་། །

  4. མེ་ཏོག་དཀར་པོ། says:
    2011-01-25 at 10:15 am

    ནག་པང་ཤོག་བུ་འབྲི་དེབ་ཀློག་དེབ་དང་། །
    རྒྱ་ཅོག་རྐུབ་བཀྱག་འཛིན་ཁང་སྒོ་སྒེའུ་ཁུང་། །
    དགེ་རྒན་སློབ་ཁྲིམས་ཡོད་དུས་ན་མ་སྨིན། །
    ད་ལྟ་དེ་དག་དྲན་དུས་འགྱོད་པས་གདུང་་། །

  5. བློ་བཟང་བརྟན་པ་ says:
    2011-01-25 at 11:32 am

    རྩོམ་པ་པོ་ལགས། དངོས་གནས་ཀྱི་བྱུང་རབས་རེད་འདུག རྩོམ་དེ་ཉིད་སྙན་པོ་དང་ལྷོད་པ་འདུག ངེས་པར་དུ་རང་ཉིད་ཀྱིས་རྒྱ་སྐད་སློབ་སྦྱོང་ཐད་མྱོང་ཚོར་དེ་ཉིད་ཀྱང་རྩམ་རོགས་གནང་།

  6. སྐལ་བཟང་དོན་འགྲུབ། says:
    2011-01-25 at 12:31 pm

    ང་ལ་སྨྱུ་གུ་དང་འབྲི་དེབ་མང་མང་ནས། དེ་ཁ་སྐངས་མི་ཐུབ་ནས་དེའི་ནང་ཟོག་ལུག་ར་གསུམ་ཚང་མ་འབྲི་མྱོང་། ཁྱེད་སྐྱེས་ས་དེ་ངའི་ཕ་ཡུལ་ཡིན་ན་སྐྱིད་པ་ལ།

  7. ཀླུ་སྨྱོན། says:
    2011-01-25 at 5:01 pm

    ཁྱོས་ཅང་མ་འཇོན་ཟིག ངས་དེ་དུས་རང་ལ་མེད་ཚེ་གཞན་གྱི་དེབ་དང་ཞྭ་སྨྱུག་རྐུ་རྐྱང་བྱེད་ཀི་ཡོད།

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-01-25 at 11:23 pm

    དེ་རིང་སང་ཉིན། རྩོམ་འདིའི་གྲངས་ནི། ཀློག་སྤྲོ་ཤོས་དང་དགའ་ཤོས་དེ་རེད།
    རྩོམ་འདི། བརྗོད་པ་ཐུང་ཞིང་གོ་བདེ་བ། དོན་འདུས་ཞིག་བྲིས་འདུག བོད་རྩོམ་ཡག་པོ་གཅིག་འདི་རེད།
    བསམ་བློ་བཏང་གིན་བཏང་གིན། བོད་ཀྱི་རྩོམ་རིག་གི་སྟོང་ཆ་གཅིག་འདིའི་སྐོར་རེད། མི་སྒེར་བའི་མི་ཚེའི་སྐྱིད་སྡུག་གི་བྱུང་རིམ་འདི་ཚོ། མུ་མཐུད་དུ་འབྲི་དགོས་ཀྱི་འདུག
    གོང་གི་རྩོམ་འདིའི་ཁོངས་ཀྱི། རེད་དང་འདུག ཡིན་སོགས་བེད་སྤྱོད་གཏོང་སྟངས་ཀྱིས། མཚམས་ལན་རེར་དོན་གྱི་བཞུར་རྒྱུན་དེ་འགག་ཙམ་འགག་ཙམ་བྱེད་གི་འདུག ཨོ་ཡ། བཀའ་དྲིན་ཆེ།

  9. བརྩོན་རྒྱམ་ says:
    2011-01-26 at 2:30 am

    ངོ་མ་ལྷུག་རྩོམ་གྱི་འགྲོས་ཁོ་འདུག་ཡ་ངོ་མ་ཡག་པོ་བྲིས་འདུག

  10. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-01-27 at 10:53 am

    དངོས་གནས་ཀློག་སྙིང་འདོད་པ་ཞིག་བྲིས་གནང་འདུག ད་དུང་འདི་འདྲའི་རྩོམ་ཡིག་མང་ཙམ་བཀླག་རྒྱུ་བྱུང་ན་ཅི་འདྲའི་སྐྱིད་པ་ལ་ཨང་།

    གནའ་སྔོན་བྱིས་པའི་བློ་ངོར།།
    འཆར་བའི་ཀུན་རྟོག་རི་མོ།།
    མཛེས་སྡུག་ཡི་གེའི་གཟུགས་སུ།།
    ས་གཞིའི་ཐང་ལ་ངོམས་ཀྱང་།།
    དོན་མེད་རླུང་གིས་གཏོར་དུས།།
    སེམས་པ་སྐྱོ་བ་ལྷང་ལྷང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme