Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་མའི་ལུས་སེམས་གསོ་བ།

Posted on 2015-01-102015-01-10 By ཁ་བརྡ 11 Comments on ཆུང་མའི་ལུས་སེམས་གསོ་བ།

འབའ་སྲས།

 
ད་ནི་བདག་གིས་ཆགས་རྩོམ་འབྲི་བའི་སྙུ་གུ་ལག་ནས་དོར་བར་བྱས།།
མཛེས་མ་དག་ལ་བརྩེ་འཕྲིན་འབྲི་བའི་སེམས་ཀྱང་རིམ་གྱིས་ཉམས་སོང་བས།།
བརྩེ་ལྡན་ཆུང་མར་ཁོ་ནར་དབང་བའི་སྙིང་གི་བདུད་རྩི་ཐིགས་པ་འདི།།
རང་སེམས་བུམ་པའི་ལྟོ་ལས་དྲངས་ཏེ་སྙུ་གུ་ཀུ་ཤའི་རྩེ་མོས་མཆོད།།

ཀྱེ་ཀྱེ་ཉོན་དང་བདག་གི་ཆུང་མ་བྱིས་པ་གསུམ་གྱི་ཨ་མ་ལགས།།
ཁྱིམ་ཚང་ཞིག་གི་ལྟོ་རྒྱབ་བར་ནས་ཤིན་ཏུ་རྒས་པའི་བཟའ་ཟླ་ལགས།།
ས་མཐའི་ཡུལ་ནས་སྐྱིད་སྡུག་གཉིས་ཀ་བདག་གི་མཉམ་དུ་མྱོང་རོགས་མ།།
ཁྱོད་ཀྱི་ལུས་ཕུང་མ་བདེ་བསྡད་ན་བདག་གི་སེམས་ཀྱང་ག་ལ་བདེ།།

དེ་བས་དེ་རིང་བདག་གི་སེམས་ན་སྨུག་ལོང་བཞིན་དུ་འཐིབས་པ་དང་།།
མར་ལ་མནན་ན་ཡར་ལ་འཕྱོ་བའི་རྒྱ་མཚོའི་རླབས་དང་མཚུངས་པ་ཡི།།
ལོ་ངོ་ཉི་ཤུར་ཁོག་ཏུ་སྐམ་པའི་ལྗོན་ཤིང་རུལ་བའི་ཡལ་ག་དག །
མྱི་སྐད་གསོན་པའི་ཆར་གྱིས་བརླན་ཏེ་ཕང་ཕུང་འདབ་མ་རྒྱས་པར་བྱེད།།

དང་པོར་ངེད་གཉིས་ཐོག་མར་འཕྲད་དུས་ཁྱོད་ནི་རྒྱ་སེ་མེ་ཏོག་གཅིག །
བར་དུ་འཚོ་བ་མཉམ་དུ་རོལ་དུས་ཁྱོད་ནི་ཙན་དན་ལྗོན་པ་ཞིག །
ད་ལྟ་རང་ཁྱིམ་ཐབ་ཀའི་འགྲམ་ན་ཁྱོད་ནི་གདུང་འདེགས་ཀ་བ་ཞིག །
མི་ཚེའི་རྒྱུད་རིམ་གསུམ་གྱི་ཁྲོད་ན་ཁྱོད་ནི་མེད་ཐབས་མེད་པ་ཞིག །

དཀའ་སྡུག་འཚོ་བའི་བྲག་ལ་སྣུན་ན་ཁྱོད་ནི་ལྕགས་ཀྱི་མདུང་རྩེ་ཞིག །
འཚོལ་དཀའི་འབྱོར་བའི་ལམ་དུ་རྒྱུགས་ན་ཁྱོད་ནི་ངལ་མེད་རྟ་ཕོ་ཞིག །
མེད་དང་མུག་གེས་མིག་ཆུ་མི་ཕྱུང་ཁྱོད་ནི་ལྕགས་ཀྱི་བུ་མོ་ཞིག །
གང་ལྟར་བདག་གི་བདེ་སྐྱིད་དག་ནི་ཁྱོད་ལ་བསྟེན་ནས་བྱུང་བ་ཉིད།།

གལ་སྲིད་ཁྱོད་དང་མཉམ་དུ་མེད་ཚེ་ད་ལྟ་བདག་ནི་ཅི་ལྟར་ཡོད།།
མི་ཡི་གྲལ་དུ་ཚུད་དང་ཚུད་མིན་བདག་ལ་བཤད་ཚོད་ཡོད་མ་ཡིན།།
གཅིག་ན་ཁྱི་དང་སྤྲང་བའི་ཚོགས་དང་ལྷན་ཅིག་གནས་ཀྱང་ཡོད་པར་སྲིད།།
ཆུང་བའི་དུས་ནས་རྒས་པའི་ལམ་འཕྲེང་ཇི་ལྟར་བརྒྱུད་མིན་བདག་གིས་ཤེས།།

ཁྱོད་དང་མ་འཕྲད་སྔ་རོལ་དུས་ན་བདག་ནི་སྐྱ་སྟོང་སྐྱ་སྟོང་ཞིག །
དྲིན་ཆེན་ཕ་མའི་ཁ་ལ་མི་ཉན་རང་འདོད་སྣང་བ་གང་ཤར་ཞིག །
བསྡད་སར་འགྲོ་སར་གང་ལ་བལྟས་ན་རྐང་རྗེས་ནག་པོ་ནག་པོ་ཞིག །
མི་ཡི་ལུས་ཅན་མི་གྲལ་མི་ཚུད་ས་འབུ་ཁྲོད་ཀྱི་འབུ་ནག་ཅིག །

ད་ལྟའི་དུས་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་མིན་ཡང་སྐར་ཆུང་ལུས།།
སྲིན་འབུ་མེ་འཁྱེར་འོད་དང་མཚུངས་པའི་རང་ལུས་འོད་ཅིག་རྒྱུ་བ་ནི།།
ཉི་མའི་འོད་ཟེར་ལུས་སུ་འཕོགས་པ་ཕྱིར་ལྡོག་འཕྲོས་པའི་ངང་ཚུལ་ཏེ།།
བདག་པོས་བདག་བྱས་བྱས་པ་ཉིད་ལ་འབྲས་བུ་ཅུང་ཙམ་སྨིན་པ་འོ།།

བདག་གི་སྙུ་གུ་ས་རུ་མ་བཞག་སེར་མོ་རྩེ་རུ་འཁྱུག་པ་དང་།།
བདག་གི་མགྲིན་པ་འགག་པར་མ་བྱས་དབྱངས་ཀྱི་གྲེ་བ་འདེགས་པ་ཡང་།།
དབྱངས་ཅན་མ་ཡིས་སྔོན་ནས་བརྩེ་བའི་རྗེས་ཆགས་བྱིན་རླབས་མིན་པ་སྟེ།།
གང་ཞིག་འདོད་པའི་མངར་བའི་རོ་ལ་སྦྲང་རྩི་ཐིགས་པ་ཟགས་པ་ཉིད།།

དེ་བས་ཁྱོད་ཀྱི་ལུས་ཕུང་བདེ་དགོས་སེམས་ཀྱང་བདེ་བ་གལ་ཆེ་སྟེ།།
དབྱར་ངོ་སྤྲིན་གྱིས་དག་པར་བྱུང་ན་ཉི་ཟེར་ས་ལ་འབབ་པ་ཉིད།།
དེ་ཡིས་སྐྱེད་ཚལ་དགའ་བར་བྱེད་ཅིང་མེ་ཏོག་དག་ཀྱང་འཛུམ་པར་བྱེད།།
བདག་ཅག་ཁྱིམ་ཚང་འདི་ཡང་དེ་བཞིན་དགའ་སྤྲོ་འཛོམས་པ་རིང་དུ་གནས།།

ད་ནི་བདག་ཀྱང་མགོ་གཡེང་མི་བྱེད་ཁྱིམ་གྱི་ཀ་བའི་ཀ་རྡོ་བྱ།།
ད་ནི་ཁྱོད་ཉིད་གཅིག་བར་མི་བལྟ་ཁྱིམ་ཚང་འགན་ནི་བདག་གིས་ལེན།།
ཁྱོད་ནི་སྐྱོ་བའི་དུས་སུ་བསླེབས་ན་བདག་ནི་དགོད་པའི་གནས་མ་ཡིན།།
དེ་ལྟར་བྱུང་ན་མི་ཚེ་འདི་ལ་བཟའ་ཚང་ཞིག་གིས་ཅི་ཞིག་བྱ།།

སྙིམ་པའི་མེ་ཏོག་སོར་བཅུ་འདབ་མ་སྙིང་ཁའི་བུམ་པའི་ཁ་རྒྱན་དུ།།
ཉེ་བར་བཀོད་དེ་སྨོན་ལམ་གེ་སར་འོད་ལྡན་ལྷ་ཡི་ཁྲི་དྲུང་དུ།།
མཆོད་པར་བྱས་སོ་བསམ་ཞིང་རེ་བའི་སྒྲོན་མེ་འོད་ཀྱིས་འཁྱུད་པ་ཡི།།
སྣང་བ་དཀར་བོ་འོད་སྟོང་འབར་བས་བདག་གི་ཁྱིམ་ལ་དགེ་ལེགས་སྩོལ།།

༼ཁོ་བོའི་ཆུང་མ་ཉིན་འགའི་སྔོན་ཅུང་ཙམ་གཟུགས་གཞི་མ་བདེ་བར་སེམས་ཁྲལ་དང་རང་སེམས་ཀྱང་སྐྱིད་པོ་མ་བྱུང་བས། ༡༥/༠༡/༡༠ ཉིན་ཁ་སྒང་བསམ་གཏན་རྒྱ་མཚོ་འམ་འབའ་སྲས་འབོད་པས་ཧྥ་རན་སིའི་རྒྱལ་ས་ཕ་རིས་སིའི་གྲོང་ཁྱེར་ནས་སྦྱར་བའོ།།༽

སྙན་ངག

Post navigation

Previous Post: རྒྱའི་ཧྭ་ཤང་གི་རྗེས་འཇུག་ནུབ་ཕྱོགས་ན་འདུག
Next Post: ཀ་བཤད་ཉི་ཤུ་རྩ་དྲུག་པ།

Comments (11) on “ཆུང་མའི་ལུས་སེམས་གསོ་བ།”

  1. རྟ་བདུན་དབང་བོ says:
    2015-01-10 at 5:56 pm

    སྙན་རྩོམ་ཟེར་ན་འདི་འདྲ་དགོས་པ་རེད། དངོས་གནས་སྙན་མོ་འདུག །

  2. ཀླུ་སྨྱོན། says:
    2015-01-10 at 8:18 pm

    ཁྲེལ་མེད་དག་གོ་རེད། ཞི་མོ་ཚོར་ཡར་མར་བཅོ་བརྒྱད་བྲིས་ཏེ་ཆུང་མ་ཉལ་སར་འཕངས་འདུག རྐྱལ་སྟོང་།

  3. གནམ says:
    2015-01-10 at 8:44 pm

    རྒན་མདོ་མེད་འདིས། སྙན་ངག་པ་ཡིན་ན་ཅིག་ཡིན་བརྫོས་ནས། ཁ་གསོན་པོ་དེ་ལ་ལུས་ཤི་བོ་ཞིག་ཉེར་ནས། ཨ་ཆེ་མོ་ལ་ལག་རོགས་ཞིག་བྱས་བ་སྣ་གཅིག་མེད། ད་ཨ་ཆེ་བདེ་མོ་མེད་ན། རྒན་པོ་འདིས་ཁྱིར་རྒྱག་གི་ཨོ་ཆོ་ལ་ཉན་ནི་མ་རེད། ད་ཅི་བྱ། ཨ་ཆེ་ཁྱོད་ལུས་བདེ་སེམས་སྐྱིད་དང་། རྒན་པོ་འདི་ལ་ཡང་གཉིད་ཞིག་དང་རྒྱུ་ཡོད་པའི་སྨོན་ལམ་མྱུར་མགྱོགས་མ་ཞིག་བཏབ་ཡོད་དོ།

  4. ཇུས་ཏོག says:
    2015-01-10 at 8:53 pm

    འདོད་གཏམ་ཆགས་གཏམ་མི་ཀུན་དགའ་བའི་རྩོམ་།
    དེ་བས་ཆགས་སྲེད་བདེ་སྐྱུད་གླེང་ན་མི་རྣམས་ཧ་་་ཅང་་དགའ་།
    དགེ་ཆོས་འདོད་བསྟན་་ཀུན་གྱི་ཀློག་ན་བཟང་།
    འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
    དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
    ཟས་མེད་མི་ལ་ཁ་ཟས་སྦྱིན་པ་དེ་།
    དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
    འདོད་ལྡན་བུ་མོར་ཆགས་པ་སླྱད་པ་དེ་།
    དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
    འབའ་སྲས་ཁྱེད་ཀྱི་ཆགས་རྩོམ་དེའི་།
    འདོད་པའི་མི་ལ་དགེ་བ་སྦྱིན་།ཧ་ཧ་ཧ་སྙན་འདའ་ཨ་བོ་ཁ་དྲོ་ཡག་འདའ་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-01-10 at 11:37 pm

    སྙུ་གུ་དང་། སྨྱུ་གུའི་སྐོར།
    སྙུ་གུ་དག་གམ་སྨྱུ་གུ་དག །
    འབའ་སྲས་ཁྱོད་ཀྱིས་དཔྱད་པ་མཛོད། །
    གཉིས་ཀ་བརྡ་གསར་བརྡ་རྙིང་ལས། །
    གཉིས་ཀ་དག་ཅེས་ཟེར་མཁན་ཡོད། །

    རྒྱུ་ནི་སྨྱུག་མའི་ཤིང་ལས་བྱས། །
    སྨྱུག་མའི་བཟོས་པའི་སྨྱུ་གུ་དེ། །
    དེ་འཛེན་སྨྱུག་འཛིན་ཞེས་གྲགས་པ། །
    དིང་གི་དུས་སུ་བྲིས་པ་མང་། །

  6. ཁྱུང་སེ། says:
    2015-01-11 at 1:15 am

    ཆུང་མ་ཀ་བར་བྱས་ཤིང་ཁྱོ་ག་ཀ་རྡོར་བྱེད་པ་འདི་ནི་ཕྱི་ལུགས་ཡིན།
    ཆུང་མ་ཉལ་སར་ལུས་འདི་ཁྱོ་གས་མི་བྱེད་དགུ་བྱེད་བྱས་པའི་བྱས་འབྲས་ཡིན།
    ཆུང་མའི་ལུས་སེམས་སྡུག་ལ་སྦྱར་བ་ཁྱོ་གས་མི་བཏོན་དགུ་བཏོན་བྱས་འབྲས་ཡིན།
    ད་ནི་ཆུང་མ་ཉལ་སར་ལུས་པས་གནོང་འགྱོད་ངུ་འབོད་བྱས་ཀྱང་ཕན་ཐོགས་མེད།

    འོན་ཀྱང་ཆུང་མའི་བསྔས་མགོར་འདུག་ཚུགས་ཟིན་ན་དྲག་བསྐྱེད་ཨེ་རེ་འབྱུང་ཀྱང་སྲིད།
    ལག་ཉུག་རྐང་ཉུལ་ཉུང་ན་ཆུང་མའི་ལུས་སེམས་གསོ་རྒྱུར་ཕན་ཐོགས་ལུང་བསྟན་ཡིན།
    དེའི་ཕྱིར་རྒན་པོའི་གཏམ་ལ་ཉན་ནས་ཆུང་མའི་བསྔས་མགོར་བསྡད་དེ་གཏམ་སྙན་ཤོད།
    ཉིན་ཤས་རྗེས་སུ་ལུས་སེམས་གསོས་ནས་སྔར་བཞིན་དགའ་སྐྱིད་དཔལ་ལ་ལོངས་སུ་སྤྱོད།

  7. འབའ་སྲས། says:
    2015-01-11 at 2:44 am

    གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན།། གླུ་སྐྱིད་པོ་རང་གི་སྙན་ངག་ལེན།། སུས་བཀླགས་ན་བདེན་གི་འདོད་ནི་ལེན།། ང་རང་གི་འབྲི་རྩལ་ཆེ་ནི་ལེན།། ཧ་ཧ། མཁོ་ཐལ།

  8. བདེན་པའི་ཕོ་ཉ་ says:
    2015-01-11 at 3:31 am

    རང་གི་རང་བཀྱག་སྐྐྱག་པས་རྐུབ་བཀྱག་འབའ་སྲས་ལག་

  9. སངས་རྒྱས་སྐྱབས། says:
    2015-01-11 at 11:08 am

    སྐུ་ཉིད་ཀྱི་གཟའ་ཟླ་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་གཟིགས་པར་སྨོན།

  10. ཇུས་ཏོག says:
    2015-01-12 at 12:05 am

    རྒྱ་གར་ཡུལ་གྱི་འདོད་པའི་བསྟན་བཅོས་དང།
    ནུབ་ཕྱོགས་ཡུལ་གྱི་འདོད་པའི་བསྟན་བཅོས་གཉིས་།
    བྱ་ལུགས་བྱེད་ལུགས་མི་འདྲ་བས་།

    ཆགས་སྲེད་བསྟན་བཅོས་ཀུན་ལ་སྦྱོང་།
    ཉམས་མྱོང་གསོན་པོ་ཐོབ་པ་ན་།
    ན་ཆུང་མཛེས་མ་ལས་ཀྱི་འཁོར་།
    རྒྱལ་པོའི་བརྩུན་མོར་ལོངས་སྤྱོད་མི་དགོས་ཤིང་།
    འདོད་ཆགས་རྗེས་སུ་ཉིན་ཚན་ཀུན་དུ་བསམ།

    sex is health.
    health is wealth.

  11. ཀརྡོ་གཉེར་ཕྱག་པ་ says:
    2015-01-12 at 1:11 am

    sex is health.
    health is wealth.
    ཇུས་ཏོག་ཁྱོད་ཅིག་འཇོན་ན། ཚིག་འདི་གཉིས་བོད་སྐད་ལ་སྒྱུརད་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme