Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུ་དང་ཇའི་ཁྱད་པར་ཉི་ཤུ་བཞུགས་སོ།།

Posted on 2012-02-20 By ཁ་བརྡ་ 36 Comments on ཆུ་དང་ཇའི་ཁྱད་པར་ཉི་ཤུ་བཞུགས་སོ།།

འབྲོང་ངུར་ཆོས་རྗེ།
དེང་སང་གུས་པས་སྔ་འགྱུར་བཀའ་མའི་ལུང་ཞུ་བཞིན་པ་དང་བསྟུན་རྒྱལ་བ་རིན་པོ་ཆེའི་དབྱིན་དེབ་གསར་པ་ “BEYOND RELIGION”ཞེས་པ་དེ་ཞིབ་ཚགས་པོས་བཀླགས་དང་ཀློག་བཞིན་ཡོད། དེབ་དེའི་ནང་དོན་གཙོ་བོ་ནི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཡིན་ཞེས་ཡང་ནན་གྱིས་གསལ་པོར་བྲིས་གནང་འདུག དེར་ཁོང་གིས་ཆོས་ལུགས་ཀྱི་བརྗོད་དོན་ལ་མ་བལྟོས་པའི་ཀུན་སྤྱོད་དང་ནང་གི་རིན་ཐང་དག་ནི་ཆུ་ལྟ་བུ་ཡིན་པ་དང་། ཆོས་ལུགས་ཀྱི་བརྗོད་དོན་གཞི་རྩར་བྱས་པའི་ཀུན་སྤྱོད་དང་ནང་གི་རིན་ཐང་དག་ནི་ཇ་ལྟ་བུ་ཡིན་པར་ཤོག་གྲངས་ ༡༧ པའི་ནང་གསུངས་འདུག མདོར་ན་ཆུ་དང་ཇ་གཉིས་དཔེ་མཚོན་དུ་བཀོད་གནང་འདུག ང་རང་མཚར་སྣང་དང་དྲན་རྒྱུ་རྒོད་པའི་རྒྱུ་མཚན་གྱིས་༼ཆུ་དང་ཇ་༽གཉིས་པོ་དེའི་སྐོར་བསམ་བློ་ཡང་ཡང་བཏང་བ་ཡིན་ལ་གྲོགས་པོ་མཉམ་དུ་ཡང་བགྲོ་གླེང་བྱས་པ་ཡིན། དེ་རིང་ངས་ཡི་གེའི་ལམ་ནས་ཁྱེད་ལ་བགྲོ་གླེང་བྱེད་འདོད་བྱུང་། ཆུ་དང་ཇ་གཉིས་ཀྱི་ཁྱད་པར་མི་འདྲ་བ་ཉི་ཤུ་བཞུགས་སོ།།

༡༽ སྤྱིར་ཆུ་ནི་རང་བྱུང་ཡིན། ཇ་ནི་སྦྱོར་བྱུང་ཡིན།
༢༽ ཆུ་མང་པོ་ག་ཚོ་བཏུངས་ཀྱང་གཟུགས་པོར་མི་གནོད། ཇ་མང་པོ་བཏུངས་ན་གཟུགས་པོར་གནོད་པ་ཡིན།
༣༽ ཆུ་ནི་འཕྲོད་བསྟེན་ལ་ཕན་པོ་ཡོད། ཇ་ནི་འཕྲོད་བསྟེན་ལ་ཕན་གནོད་ངེས་པ་མེད།
༤༽ ཆུས་ནི་རྩི་ཤིང་ལོ་ཏོག་སོགས་ཀྱང་སྐྱེ་བར་ཕན། ཇས་སེམས་ལྡན་དང་དེའི་ནང་ནས་འགྲོ་བ་མི་ལ་ཕན།
༥༽ ཆུ་ནི་ཉིན་ཞག་ཕྲུག་གཅིག་ལ་ག་དུས་འཐུང་འཐུང་ཡིན། ཇ་ནི་ཞོགས་པ་ཆུ་ཚོད་དགུ་པ་དང་ཕྱི་དྲོ་ཆུ་ཚོད་གསུམ་པར་འཐུང་གིན་ཡོད།
༦༽ དུས་རབས་འདིའི་མི་རྣམས་ཇ་ལས་ཀྱང་ཆུ་མང་བ་འཐུང་གིན་འདུག
༧༽ དུས་རབས་རྙིང་པ་དང་གྲོང་གསེབ་ཁུག་ཀྱོག་གི་མི་རྣམས་ཆུ་ལས་ཀྱང་ཇ་མང་བ་བཏུང་རྒྱུར་དགའ།
༨༽ འཕྲོད་བསྟེན་གྱི་ཤེས་ཡོན་ཚད་ལྡན་ཡོད་པའི་མི་རྣམས་ཇ་ལས་ཆུ་མང་བ་འཐུང་བཞིན་འདུག
༩༽ ཇ་ལན་ཆུ་འཇལ་ཞེས་པ་ནི་བོད་ཀྱི་གནའ་བོའི་གཏམ་དཔེ་གྲགས་ཅན་ཞིག་རེད།
༡༠༽ ཆུ་ལ་དམིགས་བསལ་གྱི་བྲོ་བ་གང་ཡང་མི་འདུག འོན་ཀྱང་ཇ་ལ་དམིིགས་བསལ་གྱི་བྲོ་བ་སྣ་ཚོགས་ཡོད། དེ་ནི་མི་རྣམས་ཇ་ལ་དགའ་པོ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཡིན།
༡༡༽ ཇ་ཡིས་སྐབས་ཐོག་ང་ཚོའི་ཤེས་གཟུགས་གྲུང་བསིལ་བསིལ་དང་ནུས་ཤུགས་སླར་གསོ་བྱེད་པ་ཡོངས་སུ་གྲགས།
༡༢༽ ཇ་ལ་དབྱེ་ན་འཛམ་གླིང་འདི་ནང་། མངར་ཇ་དང་། ཚ་ཇ། ནག་ཇ། ཚིག་ཇ། ལིམ་ཇ་སོགས་སྣ་ཚོགས་འདུག
༡༣༽ སྔོན་ཆད་བཤད་སྲོལ་དུ་ཆུ་བོ་ཡན་ལག་བརྒྱད་ལྡན་ཞེས་གྲགས་ཀྱང། དེང་སང་དེ་འདྲ་ཤིན་ཏུ་དཀོན། འཕྲོད་བསྟེན་ལ་དོ་སྣང་ཡོད་མཁན་རྣམས་ཀྱིས་བཟོ་གྲྭ་ལས་ཐོན་པའི་འགྱིག་དམ་ནང་གི་སྦྱོར་བྱུང་གི་ཆུ་ལས་གཞན་བཏུང་རྒྱུར་འཛེམ་བག་བྱེད།
༡༤༽ དེང་སང་གི་སྨན་པ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱུན་ལྡན་ཆུ་གང་མང་མང་འཐུང་དགོས་པའི་སློབ་གསོ་ཡང་ཡང་གནང་བ་མཐོང་ཞིང་ཐོས།
༡༥༽ སྔོན་ཆད་ཡིན་ན་མཛད་སྒོ་དང་ཚོགས་འདུ་ཆེན་མོ་དེ་འདྲའི་སྐབས་སུ་ཇ་ཤུགས་ཆེར་བེད་སྤྱོད་བྱེད་པ་ཡིན་ཡང་། དེང་སང་སྦྱོར་བྱུང་གི་འགྱིག་དམ་ཆུ་དེ་བེད་སྤྱོད་བྱེད་ཀྱི་འདུག
༡༦༽ དེང་སང་ཇ་ཉུང་ཉུང་ངམ་རབ་བྱུང་ན་ཇ་གཏན་ནས་མི་འཐུང་ཞིང་ཆུ་ཁོ་ན་འཐུང་མཁན་ཞིག་ཡིན་ཚེ་མི་དེ་ཤེས་ཡོན་ཅན་གྱི་གྲས་སུ་རྩི་ཡི་འདུག
༡༧༽ ཆུ་མེད་པར་ང་ཚོ་འཚོ་མི་ཐུབ། ཇ་མེད་ཀྱང་འཚོ་ཐུབ། ཡིན་ཡང་ཤར་ཕྱོགས་པ་ཕལ་མོ་ཆེར་མ་ངེས།
༡༨༽ ཆུ་ནི་འཐུང་རྒྱུ་ཙམ་མ་ཟད་གོས་དང་གཟུགས་པོ་སོགས་བཀྲུ་རྒྱུར་ཡང་ཕན།
༡༩༽ ཆུ་ནི་ཚ་གྲང་གང་འདྲས་བཏུངས་ཀྱང་ཆོག ཇ་ནི་ཚ་པོ་ཚ་པོ་འཐུང་དགོས།
༢༠༽ ཇའི་སྤུས་ཀ་དང་བྲོ་བ། ཐུན་མིན་ཁྱད་ཆོས་སོགས་ནི་ཇེ་བཟང་ཇེ་བཟང་དུ་འགྲོ་བ་མཐོང་། ད་ལོ་རྡོར་གདན་གྱི་ཇ་གཅིག་པུར་བསམས་ནའང་རིན་གོང་སྒོར་མོ་བཅུ་ཟིན་འདུག ན་ནིང་སྒོར་ལྔ་རེད། ཆུའི་སྤུས་ཀ་ནི་བཟང་དུ་འགྲོ་རྒྱུ་མི་འདུག ཆུ་བོ་ཡན་ལག་བརྒྱད་ལྡན་ནི་མིང་ཙམ་དུ་ཟད།

སྣ་ཚོགས།

Post navigation

Previous Post: ཨ་སྐྱོང་ཇོ་ནང་དགོན་པའི་ད་ལྟའི་གནས་སྟངས།
Next Post: བོད་པ་ཚང་གཉིད་ལས་སད་སྟངས།

Comments (36) on “ཆུ་དང་ཇའི་ཁྱད་པར་ཉི་ཤུ་བཞུགས་སོ།།”

  1. ཀ་དག་ཆོས་དབྱིངས། says:
    2012-02-20 at 8:46 pm

    བཀའ་ཕྱག་རང་ངོ་ཤེས་པར་བྱིན་གྱིས་རློབས། །བཀའ་ཕྱག་རང་ངོ་ཤེས་པར་བྱིན་གྱིས་རློབས། །བཀའ་ཕྱག་རང་ངོ་ཤེས་པར་བྱིན་གྱིས་རློབས། །

  2. ཞལ་ལུ་དཀར་པོ says:
    2012-02-20 at 11:19 pm

    འབྲོང་རྒན་ཁྱོད་ཀྱིས་ཞུ་དགོས་པའི་ལུང་དེའི་ཚིག་དོན་ལ་མི་སེམས་པར་མི་དགོས་པའི་ཇ་ཆུ་གཉིས་ལ་དོགས་པ་ཞིག་ཡོད་རབ་ཟེར། ཇ་ཆུ་གཉིས་ལ་སུས་བརྩད་ནས་འདུག
    ཤོད་རྒྱུ་མི་རྙེད་པའི་ཕོང་རྟགས་ཟང་མལ་ཞིག་སྟོན་པའི་ངའི་དྲྭ་གྲོགས་འདི་ཚོ་ལས་སྐྱོ་བ་ཞིག་སུ་ཡོད། ཨ་ཁ་ཁ།

  3. ཤམ་བྷ་ལའི་རྒྱལ་སྲས། says:
    2012-02-20 at 11:37 pm

    ཆུ་ནི་H2Oཡི་རྡུལ་རྫས་ཤིག་ཡིན། ཇ་ནི་རྩི་ཤིང་གི་རིགས་ཤིག་རེད།
    སའི་གོ་ལ་འདིའི་གསུམ་ཆ་གཉིས་ཆུས་ཟིན་ཡང་། ཆུ་མེད་ན་ཇ་བཀོལ་ཐབས་མེད།
    ཆུ་ལ་ཚྭ་ཆུ་དང་འཐུང་ཆུ་རིགས་གཉིས་ཡོད་ཅིང་། ཇ་ལ་གར་སླ་གཉིས་ཡོད།
    མ་གཞི་འདི་ཚོ་བཤད་ནས་ཡང་སྙིང་དོན་དག་ག་རེ་བཤད་འདོད་པ་ཡིན་ནམ། ཆུ་འཐུང་མཁན་སྤྱང་པོ་དང་ཇ་འཐུང་མཁན་གླེན་པ་རེད་ཟེར་འདོད་པ་ནི་མིན་ཤས་ཆེ།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-02-21 at 12:02 am

    འབྲོང་ངུར་ལགས་ཀྱི། དེང་རབས་ཅན་གྱི་ཇ་དང་ཆུའི་བསྟན་བཅོས་འདི་སྙན་པོ་བྱུང་ལགས། མུ་མཐུད་ཤོག །

  5. ཀརྨ་ཡེ་ཤེས says:
    2012-02-21 at 12:41 am

    ཡང་གཅིན་དང་ཆུ་ཡི་ཁྱད་པར་ཤོད། རྩ་བ་བོར་ནས་ཡ་ག་འཇུ་ཟེར་བ་འདི་འདྲ་རེད། ཧ ཧ

  6. བོད་ལ་ཞེན། says:
    2012-02-21 at 1:16 am

    དེ་འདྲའི་ཁྱད་པར་འཚོལ་དང་ཉི་ཤུས་ག་ལ་ཚད། གསང་སྤྱོད་བེད་སྤྱོད་ཚར་རྗེས་ཆུས་འཁྲུ་བ་ལས་ཇས་མི་འཁྲུ་སོགས་རྫོགས་རྒྱུ་ག་ལ་ཡོད། མ་གཞི་སོ་སོ་གང་འབྲི་འདོད་པ་རང་དབང་རེད།

  7. ཁྲོ་རྒྱལ་པོ། says:
    2012-02-21 at 2:05 am

    ཆུ་དང་ཇ་ཡི་བསྟན་བཅོས་ཤིན་ཏུ་སྙན།།ཐོག་མེད་སྨྲ་བའི་རྩོམ་དེ་དེ་ལས་སྙན།།འབྲོང་ངུར་རྒྱལ་བའི་ལུང་རིགས་ངར་སྒྲ་འདིར།།མཁས་བླུན་བར་མའི་ཚོགས་ལ་སྤྲོ་བ་སྤེལ།།ཀ་དག་ཆོས་དབྱིངས་མིང་གི་ཐུ་འོག་ནས།།རྣམ་ཀུན་སྔ་འགྱུར་རིང་ལུགས་བཅས་ལ་སྡང་།།འོན་ཀྱང་སྐུ་ཉིད་ཐུགས་སྤོབས་མི་ཞུམ་པར།།ཁ་བརྡའི་དྲྭ་བ་འདི་ལ་ཕེབས་པར་འཚལ།།

  8. སྤོབས་པ་མཐའ་ཡས། says:
    2012-02-21 at 3:00 am

    ཇ་དང་ཆུའི་ཁྱད་པར་ག་རེ་ཡིན་ན་ག་རེ་ཡིན། དེང་སང་མ་དག་རྒྱུན་འབྱམས་གྱི་མིང་ཚིག་མི་སྙན་པ་ཞིག་ཁྱབ་འཕེལ་འགྲོ་བཞིན་པ་དེ་ནི་ཁོ་ཧྥུས་ལ་ཚིག་ཇ་ཞེས་འབོད་པ་དེ་རེད། དེ་ཇ་ཞིག་མ་རེད། དེ་འབྲུ་རིགས་ཤིག་བརྔོས་ནས་བཟོས་པ་རེད། ང་ཚོའི་གྲས་ཀྱི་མི་ཤེས་ཤེས་ཁུལ་བྱེད་མཁན་ཁ་ཤས་མ་གཏོགས་ཁོ་ཧྥུས་ལ་ཇ་ཟེར་མཁན་ཞིག་སྐད་རིགས་གཞན་གང་གི་ནང་ན་ཡང་མེད། འབྲུ་རིགས་དེ་རང་གི་མིང་ལ་ཁོ་ཧྥུས་ཟེར་བ་རེད། དེ་ལ་བོད་སྐད་ལ་ཡང་ཁོ་ཧྥུས་འབོད་ག་རེ་བྱས་ནས་མ་ཆོག་པ་རེད།

  9. ཀླུ་སྨྱོན། says:
    2012-02-21 at 3:20 am

    སྤོབས་པ་ལགས། འབྲུ་རིགས་བརྔོས་ནས་ཞིབ་ཞིབ་བཟོས་པ་ལ་ཇ་ཞེས་པའི་ཐ་སྙད་འདོག་མི་འོས་ན། སྔོན་མའི་རྩམ་ཇ་དང་དེང་སང་གི་འཇར་པན་དང་རྒྱ་ནག་ནས་བཟོས་པའི་འབྲུ་རིགས་ཀྱི་ཇ་འདི་ཚོར་མིང་ག་རེ་འདོག་རྒྱུ་ཡིན། དེང་སང་འབྲས་ཇ་དང་མ་རྨོས་ལོ་ཏོག་གི་ཇ་སོགས་མང་གི

  10. ཐུབ་པ། says:
    2012-02-21 at 3:23 am

    དེང་རབས་ལུགས་ཀྱི་ཉམས་ཞིབ་བྱེད་སྟངས་ཤིག་ཡིན་པ་འདྲ། ཁོམ་ཡོད་ས་རེད།
    ཧ་ཧ་ཧཧ་ཧ་

  11. མི་རྐང་གླིང་བུ། says:
    2012-02-21 at 3:32 am

    ཁོ་ཧྥུས་ཟེར་བའི་འབྲུ་རིགས་འདི་བོད་ཡུལ་དུ་ཡོད་མེད་དང་། བོད་ཡུལ་དུ་མེད་ནའང་དེ་ལ་བོད་མིང་ཡོད་མེད་སྐོར་ནས་ཅིག་བཤད་ན་དོན་དག་ཡོད་སྲིད།

  12. རིག་པའི་རལ་གྲི says:
    2012-02-21 at 4:13 am

    ཚིག་ཇ་ཟེར་བ་འདི་ཀོ་ཕིས་ཀྱི་སྤྱི་མིང་ལྟ་བུར་ཆགས་ཟིན་སྐབས། དོགས་མེད་ཀྱི་དོགས་པ་སློང་། ཆོད་རྒྱུ་མེད་པའི་ཆོད་ཆོད་མཛད་ན་ཅི་ཕན། མིང་གི་དགོས་ནུས་དེ། སྐད་རིགས་དེ་ཤེས་མཁན་ལ་དོན་དེ་མ་ནོར་བ་སྟོན་ཐུབ་པ་ཞིག་དང་གོ་ཐུབ་པ་དེ་རེད། སྔོན་བྱོན་ཀྱི་མཁས་པ་དག་གིས་མིང་ལ་ནི་མི་རྩོད་དོ་ཅེས་ཡང་ཡང་གསུངས་པ་དེ་དག་དྲན་པར་མཛོད།

    ཁས་ཤས་ཀྱིས་གློག་ཀླད་ཟེར་ན་མི་འགྲིགས་ཀྱི། བརྩིས་འཕྲུལ་ཟེར་དགོས་ཀྱི་འདུག་ཟེར་གྱི། གཉིས་ཀས་ཕ་སྐད་ཀྱི་ཐོག་ཏུ་དོན་བསྟན་ན་ཁྱད་པར་གང་ཡང་མི་འདུག་ལ། མིང་ཚིགས་ཇེ་ཙམ་མང་ན། སྐད་རིགས་དེ་ཕྱུག་པོ་ཡིན་པ་དེ་ཙམ་གྱིས་ཤེས་ཐུབ་པས་ཐམས་ཅད་ཀྱིས་དགོངས་མངའ་འཚལ།

  13. རིག་པའི་རལ་གྲི says:
    2012-02-21 at 4:19 am

    ཕ་ལོ་མ་ལོ་ཟེར་བ་གང་ཟེར་གྱི་ཡོད་རེད།

  14. སྤོབས་པ་མཐའ་ཡས། says:
    2012-02-21 at 4:44 am

    ཀླུ་སྨྱོན་དེ་རིང་ཆང་གིས་བཟི་ཡོད་པ་འདྲ། རྩམ་ཇ་ཟེར་བ་དེ་ཇ་བསྐོལ་བའི་སྟེང་དུ་རྩམ་པ་ཅུང་ཟད་བླུགས་པ་རེད། རྩམ་པ་ཁོ་ན་ཆུའི་ནང་དུ་བསྐོལ་བ་ལ་རྩམ་ཐུག་ཟེར་བ་ལས་རྩམ་ཇ་ཟེར་སྲོལ་མེད། ཉི་ཧོང་གི་roasted teaཡང་དེ་མཚུངས་རེད། ཇའི་ལོ་མ་སྐམ་པོའི་ནང་དུ་འབྲས་བརྔོས་མ་ཅུང་ཟད་ཅིག་བསྲེས་པའི་དོན་རེད་མ་གཏོགས་འབྲས་བརྔོས་མ་ཁོ་ན་ལ་ཇ་ཟེར་ནས་འབོད་སྲོལ་མེད།

  15. སྤོབས་པ་མཐའ་ཡས། says:
    2012-02-21 at 4:49 am

    ཁོ་ཧྥུས་ལ་ཁོ་ཧྥུས་བརྗོད་ན་ཆོག བོད་སྐད་ཀྱི་གཡག་དེ་དབྱིན་སྐད་ལ་གཡག་ཡིན། བོད་སྐད་ཀྱི་ཁ་དར་དེ་རྒྱ་སྐད་ལ་ཡང་ཁ་དར་ཡིན། དབྱིན་སྐད་ཀྱི་Engineལ་རྒྱ་སྐད་ལ་ཡང་དེ་མ་གཏོགས་མིང་མེད། ཚིག་ཇ་ཟེར་ན་ག་རེ་རེད། ཁོ་ཧྥུས་ཚིག་བཅུག་ཡོད་པ་མ་རེད། དེ་བརྔོས་ཡོད་པ་རེད། ཧ་་ཧ་ཧ་ཧ

  16. སྤོབས་པ་མཐའ་ཡས། says:
    2012-02-21 at 5:05 am

    ཚིག་ཇ་ཟེར་བའི་མིང་ཚིག་འདི་བོད་སྐད་ལ་ཡོངས་གྲགས་སུ་གྱུར་ཡོད་ན་མིང་དེ་ཐོག་མར་འདོགས་མཁན་དེ་གླེན་པ་ལུག་འདྲ་བ་ཞིག་ཡིན་པར་ཐག་གཅོད་ཐུབ། བཏུང་བ་འདིའི་དྲི་མ་དང་ཁ་ཏོག་ལ་བལྟས་ནས་འདི་ཚིག་སོང་བ་རེད་བསམ་པ་རེད། དོན་དུ་དེ་ཚིག་སོང་བ་མ་རེད། དྲི་མ་དེ་དང་ཁ་ཏོག་དེ་འབྲས་བུ་དེ་རང་གི་དྲི་མ་དང་ཁ་ཏོག་རེད་མ་གཏོགས་ཚིག་སོང་བ་མ་རེད། འདི་བརྔོས་ཡོད་པ་རེད། ང་ནི་ཤི་སོང་ན་ཡང་འདི་ལ་ཚིག་ཇ་ཟེར་ནས་འབོད་ཐུབ་ས་མ་རེད། གཅིག་ནས་འདི་ཚིག་སོང་བ་ཞིག་མ་རེད། གཉིས་ནས་འདི་ཇ་ཡང་མ་རེད།

  17. དོལ་སྨྱོན། says:
    2012-02-21 at 6:00 am

    འོན་ཀྱང་སྨན་གཞུང་ནས་ཆུ་ལ་ཡོན་ཏན་ཚད་མེད་པ་ཡོད།
    ཇ་ལ་དེ་འདྲ་མེད།

  18. སྨུ་ཐག་གི་བུ་རྒྱུད། says:
    2012-02-21 at 6:58 am

    རྒྱ་སྐད་དུ་ 咖啡ཁ་ཧྥེ་ཟེར། རྒྱུ་ཆ་སོགས་ཀྱི་ཐད་ནས་མིང་བཏགས་པ་མ་ཡིན་པར་སྒྲ་གདངས་དེ་ག་རང་བྱས་ནས་བཞག་ཡོད། འདི་རྒྱའི་སྤྱི་ཚོགས་ཁྲོད་དུའང་ཡོངས་གྲགས་རེད། འོན་ཀྱང་དེར་མིག་དཔེ་བལྟ་དགོས་པ་རེད་ཟེར་བ་མིན། རང་སྐད་ཐོག་ནས་མིང་ཞིག་ཡོད་ན་ཅི་བས་ལེགས། རྣམ་པ་ཚོས་ཐུགས་གཞིག་གནང་འཚལ།

  19. མི་རྐང་གླིང་བུ། says:
    2012-02-21 at 7:21 am

    བོད་ཀྱི་ནང་དོན་རིག་པ་དང་། གསོ་བ་རིག་པའི་གཞུང་རྣམས་སུ་འབྲུ་རིགས་དང་སྔོ་ལྡུམ་རིགས་ཕལ་མོ་ཆེར་མིང་རེ་དང་། ནང་དོན་རེ་ཡོད་པ་རེད། དེས་ན་ཁ་ཧྥེས་བཟོ་བྱེད་ཀྱི་འབྲུ་རིགས་དེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཀྱི་ནང་དུ་མིང་ཞིག་ཡོད་པའི་ཡིད་ཆེས་བྱེད་ཆོག གལ་ཏེ་སྲོལ་རྒྱུན་གྱི་རིག་གནས་ཀྱི་ནང་དུ་མིང་ཞིག་རྙེད་ན་དེ་ཉིད་རང་འབོད་དགོས་པ་རེད། དེ་ལ་རྒྱུ་མཚན་མང་པོ་ཡོད་ཅིང་། གཙོ་བོ་རིག་གཞུང་རྙིང་པ་བདག་པོ་རྒྱག་ཐུབ་པ་དང་། གནའ་དེང་གཉིས་ཀྱི་བར་དུ་སྐད་རིགས་ཁ་འཐོར་མི་འགྲོ་བ་དང་། དོན་གཅིག་ལ་མིང་མང་པོ་མི་དགོས་པས་རྒྱ་ཆེའི་བོད་ཡིག་བཀོལ་སྤྱོད་བྱེད་མཁན་རྣམས་ལ་འཇུག་བདེ་བ་བཅས་དགེ་མཚན་ཆེན་པོ་གསུམ་ལྡན། གལ་ཏེ་སྲོལ་རྒྱུན་གྱི་ནང་དུ་འབྲུ་རིགས་འདིའི་མིང་མེད་ན་སྒྲ་རང་སོར་འཇོག་ནས་ཕྱི་རྒྱལ་གྱིས་གཡག་བོས་ལྟ་བུ་དང་། ཡང་ན་ཐད་སྒྱུར་དང་དོན་སྒྱུར་སོགས་གང་རུང་གཞི་ནས་ལྟ་དགོས་པར་སེམས།
    རིག་པའི་རལ་གྲི་ཁྱོད་ཡུལ་གྱི་རིག་པའི་རལ་གྲི་ཡིན་ན་ང་ལ་འདིའི་ཐོག་ཏུ་འབྲེལ་བ་གནང་རོགས། shenruma@yahoo.com ང་གཉིས་ངོ་ཤེས་ཡིན་སྲིད།

  20. མི་རྐང་གླིང་བུ། says:
    2012-02-21 at 7:22 am

    ནོར་བཅོས། ༽ཡུལ་ཤུལ་གྱི་རིག་པའི་རལ་གྲི་ཡིན་ན་ང་ལ་འབྲེལ་བ་གནང་རོགས།

  21. འབྲོང་ངུར་ཆོས་རྗེ། says:
    2012-02-21 at 8:17 am

    སྤོབས་པ་མཐའ་ཡས་ཀྱིས་ཚིག་ཇ་ཞེས་པའི་མིང་གི་སྐོར་ལ་དོགས་དཔྱོད་ཅིག་བྲིས་འདུག་པར་ལན་ཡག་ཤོས་དེ་རིག་པའི་རལ་གྲིས་བཏབ་འདུག ཐུགས་རྗེ་ཆེ། རིག་རལ་གྱིས་གསུངས་པ་ལྟར་རང་རེད། དབྱིན་སྐད་ཀྱི་ཀོ་ཕི་ཞེས་པ་འདིར་ཚིག་ཇ་ཞེས་ཟེར་བ་ནི་ཀུན་གྱིས་གོ་ནུས་ཤིང་ཡོངས་སུ་གྲགས་པའི་མིང་ཞིག་ཏུ་གྲུབ་ཟིན་པ་རེད། ད་དེ་ལ་དོགས་གཅོད་དེ་འདྲ་བྱེད་དགོས་མི་འདུག སྤྱིར་ན་མིང་ལ་འདོགས་ཚུལ་མང་པོ་ཡོད་པ་ཤེས་ཡོད་ཤག ཚིག་ཇ་ཞེས་པ་འདི་ཇ་ཡིན་པ་དང་ཚིག་སོང་བ་དངོས་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་པར་ཇ་དང་ཧ་ཅང་འདྲ་བ་དང་ཇ་ཚིག་པ་ལྟ་བུར་སྣང་བས་ན་ཚིག་ཇ་ཞེས་མིང་བཏགས་པ་རེད་སྙམ། མདོར་ན་འདྲ་བའི་རྒྱུ་མཚན་གྱིས་བཏགས་པའི་མིང་ཞིག་རེད། མིང་བཏགས་ཚད་དོན་ལ་དེ་ལྟར་ཡིན་དགོས་ཟེར་ན་ནི། གླེན་པ་ཨུ་ཚུགས་ལས་གཞན་ཅི། ཁྱི་ལ་སེང་གེ་ཞེས་མིང་བཏགས་པ་དང་། གཞན་ཡང་ཤིང་རྟ་དང་། ལྕགས་རྟ། འཕྲུལ་རྟ་ལ་སོགས་ལ་སོགས་ལྟ་བུ་རེད། ཁྱེད་རང་ཡིན་ན་དེ་ཚོ་ལའང་དགག་སྒྲུབ་བྱེད་ས་རེད། མ་གཞི་ནས་ཁྱེད་རང་གིས་༼ཁོ་ཧྥུས་༽ཞེས་བྲིས་འདུག དོན་དངོས་སྒྲ་གདངས་སུ་༼ཁོ་ཕི་༽ཞེས་འབྲི་དགོས། གཞན་ཡང་འདིར་སོམས་དང་། དེང་སང་སྐྱབས་མགོན་གོང་ས་མཆོག་ལ་དབྱིན་སྐད་ཐོག་ Dalai Lama ཞེས་འབྲི་བརྗོད་བྱེད་པ་ཡོངས་སུ་གྲགས། དོན་ངོ་མ་བྱས་ན། Talai Lama ཞེས་འབྲི་བརྗོད་བྱེད་དགོས་པ་རེད། ཁྱེད་ཀྱིས་འདི་ལ་ཡང་། Talai Lama ཞེས་འབྲི་བརྗོད་བྱེད་དགོས། ང་ནི་ཤི་སོང་ན་ཡང་འདི་ལ་Dalai Lama ཟེར་ནས་འབོད་ཐུབ་ས་མ་རེད་ཅེས་སྐད་རྒྱོབས་དང་གང་འདྲ་ཡོད་ས་རེད། དབྱིན་ཇི་རྣམས་ཀྱིས་༼ཌ་ལའི་བླ་མ་༽ཞེས་ཟེར་ལ། རྒྱ་རིགས་རྣམས་ཀྱིས་༼ཏཱ་ལའི་བླ་མ་༽ཞེས་འབོད། འཛམ་གླིང་མཁས་དབང་རྣམས་ཀྱིས་གནད་དོན་འདི་ཙམ་མ་ཤེས་པ་ནི་ཡིན་མི་སྲིད། དེར་བརྟེན་མིང་ཚིག་ཆེས་ཡོངས་སུ་གྲགས་ཟིན་པ་རྣམས་ནི་དེ་གར་བཞག་ན་དགེ་མཚན་ཆེ་བ་ལས། ཡར་བཅོས་མར་བཅོས་བྱེད་དགོས་མེད། དེ་ཡང་། Mobile ལ་བོད་སྐད་ཐོག་ལག་ཁྱེར་ཁ་པར་དང་ལག་ཐོགས་ཁ་པར་དེ་བཞིན་ལག་བཟུང་ཁ་པར་ཞེས་ཡོངས་གྲགས་ཀྱི་མིང་ཡོད་བཞིན་དུ་ཁ་ཅིག་གིས་༼ལག་འཕྲིན་༽ཞེས་གསར་དུ་བཏགས་འདུག་པ་ནི་མགོ་རྙོག་རང་རེད། དེས་ན། ཁྱེད་ཀྱིས་ཐུགས་བསམ་བཞེས་ཤིག

  22. བཙན་བྱོལ་བ་ says:
    2012-02-21 at 8:39 am

    ཇ་དང་ཆུའི་སྐོར་ལ་རྩོད་རིན་ཅང་ཨེ་འདུག །

    ཁོ་བོ་ཡང༸གོང་ས་མཆོག་གི་དབྱིན་ཡིག་དཔེ་དེབ་དེ་ཀློག་བཞིན་ཡོད། ཁྱེད་རྣམས་ཀྱང་དཔེ་དེབ་འདི་ཀློག་ཐུབ་ན་ཚིག་སྦྱོར་གོ་བདེ་བོ་འདུག འོན་ཀྱང་ནང་དོན་མང་ཆེ་བ་ནི་༸གོང་ས་མཆིག་གིས་དུས་རྒྱུན་གསུངས་བཞིན་པ་དེ་རང་རེད། དཔེར་ན། སྦི་ཧར་མངའ་སྡེ་བློན་ཆེན་གྱིས་གཏམ་བཤད་གནང་བ་ཡང་ཚུད་འདུག །

  23. འབྲོང་ངུར་ཆོས་རྗེ། says:
    2012-02-21 at 9:03 am

    ཇ་དང་ཆུའི་སྐོར་དེར་མནོ་བསམ་བཏང་ན་ཕན་ཐོགས་ཡོད་ངེས་རེད། དཔེ་ལ་བརྟེན་ནས་དོན་རྟོགས་ཞེས་གྲགས་པ་ལྟར། གོང་ས་སྐྱབས་མགོན་མཆོག་གིས་ཀྱང་དོན་མེད་དུ་དཔེ་དེ་འདྲ་ཞིག་བཀོད་མི་སྲིད། ཆུ་དང་ཇའི་དཔེ་གཉིས་པོ་དེར་གོ་རྒྱུ་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད་པ་ལྟ་ཅི་སྨོས། བཙན་བྱོལ་བས་གསུངས་པ་ལྟར་གོང་ས་མཆོག་གི་དེབ་ནང་གི་བརྗོད་བྱ་ཕལ་ཆེ་བ་ནམ་རྒྱུན་གསུངས་དང་གསུང་བཞིན་པ་དེ་དག་རེད་འདུག འོན་ཀྱང་དཔེ་གཉིས་པོ་དེ་ནི་སྔོན་ཆད་མ་གྲགས་པ་ཞིག་ཏུ་མཐོང་སོང་། དེར་བརྟེན་གུས་པས་བསམ་གཞིག་བྱས་པ་ཙམ་ཡིན། ད་ལྟ་གུས་པ་ཁོམ་པ་ཞེ་དྲག་མི་འདུག ཏོག་ཙམ་རྗེས་སུ་ད་དུང་བྲི་རྒྱུ་ཡོད། རྣམ་པ་ལྷན་རྒྱས་སྒུགས་ཨ།

  24. བོད་ལ་ཞེན། says:
    2012-02-21 at 10:12 am

    མིང་བཏགས་སྟངས་སྐོར་ལ་འབྲོག་ངུར་གྱིས་གསུངས་པ་དེ་ལ་མོས་མཐུན་ཡོད།

  25. བོད་ཀྱི་བུ། says:
    2012-02-21 at 12:12 pm

    ཁོ་ཧྥིས་སམ་ཚིག་ཇའི་རྒྱུ་དེ་འབྲུ་རིགས་གཅིག་ལ་གཏན་འཁེལ་ཡོད་མ་རེད། དེ་འབྲུ་རིགས་འདྲ་མི་འདྲས་བཟོ་ཡི་འདུག སོང་ཙང་། ཚིག་ཇ་ལ་རིགས་ཧ་ཅང་མང་པོ་ཡོད་པ་རེད། དེ་ནས་འབྲུ་རིགས་དེ་དག་ཀྱང་བརྔོས་ཙམ་གཅིག་པུ་མ་རེད་ཚིག་བཅུག་ཡོད། འདི་ལ་ཇ་ཡི་ཐ་སྙད་མི་འཇུག་ཟེར་ན་དེ་མཚུངས་ཀྱི་ཐ་སྙད་མང་དག་ཅིག་གདགས་གཞི་འཇུག་པར་འགྱུར་བས་ཧ་ཅང་ཐལ་བར་འགྱུར་རོ།། དེང་སང་ཇའི་ཐ་སྙད་སྦྱོར་ས་དེ་དག་ཚང་མ་ཡོངས་གྲགས་ཀྱིས་ཇ་ལ་ངོས་འཛིན་པའི་ལོ་མ་དེ་དང་འབྲེལ་བ་ཡོད་མེད་ཅི་རིགས་ཡོད། ཕོ་བ་རིལ་(mint tea)གྱི་ཇ་ཡོད་ལ། འདི་ཉིད་གཅིག་པུ་ཆུ་ཁོལ་ཚ་བོའི་ནང་སྦངས་ཏེ་བཟོ་ཡི་ཡོད། ཡིན་ཡང་མིང་ལ་ཕོ་བ་རིལ་གྱི་ཇ་ཟེར་བ་ལས་ཕོ་བ་རིལ་གྱི་ཁུ་བ་མི་ཟེར་བས་མཚོན་འདྲ་བ་རྒྱུ་མཚན་གྱི་མིང་ཧ་ཅང་མང་ངོ་། །དེས་ན་སྤོབས་ལགས་འདི་ཐུགས་ཕམ་གནང་དགོས་པའི་གནད་མི་འདུག་སྙམ།

  26. བོད་ཀྱི་བུ། says:
    2012-02-21 at 12:14 pm

    གདགས་གཞིར་མི་འཇུག་པར་འགྱུར་བས་་་་་་་་ཞེས་དག་བཅོས་གནང་རོགས།

  27. འབྲོང་ངུར་ཆོས་རྗེ། says:
    2012-02-21 at 12:15 pm

    ངས་གོང་དུ་བྲིས་པའི་ཆུ་དང་ཇའི་ཁྱད་པར་དེ་དག་གིས་༼ཇ་༽ལ་ལྷག་པར་དགའ་བའི་མི་ཁ་ཅིག་སྟབས་མ་བདེ་བ་ཏོག་ཙམ་བྱུང་བ་འདྲ། ཁྱེད་རྣམས་ཐུགས་ཁྲལ་མ་གནང་། ད་དུང་མུ་མཐུད་བྲི་རྒྱུ་ལྷག་ཡོད། གཤམ་ལ་གཟིགས།
    ༡༽ དེང་སང་UKཟས་བཅུད་ཞིབ་འཇུག་པ་སོགས་ཀྱིས་རྙེད་དོན་ལྟར་ན། ཉིན་མ་གཅིག་ལ་ཇ་ཕོར་པ་གསུམ་མམ་བཞི་འཐུང་བ་ཡིན་ཚེ། སྙིང་ཁྲག་དགག་པའི་ན་ཚ་དང་། cancer༼འདིའི་བོད་མིང་གང་ཟེར་མ་ཤེས་༽ དེ་བཞིན་སོ་ནད་སོགས་ནད་རིགས་སྔོན་འགོག་ལ་ཕན་ནུས་ལྡན་ཞིང་། རུས་པ་སྲ་བརྟན་དང་ནུས་ཤུགས་སྤེལ་བ་བཅས་ལ་ཕན་ཐོགས་ཡོད་པར་བཤད་འདུག
    ༢༽ ཆུ་ལོག་དང་ཆར་ཆུ་སོགས་ཀྱིས་མི་གྲངས་སྟོང་ཕྲག་མང་པོ་སྡེབ་གཅིག་ལ་བསད་དང་གསོད་བཞིན་པ་དང་ཁྲི་ཕྲག་མང་པོ་སྡོད་གནས་དང་རྟེན་གཞི་མེད་པ་བཟོས་དང་བཟོ་བཞིན་འདུག འོན་ཀྱང་ཇ་ལོག་དང་ཇ་རུད་ཟེར་བ་དེ་འདྲ་བྱུང་བ་ལྟ་ཅི་མིང་ཙམ་ཡང་གྲུབ་མི་འདུག
    ༣༽ ལམ་བར་དུ་ཇ་འཐུངས་ཞེས་སྒོར་མོ་སྤྲོད་པ་ལས་ཆུ་འཐུངས་ཞེས་སྤྲོད་སྲོལ་མེད།
    ༤༽ རྒྱ་གར་ཉེན་རྟོག་པ་དག་གིས་ཀྱང་ལྐོག་རྔན་སློང་སྐབས་ཇ་འཐུང་བའི་ཆེད་དུ་ཞེས་སློང་གིན་འདུག
    ༥༽ ཡུལ་ཆུ་བཏུངས་ན་ཡུལ་ཁྲིམས་འཁུར་དགོས་ཟེར་བ་ལས་ཡུལ་ཇ་བཏུངས་ན་ཡུལ་ཁྲིམས་འཁུར་དགོས་ཞེས་ཟེར་སྲོལ་མི་འདུག
    ༦༽ མི་ཚང་དེ་སྐྱོ་བ་ལ་ཨང་། ཆུ་མ་གཏོགས་བཏུང་རྒྱུ་མི་འདུག་ཅེས་པ་ནི་བོད་མིས་གཞན་ལ་མཐོང་ཆུང་བྱེད་པའི་ཚིག་གྲགས་ཅན་ཞིག་རེད།
    ༨༽ འཛམ་གླིང་འདིའི་ནང་ཆུ་རྒན་པ་དང་ཇ་གཞོན་པ་ཡིན། ཇ་ལ་ནི་རྒས་པོ་ཆགས་རྒྱུ་གཏན་ནས་མི་འདུག ཡིན་ནའང་ཆུ་མང་ཆེ་བ་རྒས་ཤིང་འཁོགས་ལ་ནད་ཀྱིས་ཟིན་ནས་འཆི་གྲབས་འདུག ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཆུ་མོ་གངྒ་ཡང་ཉེན་ཁའི་གནས་སུ་ལྷུངས་ན་གཞན་ལྟ་ཅི་སྨོས།
    ༩༽ ཇའི་ནང་དུ་འོ་མ་དང་། ཇ་ལོ། མར། ཚ། བྱེ་མ་ཀ་ར། ཆུ་ཡང་ཡོད་པས་རོ་བཅུད་ཕུན་སུམ་ཚོགས།
    ་་་་་་་་་་་་་་་་དེ་ལྟར་ཇའི་ཁྱད་ཆོས་དགུ་པོ་འདིས་ཁྱེད་རྣམས་བློ་བདེ་བག་ཕེབས་ཡོང་བར་ཤོག་་་་་་་་་་་་

  28. BONPO says:
    2012-02-21 at 12:27 pm

    ཚིག་ཇ་འམ་ཁ་ཧྥེ་ཟེར་བ་དེ་་་་འབྲུ་རིགས་་་་མ་རེད་དེ་ནི་་་་ཤིང་འབྲས་སམ་ཤིང་ཏོག་་་ཅིག་རེད་འདུག། དགོངས་དག་བྱུས་གཏོགས་མེད་པའི་བྱུས་གཏོགས་ཤིག་ཤོར་སོང།

  29. ཀརྨ་ཡེ་ཤེས says:
    2012-02-21 at 12:46 pm

    ཇ་ལ་རིགས་ག་ཚོད་ཡོད་དམ། འདྲོང་ངུར་ཆུས་རྗེ། ཆུ་ལ་རིགས་ག་ཚོད་ཡོད་དམ། ད་བྱ་རོག་སོ་བརྟག་བཞིན་ཤོད་དང་་་་་་་་་་

  30. འབྲོང་ངུར་ཆོས་རྗེ། says:
    2012-02-22 at 5:42 am

    མངར་ཇ་དགའ་ན་མངར་ཆ་བཞེས།།
    ཚ་ཇ་དགའ་ན་ཚ་ཇ་བཞེས།།
    ཚིག་ཇ་དགའ་ན་ཚིག་ཇ་བཞེས།།
    ལིམ་ཇ་དགའ་ན་ལིམ་ཇ་བཞེས།།

    ཆུ་ལ་དགའ་རྣམས་ཆུ་ལ་རོལ།།
    ཇ་ལ་དགའ་རྣམས་ཇ་ལ་རོལ།།
    འོ་མར་དགའ་རྣམས་འོ་མར་རོལ།།
    ཆང་ལ་དགའ་རྣམས་ཆང་ལ་རོལ།།

    གཞན་གྱིས་ཅི་དང་ཅི་སྨྲས་ཀྱང་།།
    མཐར་ཐུག་རང་གི་སེམས་ལ་གཏུགས།།
    རང་སེམས་གང་ལ་དགའ་གྱུར་པ།།
    དེ་ཉིད་མཆོག་དང་རྨད་བྱུང་ཡིན།།

    ཆུ་ཡི་ཡོན་ཏན་བརྗོད་ཙ་ན།།
    ཆུ་ལས་ལྷག་ཅིག་མི་འདུག་ཟེར།།
    ཇ་ཡི་ཡོན་ཏན་བརྗོད་ཙ་ན།།
    ཇ་ལས་ལྷག་ཅིག་མི་འདུག་ཟེར།།

    དེའི་ཕྱིར་ཆུ་དང་ཇ་གཉིས་པོ།།
    རང་གི་ལུས་ལ་གང་འཕྲོད་ལྟོས།།
    གཞན་གྱིས་ཟེར་ཚད་ཁ་མ་ཉན།།
    རང་སེམས་གང་དགར་ལོངས་སྤྱོད་ཅིག།

    མདོར་ན་མི་ཚེ་ཐུང་ངུ་འདིར།།
    ཆུ་འཐུངས་ཇ་འཐུངས་འོ་མ་འཐུངས།།
    རླངས་ཆུ་སིལ་ཁུ་གླང་དམར་འཐུངས།།
    བཏུང་རྒྱུ་ཡོད་ཚད་ཐམས་ཅད་འཐུངས།།

    བྱ་རོག་སོར་བརྟག་བསྟན་བཅོས་འདི།།
    ཕུན་རོན་སོར་རྟོག་རྣམས་ལ་བྲིས།།

  31. སྤོབས་པ་མཐའ་ཡས། says:
    2012-02-22 at 5:57 am

    ཁོ་ཧྥུས་ཟེར་བ་དེ་ཤིང་ཕྲན་གྱི་མགོར་སྐྱེས་པའི་ཤིང་ཏོག་ལྟ་བུ་དེའི་ནང་གི་འབྲས་བུ་འཁྲེགས་པོ་དེ་སྐམ་ཞིང་བརྔོས་ནས་བཟོས་པ་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཚོའི་ནང་ན་ཡང་རྨོ་མཁན་མང་པོ་འདུག

  32. འབྲོང་ངུར་ཆོས་རྗེ། says:
    2012-02-22 at 6:23 am

    སྤོབས་པ་མཐའ་ཡས་ལགས་འདི་འདྲའི་སྐོར་ལ་རྒྱུས་མངའ་གང་འཚམས་ཡོད་པ་འདྲ། གང་ལྟར་ངས་ཁྱེད་ལ་དོགས་འདྲི་ཞིག་བྱེད་འདོད། ཚུལ་ཁྲིམས་བློ་གྲོས་ཀྱི་ཐ་སྙད་གསར་པའི་ཚིག་མཛོད་ནང་དུ། རྡོ་ཀུབ། ལྷོ་ཀུབ། ཀུབ་དམར། ཁ་ཀུབ། ཀུབ་མངར། ཆུ་ཀུབ། བཅས་ལྡུམ་ཚལ་དང་ཤིང་ཏོག་གི་མིང་གསར་ནང་བྲིས་འདུག བོད་ཀྱི་མཁས་དབང་མང་པོ་གདན་འཛོམས་ནས་བསྒྲིགས་པ་ཡིན་ཟེར་བའི་ཚིག་མཛོད་ནང་མིང་གསར་འདི་ལྟ་བུ་དག་མཐོང་དུས་ང་རང་ལ་ཚོར་སྣང་ཁྱད་མཚར་ཞིག་བྱུང་། མིང་དེ་དག་ནི་མང་ཚོགས་སུ་དབྱུང་མི་རུང་བ་དང་ལྷག་པར་ནང་མི་ཁྱིམ་ཚང་སྤུན་མཆེད་རྣམས་དང་ལྷན་དུ་འབོད་མི་བདེ་བ་ཞིག་རེད་འདུག ཁྱེད་ཀྱིས་དེ་དོན་འགྲེལ་བཤད་ཅིག་གནང་ན་འགྲིག་གམ། ཡང་ན་དྲྭ་གྲོགས་གཞན་ཚོས་གཅིག་གསུངས་དང་།

  33. མིག་བརྒྱད་པ། says:
    2012-02-22 at 8:33 am

    ཚིག་ཇ་འམ་ཁ་ཧྥེ་ནི་རྒྱ་གར་རྒྱལ་ཡོངས་ནང་རྒྱ་གར་ཁེ་ན་ཊའི་མངའ་སྡེའི་ནང་ཐོན་ཁུངས་ཆེ་ཤོས་ཆགས་ཡོད། ང་ཚོ་བོད་པ་དག་གིས་ཐར་བ་དོན་གཉེར་མ་གཏོགས་འདི་འདྲའི་རྒྱུན་ཤེས་སྐོར་ལ་དོ་སྣང་མེད་པ་འདྲ།

  34. གངས་འབྲོང་། says:
    2012-02-22 at 8:45 am

    དངོས་གནས་ཏེ། སུ་ཞིག་ལ་ཇ་དང་ཆུའི་ཁྱད་པར་ཕྱེས་ཟེར་ན་དེ་ནི་ཁ་དོག་དང་ཡང་ན་སྐུ་ཞབས་སྤོབས་པས་གསུངས་པ་ནང་བཞིན་ཡིན་རྒྱུ་རེད། དོན་གྱིས་རྟོག་གཞིག་ཅིག་བགྱིས་ན་མིའི་སེམས་ཁམས་དང་གནས་ལུགས་གང་མང་ཞིག་ལ་འབྲེལ་ནས་ཡོད་པ་ང་ཚོས་རྟོགས་ཐུབ་པ་མ་ཟད། རྣམ་དཔྱོད་དང་ཤེས་རབ་ཅན་ཞིག་གིས་བལྟས་ན་མཐོང་ཐུབ་ཀྱི་ཡོད་པ་རེད།

  35. འབྲི་རུའི་ཤེལ་དཀར་འབུམ་པ says:
    2012-02-22 at 10:35 am

    ཁ་ཅིག་ཇ་ཆུའི་ཁྱད་པར་ཁ་དོག་ཕྱེས།།
    ཁ་ཅིག་ཇ་ཆུའི་ཁྱད་པར་བྲོ་བས་ཕྱེ།།
    དེ་རིང་ཇ་ཆུའི་ཁྱད་པར་དོན་གྱིས་འབྱེད།།
    ཇ་ཆུའི་དཔེ་དང་སྦྱར་ནས་དོན་རྟོགས་དགོས།།
    དེ་མིན་ལབ་བརྡོལ་མང་ཡང་དགོས་པ་ཆུང་།།

  36. ཞལ་ལུ་དཀར་པོ says:
    2012-02-22 at 11:06 am

    ཚུལ་བློ་སོགས་ཀྱི་མིང་མཛོད་ལས་ཁ་ཀུབ་དང་། ཀུབ་དམར་སོགས་ལ་དོགས་གཞི་ཞིག་ཡོད་སྐད་ཟེར་བ་ནི། ཀུབ་ཟེར་བ་དེ་ངོ་ཚ་ཞིག་ཡིན་སྐད་ཡིན་ནམ་གང་ཡིན། དེ་ལས་ནང་མིའི་སྔུན་ན་འབོད་མི་བདེ་བ་ཞིག་མེད་པ་དངོས་ཡོད་རེད། གཅིག་བྱས་ན་འབྲོང་གི་ཕ་ཡུལ་ནས་ཀུབ་ཟེར་བ་དེ་འབོད་མི་ནུས་པའི་ངོ་ཚ་ཞིག་ཡིན་ལེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme