Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆབ་སྲིད་བཙོན་མའི་ཨ་ཕ་ཞིག་ཅུང་ཙམ་གླེང་བ།

Posted on 2020-09-28 By ཁ་བརྡ 12 Comments on ཆབ་སྲིད་བཙོན་མའི་ཨ་ཕ་ཞིག་ཅུང་ཙམ་གླེང་བ།

དུར་བྱང་།
 
འགྲོ་བ་མིའི་ལོ་རྒྱུས་ནང་དུ། ཕྱི་ནང་གི་ལས་དོན་གང་ཞིག་ཕ་མ་གཉིས་ལ་བགོ་བཤའ་བརྒྱབ་པ་ལྟ་བུའི་སྣང་ཚུལ་ནར་མར་ཡོང་གི་རེད། བྱིས་སྐྱོང་གཙོས་ནང་གི་ལས་དོན་ཆེ་ཕྲ་ཡོད་ཚད་མ་ཡིས་གནང་སྲོལ་ལ། ཕྱི་ཡི་ལས་དོན་ཅི་ཡོད་གཙོ་ཆེར་དམག་དོན་སོགས་ཕ་ཡིས་གནང་སྲོལ་ཡོད། རྒྱལ་ཁབ་དགྲ་ལག་ཏུ་ཤོར་བའི་ང་ཚོར་མཚོན་ན་ངེས་པར་དུ་ཕྱི་ཡི་ལས་དོན་ཚགས་ཚད་གནང་མཁན་གྱི་ཨ་ཕ་ཞིག་དབུ་ཁྲིད་དུ་ཕེབས་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན།

ཆབ་སྲིད་བཙོན་མའི་ཨ་ཕ་ཟེར་བའི་ཁྱད་མིང་འདི་ཁོ་བོས་དགུ་བཅུ་གསུམ་གྱི་ཚོགས་ཟུར་ཨ་ཁུ་ངག་དབང་འོད་འབར་ལགས་ཀྱི་ཞལ་གསུང་ནས་ཐོས། ཁོང་གིས་མུ་མཐུད་ནས་གསུང་དོན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཆབ་སྲིད་བཙོན་མའི་ལས་དོན་ཆེ་ཕྲ་གང་ཡིན་སྣང་མེད་དུ་ཤོར་བ་ཞིག་བཙལ་ཡང་མི་རྙེད་པ་ལྟ་བུ་ལ། ཁོང་ལ་ཆབ་སྲིད་བཙོན་མའི་ཨ་ཕ་ཞེས་ཟེར་སྲོལ་བྱུང་བ་རེད།

བཀུར་འོས་མཆེད་གྲོགས་དམ་པ་ཞིག་གིས་གསུངས་དོན་ལ། བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་རྒྱལ་སར་ཇི་ལྟར་འཁོད་པ་དང་འབྲེལ། རང་མི་རང་གིས་བསྔགས་པ་དང་བསྟོད་པ་དང་བཀུར་བ་སོགས་སྔ་མོ་ནས་དབུས་གཙང་བའི་ཐུགས་གཤིས་ན་མེད་པ་འདྲ་སྟེ། རང་ས་ཡལ་བར་དོར་ནས་གཞན་ལ་འགྲམ་ཆུ་ལྡང་བའི་རྙེད་དོན་ལ། ལོ་རྒྱུས་སུ་གྲགས་པའི་བོད་ཀྱི་རྒྱལ་བོ་ཐོག་མ་དེའང་མཆེད་ཁུངས་མི་གསལ་བའི་རྒྱ་གར་བ་ཞིག་ཡིན་ཤག་གི་གཉའ་ལ་ཁུར་ནས་ཁྲི་ལ་བཀོད་པར་གསལ་བ་ཨེ་བདེན།

མི་ལོ་ཉིས་སྟོང་འདས་པའི་ཡར་སྔོན་ཡར་སྔོན་ཞིག་ནས་བཟུང་དངོས་གནས་དེ་ལྟར་ཡིན་པ་བདེན་སྙམ་སྟེ། རྗེས་སུ་སྲོང་བཙན་སྒམ་པོ་དང་བློན་འཁོར་དག་གིས་རང་མི་དཔའ་བ་དང་མཛངས་པ་སོགས་དེ་དང་དེའི་མཛད་རྗེས་ལ་བྱ་དགའ་དང་ལེགས་གསོལ། དེ་ལས་ལྡོག་སྟེ་སྡར་མ་དང་ཉེས་ཅན་སོགས་ལ་དེ་དང་དེའི་མཚོན་རྟགས་དང་ཉེས་ཆད་གཅོད་པ། འདི་དག་ཁྲིམས་སུ་བཅས་པའི་ཉེར་ལེན་ལ་བརྟེན་སུམ་ཉིས་ས་ལ་དབང་བསྒྱུར་བའི་གདོང་དམར་བོད་ཅེས་གྲགས་པའང་རྒྱུ་རྐྱེན་དེ་དག་ལས་བྱུང་བ་ཡིན་པར་འདོད་ལ། རང་མི་རང་གིས་བཀུར་བའི་་སྤྱོད་བཟང་ལས་བྱུང་བ་ཤ་སྟག་ཡིན་ཤས་ཆེ།

“དཔའ་ལ་སྟག་གིས་མ་བསྟོད་ན། ། དཔའ་ངར་བྱས་པའི་རུ་མ་མེད། །

མཛངས་ལ་ཡིག་ཚང་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་ཕྱིད། །

ལེགས་ལ་བྱ་དགས་མ་བསྟོད་ན། ། སླད་ཆད་ལེགས་པར་སུ་ཡིས་བྱེད། །

སྡར་མ་ཝ་ཞུས་མ་དམད་ན། ། དཔའ་དང་སྡར་མ་ཤན་མི་ཕྱེད། །

ངན་ལ་ནན་ཏུར་མ་བྱས་ན། ། ནམ་ཡང་དྲན་ཤེས་རེམ་མི་འགྱུར། །

ཉེས་ལ་ཆད་པ་མ་བཅད་ན། ། ཕྱི་ནས་ཉེས་བྱེད་རྒྱུན་མི་ཆད། །”

འོན་ཀྱང་། གང་ཞིག་འཕེལ་འགྲིབ་ནི་རྒྱུ་རྐྱེན་སྣ་ཚོགས་འདུས་པ་ལས་བྱུང་དང་འབྱུང་བཞིན་པ་ལྟར། བོད་བཙན་པོའི་རྒྱལ་ཁབ་ཉམས་ཆགས་སུ་ཕྱིན་པ་དང་ལྷན་དུ་དབུས་གཙང་བའི་ཐུགས་གཤིས་དེའང་ལོག་ཕེབས་གནང་བ་འདྲ།

སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་གཙོས་ཁམས་ཡུལ་གྱི་མཁས་པ་དང་ཆབ་སྲིད་བཙོན་མ། རྩོམ་པ་པོ་དང་མི་དམངས་དཀྱུས་མ་མང་བོ་ཞིག་གིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་ཁ་ཞེ་གཉིས་མེད་ཀྱི་ཕྱག་ལས་དང་མི་གཤིས་ལ་སེམས་གཏིང་ནས་ཡིད་སྨོན་ཤོར་བའི་གསུང་བཤད་དང་བྲིས་རྩོམ་ཁག་མཇལ་ཀློག་གནང་ཐུབ་ན་དགེ་བ་མེད་ན་ཉེས་པ་འབྱུང་མི་སྲིད།

དེ་བཞིན་དུ། ལོ་འགའི་སྔོན་ལ་སིད་སིའི་མདོ་སྨད་མི་དམངས་ནས་མཛད་རྗེས་ཅན་ལ་བཀའ་དྲིན་མཚོན་ཕྱིར་མདོ་སྨད་གཟེངས་རྟགས་ཟེར་བ་ཞིག་གནང་སྲོལ་བྱུང་། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བཅས་ལ་ཕུལ་ཟིན་འདུག རང་མི་རང་གིས་བཀུར་བའི་བཟང་པོ་སྤྱོད་པ་དེ་དང་དེ་སོགས་དངོས་གནས་བསྔགས་པར་འོས་པ་ཞིག་རེད་འདུགའདི་ནི་མིག་དཔེར་འོས་པའི་དགོངས་འཆར་བླ་ན་མེད་པ་ཞིག་རེད།

དྲང་མོར་ཞུས་ན། ང་ཚོར་སྲིད་སྐྱོང་དུ་འོས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཁག་ཅིག་ཡོད། གཅིག་ལས་གཅིག་ཡག་གང་འདེམས་ཚོད་མི་ཐིག་པ་ལྟ་བུ་ཡོང་གི་འདུག བསམ་གྱིན་བསམ་གྱིན་དུས་ལ་བབས་པའི་སྲིད་སྐྱོང་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་རེད་འདོད།གཡག་ཞར་གྱིས་རྩྭ་ཟོས་པ་དང་འདྲ་བའི་རྟུལ་ཞུགས་འཛིན་པ་དེ་དག་ལ་གོ་བརྡ་འཕྲོད་ཨེ་ཡོང་སྙམ་པའི་རེ་བ་མེད། འོན་ཀྱང་། ཤེས་རབ་ཅན་གྱི་རང་རེའི་སྤུན་ཟླ་ཚོས་ངེས་པར་དུ་བསམ་གཞིག་གཏོང་དགོས་པའི་འགན་འཁྲི་ཐོལ་བ་ཞིག་ཡོད་ཅེས་ནན་སྐུལ་ཞུ་བཞིན་ཡོད།

མཁྱེན་གསལ་ལྟར། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་ཞུ་མཁན་ཕལ་མོ་ཆེ། ཧ་ཅང་ཉམ་ཆུང་ལ་བཟང་སྤྱོད་དང་ལྡན་པའི་ཐོག་རྩོམ་འབྲི་གནང་བཞིན་འདུག སྲིད་སྐྱོང་འོས་མི་གཞན་དང་གཞན་ལ་ཚད་བརྒལ་གྱི་སྐད་ཆ་དང་རྩོམ་འབྲི་ཅི་ཡང་མ་གནང་བར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཁོ་ན་བརྗོད་དོན་བྱས་ནས་རྩོམ་ཡིག་འབྲི་བཞིན་ཡོད། དེ་ནི་རྒྱབ་སྐྱོར་ཞུ་ཡུལ་གྱི་དགོངས་པ་རླབས་པོ་ཆེ་དང་། རྒྱབ་སྐྱོར་ཞུ་མཁན་གྱི་བསམ་བློའི་གནས་ཚུལ་གཉིས་ཆར་བ་ཆུ་གྲོགས་སུ་སོང་བ་རེད་འདོད། གཞུང་ཞབས་ཟུར་པ་དང་ཆབ་སྲིད་བཙོན་ཟུར། དགེ་རྒན་དང་ཞིབ་འཇུག་པ། རྩོམ་པ་པོ་དང་མི་དམངས་དཀྱུས་མ་བཅས་སྣ་འཛོམས་རང་བཞིན་གྱི་རྒྱབ་སྐྱོར་བ་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ།

ཞེས་དུར་བྱང་འབོད་པས་ཨོ་གླིང་ནུབ་ཕྱོགས་གྲོང་ཁྱེར་གྱི་མཚོ་འགྲམ་ནས་བྲིས་པ་དགེའོ།།

བསམ་ཚུལ།

Post navigation

Previous Post: རོ་མིའོ་དང་འཇུའུ་ལེ་ཀྲེ། (Romeo And Juliet)
Next Post: ང་ཚོས་མཉམ་དུ་བོད་སྐད་བཤད་དེ་བོད་ཡིག་འབྲི།

Comments (12) on “ཆབ་སྲིད་བཙོན་མའི་ཨ་ཕ་ཞིག་ཅུང་ཙམ་གླེང་བ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-09-28 at 10:21 am

    ་་་་་་་་་་་་་་་ རང་མི་རང་གིས་བསྔགས་པ་དང་བསྟོད་པ་དང་བཀུར་བ་སོགས་སྔ་མོ་ནས་དབུས་གཙང་བའི་ཐུགས་གཤིས་ན་མེད་པ་འདྲ་སྟེ། ་་་་་་་་་་་་་་་ ཟེར།

  2. ཀརྡོ་རབ་འབྱམས་པ་ says:
    2020-09-28 at 10:55 am

    བློ་སེང་གི་བྱུས་ངན་ལ་བརྟེན་ནས། ཚོགས་ཟུར་སྤེན་པ་ཚེ་རིང་ལགས། མི་དཀར་ལ་ཞྭ་ནག་གཡོག་ནས་མི་ལོ་དགུ་ཙམ་བེད་མེད་དུ་བཏང་སོང་བས། ད་ལན་སྤེན་ཚེ་མཆོག་ལ་ཉེར་གཅིག་པའི་སྲིད་སྐྱོང་གི་ལས་འགན་དེ་ངེས་པར་དུ་སྤྲད་དགོས་པ་ནི། བོད་མི་རིགས་ཡོངས་ཀྱི་ལས་འབྲས་ལ་གཏུགས་པའི་འགན་སྲུངས་ཞིག་ཏུ་གྱུར་འདུག་སྙམ་མོ།
    འབྲོང་ཆུང་མཆོག་དང། རྒྱ་རི་མཆོག་རྣམ་གཉིས་ཀྱང་། གཅིག་ལས་གཅིག་ལྷག་པ་སྲིད་སྐྱོང་དུ་འོས་པོ་འདུག་ཀྱང་། ད་ལན་སྤེན་ཚེ་ལགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་བྱུང་།
    དངོས་གནས་བྱས་ན། འདིར་འབྲོང་ཆུང་ལགས་ལ་བསྟོད་དགོས་ཀྱང་། སྤེན་ཚེ་ལགས་ལ་བསྟོད་ཐལ་ཤོར་སོང་བས་། དུར་བྱང་ལགས་ལ། དགོངས་དག་ཞུའོ།།

  3. སྲིན་པོ་རྫ་རྒན says:
    2020-09-28 at 3:17 pm

    ་་་་་་་་་་་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་གཙོས་ཁམས་ཡུལ་གྱི་མཁས་པ་དང་ཆབ་སྲིད་བཙོན་མ། རྩོམ་པ་པོ་དང་མི་དམངས་དཀྱུས་མ་མང་བོ་ཞིག་གིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་ཁ་ཞེ་གཉིས་མེད་ཀྱི་ཕྱག་ལས་དང་མི་གཤིས་ལ་སེམས་གཏིང་ནས་ཡིད་སྨོན་ཤོར་བའི་གསུང་བཤད་དང་བྲིས་རྩོམ་ཁག་མཇལ་ཀློག་གནང་ཐུབ་ན་དགེ་བ་མེད་ན་ཉེས་པ་འབྱུང་མི་སྲིད།་་་་་་་་་་་་་་

    ཁམས་ཡུལ་གྱི་མཁས་པ་དང་ཆབ་བཙོན། རྩོམ་པ་པོ་ཚོས་སྐུ་ངོ་འབྲོང་ཆུང་ལ་དེ་འདྲའི་མང་པོ་ཞིག་ཡོད་པ་ཡིན་ན། ང་ཚོས་དེ་ཚོ་ཁྱབ་སྤེལ་བྱེད་པའང་གལ་ཆེན་པོ་རེད་འདུག རྩོམ་པ་པོ་ཁྱེད་རང་རྣམ་པས་དེ་ཚོ་གང་མང་སྤེལ་རོགས།

  4. མཐུ་སྟོབས། says:
    2020-09-28 at 6:30 pm

    དུང་ཕྲུག་འོ་མས་གསོས་པ་དེ། །
    དགྲ་ཆུ་སྲིན་སླེབས་དུས་གཏོང་རྒྱུ་ཡིན་ཟེར་བའི་
    དཔེ་ལྟར་ཨོ་གླིང་ཆབ་སྲིད་བཙོན་ཟུར་རྫུན་མ་ཚོས་
    དེང་སྐབས་འབྲོང་ཆུང་ལགས་སུ་དྲི་་ལན་གསོ་བའི་གོ་སྐབས་ཅུང་ཞིག་རྙེད་དེ་འབྲོང་ཆུང་ལེགས་པའི་ལེགས་རབ་དྲིལ་སྒྲོག་ཤུགས་ཆེ་བྱེད་བཞིན་འདུག   ཁྱེད་ཚོ་ཨོ་གླིང་དུ་བཏང་བ་ཁོང་བཀའ་དྲིན་ཆེན་པོ་ཡིན་ནའང་བོད་ཀྱི་སྲིད་སྐྱོང་དེ་ལས་གལ་ཆེ་བས་བསམ་བློ་ངེས་པར་གཏོང་དགོས་པ་ཡིན།   ཨོ་གླིང་གི་གྲྭ་ལོག་དང་།   ཨ་ལོག་ཚོ་བསམ་བློ་གཏི་ཐུག་གཏོང་མི་ཉན།   །

  5. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-28 at 9:01 pm

    ཧཧ ཕྱོགས་གཏོགས་དང་འགོ་འདྲེན་ལ་སྐྱབས་བཅོལ་ནས་མི་མང་གི་འོས་ཤོག་ལ་རེ་བ་བཅོལ་མཁན་ཡོད་ན་རེ་སྟོང་དུ་ལྷག་རྒྱུ་ལས་གཞན་ཅང་མ་མཐོང། སྲིད་སྤྱིའི་འོས་ཤོག་དེ་རྣམ་སྤྱོད་ལྡན་པའི་ཕྱོགས་ལྷུང་མེད་པའི་ཞི་བའི་མི་མང་གི་ལག་ཏུ་ཡོད་པ་ལས་དྲ་སྟེང་དུ་ཕྱོགས་གཏོགས་འགན་ཁུར་ཚོའི་ལག་ཏུ་ནམ་ཡང་མེད་པ་ནི་མང་གཙོ་དང་དམངས་གཙོའི་ལྟ་གྲུབ་ནས་ཤེས་ཐུབ་པའོ།

  6. དུར་བྱང་། says:
    2020-09-28 at 11:30 pm

    གོང་དུ་མཆན་བུ་འདེབས་མཁན་ཐུན་མོང་ལ། རང་རང་གིས་འོས་མི་ལ་རྒྱབ་སྐྱོར་བྱེད་ལོས་ཆོག རྩོམ་ཡིག་འབྲི་ལོས་ཆོག འོན་ཀྱང་རྩོམ་ཡིག་བྲིས་ནས་རང་ཉིད་ཀྱི་འོས་མི་ལ་རྒྱབ་སྐྱོར་བྱེད་པ་ནི་ཤིན་ཏུ་འོས། ངས་རྩོམ་ཡིག་བྲིས་པ་གང་དུ་སྲིད་སྐྱོང་འོས་མི་གཞན་སུ་ལ་ཡང་གླེང་སློང་བྱས་མེད། དེ་ནི་རྒྱབ་སྐྱོར་ཞུ་ཡུལ་གྱི་དགོངས་གཞི་བརྩི་སྲུང་བྱས་པ་ཡིན། བོད་མི་རིགས་ཀྱི་ལས་དབང་ལ་འགན་ཁུར་བའི་ཁུལ་ཡིན་ལགས། རྩོམ་ཡིག་བཀླགས་རྗེས་དོན་ལྡན་གྱི་ལྟ་ཚུལ་ག་རེ་ཡོད་ན་གསུང་རྐྱང་གནོངས་དང་། ང་ཚོས་ལྟ་ཚུལ་བརྗེ་རེས་བྱ་ཆོག་ཨང་།

  7. བསམ་ཤེས། says:
    2020-09-29 at 12:55 am

    ངོ་མ་དབུས་གཙང་གི་མི་རྣམས་གཟུངས་ཤོར་ནས།་བོད་མདོ་དབུས་ཁམས་གསུམ་འགྱེལ་པ་རེད། སྔོན་མ་དབུས་གཙང་གི་མི་ཚོས་བོད་ཆེན་པོ་དེ་བསྐྲུན་པ་རེད། རྒྱལ་པོ་ཚང་མ་དབུས་གཙང་གི་མི་རེད། རྗེ་ཙོང་ཁ་པ་ཕུད། ཆོས་ལུགས་སྲོལ་གཏོད་མཁན་ཚང་མ་དབུས་གཙང་གི་མི་རེད། ལོ་ཙ་བ་ཚང་མ་དབུས་གཙང་གི་མི་རེད། རྒྱ་དང་ཧོར། སྟག་གཟིགས་ལ་དམག་འདྲེན་མཁན་ཚང་མ་དབུས་གཙང་གི་ཕོ་རྒོད་ཚོ་རེད།

    ད་ལྟ་ཁམས་པའི་བླ་མ་ཁ་ཕོ་ཆེ་རྣམས་ཀྱི་མགོ་ལ་སྒོམ་བཞིན་པའི་རྟོགས་ལྡན་གྲུབ་ཐོབ་ཚང་མ་དབུས་གཙང་གི་མི་རེད། ཨ་མདོའི་མཁས་པ་མི་རེའི་མགོ་ལ་དབུས་གཙང་གི་མཁས་པ་དང་བླ་མ་རེད་སྒོམ་བཞིན་ཡོད་པ་དངོས་ཡོད་རེད། དབུས་གཙང་གི་བླ་མ་དེ་དག་མེད་ན་གསང་སྔགས་ཀྱི་རྒྱུད་པ་གང་ནས་ཡོང་། མར་པ་མེད་ན་བཀའ་བརྒྱུད་གང་ནས་ཡོང་། མཁའ་འགྲོ་ཡེ་མཚོ་དང་ཀློང་ཆེན་རབ་འབྱམས་མེད་ན་རྙིང་མ་གང་ནས་ཡོང་། ས་སྐྱ་ཀུན་དགའ་སྙིང་པོ་མེད་ན་ལམ་འབྲས་གང་ནས་ཡོང་།

    ད་ཆ་དབུས་གཙང་གི་མི་རྣམས་ཉམས་ཙང་གཞན་རྣམས་སྔར་ལས་ཇེ་སྡུག་ཏུ་སོང་ནས། ནང་ཕན་ཚུན་གསོད་རེས་དང་རྒྱག་རེས། རྩ་དོན་ལས་འགལ་བའི་ལས་ཀ་ཤ་སྟག་བསྒྲུབས་ནས་ཚེ་འབུད་བཞིན་པ་དེ་ངོ་མ་སྐྱོ་སོང་།

    ངས་བལྟས་ནས་ད་རེས་དབུས་གཙང་གི་ཕོ་རྒོད་གཅིག་ལ་གོ་སྐབས་སྤྲད་ནས་ང་ཚོ་བོད་ཆེན་པོའི་རྒྱུད་པ་རྣམས་སླར་གསོ་བྱེད་དགོས། ང་ཚོས་བཀུར་འོས་ཁམས་པ་བློ་བཟང་སེང་གེ། དེ་བཞིན་བཀུར་འོས་ཨ་མདོ་སྤེན་པ་ཚེ་རིང་། དེ་བཞིན་བཀུར་འོས་ཨ་ཚོགས་ཀླུ་མཁར་བྱམས། ད་དུང་བཀུར་འོས་ཉེ་འཆར་ནེའུ་ཡོག་གི་སྤྱི་བདེ་མི་སྣ་ཁམས་ཆབ་མདོ་ནས་ཡིན་པ་ངག་དབང་ག་གེ་མོ་ལ་གོ་སྐབས་སྤྲད་ཟིན། ཕན་པ་ལས་གནོད་པ་ཆེ་བ་བྱུང་སོང་།

    ད་རེས་དབུས་གཙང་གི་མི་བུ་ཞིག་ལ་གོ་སྐབས་སྤྲོད་དང་། གཅིག་བྱས་ན་ཁྱད་མཚར་ཡོང་།

    ཁམས་པའི་ནང་ནས་སྤྱི་དོན་ཕུགས་སུ་འཛིན་མཁན་ཟམ་གདོང་རིན་པོ་ཆེ་བྱུང་སོང་། ཨ་མདོའི་ནང་ནས་སྤྱི་དོན་ལྕི་བོར་འཁུར་མཁན་རྔ་བ་ཚེ་རྒྱམ་བྱུང་སོང་།
    ཆོས་ལུགས་ཁག་གི་བླ་མའི་ནང་ནས་སྤྱི་དོན་ལྕི་བོར་འཁུར་མཁན་རྒྱལ་བ་ཀརྨ་པ་དང་ས་སྐྱ་གོང་མ་རིན་པོ་ཆེ་བྱུང་སོང་། གོང་གི་མི་རྣམས་སྲིད་སྐྱོང་ལ་འོས་ཀྱང་གནང་སྲིད་ཀྱི་མ་རེད། ད་གཞན་པ་མི་འདུག

    བཀུར་འོས་སྤྱི་ཟུར་སྤེན་པ་ཚེ་རིང་ལགས་ལས་ཀའི་ཉམས་མྱོང་ལེགས་ཀྱང་ཁོང་གི་ཨ་རག་ཚད་མེད་མཆོད་རྒྱུར་ལངས་ཤོར་སྟབས། སྲིད་སྐྱོང་ལ་ཕེབས་ན། ར་གཟི་ནས་བོད་མི་ཚང་མའི་ཞབས་འདྲེན་ཞུ་བར་བྱེད། ཨ་མདོའི་ཞབས་འདྲེན་ཞུ་བར་བྱེད། ཁོང་གི་ར་གཟིའི་ཞབས་འདྲེན་དེ་ཝ་ཤིང་ཊོན་ལ་ཞུས་ནས། ཨེ་ཤ་ཡའི་རླུང་འཕྲིན་གྱི་འགོ་པ་སྐལ་ལྡན་བློ་གྲོས་དང་བོད་ཀྱི་ལས་འགུལ་ཚོགས་པའི་བུ་ཆུང་ཚེ་རིང་ལགས་ཀྱིས་བཀའ་ཤག་ལ་སྙན་སེང་ཞུས། དྲ་བཤུས་སྐུ་སྒེར་དང་ལས་ཁུངས་ཆེ་ཁག་ལ་བཏང་པ་བཀླགས་ཡོད་ཤག

    ཨ་མདོ་བ་རྣམས་རང་གཅེས་རང་འགུལ་བྱས་ནས། གལ་ཏེ་ངོ་མ་ཨ་མདོ་བ་ཞིག་དགོས་ན། གཏན་གཏན་མི་གཞན་པ་ཡོད་སྲིད། ངས་བལྟས་ན། སྟག་ལྷ་བསྟན་འཛིན་དང་། ཚེ་རྒྱམ། དེ་བཞིན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་སོགས་ཡོད། ཁམས་པ་ལ་མཚོན་ན། འཆར་འགོད་ལས་ཁུངས་ཀྱི་དཀོན་མ༷ཆོག་བརྩོན་འགྲུས། ད་ལྟ་བཞེངས་བཞིན་པའི་དབུ་དཀར་སྐལ་རྡོར་ལགས་སོགས་འདུག འོནཀྱང་སྐལ་རྡོར་ནི་བློ་སེང་གི་ལག་གཡས་པ་ཡིན་པས། ཨ་མདོ་བ་དང་དབུས་གཙང་ཚོས་ཁོང་ལ་བློ་སེང་གཉིས་པ་ཞིག་གི་གོ་སྐབས་སྤྲོད་མི་སྲིད་པས། རེ་བ་མེད།

  8. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-29 at 7:47 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་ནས་ང་ཚོའི་སྲིད་སྐྱོང་འདེམས་དགོས་པ་ལས་ཆོལ་ཁ་དང་ལུང་ཚན་ལ་འགན་ཁུར་ནས་སྲིད་སྐྱོང་བསྐོ་དགོས་ན་དང་པོ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་དགོས་པ་མ་རེད་དམ?

  9. ཙམ་ཁུག་ཚེེ་རིང་། says:
    2020-10-05 at 5:29 am

    འབྲོང་ཆུང་ལགས་ཡག་པོ་འདུག སྤེན་ཚེ་ལགས་ལའང་སྔོན་མ་ནས་འོས་ཤོག་སྤྲད་དགོས་ཟེར་མཁན་དང་སྤྲད་ཀྱི་ཡིན་ཟེར་མཁན་ཚོས་སྤྲད་པ་རེད། མ་ཐོབ་ན་བྱེད་ཡ་ཡོད་མ་རེད་སྔོན་མ་སྤེན་ཚེ་ད་ལྟའང་སྤེན་ཚེ་རྒྱུ་མཚན་ལ་ལས་འབྲས་ཁུར་ཡོང་ན་དམངས་གཙོ་བརྒྱབ་སྐྱུར་གྱི་ཤོག་ཁག་བསྒྲིག་ཐབས་རང་རེད།
    མོས་མཐུན་མེད།
    འབྲོང་རྒྱལ་ལོ།

  10. ཀརྡོ་རབ་འབྱམས་པ་ says:
    2020-10-06 at 1:00 am

    སྤེན་ཚེ་རྒྱལ་ལོ།
    འབྲོང་ཆུང་རྒྱལ་ལོ།
    རྒྱ་རི་རྒྱལ་ལོ།
    དེ་ནས་འོས་མི་ཆང་ངེ་ཆོང་ངེ་རྒྱལ་ལོ།
    རྒྱ་གུང་བྲན་ཕམ་པར་ཤོག
    མཐའ་མ་བོད་རྒྱལ་བར་ཤོག །
    ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།། །།

  11. ནོརབུ་ཚེ་རིང་ཆོས་རྫོང། says:
    2020-10-07 at 2:54 pm

    དུས་ལ་འཚམ་པའི་སྲིད་སྐྱོང་འོས་ཤོས་སྐོུ་འབྲོང་ཆུང་རེད་ཤག། སྐོུ་མཆོག་གི་ལྷག་བསམ། ཉམས་མྱོང། དྲང་ཚུགས། བོད་རྒྱ་འབྲེལ་མོལ་ཉམས་མྱོང། རྒྱ་གར་གཞུང་དང་འབྲེལ་བ།
    སྐད་རིགས་ལ་ཕྱུག་པ། ལྷག་པར་དུ་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པ་དང་མགོན་པོ་གང་ཉིད་ཀྱི་མཚན་བསྙན་སྲུང་སྐྱོབ་ལ་ཕྱོགས་སུ་བསྒྱུར་བ་ཁོང་རེད།

  12. ཀརྡོ་རབ་འབྱམས་པ་ says:
    2020-10-27 at 1:00 am

    Kusho Bhagdro
    October 17 at 11:22 PM ·
    མི་ཚེ་བོད་རྒྱལ་ཁབ་ལ་ཕུལ་བའི་རླབས་ཆེན་གྱི་དཔའ་བོ་བོད་ཀྱི་སྲིད་བློན་ཀླུ་ཁང་ཚེ་དབང་རབ་བརྟན་མཆོག་ལ་རྗེས་དྲན་ཞུ།

    གུས་པའི་དེབ་ཕྲེང་བཅུ་བཞི་པ་འདི་བོད་རྒྱལ་ཁབ་ཀྱི་རླབས་ཆེན་སྲིད་བློན་བོད་རང་བཙན་གི་ཡབ་ཆེན་ཀླུ་ཁང་བ་ཚེ་དབང་རབ་བརྟན་མཆོག་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་བྱེད་ཐུབ་པར་སྤོབས་བ་སྐྱེད་བཞིན་ཡོད།

    བོད་ཀྱི་སྲིད་བློན་དང་དཔའ་བོ་ཀླུ་ཁང་པ་ཚེ་དབང་རབ་བརྟན་མཆོག་གིས་ཁྱིམ་ཚང་འབྱུང་ཁུངས་ནི་༧རྒྱ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐབས་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ཞབས་འབྲིང་པའི་མི་བརྒྱུད་ཡིན་པ་དང་། སྲིད་བློན་ཀླུ་ཁང་པ་ཚེ་དབང་རབ་བརྟན་མཆོ་དགུང་ལོ་13 ནས་རྩིས་ཁང་ལས་ཁུངས་སུ་ཕྱག་ལས་ལོ་2 གནང་།
    1913 ལོར་མདོ་སྤྱི་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱི་བཀའ་དྲུང་དུ་བསྐོ་བཞག་གནང་། དེའི་སྐབས་ཁྱུང་པོ་དཀར་ནག་སེར་གསུམ་དང་། དཔའ་ཤོད་ཁུལ་དུ་ཡོད་པའི་རྒྱ་དམག་རྣམས་མཐའ་སྐྲོད་བཏང་།
    1938 ལོར་རྩིས་དཔོན་ལས་ཚབ་ཏུ་བསྐོ་བཞག་བྱས།
    1940 ཕྱི་ཟླ་ 1 ཚེས་ 14 ཉིན་༧ རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གསེར་ཁྲི་མངའ་གསོལ་ཉིན་རྩིས་དཔོན་ངོ་མའི་གསར་མཇལ་ཞུས་གནང་མཛད།
    1949 ལོར་རྒྱ་དམར་བཙན་འཛུལ་བས་བོད་ལ་བཙན་འཛུལ་གྱི་ཛ་དྲག་དུས་སྐབས་སུ་༧གོང་ས་མཆོག་ནས་རྩིས་དཔོན་ཀླུ་ཁང་པ་དང་བླ་མ་བློ་བཟང་བཀྲ་ཤིས་གཉི་ཐུགས་རེ་ཆེན་པོས་སྲིད་བློན་ཏུ་བསྐོ་བཞག་བསྩལ།
    1951 ལོར་རྒྱ་གཞུང་གི་སྐུ་ཚབ་ཀྲང་ཅི་ཝུའུ་དང་། ཕན་སི་ལིང་། ཝང་ཆི་མིན། ཀྲང་གོ་ཧ། ཐན་ཀོན་སན་བཅས་ཀྱི་མདུན་དུ་བཙན་ཤེད་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་ཅེས་སྐྱོན་བརྗོད་གནང་། སྐབས་དེར་རྒྱ་དམར་གྱི་མགོ་གཙོས་བོད་དམག་རྣམས་རྒྱ་དམག་ལ་སྒྱུར་རྒྱུ་དང་། བོད་ཀྱི་རྒྱ་དར་ཕབ་ནས་རྒྱ་མིའི་རྒྱལ་དར་སྒྲེང་རྒྱུ་ཡིན་སྐོར་ཤོད་སྐབས། སྲིད་བློན་ཀླུ་ཁང་བ་མཆོག་ཁོང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས། ཅོག་ཙེའི་ཐོག་མུར་མཛོག་བཞུས་ཏེ་དེ་ནི་ནམ་ཡང་ཁས་ལེན་བྱེད་ཐབས་མེད་ཅེས་བཤད་པ་རེད།
    ཁྱོད་ཚོས་ལན་བརྒྱ་ཐམ་པ་བཙུག་ན། བོད་མིས་ལན་བརྒྱ་ཐམ་པ་ཕབ་ཀྱི་རེད། ཅེ་གསུངས། ད་དུང་ཁོང་གིས་ཁྱོད་ཚོ་ཡོང་ཡས་ཕྱི་དྲགས་སོང་། ང་རྒས་ཡས་སྔ་དྲགས་སོང་། ཅེས་གསུངས། བོད་སྲིད་བློན་ཀླུ་ཁང་བ་ཚེ་ཚེ་དབང་རབ་བརྟན་མཆོག་བཙན་བྱོལ་ལ་ཕེབས་བྱེད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སློབ་སྟོན་གནང་ནས་བཞུགས་ཐར་སྲིད་བློན་མཆོག་ཡིད་སྐྱོ་བའི་ངང་སྐུ་ཚེའི་འཕེན་རྫོགས།
    མདོར་བསྡུས་ན། ཁོང་ནི་༧རྒྱལ་བའི་དགོངས་པ་བཞིན་བོད་དང་བོད་མིའི་རེ་བ་ཆུད་ཟོས་སུ་གཏོང་མཁན་ཞིག་མིན་པར། རླབས་ཆེན་གྱི་མཛད་རྗེས་བཞག་ཡོད། ལྷག་པར་དུ་སྲིད་བློན་མཆོག་ནི་རྒྱལ་མཆོག་སྐུ་ཕྲེང་13དང་14རྣམས་གཉིས་ལ་དབུ་འོག་དཔུང་འདེག་ཞུ་མཁན་སྲིད་བཞུ་གཡོ་ལྷད་མེད་པ་གཅིག་ཡིན་པའི།
    དཔལ་ལྡན་སྲིད་སྐྱོང་ནས། སྤྱི་འཐུས་དང་། གཞུང་ཞབས་རྣམ་པས་བཙན་བྱོལ་བོད་མི་ཡོངས་གིས་ཁོང་གི་མཛད་བཟང་ལ་སློབ་སྦྱོང་གནང་དགོས།
    དེ་ལྟར་མིན་པར། མཁས་དབང་མིན་པར་མཁས་དབང་དང་། དཔའ་བོ་མིན་པར་དཔའ་བོ། བཙོན་པ་མིན་པར་བཙོན་པ་ཞེས་པ་མིན་པར། མི་སྣ་ངོ་མ་འདིར་ངོ་སྤྲོད་བྱས་ཡོད།
    ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme