Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆང་རག་གི་ཉེས་དམིགས་སྐོར་གླེང་བ།

Posted on 2013-11-262013-11-26 By ཁ་བརྡ་ 7 Comments on ཆང་རག་གི་ཉེས་དམིགས་སྐོར་གླེང་བ།

ཆབ་མདོ་ངག་ཕུན།

དཀོན་མཆོག་རིན་ཆེན་རྣམ་པ་གསུམ།།
མི་འབྲལ་སྤྱི་བོའི་གཙུག་ཏུ་བཞུགས།།
བདག་བློའི་རྨོངས་པ་ཡོངས་བསལ་ནས།།
ཤེས་རབ་སྒྲོན་མེ་གསལ་བར་ཤོག །
བདག་གིས་ལག་གཉིས་སྙིང་ཁར་སྦྱར།།
ཕན་ཐོགས་མེད་པའི་ཆང་རག་དེ།།
སྐལ་ལྡན་བུ་སློབ་ཐམས་ཅད་ཀྱིས།།
སྤང་བླང་འཛོལ་མེད་གནང་བར་མཛོད།།
བདག་ལ་ཤེས་ཡོན་དམན་ན་ཡང་།།
དུག་ཆང་ངན་གོམས་ཐེབས་པ་ལ།།
ཕན་ཐོགས་ཕྲན་བུ་ཡོང་བསམ་ནས།།
ངལ་བ་ལྷོད་མེད་འདི་ཉིད་བྲིས།།

སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཆང་རག་སྐོར་ལ་ལམ་སྟོན་གནང་བ་རྣམས་ལུང་འདྲེན་གྱིས་བཀོད་པར་བྱའོ། །དེ་ཡང་ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་རབས་འདིར་རང་རེའི་སྐྱེ་བོ་མིག་བློ་ལྡན་པ་འགའ་ཤས་ཤིག་ལ་ཕན་ཐོགས་འདྲ་བྱུང་ན་བསམ་ནས་བསྒྲིགས་པ་ཞིག་ཡིན་ན་དེ་དོན་ཀུན་ལ་ཕན་ཐོགས་ཡོང་བའི་རེ་བ་བཅས།
དེ་ཡང་ཉག་བླ་མ་པདྨ་བདུད་འདུལ་གྱིས་གདམས་པ་ལས། “ཆང་ནི་ཉེས་པ་ཐམས་ཅད། ཀུན་གཞི་ཡིན་པ་སྟོན་པས།། ཡང་ཡང་གསུང་བ་ཡིན་ནོ།། བག་མེད་ལོངས་སྤྱོད་པ།། གདམགས་ངག་རླུང་ལ་སྐུར་བ།། རྙེད་དཀའི་དལ་འབྱོར་མི་ལུས།། ཉོས་རྒྱས་མི་དགེ་སྤྱོད་པ། དགེ་བའི་དཔུང་ཚོགས་འཇོམས་པ།། སྒོམ་སྒྲུབ་དགེ་སྦྱོར་གཡེང་ཤོར།། འཆི་བ་གཏན་ནས་མི་དྲན།། འཁོར་བའི་ཉེས་དམིགས་མི་རྟོགས།། ཆགས་སྐྱིད་འདོ་བདེ་སྣང་ཤར།། ལས་འབྲས་ཁྱད་དུ་བསད་པ།།” ཞེས་དང་། ཡང་ཨོ་རྒྱན་རིན་པོ་ཆེས་གསུང་ལས། “ཆང་འཐུང་འདོད་ཆགས་ཞེ་སྡང་།། ལ་སོགས་ཉོན་མོངས་ཀུན་སློངས།། ཞེས་པ་གསུངས་པ་ཡིན་ནོ།།” སྔོན་དུས་དགེ་སློང་ཁྲིམས་ལྡན་ཞིག་ལ་བུད་མེད་ཆང་འཁྱེར་ཞིག་གིས་ར་ཞིག་ཁྲིད་ནས་འོང་སྟེ། ཁྱེད་ཀྱི་ར་འདི་སོད་དམ་ཡང་ན་ཆང་མི་འཐུང་ངམ། ཡང་ན་མོ་ལ་ཆགས་སྤྱོད་བྱེད་དམ་ཞེས་ལ་སོགས་བརྗོད་པས། དགེ་སློང་དེས་གང་ཡང་བྱེད་མི་ཆོག་སྨྲས་པས། བུད་མེད་དེས་གཅིག་ནི་ངེས་པར་བྱེད་དགོས་ཞེས་སྨྲས་པས། དེ་ནས་དགེ་སློང་བསམ་པར་ཆང་འདི་འཐུང་ན་ཉེས་ཆུང་སྙམ་ནས་ཆང་དེ་འཐུང་བས། ཆང་གིས་བཟི་ནས་འདོད་ཆགས་ལངས་པ་དང་། ར་དེ་བསད་སྡོམ་པ་ཡང་ཤོར་བར་སོགས་ཀྱིས་ཉེས་དམིགས་ཤིན་ཏུ་མང་པོ་ཡོད་པར་གསུངས།

ཡང་མདོ་དྲན་པའི་ཉེར་གཞག་ལས། “ཆང་ལ་བརྟེན་པའི་མི་དག་ནི།། ཆོས་རྣམས་ཀུན་གྱི་སྟ་རེ་ཡིན།། ངོ་ཚ་མེད་པར་བྱེད་མི་མཆོག།།སྤོང་བ་དག་ཏུ་ཉེར་བར་བསྟན།། བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང་།། འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད།། ཐར་པའི་ཆོས་ལ་མེ་ལྟར་འབར།། བསྲེག་བྱེད་ཉིད་ནི་ཆང་ཡིན་ནོ།།” ཞེས་དང་ཡང་དེ་ཉིད་ལས། “ཆང་འཐུང་པ་ལ་རྟག་ཏུ་ནི། ཉེས་དམིགས་སུམ་ཅུ་རྩ་གཉིས་ཡོད།། དེ་ཡིས་ཆང་ནི་རྟག་ཏུ་སྤོང་།།” ཞེས་དང་། ཡང་དེ་ཉིད་ལས། “ཆང་གིས་གཡེངས་པའི་མི་དག་ནི།། གསོན་དང་ཤི་བ་དག་དང་མཚུངས།། གང་ཞིག་རྟག་ཏུ་བསོད་འདོད་པས།། ཆང་ནི་རྟག་ཏུ་རྣམས་པར་སྤོངས།” ཞེས་དང་། ཡང་སེང་གེས་ཞུ་བ་ལས། “ཆང་བྱིན་ན་སྐྱེ་བ་ལྔ་བརྒྱ་ལག་སྡུམ་དུ་སྐྱེས་འོ་”ཞེས་དང་། ཡང་དྲང་སྲོང་རྒྱས་པ་ཞུས་ལས། “བསད་ཤ་སྟེར་བ་རྣམས་མ་དག་པའི་སྦྱིན་པར་གསུངས་པའི་ཕྱིར་རོ་”ཞེས། ཡང་མདོ་རྒྱས་པའི་ཉེར་གཞག་ལས། “མི་གང་དག་ནི་ཆང་སྤང་བ།། ཆོས་ཀྱི་ངང་ཚུལ་མཉམ་པར་གཞག། །གང་ན་འཆི་བ་མེད་པ་ཡིན།། གནས་མཆོག་དག་ཏུ་དེ་འགྲོ་འོ།།” ཞེས་དང་། ཡང་སྦྱོང་རྒྱུད་ལས། “ཆང་ནི་བཏུང་བར་མི་བྱ་ཞིང་།། ཤ་ལ་སོགས་པ་བཟའ་མི་བྱ།། སེམས་ཅན་འདོད་པའི་སྦྱོར་བ་ནི།། ནམ་ཡང་བྱ་བ་མ་ཡིན་ནོ།།” ཞེས་དང་། ཡང་དཀྱིལ་འཁོར་ཆེན་པོའི་རྒྱུད་ལས། “མྱོས་པར་འགྱུར་བའི་ལྟུང་བ་རྣམས།། སྦྱིན་པར་མི་བྱ་སྦྱིན་མི་གཞུག། །ཆང་ནི་ཉེས་པ་ཐམས་ཅད་ཀྱི།། རྩ་བ་ཡིན་པར་རྣམ་པར་བཤད།།” ཞེས་དང་།
ཡང་དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། “ཚེ་འདིར་འབྲུ་ཆང་འཐུང་ཞིང་མྱོས་པ་ནི། ཟངས་ཞུ་འཐུང་བའི་དམྱལ་བར་ལྷུང་ངོ་གསུངས་སོ།” ཞེས་དང་། ཡང་དག་བ་ཅན་གྱི་མདོ་ལས་ཀྱང་། “ཆང་འཐུང་བ་ལ་མངོན་པར་དགའ་བའི་མི་བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། ཇི་ལྟར་ཧཱ་ལའི་དུག་བཞིན་དེ་མི་འཐུང་།” ཞེས་དང་། ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། “ཆོས་དང་འཇིག་རྟེན་གཉིས་ཀྱི་དོན་ཆེན་སྒྲུབ་དགོས་པ་རྣམས་ཆང་འདི་འཐུང་བས་མི་འཆོར་”ཞེས་དང་། འགྲོམ་སྟོན་པས་ཀྱང་། “མི་ཚེ་ཡུན་རིང་ཐུང་ནམ་འཆི་ཆ་མེད་ལ་ཆོས་ཤིག་བྱ་སྙམ་པས་ཀྱང་ཆང་འཐུང་ན་རྣམ་གཡེངས་བྱས། ཉིན་མཚན་གར་ཤོར་མི་ཤེས། མི་ཚེ་ཡོད་མ་ཡུད་ལ་འཆོར། ཚེ་ཕྱི་མར་ལག་སྟོང་དུ་འགྲོ་དགོས། ཆང་འཐུང་ན་ཚེ་དིར་ཡང་དོན་ཆེན་སྒྲུབ་དགོས་པ་ཀུན་འཆོར་བ་ཙམ་དུ་མ་ཟད། ཐ་མ་རང་གི་སྲོག་གཅོད་དུ་འགྱུར། ཆང་འཐུང་མགོ་གོས་ཀྱིས་བཏུམས་ནས་ཤི་བ་དང་གྲང་ནས་ཤི་བའམ། གཡང་སར་ལྷུང་བ། རྟ་ཡིས་དྲུད་ནས་བསད་པ། དགྲ་ལག་ཏུ་ཤོར་བ་སོགས་ཆང་འཐུང་ལ་ཆགས་ཏེ་ཆེན་པོ་ཡོང་”ཞེས་དང་། མདོ་དྲན་པའི་ཉེ་གཞག་ལས། “ཆུང་འཐུང་ན་ཚ་དམྱལ་དུ་སྐྱེས་ནས་འཚོད་པ་དང་། ཆུ་བོ་རབ་མེད་ཀྱི་ནང་དུ་སྐྱུར་བ་དང་། དམྱལ་སྲུང་རྣམས་ཀྱིས་ཉ་བཏོན་ཏེ་ལྕགས་བསྲེགས་ལ་བསྡེབས་པ་ལྟར་བྱེད།” ཅེས་དང་།

ཡང་ཨུ་རྒྱན་རིན་པོ་ཆེའི་གསུང་ལས། “སྔགས་པ་ཕུང་བྱེད་རྒྱུ་ནི་ཆང་ནག་ཡིན༔ ཆང་ལ་འདོད་ཞེན་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་ཉོན་མོངས་མ་ལུས༔ སློང་བའི་རྒྱུ་ཀུན་འདི་ལ་ཚང་བ་ཡིན༔” ཞེས་དང་། བརྟག་གཉིས་ཀྱི་རྒྱུད་ལས། “སུ་ཞིག་ཆང་གིས་མྱོས་གྱུར་པ།། དེ་ལ་གེགས་ནི་མང་པོ་འབྱུང་།།” ཞེས་དང་། ཡང་མདོ་པ་ཉེར་གཞག་ལས། “ཆང་གི་ཉེས་དམིགས་རྒྱས་པར་གསུངས་པ་རྣམས་མདོ་བསྡུས་དེ་བཤད་ན། སེམས་ཅན་དམྱལ་བ་ངུ་འབོད་དུ་སྐྱེ་བར་འགྱུར་རོ།” ཞེས་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་ལས། “ཆང་གིས་གཡེང་བའི་མི་དག་ནི།། གསོན་ཡང་ཤི་བ་དག་དང་མཚུངས།། གང་ཞིག་རྟག་ཏུ་གསོན་འདོད་ན།། རྟག་པར་ཆང་ནི་རྣམ་པར་སྤོངས།།” ཞེས་དང་། ཡང་”ཆང་ནི་ཉེས་པ་ཀུན་གྱི་གཞི།། རྟག་པར་དོན་ཀུན་མེད་པར་བྱེད།” ཅེས་དང་། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། “ཆང་གིས་འཇིག་རྟེན་བརྟན་འགྱུར་ཞིང་།། དོན་མལ་ནོར་ཡང་ཟད་པར་འགྱུར།། དེ་བས་ཆང་ནི་རྟག་ཏུ་སྤོངས།།” ཞེས་དང་། དེ་ཡང་ཆང་ནི་བདག་ཅག་གི་སྟོན་པས་རབ་བྱུང་རྣམས་ལ་སྲོག་གི་ཕྱིར་ཡང་འཐུང་མི་ཆོག་པར་མདོ་སྔགས་སོགས་སུ་གསུངས་པ་ཙམ་མ་ཟད། ཁྱིམ་པ་ལའང་ཆང་འཐུང་ན་ཉེས་དམིགས་ཆེན་པོ་ཡོད་པར་གསུངས་ཡོད། དེ་བཞིན་ཀླུ་སྒྲུབ་དང་ཐོགས་མེད་སོགས་འཕགས་བོད་མཁས་པ་རིམ་བྱོན་གྱིས་ཆང་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་གཞི་ཡིན་པར་གསུངས།

དེ་ཡང་ཆང་ཞེས་པ་འདིའི་ཉེས་དམིགས་ཅུང་ཟད་གཅིག་སྤྲོས་ན་ཆང་བྱ་བའི་སྨྱོ་ཆུ་འདི་ནི། “སྔོན་རྒྱལ་མཚོ་བསྲུབས་པ་ལས་ལྷ་མོ་མཛེས་སྡུག་མཐོང་ཚད་ཆགས་པས་མྱོས་ནས་བརྒྱལ་འགྲོ་བ་ཞིག་བྱུང་བ་ཚངས་པའི་དུག་ཟེར་དུག་ཆང་གི་ལྷ་མོ་དེ་མེ་ཏོག་དཀར་པོ་འདབ་མ་ལྔ་པར་གྱུར་པ་ནི་ཆང་རྩི་མེ་ཏོག་ཅེས་ཆན་ལ་བཏབ་ནས་ཆང་དུ་ལངས་པར་བྱེད་པ་འདི་ཡིན། དེ་ལ་ཆང་རྩི་ཟེར་བའི་ཕབས་འདི་འཆོས་པ་ཡིན་པས་ཆང་འཐུང་ན་ཉེས་པ་ཆེན་པོ་ཡོད་པའི་རྒྱུ་མཚན་ཀྱང་འདི་ལ་བརྟེན་ཆགས་པའི་ལྷ་མོས་ངན་སོང་དུ་འཁྱེར་བ་ཡིན་ཏེ།” ཞེས་དང་། ཡང་བཅོམ་ལྡན་འདས་ཀྱི་མདོ་དྲན་པའི་ཉེར་གཞག་ལས། “ཆང་ནི་དུག་གི་མཆོག་ཡིན་ཏེ།། ཆང་འཐུང་བ་ལ་བསྟན་པ་ནི།། དགེ་བའི་ཆོས་རྣམས་ཉམས་པར་འགྱུར།། གང་ཞིག་རྟག་ཏུ་ཆང་བསྟེན་པ།། དེ་ཡི་བློ་ནི་མི་བརྟན་ཞིང་།། བློ་གཡོ་བ་ལ་ཆོས་མེད་དེ།། དེ་ལྟ་བས་ན་ཆང་སྤོངས་ཤིག།།ཉམས་བྱེད་ནང་ན་ཉམས་མཆོག་ནི།། ཆང་ཞེས་མཁས་པ་རྣམས་ཀྱིས་བཤད།། དེ་ལྟ་བས་ན་དུག་ལྟ་བུའི།། ཆང་འཐུང་བ་ནི་རྣམ་པར་སྤོངས།། ཆང་གིས་འདོད་ཆགས་སྐྱེད་བྱེད་ཅིང་།། དེ་བཞིན་ཁྲོ་དང་གཏི་མུག་དག།། ཡང་དང་ཡང་དུ་སྐྱེད་བྱེད་པས།། དེ་ལྟ་བས་ན་ཆང་སྤོངས་ཤིག” །ཞེས་དང་། རྒྱུད་རྡོ་རྗེ་རྩེ་མོ་ལས། “ཕུང་ཁྲོལ་ཀུན་གྱི་རྩ་བ་ནི།། ཆང་ནི་རྣམ་པར་སྤང་བར་བྱ།།” ཞེས་དང་། ཡང་རྗེ་བླ་མས། “ཆང་འཐུང་བ་ཕུང་ཁྲོལ་ཏེ་ཉེས་དམིགས་ཀུན་གྱི་རྩ་བར་གསུངས་པ་ནི་རྣལ་འབྱོར་གྱི་རྒྱུད་ཁོ་ན་མ་ཡིན་གྱི་བླ་མེད་དང་ཐུན་མོང་བ་ཡིན་ཏེ། བླ་མེད་ཀྱི་དཀྱིལ་འཁོར་ཆོག་ཚད་ལྡན་དུ་མར་རྒྱུད་རྡོ་རྗེ་རྩེ་མོ་ནས་འབྱུང་བ་ལྟར་གསུངས་པའི་ཕྱིར་རོ།།

འདུལ་བ་ལུང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ།། སྦྱིན་མཁན་དེ་ཡི་འཁོར་དུ་སྐྱེ།།” ཞེས་དང་། མདོ་ལས། “ཆང་འཐུང་བ་ནི་ཚ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ། དེར་ལྟུང་བའི་སེམས་ཅན་རྣམས་ནི་ལོ་སྟོང་ཕྲག་མང་པོར་འཚོད་པར་འགྱུར་རོ། དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་བརྒྱུགས་པར་བྱེད་དོ།” ཞེས་ལ་སོགས་པ་མདོ་རྒྱུད་ཁག་ཏུ་ཆང་གི་ཉེས་དམིགས་མང་དུ་གསུངས་སོ། ད་ནི་ང་ཚོ་བོད་མི་རིགས་ལྟ་བུ་ཞིག་ལ་མཚོན་ན་ད་ལྟའི་དུས་སྐབས་འདི་ནི་བོད་གཞིས་གཉིས་སུ་འགྱེལ་ནས་ཁྲག་དང་མིག་ཆུ་འོག་ཏུ་འཚོ་བ་རོལ་དགོས་པའི་གནས་སྟངས་ཐབས་སྐྱོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་ནས་ང་ཚོ་ཚང་མས་བློ་རྩེ་བསྒྲིམ་ནས་ལས་དོན་གནང་དགོས་པ་ཞིག་ལས་ཕན་མེད་ཆང་རག་འཐུང་བ་དུས་ཚོད་གཅིག་ག་ལ་ཡིན། ཆང་ནི་ཚེ་འདི་ཕྱི་གཉིས་ཕུང་གིས་ཤེད་མ་ཞིག་ཡིན་ན་དེ་དག་སྤངས་བླངས་ཚུལ་བཞིན་བྱེད་དགོས་ལ། དེང་སྐབས་བོད་གཞིས་བྱེས་གཉིས་སུ་ན་གཞོན་འགའ་ཤས་སེམས་ལ་དཀའ་ངལ་བྱུང་སྐབས་ཆང་རག་འཐུང་བ་སོགས་ཀྱིས་མི་ཚེ་འཕྲོག་ལྷག་འགྲོ་མཁན་ཡོང་གི་ཡོད་པ་རེད། དེ་འདྲ་དཀའ་ངལ་ཕྲད་སྐབས་དཀའ་ངལ་ལ་གདོང་ལེན་གྱི་འགྱེལ་ས་ནས་ལངས་ཐུབ་པར་བྱེད་དགོས་པ་ཞིག་ལས་ཆང་རག་འཐུང་ནས་དལ་འབྱོར་གྱི་མི་ལུས་གསེར་ལས་དཀོན་པ་ཆུད་ཟོས་སུ་བཏང་ན་ཞེ་དྲག་བློ་ཕམ་གྱི་གནས་སྟངས་ཤིག་ཀྱང་རེད་སྙམ།

ཆང་རག་འཐུང་ན་རང་ཉིད་ལ་དངུལ་དངོས་ཕྲན་བུ་ཡོད་པ་དེ་དག་རིམ་གྱིས་རྫོགས་ནས་དཀའ་སྡུག་ནང་ལྷུང་བ་དང་། བཟང་ཚང་བུ་ཕྲུག་དང་ཁ་བྲལ་དུ་ཆགས་པ། ཆང་རག་འཐུང་ན་ཁ་ལག་ཟ་འདོད་མི་སྐྱེ་བས་རྐྱེན་གྱིས་གཟུགས་པོ་སྐྱོ་པོ་ཆགས་ནས་ན་ཚ་འདྲ་མིན་གཟུགས་པོར་ཕོག་ནས་མལ་སར་ལྷུང་ནས་རང་ལ་ན་ཟུག་རྒྱབ་པ་ཙམ་དུ་ནང་མི་དང་བཟའ་ཚང་བུ་ཕྲུག་རྣམས་ལ་དཀའ་ངལ་ལྷག་མོ་སྤྲད་པ། ཆང་འཐུང་ནས་བཟི་ཚེ་མིར་གནོད་གཞི་ཅན་གྱི་སྐད་ཆ་མ་གཏོགས་ཕན་ཐོགས་ཡོད་པའི་སྐད་ཆ་མི་བཤད་པ་སོགས་ཀྱིས་ཆང་རག་འཐུང་ན་མིས་ཆག་འཇོག་དང་ཡིད་ཆེས། རྩིས་མཐོང་སོགས་མི་བྱེད་པ་སོགས་སྤྱི་ཚོགས་ནང་མི་ཐལ་ཤལ་ཞིག་ལ་ངོས་འཛིན་བྱེད་པ་སོགས་ཀྱིས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་ནས་ཕན་མེད་ཆང་རག་དེ་ཉིད་ངེས་པར་བཅད་ན་ཚེ་འདི་ཕྱི་གཉིས་ལ་ཕན་ཐོགས་ཧ་ཅང་ཆེ་བ་ཞིག་ཡོང་རྒྱུ་རེད་ལ། སོ་སོའི་མི་ཚེ་དོན་སྙིང་ལྡན་ཞིག་ཀྱང་ཡོང་གི་རེད་སྙམ། དེར་བརྟེན་ནས་ད་རེས་ཡི་གེ་བཏབ་པ་འདི་ཀུན་ལ་ཕན་ཐོགས་ཤིག་བྱུང་ན་བསམ་ནས་སྐྱེས་ཆེན་གོང་མ་རྣམས་ཀྱི་ལམ་སྟོན་དེ་དག་ལུང་འདྲེན་གྱིས་བཀོད་ཡོད་ན་ཀུན་གྱིས་ཐེངས་ཤིག་གཟིགས་གནང་ཡོང་བ་ཞུ་རྒྱུ་ཡིན།

ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ རེས་གཟའ་སྤེན་པ་ཉིན་མོར་སྤེལ་བ་ཡིན་ནོ།།

སྣ་ཚོགས།

Post navigation

Previous Post: ཁ་པར།
Next Post: ༧ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་བཞུགས།

Comments (7) on “ཆང་རག་གི་ཉེས་དམིགས་སྐོར་གླེང་བ།”

  1. གནམ says:
    2013-11-26 at 6:58 am

    དགེ་འདུན་སྡེ་ལ་གདམས་པའི་ཉེས་དམིགས་འདི།
    དམ་ཁྲིམས་གཙང་མ་དགོས་ན་བདེན་བདེན་འདྲ།
    སྐྱ་མིས་སྐྱིད་ཀྱི་འཇིག་རྟེན་འཁོར་བ་ནས།།
    འཐུང་ཚོད་འཛིན་བཞིན་བདུད་རྩི་ཡུན་གྱིས་མཆོད།

    བདུད་རྩི་རག་གིས་བཏེགས་པའི་རྣམ་ཤེས་འདི།
    བརྩེ་དུང་རོ་ཉམས་མྱོང་བའི་དང་འདྲེན་ཡིན།
    སྙིང་གཏམ་རྒྱ་མཚོའི་རགས་སྒོ་གཏོར་སྤྱད་ཡིན།
    ཡུན་གྱིས་འཐུང་ན་ཡིད་སེམས་སྲེས་སྤྱད་ཡིན།

    ཚོང་བ་དཔོན་པོར་རྫིག་ཉམས་འཇོག་སྤྱད་ཡིན།
    དགྲ་བོ་སྡར་མའི་སྙིང་རྩ་གཅོད་སྤྱད་ཡིན།
    ཁྲིམས་མཐུན་ལུགས་ཡོད་བར་གྱི་ཆང་རྐྱལ་ཚོ།།
    དམྱལ་བ་རྡོ་རྗེ་གདན་ལ་ཡིད་ཆེ་དཀོན།
    ཧ་ཧ་ཧ།

  2. ཀརྡོ་གཉེར་པ་ says:
    2013-11-26 at 7:09 am

    ཆང་འཐུང་པ་ཡིས་དང་པོ་རྒྱུ་དངོས་ཟད་འགོ་བརྩམས། །
    ཆང་འཐུང་པ་ཡིས་བར་དུམི་ཚེའི་རྗེས་ལུས་ཐེབས། །
    ཆང་འཐུང་པ་ཡིས་མཐའ་མར་གཞན་གྱིས་འཕྱ་བར་འགྱུར། །
    ཆང་འཐུང་པ་ཡི་ཐོག་མཐའ་བར་གསུམ་རྣམ་ཐར་ལགས། །

  3. རིག་པའི་བུ says:
    2013-11-26 at 8:07 am

    ཆང་རང་འཐུང་བས་རྒྱུ་དངོས་ཟད་དཀའ་སྟེ།།
    ཆང་གིས་ནུས་བས་ལུས་ཕུང་ལྕགས་ལྟར་བཟོ།།
    ཅི་ཙམ་ལུས་ཕུང་དར་ན་ལས་ཐུབ་པས།།
    ལས་ཀ་བྱེད་ན་སྒོར་མོ་ཅི་ལྟར་རྫོགས།།

    དངུལ་གྱི་རྩ་བ་ལས་ཀྱི་ངལ་རྩོལ་ཡིན།།
    ངལ་རྩོལ་ལས་ཀྱིས་དངུལ་དངོས་ཅི་འདོད་བཟོ།།
    ལས་དངོས་ཅི་འདོད་ཡོད་པའི་ནུབ་གླེང་བས།།
    ཆང་རག་འཐུང་ཡང་སྟོབས་འབྱོར་ཟླ་བཞིན་རྒྱས།།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-11-26 at 9:35 am

    ཆང་ནི་ཀུན་ཏུ་གནོད་པའི་རིགས་ཀྱང་མིན། །

    མྱ་ངན་ནོན་དུས་ཆང་ནི་འཏུང་ན་ཕན། །
    བློ་ཁོག་རྒྱས་ཕྱིར་ཆང་ནི་འཏུང་ན་ཕན། །
    བཟོད་སྒོམ་ཆེད་དུ་ཆང་ནི་བཏུང་ན་ཕན། །
    རན་ཚོད་བཏུང་ན་ལུས་གཟུངས་རྒྱས་ཕྱིར་ཕན། །

    རིག་པའི་བུ་ལ་དུས་སུ་གདམས་པའོ། །

  5. རིག་པའི་བུ says:
    2013-11-26 at 11:09 am

    ཡཡ། ཀརྡོ་ལ་ཐུགས་རྗེ་ཆེ།

  6. བན་དེ་བ། says:
    2013-11-26 at 1:25 pm

    ཆང་འཐུང་འཕྱུག་པོ་མང་པོ་ཨ་རིར་ཡོད།
    ཆང་སྤངས་སྤྲང་པོ་མང་པོ་བོད་ལ་ཡོད།
    ཟ་ཚོད་འཐུང་ཚོད་ཤེས་ན་ཉེས་མི་འགོས།
    དེ་ཕྱིར་བཏང་སྙོམས་གནས་སུ་བཞག་ན་མཛེས།

    ཆང་གིས་ལུས་ལ་དྲོད་སྐྱིད་སྟེར།
    ཆང་གི་སེམས་ལ་སྤོབས་པ་སྟེར།
    ཆང་གིས་ངག་སྒོ་དབྱེ་བར་བྱེད།
    ཆང་གི་ཡོན་ཏན་བསམ་ལས་འདས།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-11-27 at 5:01 am

    དུས་སུ་འཐུང་དང་རན་པར་འཐུང་། །
    བྱུང་ན་འཐུང་བར་མི་བྱ་སྟེ། །
    ཆང་དང་ཉེ་ན་སྐྱོན་དང་ཉེ། །
    ཆང་གི་ཉེས་དམིགས་ཡང་ཡང་སོམས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme