Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་འགྲོ་རྒྱུའི་གྲོས་ཐག་གཅོད་རོགས།

Posted on 2008-10-272008-10-28 By དབང་ཕྱུག་ 38 Comments on ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་འགྲོ་རྒྱུའི་གྲོས་ཐག་གཅོད་རོགས།

ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་འགྲོ་རྒྱུའི་གྲོས་ཐག་གཅོད་རོགས།
བོད་ཀྱི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་དབུ་བཞུགས་དང་ཚོགས་བཅར་བ་ཐུན་མོང་ལ་ཕུལ་བའི་སློབ་བུ་ཞིག་གི་བོད་དོན་སྙན་ཞུ།

བདེ་ཆེན་སྒྲོལ་མ།

ང་ཚོས་མི་ལོ་གཉིས་གསུམ་ཞིག་གི་གོང་ནས་ཉིས་སྟོང་བརྒྱད་ཀྱི་ལོ་འདི་བཤད་ནས་བསྡད། ང་ཚོས་མི་ལོ་གཉིས་གསུམ་ཞིག་གི་སྔུན་ནས་ཉིས་སྟོང་བརྒྱད་ཀྱི་ལོ་འདིར་སྒུག་ནས་བསྡད། ཡིན་ནའང༌། ང་ཚོས་སེམས་གཏིང་ནས་རེ་ཞིང་སྒུག་པའི་ཉིས་སྟོང་བརྒྱད་ལོ་རྒྱ་ནག་ལ་རྒྱལ་ཁ་ཞིག་དང་བོད་རང་ལ་མཚོན་ན་གྱོང་གུད་ཚབས་ཆེན་ཞིག་གིས་འདི་ལྟར་ག་ལེར་མཇུག་གྲུབ་བཞིན་ཡོད།
ང་ཚོས་ཉིས་སྟོང་བརྒྱད་ཀྱི་རྒྱ་ནག་གི་ཨོ་ཕུག་རྩེད་འགྲན་འདི་གོ་སྐབས་ཤིག་ལ་སྒོམ་ནས་ད་ལྟ་བར་དུ་སྒུག་བསྡད་པ་ཡིན། སྐྲ་སེར་བོ་དང་མིག་ལྫང་ཁུ་ཅན་གྱི་ཕྱི་གླིང་གི་སྟོབས་ཤུགས་ཤིག་ལ་སེམས་གཏིང་ནས་སྨོན་བསྡད་པ་ཡིན། ནམ་རྒྱུན་བོད་དོན་ལ་ཤ་ཞེན་ཡོད་མདོག་གི་འཛམ་གླིང་གི་མི་སྣ་ཆེ་ཆེ་གྲགས་གྲགས་མང་པོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཛོམས་ནས་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་གི་ཨོ་ཕུག་རྩེད་འགྲན་དགའ་དགའ་སྤྲོ་སྤྲོའི་ཚུར་བསུས་ལ་མཇུག་ཀྱང་བསྡུས་ཚར་སོང༌། ཡིན་ནའང༌། ང་ཚོའི་རེ་བ་ལ་གྲུབ་འབྲས་གང་ཡང་མ་སོན། ང་ཚོའི་རེ་བ་དངོས་གནས་ཆུ་ནང་དུ་རྡོ་གཡུག་པ་བཞིན་དུ་གྱུར་སོང༌། མཚམས་འདིར་ངའི་སེམས་ལ་འཁོར་ཡོང་བ་ནི་༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་པའི་སེར་བོ་གསེར་དང་མཚུངས་པའི་སྡོམ་ཚིག་ཚན་པ་ཞིག་སྟེ། གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་ས་ནས་རྒྱོབ་ཟེར་བ་འདི་རང་རེད། བློ་ཕམ་པ་ཞིག་ལ། ང་ཚོས་སྐྱབས་བཅོལ་གྱི་མི་ལོ་བཞི་བཅུའི་རིང་སྡུག་ས་ནས་བྱས་པའི་གྲ་སྒྲིག་ཅི་ཞིག་ཡིན་དང་གང་ན་ཡོད་ངས་ཅི་ཡང་མི་ཤེས། ཕལ་ཆེར་བོད་པ་བརྒྱ་ཆའི་ངེས་ཅན་ཞིག་ང་དང་མཚུངས་པར་ངས་མཛུབ་ཐེལ་མནན་ཐུབ།
བོད་རང་བཙན་ནི་ལོ་རྒྱུས་ཀྱི་ཤོག་ངོས་སུ་ཡོད་པའི་བོད་མི་རིགས་ཀྱི་ཐོབ་ཐང་ཡིན་ལ། དབུ་མའི་ལམ་ནི་༧གོང་ས་མཆོག་གིས་གསར་གཏོད་མཛད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལམ་བུ་བོད་རྒྱ་ཕྱོགས་གཉིས་ལ་ཁེ་ཕན་ཆེན་པོ་ལྡན་པ་ཞིག་ཡིན། ཡིན་ནའང༌། རྒྱ་ནག་གིས་ད་ལྟའི་བར་དུ་དབུ་མའི་ལམ་འདི་ལ་ཡ་ལེན་གསལ་བོ་ཞིག་དང་གྲོས་མོལ་ཞིབ་མོ་ཞིག་བྱས་མྱོང་མེད་པར། ངན་ཁག་གཡས་དཀྲི་གཡོན་དཀྲི་བྱེད་བཞིན་ཡོད། རྒྱ་ནག་དང་མཉམ་དུ་ཞི་མོལ་ཡོང་ཐབས་སུ་ང་ཚོས་མི་ལོ་གང་མང་ཞིག་ལ་རང་གི་བློ་མིག་ཡོངས་སུ་གཟིམ་ནས་རྒྱ་ནག་ལ་ཡིད་ཆེས་བྱས་པའི་ལམ་བུར་ཞུགས་སོང༌། སྐབས་ཤིག་ནས་རྒྱ་ནག་གི་དཔོན་རིགས་ཆེ་ཁག་འགའ་ཕྱི་རྒྱལ་ལ་སླེབས་ན་ཡང་ང་ཚོས་དེ་ལ་སྐད་འབོད་དང་ངོ་རྒོལ་དྲག་པོ་བྱས་མི་ཆོག་པའི་བཀའ་ཤག་གི་ཡིག་ཆ་ཡང་བཀྲམ་སོང༌། ཡིན་ནའང༌། རྒྱ་ནག་གི་ཕྱོགས་ནས་བཟང་ཕྱོགས་ཀྱི་འོད་ཟེར་ཅི་ཡང་མེད་ཁར་ཐ་ན་༧གོང་ས་མཆོག་ལ་དམའ་འབེབ་དང་མཚན་དམོད་བྱེད་པ་སྔོན་མ་ལས་མང་རུ་དང་རྩུབ་དུ་འགྲོ་བཞིན་ཡོད། ཕྱོགས་འདི་ནི་ང་ཚོས་ངེས་པར་དུ་ཐུགས་བསམ་བཞེས་དགོས་སའི་གཞི་ཡིན་ལ། གཞི་འདི་ནས་ང་ཚོས་ངེས་པར་དུ་རྒྱ་ནག་གི་བོད་དོན་ཐོག་བཟུང་བའི་རྣམ་འགྱུར་དང་སྲིད་ཇུས་ཡོངས་སུ་ངོས་འཛིན་ཐུབ་པ་བྱེད་དགོས།
༧གོང་ས་མཆོག་གི་སྐུ་ཕྱཱའི་ཐད་ནས་ཀྱང་ད་ནི་ང་ཚོས་བོད་དོན་འདི་ཡག་ན་ཡག་ཐག་གཅོད་དགོས་ལ་སྡུག་ན་སྡུག་ཐག་གཅོད་དགོས་པའི་དུས་ཚོད་ཡིན། ངས་ནམ་རྒྱུན་བོད་དོན་ལ་རེ་བ་ཡོད་མེད་ནི་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གི་ས་ཡི་གོ་ལའི་ཁྱོན་ལ་ཁེབས་པའི་མཛད་འཕྲིན་དང་ཁོང་གི་ནང་བསྟན་རིག་པའི་སེམས་ཁམས་ཀྱི་ཞི་བདེའི་གཟི་ཤུགས་ལ་གཞིར་བྱས་ནས་བཤད་ཀྱིན་ཡོད༌། ང་ཚོས་༧གོང་ས་མཆོག་སྐུ་འཚོ་ཞིང་བཞུགས་པའི་དུས་ཚོད་འདི་དམ་འཛིན་གྱིས་བོད་དོན་ལ་ཐག་གཅོད་བྱེད་དགོས་པ་ལས། ད་དུང་མུ་མཐུད་དུ་མགོ་ནང་དུ་སྒུར་ནས་སྔོན་ཆད་བཞིན་གཡས་བལྟ་གཡོན་བལྟ་དང་གཡས་ཉན་གཡོན་ཉན་ཅི་ཡང་མེད་པར་མདུན་དུ་ཤར་བསྐྱོད་བྱས་ཚེ། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་ང་ཚོ་བྱེས་འབྱོར་བ་རྣམས་བོད་ནང་གི་བོད་མི་སྤུན་ཟླ་ཚོའི་ཚེ་སྲོག་འཆི་ལམ་དུ་འདེད་པའི་སྣ་འདྲེན་དུ་མི་འགྱུར་བའི་ངེས་པ་མི་འདུག ད་ལོའི་བོད་ནང་གི་གསུམ་པའི་བཅུའི་དོན་རྐྱེན་གྱིས་ང་ཚོར་མིག་དཔེ་གསལ་བོར་བཞག་ཡོད།
ཕྱོགས་ཡོངས་ནས་བོད་དོན་གྱི་ཉི་མ་ནུབ་རིར་ཡོལ་བཞིན་པའི་སྐབས་འདིར་ཏག་ཏག་༧གོང་ས་མཆོག་གིས་ང་ཚོ་བོད་མི་དམངས་ལ་དམིགས་བསལ་གྱི་ཚོགས་ཆེན་བསྐོང་དགོས་པའི་གོ་སྐབས་སྤྲད་པ་ནི་བོད་དོན་འདིར་ཡག་སྡུག་གང་རུང་གི་ཐག་གཅོད་བྱེད་འདོད་པ་ལས། ཉིན་གྲངས་ཁ་ཤས་ཤིག་གི་རིང་བོད་བཙན་བྱོལ་གཞུང་གི་སྐུ་ངོ་ཁ་ཤས་དང་ས་གནས་ཀྱི་འཐུས་མི་གང་འཚམ་ཤིག་རྡ་སྟེང་བོད་ཁྱིམ་དུ་བསྐོང་ནས་བོད་ནང་གི་གནས་སྟངས་ལ་ཁ་བཤད་ཙམ་གྱི་བགྲོ་གླེང་དང་དེ་ལ་བློ་ཕམ་ཡོད་རབས་བཤད་རྒྱུ་གཅིག་པུའི་ཆེད་གཏན་ནས་མིན། དེ་བས་ངས་མགྲིན་པ་གཟེངས་སུ་བཏེགས་ནས་ང་ཚོས་བོད་དོན་འདི་སྔ་འཕྱི་གང་ཞིག་ཏུ་དངོས་ཡོད་གནས་ཚུལ་དང་མཐུན་པར་ཐག་གཅོད་བྱེད་འདོད་ཡོད་ཚེ། ང་ཚོ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་ཞི་བའི་ལམ་སྟེང་ནས་ཆ་རྐྱེན་ཅི་ཡང་མེད་པར་ཚང་མ་མཉམ་དུ་བོད་ལ་ལོག་རྒྱུ་ལས་ཐབས་ལམ་གཞན་དགའ་ཞིག་གང་ཡང་མཐོང་མ་སོང༌། ཆ་རྐྱེན་ཡོད་པའི་ལམ་ཁ་ཁག་ཅིག་ང་ཚོས་མི་ལོ་བཞི་བཅུའི་རིང་དེད་དེད་ཀྱང་དེ་དག་གི་གྲུབ་འབྲས་ནི་སྟོང་ཞིང་སྐྱོ་ལ་ངུ་བྲོ་བ་འདི་ལས་ཅི་ཡང་མིན་སོང༌།
ལམ་དབུ་མ་དང་རང་བཙན་གཙང་མར་དབྱེ་བ་འབྱེད་རྒྱུ་འདི་ནང་རྙོག་ཞིག་ཡིན་པས་ང་ཚོས་ལམ་བུ་འདི་གཉིས་གནས་སྐབས་རིང་རྒྱང་དུ་བཞག་ནས་ཆ་རྐྱེན་ཅི་ཡང་མེད་པ་དང་ལྟ་གྲུབ་གང་ཡང་མ་ཡིན་པའི་ལམ་ཁ་ཞིག་ནས་༧གོང་ས་མཆོག་གིས་དབུ་ཁྲིད་དེ་བོད་དུ་ལོག་ཐུབ་ན་དེ་ནི་བོད་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་འདོད་དོན་ངོ་མ་ཡིན་ལ། བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་ཀྱི་ལམ་བུ་ཡག་ཤོག་ཀྱང་ཡིན།
གང་ལྟར། ཚོགས་ཆེན་འདི་གྲོལ་རྗེས་བོད་ཟེར་བ་འཛམ་གླིང་གི་གླེང་གཞི་ཆེ་ཤོས་སུ་འགྱུར་རྒྱུ་ནི་ངའི་རེ་བ་ཆེ་ཤོས་ཡིན་ལ། རང་བཙན་དང་ལམ་དབུ་མ་གང་ལ་ཞུགས་རྒྱུ་ནི་བོད་མི་རང་རང་གི་འདོད་མོས་ཡིན།
ཚོགས་ཆེན་འདི་གྲོལ་རྗེས་བོད་དོན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རར་སླེབས་ཐུབ་པ་བྱེད་རྒྱུ་ནི་ངའི་རེ་བ་ཆེ་ཤོས་ཡིན་ལ། ཚེ་སྲོག་གི་དམར་འཛིང་དང་དབུ་མའི་གོམ་བགྲོད་གང་ཞིག་གི་ལམ་ནས་ཕྱི་ལ་འབུད་རྒྱུ་ནི་བོད་མི་རང་རང་གི་འདོད་མོས་ཡིན།
ཚོགས་ཆེན་འདི་གྲོལ་རྗེས་རྒྱ་ནག་དང་ཨ་རིའི་གཞུང་འབྲེལ་གྱི་ཡིག་ཆ་ཚང་མ་བོད་ཀྱི་གནད་དོན་དུ་བསྒྱུར་རྒྱུ་ནི་ངའི་རེ་བ་ཆེ་ཤོས་ཡིན་ལ། ཆབ་སྲིད་པ་དང་ཆོས་ལུགས་པ་སུ་ཞིག་གིས་དབུ་ཁྲིད་རྒྱུ་ནི་བོད་མི་རང་རང་གི་འདོད་མོས་ཡིན།
ཚོགས་ཆེན་འདི་གྲོལ་རྗེས་བོད་བོད་ཡུལ་དང་རྒྱ་རྒྱ་ཡུལ་ན་སྐྱིད་པའི་ལོ་རྒྱུས་ཀྱི་རྡོ་རིང་གསར་དུ་འཛུགས་རྒྱུ་ནི་ངའི་རེ་བ་ཆེ་ཤོས་ཡིན་ལ། ཆོས་དང་ཆབ་སྲིད་གང་ཞིག་གི་ལམ་ནས་མདུན་དུ་བསྐྱོད་རྒྱུ་ནི་བོད་མི་རང་རང་གི་འདོད་མོས་ཡིན།
མདོར་ན། ཚོགས་ཆེན་འདི་གྲོལ་རྗེས་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལའི་བཞུགས་ཁྲིར་བཞུགས་ཐུབ་པ་བྱེད་རྒྱུ་དང་བོད་ཡུལ་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་བོད་གཞིས་བྱེས་གཉིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་འཛོམས་ཐུབ་པ་བྱ་རྒྱུ་ནི་ངའི་རེ་བ་ཆེ་ཤོས་ཡིན་ནོ།། བོད་རྒྱལ་ལོ།

སྣ་ཚོགས།

Post navigation

Previous Post: བོད་མིས་སྐྱབས་བཅོལ་ཞུ་ཡུལ་ནོར་འདུག
Next Post: རང་རེས་སྐྱབས་བཅོལ་ཞུ་ས་ནོར་ཡོད་དམ།

Comments (38) on “ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་འགྲོ་རྒྱུའི་གྲོས་ཐག་གཅོད་རོགས།”

  1. ÇtôzÅ-q- says:
    2008-10-28 at 1:51 am

    བདེ་ཆེན་སྒྲོལ་མའི་རྩོམ་དེ་ཡག་པོ་འདུག ཡིན་ན་ཡང་ཁོའི་རེ་འདུན་དེ་མདོར་བསྡུས་ན་ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་དགོས་པ་རེད། དེ་ཡིན་ན་ཐོག་མར་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱི་སྣེ་ཁྲིད་དེ་ཕེབས་དགོས་རྒྱུ་རེད། དེ་མིན་རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཞུགས་ན་བོད་མི་ཚོ་ཡང་སྔར་བཞིན་ཕྱི་རྒྱལ་དུ་སྡོད་རྒྱུ་ལས་མ་འདས། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཅི་མཛད་སུས་ཤེས།

  2. ཀླུ་སྨྱོན། says:
    2008-10-29 at 9:51 pm

    བདེ་ཆེན་སྒྲོལ་མ་ཟེར་བ་ཞིག་རྡ་ས་ན་མི་འདུག་ཟེར། འདི་ནི་བུད་མེད་རྩོམ་པ་པོ་རྣམ་དཔྱོད་དང་རང་ཚུགས་ཅན་ཆུ་སྐྱེས་སྒྲོལ་མ་ལགས་ཨེ་རེད། ཡིན་ན་དགའ་བསུ་ཞུ། ཆུ་སྐྱེས་སྒྲོལ་མ་ལགས་ཀྱང་དྲ་ངོས་སུ་ཞུགས་ན་ལེགས། བུད་མེད་ཚོའི་སྐུ་ཚབ་ཀྱང་གནང་ཐུབ་ན་ལེགས། ཚེ་རིང་སྐྱིད་ལ་ཡང་རྩོམ་རོགས་སམ་བཤད་རོགས་ཤིག་ལོས་དགོས། དྲ་ངོས་འདིར་གཡག་གི་སྙིང་དང་སྟག་གི་སོ་མེད་མཁན་ཞིག་ཡོང་དཀའ་ལ་ཡོང་ནས་གཞིས་ཀྱང་ཆགས་དཀའ་ན་ཡང་། བུད་མེད་བློ་མཐུན་གནམ་གྱི་ཕྱེད་ཀ་ཚོ་ཕེབས་ན་དམིགས་བསལ་རེ་ལོས་ཡོད། ངས་ནི་དམིགས་བསལ་འབུལ་གྱི་ཡིན།

  3. ÇtôzÅ-q- says:
    2008-10-29 at 10:01 pm

    སྤྲུལ་སྐུ་ཡེ་ཤེས། ཆུ་སྐྱེས་སྒྲོལ་མ་ཞིག་མ་རེད། འདི་སྐྱེས་པ་ཞིག་གི་སྨྱུག་མིང་རེད་ལགས། མི་འདིས་རྩོམ་མང་པོ་བྲིས་ནས་ཚགས་པར་སྟེང་དུ་འགོད་ཀྱིན་འདུག

  4. ÇtôzÅ-q- says:
    2008-10-29 at 10:03 pm

    ཆུ་སྐྱེས་སྒྲོལ་མ་ཡིན་ནམ་དེ་རྡོ་རྗེས་དབང་ཕྱུག་གི་ཕྱག་རྒྱ་མ་དེ་རེད། མོ་ལ་དྲྭ་ངོས་འདིར་ཞུགས་པའི་སྙིང་སྟོབས་ཤིག་ག་ལ་ཡོད། ནོར་བུ་གླིང་ཁའི་ཨ་ནེ་ཚོར་དག་ཡིག་རེ་བསླབས་ནས་བསྡད་ཡོད་རེད།

  5. མགོན་པོ་ཕྱག་གཉིས་པ། says:
    2008-10-29 at 10:20 pm

    འོ་འོ། བུད་མེད་རྣམས་ལ་འབོད་པ་གཏོང་རྒྱུ་དེ་ཞེ་དྲག་ཡག་རྒྱུ་ཨེ་ཡོད། འདི་ན་མཇེ་གོག་ལག་པའི་ནང་བཙིར་བསྡད་ཡོད་མཁན་ཁེངས་བསྡད་ཡོད་པ་རེད། ཁ་བརྡའི་ངོ་བོ་དེ་ག་འདྲ་ཞིག་ལ་འགྱུར་འགྲོ་མིན་ཤེས་དཀའ། སྟག་སོ་མེད་ཡིན་ན་ཅི་སྐྱོན། སྟག་སྨྱོན་ལ་ཡང་སོ་ཡོད་པ་མ་རེད། གཡག་སྙིང་མེད་ན་ཡང་ཅི་སྐྱོན། སྤོབས་པ་མཐའ་ཡས་ལ་ཡང་གཡག་སྙིང་མེད་པ།

  6. ཚེ་རིང་གི་བུ says:
    2008-10-30 at 1:18 am

    ཆུ་སྐྱེས་སྒྲོལ་མ་ནི་རྩོམ་པ་པོ་ཞིག་ཡིན་མིན་རྩོད་པ་བྱེད་དགོས་དོན་མི་འདུག འདི་འདྲའི་རྣམ་དཔྱོད་ཅན་གྱི་བུད་མེད་ནི་བཙན་བྱོལ་སྤྱི་ཚོགས་ནང་ཉུང་ཉུང་རེད། ཚེ་རིང་སྐྱིད་ཟེར་བ་འདི་རྩོམ་པ་པོ་ཞིག་ཡིན་མིན་མི་ཤེས་ཏེ། མོ་ལ་བཅའ་འདྲི་བྱས་པ་ཞིག་བོད་ཀྱི་དུས་བབ་ཀྱི་མོའི་ཟིན་བྲིས་ནང་བཀོད་འདུག མོ་རང་ཡུ་རོབ་ནས་རྡ་སར་ཡོང་དོན་ནི་རང་གིས་སློབ་སྦྱོང་བྱས་པ་དེ་རང་གི་སྤྱི་ཚོགས་ནང་བེད་སྤྱོད་བྱེད་འདོད་པའི་རེ་བ་དེ་ཁུར་ནས་ཡོང་བ་ཡིན་ཞེས་བཤད་འདུག ཉེ་ཆར་ངས་ཡུ་རོབ་ཏུ་ཡོད་པའི་གྲོགས་པོ་ཞིག་དང་ལྷན་དུ་གླེང་མོལ་བྱས་ཚར་ཙམ་ཡིན། གྲོགས་པོ་དེས་ཚེ་རིང་སྐྱིད་འཇར་མན་དུ་སླེབས། འཇན་མན་ནས་བསྡད་ན་མ་འདོད་པར་དབྱིན་ཡུལ་དུ་སོང་བ་རེད། དབྱིན་ཡུལ་གྱི་སྐྱབས་བཅོལ་ལས་ཁུངས་ཀྱིས་མོའི་ཡིག་ཆ་དབྱིན་ཡུལ་དུ་སྡོད་ཆོག་པའི་ཡིག་ཆ་མིན་སྟབས། དབྱིན་ཡུལ་ལས་ཁུངས་ཤིག་གིས་ཕྱིར་འཇར་མན་དུ་ཕྱིར་འབུད་བཏང་བ་རེད། འཇར་མན་ནས་ཚེ་རིང་སྐྱིད་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རང་ཉིད་འཇར་མན་ནས་སྡོད་ཆོག་པའི་ཡིག་ཆ་རེག་ཨེ་ཐུབ་ལྟོས་ཀྱང་། དེ་ཡང་མ་རེག་པ་རེད། འཇར་མན་ནས་ཀྱང་མོ་རང་ཕྱིར་འབུད་བཏང་སྟབས། ཐབས་ཤེས་ཟད་དེ་ཕྱིར་རྒྱ་གར་དུ་ལོག་པ་རེད་ཟེར། འདི་འདྲ་རེད། བོད་ཀྱི་མཛངས་མས་རྫུན་བཤད་གི་འདུག་ག ད་དུང་ཡུ་རོབ་ཁུལ་གྱི་བོད་མི་ཚོས་དམའ་རིམ་དང་ཆེས་དམའ་རིམ་གྱི་ལས་ཀ་ལས་གི་ཡོད་པ་དེར་སྨྲ་འབེབས་འདྲ་པོ་བྱེད་ཀྱི་འདུག མོས་ཀྱང་དམའ་རིམ་གྱི་ལས་ཀ་དེ་ལས་མ་འདོད་པ་མ་རེད་དེ། ཡིག་ཆ་མ་རེག་སྟབས། རྡ་རམ་ས་ལར་འཁོར་བ་རེད།

  7. kunchok says:
    2008-10-30 at 8:05 am

    བོད་མི་སུ་ཡིན་རུང་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་འབྱོར་བའི་ཕྱི་ཉིན་ནས་ཁྲིམས་མཐུན་ཡིག་ཆ་རེག་སོང་བ་སུ་ཡང་ཡོད་མ་རེད། ཕལ་ཆེ་བ་དང་པོ་ཁྲིམས་འགལ་དང་དེ་ནས་ག་ལེར་ཁྲིམས་མཐུན་ཆགས་པ་དེ་འདྲ་རེད། གོང་དུ་ཆེ་རིང་གི་བུ་ཡིན་ན་འདིས་སྐད་ཆ་ཆོ་མེད་པ་མང་པོ་ཞིག་འཁྱེར་ཡོང་ནས་མི་སྒེར་ལ་དམའ་འབེབས་གཏོང་གིན་འདུག་པས་ཡག་པོ་མ་རེད། རབས་ཡིན་ན་མི་སྒེར་གྱི་གཏིང་ནད་གྲངས་འདི་ཁ་བརྡ་དྲ་བར་དྲུད་མ་ཡོང་རོགས། ཁྱོད་དང་ཁྱོའི་གྲོགས་པོར་མ་འགྲིག་མ་འགྲུབ་པའི་སྐད་ཆ་དེ་འདྲ་ཡོད་ན་མོ་ལ་ཁ་སངས་ནས་གསལ་བོ་བཟོ་ཐུབ་ན་ཡག་པོ་ཡོད་རེད། དེ་མིན་འདིར་ཡོང་ནས་ངུ་ནའང་དོན་དག་འགྲུབ་ཡ་ཡོད་མ་རེད། མ་གཞི་ནས་མི་འདིའི་གཏམ་ཆོ་མེད་དང་ཉ་གེ་ཉོག་གེ་ལུང་བ་མི་ཤོང་བ་དེ་འདྲ་བཤད་ཡར་དགའ་བོ་ཡོད་རེད། མི་བདེན་ན་མི་འདིའི་མགོ་ནས་རྐུབ་པར་ཞིབ་འཇུག་བྱས་དང་དེ་ནས་ཧ་གོ་ཡོང་གི་རེད།

  8. མིའུཕྲུག says:
    2008-10-30 at 11:23 am

    འཇར་མན་དུ་ཡོད་པའི་བོད་རིགས་ཕལ་ཆེར་ཁྲིམས་མཐུན་གྱི་ཡིག་ཆ་མེད་མཁན་ཤ་སྟག་ཡིན་པས་ཚེ་རིང་སྐྱིད་གཅིག་པུ་ཕྱིར་འབུད་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། འདི་ཕལ་ཆེར་ཕྲག་དོག་གི་དཀྲོ ག་གཏམ་ཞིག་འདྲ།

  9. ±ï-¼ÛP-GÛ-zÞü says:
    2008-10-30 at 12:05 pm

    ངས་རྒྱུ་མཚན་ཞིག་ངོ་སྤྲོད་བྱས་པ་རེད། ཚེ་རིང་སྐྱིད་ཟེར་བ་འདི་ལ་་འབེབས་འདྲ་བྱས་མེད། མཆན་བུ་ྐློག་ཤེས་པར་གྱིས། མཆན་བུ་ྐློག་མ་ཤེས་ཚེ། རྗེས་ཕྱོགས་ནས་ལན་འདེབས་ཀྱི་མིན།

  10. སྟགས་སྨྱོན། says:
    2008-10-30 at 4:26 pm

    ཚེ་རིང་གི་བུས་རྒྱལ་ཁབ་མེད་པའི་དབང་གིས་བོད་མི་ཞིག་ལ་དཀའ་ངལ་འཕྲད་པར་སེམས་གསོ་བྱེད་འོས་པ་ལས། མོ་ལ་དེ་འདྲ་དཀའ་ངལ་འཕྲད་རེད་ཅེས་ངོམ་སྒྲོག་བྱས་པས་ཁོ་ཤེས་ཡོན་པ་ཞིག་ཡིན་མིན་ཤེས་སླ། ཕ་ཡུལ་མེད་པའི་དཀའ་ངལ་བོད་མི་ཚང་མར་འཕྲད་དང་འཕྲད་བཞིན་པ་དེ་བོད་མི་ཞིག་གི་ངོ་ནས་དགའ་དགོས་པ་ཞིག་རེད་དམ།

  11. ÇtôzÅ-q- says:
    2008-10-30 at 5:49 pm

    ངས་ཚེ་རིང་གི་བུས་བཤད་པ་དེ་ཡག་པོ་འདྲ་ཞིག་མཐོང་སོང་། ཚེ་རིང་སྐྱིད་བོད་ཀྱི་མཛངས་མ་རེད། བོད་ཡིག་གི་སློབ་སྦྱོང་ཡག་པོ་ཡོད་རེད། རྣམ་པ་ཡག་པོ་ཡོད་རེད། ཡིན་ན་ཡང་ཚེ་རིང་གི་བུས་བཤད་པ་དེ་བདེན་ངེས་རེད། དེ་ལྟར་ཡིན་ན་མོས་ཧམ་བཤད་བྱ་རྒྱུ་ཅུང་མང་དྲགས་འདུག སྤྱིར་བཏང་མི་ལ་སྤོབས་པ་དགོས་ཀྱི་རེད་ཡིན་ཡང་སྤོབས་པ་དང་ཧམ་པ་གཉིས་ཀྱི་དབྱེ་བ་འབྱེད་དགོས་ཀྱི་རེད། མི་ཧམ་པ་ཅན་འདི་རིགས་ལ་ལ་མགོ་གནོན་མཁན་ཟེར་ན་འདྲ། བསླབ་བྱ་སྤྲོད་མཁན་ཟེར་བ་འདྲ་བོ་ཞིག་ཡོད་ན་ཡག་པོ་འདུག དེ་ཚེ་རིང་གི་བུ་དང་ཚེ་རིང་བུ་ལྟ་བུ་རེ་ཟུང་ལས་དེ་རིགས་གླེང་ཕོད་མཁན་ཡོད་པ་མ་རེད། སྤྱི་ཚོགས་ཤིག་ཡིན་ན་ཡང་འདྲ། མི་སྒེར་ཞིག་ཡིན་ན་ཡང་འདྲ། གང་དང་གང་ཞིག་ཡིན་ཡང་དེ་དང་དེའི་ལེགས་ཕྱོགས་ཀྱི་ཡོན་ཏན་མཐོང་རྒྱུ་གལ་ཆེན་རེད་ལ་ལྡོག་ཕྱོགས་ཀྱི་སྐྱོན་དེ་མཐོང་རྒྱུ་ཡང་གལ་ཆེན་རེད།
    ང་རང་ངོས་ནས་ཚེ་རིང་སྐྱིད་ཀྱི་འདས་པའི་མི་ཚེ་གལ་ཆེན་པོར་མི་བརྩི། གཙོ་བོ་དེ་མོས་མ་འོངས་པར་ག་རེ་བྱེད་ཀྱིན་འདུག་ལྟ་གི་ཡིན། ཚེ་རིང་སྐྱིད་མི་རླབས་ཆེན་ཞིག་ཆགས་དང་མི་ཆགས་དེ་ཡང་མོའི་མ་འོངས་པར་རགས་ལས་པ་ཞིག་རེད།

  12. ཀླུ་སྨྱོན། says:
    2008-10-30 at 5:53 pm

    ཁྲིམས་མཐུན་ལག་ཁྱེར་དེ་མེད་པར་ཕྱིར་ཕུད་ཚེ། །
    ང་ཚོ་ཚོ་ཚང་མ་ཡིས་གདུང་སེམས་མཉམ་སྐྱེད་བྱེད། །
    རང་གི་ལུང་པ་རུ་སྡོད་པའི་རང་དབང་བརླགས། །
    མི་ཡི་ལུང་པ་ནས་མི་ཡིས་གང་བྱས་རེད། །

  13. མགོན་པོ་ཕྱག་གཉིས་པ། says:
    2008-10-30 at 8:37 pm

    ངས་མོ་མི་ཤེས། ནམ་རྒྱུན་མོ་ཧམ་པ་ཤོད་མཁན་ཞིག་ཡིན་ནམ། དེ་མིན་ན་མོས་ཐེངས་འདིར་ཅིའི་ཕྱིར་ཧམ་པ་བཤད་དགོས་བྱུང་བ་རེད། ངས་བལྟས་ན་མོའི་ཧམ་པ་དེ་སྤྱི་ཚོགས་ཤིག་གིས་བཤད་བཅུག་པ་རེད། དེས་སྤྱི་ཚོགས་ཤིག་གི་གནས་སྟངས་གསལ་སྟོན་བྱེད་པ་ལས་གཞན་མེད་པ་འདྲ། སྤྱི་ཚོགས་ཐོག་འཕྱ་སྨོད། མཐོང་ཆུང་། ཟུར་ཟ། དམའ་འབེབས། ཁྱད་གསོད་སོགས་མི་ཡོང་བའི་ཁྱེད་རྫུན་བཤད་པ་ཡིན་ན། འབྲུག་པ་ཀུན་ལེགས་ཀྱིས ་་དགོས་པའི་དབང་གིས་དགག་བྱ་གཙོ།། ཁྱི་ལ་པོ་ཏས་བཀྲ་ཤིས་ཤོག་་་ གསུང་བ་ལས་མི་འདུག
    དངོས་གནས་ཡིན་ན་འཇར་མན་ནས་ད་བར་མི་ག་ཚོད་ཕྱིར་འབུད་བཏང་བ་རེད། མོས་བཙན་བྱོལ་བ་ཞིག་གི་ཁ་ཐབས་སྐྱོ་བོའི་ཁུར་པོ་ལྗིད་ཁོག་ཚ་པོ་དེ་ཁུར་ནས་སེམས་སྡུག་ངང་ཕར་མ་ལོག་རང་ལོག་ཆགས་ཡོད་སྐབས་འདིར་སེམས་གསོ་ཞིག་མ་བྱས་ན་ཡང་ངན་སྨྲས་བྱེད་པ་ནི་ཉེས་བྱས་ཤིག་ལས་མ་འདས། མོ་ལ་སེམས་གསོ་ཡོད། ཕར་ལྷག་བསམ་བཟང་པོས་ལོག་པ་ཡིན་ན་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད།

  14. ལྷ་སྨོན། says:
    2008-10-30 at 9:08 pm

    བརྗོད་གཞི་ལས་ལོགས་སུ་གྱེས་ནས་ཚེ་རིང་སྐྱིད་ཀྱི་སྐོར་གླེང་བཞིན་འདུག དྲ་གྲོགས་ཚོ་བརྗོད་གཞི་རང་གི་ཐོག་ཏུ་ཕྱིར་ཕེབས་ཐུབ་ཡག་པོ་འདུག དངོས་གནས་ཚེ་རིང་སྐྱིད་གླེང་དགོས་ན། བློ་བཟང་དབང་རྒྱལ་མ་གཏོགས་སུ་གཅིག་གིས་ཡག་པོ་ཞིག་གླེང་ཤེས་ཀྱི་མ་རེད། དེ་ཚོ་ཕན་མེད་རེད། བདེ་ཆེན་སྒྲོལ་མའི་བསམ་ཚུལ་དེར་མོས་མཐུན་ཡོད་ཀྱང༌། དྷ་སའི་ཁོར་ཡུག་ན་ཁང་བརྩེགས་མཐོན་པོ་ཡོད་པའི་སྦྱིན་བདག་སྐུ་ངོ་ཚོས་ལམ་དབུ་མའི་སྐུ་སྲུང་ཡིན། གྲོས་མོལ་གྱི་སྣེ་ལ་གྲོས་མོལ་མཐུད་ནས་བུ་རབས་ཚ་བརྒྱུད་དུ་འདུག་དགོས་ཞེས་བརྗོད་ནས་བསམ་ཚུལ་དེ་ལྟ་བུ་ལ་རྒྱབ་སྐྱོར་རག་སྲིད་ཀྱི་མ་རེད།

  15. མིའུཕྲུག says:
    2008-10-31 at 12:19 am

    བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདི་རུ་རྩོམ་ཡིག་གི་ངོ་བོ་ལ་མི་བལྟ་བ་རྩོམ་པ་པོའི་རྒྱབ་ལྗོངས་ལ་བལྟ་བའི་ལུགས་སྲོལ་ཞིག་ཡོད་པ་ལྟར། དེ་རིང་ཡང་ཁ་བརྡ་ཚང་གིས་རྩོམ་ཡིག་འདི་ཉིད་ཀྱི་རྩོམ་པ་པོ་སུ་ཡིན་མིན་ལ་དཔྱད་བསྡུར་བྱེད་བཞིན་པ་དགོས་མེད་ཀྱི་བྱ་བ་ཞིག་རེད་སྙམ། ཁོང་ཉིད་བུ་དང་བུ་མོ་གང་ཡིན་ཀྱང་ཁྱད་པ་མེད་ལ། ཚེ་རིང་སྐྱིད་དང་ཆུ་སྐྱེས་སྒྲོལ་མ་གང་ཡིན་ཀྱང་ཆོག གང་ལྟར་རྩོམ་ཡིག་འདི་ཉིད་བློ་སྒོ་འབྱེད་པའི་རྩོམ་ཡིག་གཅིག་རེད་ཟེར་ན་མི་ཆོག་རྒྱུ་མེད་སྙམ།

  16. ཀླུ་སྨྱོན། says:
    2008-10-31 at 1:13 pm

    གོང་དུ་བདེ་ཆེན་སྒྲོལ་མ་ཞེས་པ་དེ་སྐྱེས་པ་ཞིག་གི་སྨྱུག་མིང་རེད་ཟེར། སྐྱེས་པ་དེ་སུ་རེད། སྐྱེས་པ་དེ་འདི་ལྟར་མ་ཤི་བར་སུ་སྨྱུག་མིང་ཞིག་གི་རྒྱབ་ཏུ་གབ་དོན་མེད་ཀ། ངས་བསམས་ན་དེ་བཟའ་ཟླ་གཉིས་ཀ་རྩོམ་པ་པོ་ཡིན་པ་ཆུ་སྐྱེས་སྒྲོལ་མའམ་མོའི་ཁྱོ་ཀ་རྡོ་རྗེ་དབང་ཕྱུག་གཉིས་ཀྱི་གཅིག་རེད། སྤྱིར་སྨྱུག་མིང་བཀོལ་རྒྱུག་དགག་བྱ་མེད་ན་ཡང་སྨྱུག་མིང་འོག་གི་མི་དེ་སུ་ཡིན་སྤྱི་ཚོགས་ཀྱིས་ཤེས་ན་ལེགས།

  17. ཀླུ་སྨྱོན། says:
    2008-10-31 at 1:16 pm

    ནོར་བཅོས། བར་སུ་ བར་དུ། བཀོལ་རྒྱུག་ བཀོལ་རྒྱུར་

  18. ÇtôzÅ-q- says:
    2008-10-31 at 4:50 pm

    སྤྲུལ་སྐུ་ཡེ་ཤེས་ལགས། མི་འདི་རེབ་ཀོང་བ་ན་གཞོན་ཞིག་རེད། མཁས་པ་ཞིག་ཀྱང་རེད། ཡིན་ན་ཡང་ངས་རྩོམ་པ་པོ་རང་གི་མོས་པ་ལ་གུས་བཀུར་ཞུས་ནས་མཚན་ངོ་མ་དེ་འདོན་རྒྱུ་མིན། དགོང་འགལ་མེད་པ་ཞུ། འདི་བུད་མེད་ཞིག་མ་རེད། དཀོན་མཆོག་གསུམ་དཔང་པོར་བཙུགས་ཆོག

  19. དོ་ལོ་སྔོན་པོ། says:
    2008-10-31 at 5:26 pm

    མོ་བུ་མོ་ཞིག་རེད། མོས་གཅིན་པ་གཏོང་གི་ཡོད་པ་ངས་མཐོང་སོང་།

  20. ལྷ་སྨོན། says:
    2008-11-03 at 1:27 am

    ཁོང་སྔོན་མ་ས་ར་སློབ་གྲྭའི་སློབ་མ་རེད། ད་ལྟ་ཝར་ཎ་རུ་ཡོད་ཚུལ་ཞིག་གོ་སོང༌། དངོས་གནས་ཁོང་བུ་ཞིག་རེད་ལ། རྡོར་དབང་བཟའ་མི་གཉིས་ཀྱི་གང་རུང་ཞིག་ཀྱང་མ་རེད། མིང་ཤེས་ཀྱང་འདིར་ཁོང་གིས་མི་འགོད་ཚུལ་ལ་བལྟས་ན་མིང་དངོས་གནས་ལབ་ན་མི་འགྲིག་པ་འདྲ། ད་ལོ་ཁོང་ས་ར་ནས་ཐོན་སྐབས་མཐར་ཕྱིན་ལག་ཁྱེར་མ་རག་ཚུལ་འདུག དེ་ཚོ་དོན་མེད་རེད། དོན་དངོས་གོང་དུ་ཁོང་གི་བཀོད་པའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། ཁོང་གི་སྐོར་གསལ་ཙམ་བཀོད་པ་དེ་ཀླུ་སྨྱོན་མགོ་འཁྲུགས་ནས་རྡོར་དབང་བཟའ་མི་གཉིས་ཀྱི་གང་རུང་ཞིག་རེད་ཟེར་གྱི་འདུག དེར་བརྟེན་བྲིས་པ་ལས། གཞན་གང་ཟག་སྒེར་གྱི་སྐོར་འདིར་འབྲི་དགོས་དོན་ཆེར་མ་མཐོང༌།

  21. མིའུཕྲུག says:
    2008-11-03 at 4:16 am

    ཨ་འཁོད་བཟོད་པ་ཟེར་བ་དེ་མ་ཡིན་ནམ།

  22. ÇtôzÅ-q- says:
    2008-11-03 at 7:58 am

    ད་ྐླུ་སྨྱོན་ལགས་ལ་དེ་ཙམ་གྱིས་འགྲིགས་སོང་བ་རེད། ས་ར་སློབ་གྲྭའི་སློབ་མ་ད་ལོ་ཐོན་མཁན་ལག་ཁྱེར་མ་རག་མཁན་ད་ལྟ་ཝ་ར་ཎ་སིར་སྡོད་མཁན་དེ་རྩད་གཅོད་ཀྱིས་དང་སུ་ཡིན་ཤེས་པ་སྟབས་བདེར་བསྐྱལ་སོང་། ངས་ནི་རྡ་རམ་ས་ལའི་གྲོགས་པོ་ཞིག་གིས་ལབ་དོན་ལྟར་རེབ་ཀོང་བ་ན་གཞོན་མཁས་པ་ཞིག་རེད་ཅེས་པ་ཙམ་ལས་གཞན་པ་གང་ཡང་མ་གོ།

  23. ཨོཾ། says:
    2008-11-03 at 8:32 am

    མི་དེ་ངོ་ཤེས་སོང་ན་འཛིན་བཟུང་དོ་དམ་བྱེད་རྒྱུ་ཡིན་ནམ། ཁོ་ལ་ཁྲིམས་ཐག་ག་རེ་གཅོད་སྲིད་དམ། ཁོས་མི་བསད་པ་རེད་དམ། དེ་ལྟར་རྩད་གཅོད་བྱས་ནས།

  24. ཨོཾ། says:
    2008-11-03 at 8:46 am

    ཉེས་ཅན་པ་ཞིག་འཚོལ་བཞིན་པའི་སྣང་བ་སྟེར། སྔར་ལོ་བལ་ཡུལ་སྣེ་ལེན་ཁང་ནས་བོད་མི་ཞིག་མཚན་གུང་ལ་བཙན་བཟུང་གིས་རྒྱ་ནག་ལ་ཁྲིད་ཕྱིན་པ་ཡང་རྩད་གཅོད་པ་འདི་ཚོ་དང་འབྲེལ་བ་ཡོད་སྲིད་དམ། མི་དེ་སྣེ་ལེན་ཁང་ན་ཡོད་པ་དང་དུས་ཚོད་དག་དག་བཤད་མཁན་དེ་སྣེ་ལེན་ཁང་དང་མི་དེ་ངོ་ཤེས་མཁན་ཞིག་ཡིན་དགོས་ཀྱི་མི་འདུག་གམ། འདི་མི་རྩད་གཅོད་ཀྱི་ལས་འགན་དེ་སུས་སྤྲད་པ་དང་ག་རེའི་ཆེད་དུ་རྩད་གཅོད་བྱེད་ཀྱི་ཡོད་པ་རེད་དམ།

  25. ཀླུ་སྨྱོན། says:
    2008-11-03 at 1:19 pm

    ཚང་མར་ཐུགས་རྗེ་ཆེ་ཞུ། མི་དེ་རྩོམ་པ་པོ་ངར་བ་ཞིག་རེད་འདུག་པས་ངོ་ཤེས་ན་འདོད། དེ་མིན་དམིགས་ཡུལ་གཞན་ཅི་ཡང་མེད། རྩོམ་པ་པོ་འདི་དག་རང་རེའི་སྤྱི་ཚོགས་ཀྱི་རྒྱན་ཆ་རེད། ས་གནས་གང་གི་ཡིན་རུང་ཁྱད་པར་མེད། མཚོན་ཆ་ངོ་མ་དེ་སྒྱོགས་མདེལ་མ་ཡིན་པར་སྨྱུ་གུ་ཡིན་པའི་ངེས་པ་རྙེད་ཡོང་གི་འདུག

  26. ཨོཾ། says:
    2008-11-03 at 1:28 pm

    གལ་སྲིད་རྒྱུ་མཚན་མེད་ན་ཁོས་ཚུར་མིང་བཤད་ཡོང་གི་རེད། དེ་མིན་ན་མི་སྒེར་གྱི་གསང་བ་བསྔོགས་ནས་ག་རེ་བྱེད་དམ། ཁོ་ལ་བཤད་འདོད་མེད་ན་ཁྱེད་ལ་ཤེས་འདོད་ཡོད་པས་མི་ཕན་པས་ཁ་རོགས་བཞག་ན་འགྲིག་གི་རེད། བླ་རྒན་ཁྱེད་ལ་དམིགས་ཡུལ་གཞན་མེད་སྲིད་ཀྱང་ཚང་མ་དེ་འདྲ་ཡིན་པ་ཁྱེད་ཀྱིས་ཁག་ཐེག་བྱེད་ཐུབ་བམ། ཁ་ཤས་ཀྱི་འབྲི་སྟངས་ལ་ལྟོས་དང་།

  27. ཨོཾ། says:
    2008-11-03 at 1:58 pm

    རྒྱ་མའི་གསང་ལས་ནང་ཕྱི་ལོག་གི་བོད་མི་རེ་རེའི་ཧ་ལམ་ཉི་མ་རེ་རེའི་ལོ་རྒྱུས་ཀྱང་བྲིས་འདུག་ན། དེ་ཚོ་ཚང་མ་མངོན་ཤེས་ཀྱིས་གཟིགས་པ་ཡིན་རྒྱུ་མ་རེད། ཕྱི་རྒྱལ་ནས་སྐད་འབོད་ཆུང་ཆུང་ཞིག་ལ་ཞུགས་པ་ཡིན་ནའང་ལམ་སང་འདྲ་པར་དང་བཅས་པ་རྒྱ་མི་ལ་འཕྲོད་འདུག་པ་མ་ཟད། ཉེན་རྟོག་པ་ཡོང་ནས་ནང་མི་ལ་སུན་པོ་བཟོ་གི་ཡོད་པ་མ་གོའམ། ཅི་ཕྱིར་འདི་ན་མི་སྒེར་གྱི་ལོ་རྒྱུས་དགོས་མཁན་ཞིག་ཡོད་པ་རེད་དམ།

  28. ཀླུ་སྨྱོན། says:
    2008-11-03 at 2:38 pm

    ཕྱོགས་གཅིག་ནས་སྙིང་སྟོབས་ཆེན་པོས་བོད་ཆེན་པོའི་དོན་དག་བཤད། ཕྱོགས་གཅིག་ནས་ཞེད་སྣང་ཆེན་པོས་མི་ཞིག་གི་མིང་ཡང་གླེང་མི་ཕོད་པའི་རང་དབང་འཐབ་རྩོད་བྱེད་སྟངས་འདི་འཇིགས་ཀི ང་ཚོ་རང་དབང་ལུང་བ་ནས་ཀྱང་དེ་ཙམ་རྒྱ་མི་ལ་འཇིགས་དགོས་ན། ད་འོ་ན་ང་ཚོ་ཕྱི་རྒྱལ་ལ་ཡོང་དང་མ་ཡོང་མི་འདུག་ག

  29. ཨོཾ། says:
    2008-11-03 at 2:47 pm

    རང་ཉིད་མི་གཞན་པ་ཞིག་གི་ཚོང་རྫས་ཆགས་འདོད་མེད་པ་དང་། ཆབ་སྲིད་ལས་ཀའི་ཁྲོད་གསང་བ་ནི་བེད་སྤྱོད་ཆེ་ཤོས་ཤིག་ཡིན་པ་རེད། གསང་བ་ཤོར་སའང་ནང་མ་ཞིག་རྒྱུད་ནས་ཤོར་བ་སྲིད་པ་ལས། དགྲ་བོ་ལ་ཐད་ཀར་གསང་བ་ཤོར་སྟངས་དཀོན་པོ་རེད

  30. ཀླུ་སྨྱོན། says:
    2008-11-03 at 2:58 pm

    ད་འོ་ན་གོང་ས་མཆོག་གིས་བོད་དོན་འདི་ཕྱི་གསལ་ནང་གསལ་ཡིན། ང་ཚོར་གསང་བ་བྱེད་དགོས་པ་ཅི་ཡང་མེད་ལ་གསང་བྱེད་དགོས་དོན་ཡང་མེད། རྒྱ་མི་ཚོ་རྡ་རམ་ས་ལར་ཡོང་ནས་ལས་ཁུངས་རེ་རེ་བཞིན་ལྟ་སྐོར་བྱེད་ཆོག་གསུངས་པ་དེ་ལ་ང་ཚོར་ངོས་ལེན་མེད་དམ།

  31. ཨོཾ། says:
    2008-11-03 at 3:54 pm

    གསང་བ་ཡོད་པ་རེད། ཡིན་ནའང་བོད་མི་ཚོས་མི་གསོད་ཁྲག་སྦྱོར་བྱས་པའི་གསང་བ་གང་ཡང་མེད་ཚུལ་གསུངས་པ་རེད། ༣༡༤དོན་རྐྱེན་དེ་རྒྱ་ནག་གི་བྱས་ཉེས་ཀྱི་གྲུབ་འབྲས་ཡིན་པ་གསལ་འདོན་གནང་བ་རེད་ལགས།

  32. ཀླུ་སྨྱོན། says:
    2008-11-03 at 5:33 pm

    གང་ལྟར་ཐུགས་རྗེ་ཆེ།

  33. ལྷ་སྨོན། says:
    2008-11-06 at 1:39 am

    ཀླུ་སྨྱོན་ལགས། ཁྱེད་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད། རྩ་བས་བརྗོད་གཞི་རང་དང་འབྲེལ་བ་ཆགས་མ་སོང་ཡང༌། འདིར་མང་པོ་ཞིག་གིས་བརྗོད་གཞི་དང་འབྲེལ་བ་མེད་པ་རྐྱང་རྐྱང་གླེང་གི་འདུག དེར་བརྟེན་ངས་ཀྱང་ཁྱེད་ལ་སྐད་ཆ་དེ་དྲིས་ཀྱང་འགྲིག་གི་མེད་འགྲོ་བསམ་ནས་དྲིས་པ་ཡིན། ངས་ཁྱེད་ཀྱི་ཞལ་མཇལ་མ་མྱོང་ཡང༌། མཚན་མང་པོ་གོ་མྱོང༌། སྔོན་མ་ཞིག་ལ་སྤྱི་ཚོགས་མེ་ལོང་ནང་ཁྱེད་ཀྱིས་གྲྭ་པ་བཙུན་མ་རྣམས་ཀྱི་སྤྱད་གཟུགས་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཚུལ་བཀོད་པ་མཐོང་སོང༌། དེ་ནས་ད་བར་ཕལ་ཆེར་ལོ་བདུན་བརྒྱད་ཅིག་སོང་ཡོད་ཚོད་ཡིན། ད་ལྟ་དེའི་འཆར་གཞི་དེ་ཡོད་དམ། གལ་སྲིད་འཆར་གཞི་དེ་ལག་བསྟར་གནང་ན་དེ་སྤྲོ་པོ་ཞིག་ཡོང་སེམས་ཐག་ཡིན།

  34. yeshe says:
    2008-11-06 at 2:13 am

    དམ་བཅའ་འདུས་བྱས་ཡིན་པས་ཞིག་སོང་། །
    ཨ་རི་ལྷ་ཡུལ་ཡིན་པས་ལུས་སོང་། །

  35. dhakpo says:
    2008-11-06 at 6:22 am

    shawo tandrin

  36. dhakpo says:
    2008-11-06 at 6:23 am

    dechen dol ma is shawo temdrin

  37. dhakpo says:
    2008-11-06 at 6:30 am

    now he is stay in waranase

  38. ཀླུ་སྨྱོན། says:
    2008-11-06 at 1:19 pm

    ཨོ། རེབ་གོང་བ་ཞིག་གི་མིང་རེད་འདུག རེབ་གོང་ན་ཤ་བོ་མང་། གཅན་ཚ་ན་ཕག་མོ་མང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme