Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅི་ཞིག་ལ་ཆོས་སྲིད་ཟུང་འབྲེལ་ཟེར་རམ།

Posted on 2011-10-062011-10-06 By ཁ་བརྡ་ 17 Comments on ཅི་ཞིག་ལ་ཆོས་སྲིད་ཟུང་འབྲེལ་ཟེར་རམ།

ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།

མཁྱེན་རབ་རྣམ་སད་རོལ་བའི་མཁར།།
ལུགས་ཟུང་ཤེས་བྱའི་རྒྱུ་སྐར་བཀྲ།།
ཆོས་སྲིད་ཟུང་གི་ཉི་ཟླའི་འོད།།
ཀུན་ནས་སྤྲོ་མཛད་གང་དེས་སྐྱོངས།།

བོད་དུ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ནི་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྲོལ་བཏོད་པར་གྲགས།སྐབས་དེའི་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ནི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་དྲུག་གི་ཁྲིམས་བཅས་པ་དེར་གོ་དགོས་པ་རེད།དེ་ལྟར་ཁྲིམས་བཅས་པའི་ཁུངས་ཀྱང་སངས་རྒྱས་ཀྱིས་ལྷ་མིའི་ཐེག་པའི་རྣམ་གཞག་མང་དུ་གསུངས་པ་དག་དང་།མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ལས། མི་ཡིས་
ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ལྷ་དང་མི་ཡི་ཐེམ་སྐས་ལ།།འཛེགས་ན་ཐར་བ་གམ་ན་འདུག།ཅེས་སོགས་གསུངས་པ་ལ་བརྟེན་པ་ཞིག་རེད། འདི་ལ་མིང་གཞན་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ལམ་ལུགས་ཞེས་ཀྱང་བརྗོད་སྲོལ་ཡོད།སྔོན་རྒྱ་གར་དུ་རྒྱལ་བོ་མ་སྐྱེས་དགྲ་ཡབ་སྲས་གཉིས་དང་།ཆོས་རྒྱལ་མྱ་ངན་མེད། རྒྱལ་བོ་ཀ་ནི་ཤི་ཀ་སོགས་ཀྱིས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་ཕྱག་བསྟར་གནང་ཡོད་པ་རེད།གང་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་མངའ་བདག་ཁྲི་རལ་བར་ལུགས་གཉིས་ཟུང་འབྲེལ་གྱི་ལམ་ལུགས་ཕྱག་བསྟར་མཛད་པ་ལས་བོད་རྒྱལ་ཁབ་ཀྱི་སྲིད་དབང་དར་བའི་རྩེ་མོར་སོན་པ་རེད།དེ་རྗེས་གླང་དར་མ་འུ་དུམ་བཙན་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་རྩ་མེད་བཟོས་སྟབས་བོད་ཁམས་ཁ་འཐོར་དུ་འགྲོ་བའི་མགོ་བརྩམས།དེ་རྗེས་རྒྱལ་བོ་མང་བོ་ཞིག་གིས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་རྒྱུན་སྐྱོང་གནང་ཡོད་ལ།ལྷག་པར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་པོའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་བླ་མས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་སྲོལ་བཏོད་པ་རེད།འོན་ཀྱང་དེ་ནི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ཐུན་མིན་མཚོན་རྟགས་ཙམ་ལས་ངོ་བོ་རང་ལ་འཇོག་མི་རུང་།གང་ལགས་ཤེ་ན།ཆོས་སྲིད་ཟུང་འབྲེལ་ནི་རྒྱལ་སྲིད་ཇི་ལྟར་སྐྱོང་ཐབས་ཀྱི་རིག་པ་ཞིག་ལ་ངོས་འཛིན་དགོས་པ་ནི་ཆོས་སྲིད་ཟུང་འབྲེལ་དང་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཞེས་པའི་མིང་གི་སྟེང་ནས་ཀྱང་ང་ཚོར་གོ་བ་སྟེར་ཐུབ།ཆབ་སྲིད་པར་རློམ་པ་ཁ་ཅིག་དང་། ཡང་ཆོས་པར་ཁས་འཆེ་བ་འགའ་ཞིག་གིས་ཆོས་སྲིད་གཉིས་མེ་དང་སྤུ་ལྟར་རམ་ཚ་གྲང་ལྟར་འགལ་བར་སེམས་པ་དེ་དག་ནི་རང་ཉིད་ཀྱི་ནང་ཆ་ཕྱི་རོལ་ཏུ་སྟོན་པ་ཙམ་རེད།ཆོས་སྲིད་ཟུང་འབྲེལ་རིག་པའི་གཞུང་ལུགས་ལ་སངས་
རྒྱས་ཀྱི་སྐྱེས་རབས་སོགས་བཀའ་མང་བོ་བཞུགས་ཡོད་ལ།གཞན་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་གཏམ་ཚོགས་དང་།ས་སྐྱ་ལེགས་བཤད། དགེ་ལྡན་ལེགས་བཤད། གུང་ཐང་ཆུ་ཤིང་བསྟན་བཅོས། འཇུ་མི་ཕམ་གྱི་རྒྱལ་བོའི་ལུགས་ཀྱི་བསྟན་བཅོས་སོགས་ཤིན་ཏུ་མང་བོ་ཡོད་ཅིང་།ལྷག་པར་དུ་མང་གཙོའི་ལྟ་གྲུབ་གཞིར་བཞག་པའི་ཆོས་སྲིད་ཟུང་འབྲེལ་གྱི་རིག་པའི་གཞུང་ལུགས་ནི་༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གི་གསུང་རབ་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་བོ་ལྟ་བུ་རྣམས་དང་།དེའི་དགོངས་འགྲེལ་གྱི་ཚུལ་དུ་མཛད་པ་སྲས་ཀྱི་ཐུ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་མང་དུ་ཡོད་པ་དག་ཡིན།དེས་ན་བླུན་པོ་ཁ་ཤས་ཤིག་གིས་ཆོས་སྲིད་ཟུང་འབྲེལ་ཟེར་བ་ལྕགས་སྐུད་དང་ཟངས་སྐུད་གཉིས་མཉམ་དུ་སྒྲིལ་བ་ལྟར་རྦད་དེ་ངོ་བོ་ཐ་དད་པའི་ཆོས་སྲིད་གཉིས་བཙན་གྱིས་མཉམ་དུ་སྦྲེལ་མཁན་གྱི་མི་ཞིག་ལ་ངོས་འཛིན་པ་ནི་གད་མོ་ཤོར་བའི་གནས་ཤིག་སྟེ།སྨན་གྱི་མཚན་གཞིར་སྨན་པ་བཞག་པ་དང་གཅིག་པ་རེད།ཁྱོད་ཚོ་ལྟར་ན་ཆོས་སྲིད་ཟུང་སྦྲེལ་ཞེས་བྱེད་འབྲེལ་ལས་ཚིག་གི་སྦྲེལ་འདི་སྦྱར་དགོས་པ་ཡང་འགྱུར་ཏེ།ཆོས་སྲིད་གཉིས་གཞི་རྩའི་ཐོག་ནས་འབྲེལ་བ་ཅི་ཡང་མེད་ཅིང་གང་ཟག་ཅིག་གིས་བཙན་གྱིིས་སྦྲེལ་བ་ཙམ་ཡིན་པའི་ཕྱིར།དཔེར་ན། མཛོ་གཉིས་ཀྱི་སྐེ་སྦྲེལ་བ་ལ་མཛོ་སྦྲེལ་ཟེར་བ་ལས་མཛོ་འབྲེལ་མི་ཟེར་བ་ལྟ་བུ་རེད།དེས་ན་ཆོས་སྲིད་ཟུང་འབྲེལ་ཞེས་པ་ནི་དཔེར་ན་མདོ་སྔགས་ཟུང་འབྲེལ་དང་སྣང་སྟོང་ཟུང་འབྲེལ་ཟེར་བ་དག་དང་ཚུལ་མཚུངས་པ་སྟེ།མདོ་སྔགས་གཉིས་ལ་བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་སོགས་ཐུན་མོང་གི་འབྲེལ་མཚམས་ཤིག་ཡོད་པ་དང་།སྣང་སྟོང་གཉིས་ཆོས་ཅན་དང་ཆོས་ཉིད་ཀྱི་འབྲེལ་བ་ཡོད་པས་ན་ཟུང་འབྲེལ་ཟེར་བ་བཞིན།མིའི་ཡ་རབས་བཟང་སྤྱོད་ནི་ཆོས་སྲིད་གཉིས་ཀར་མེད་དུ་མི་རུང་བའི་ཐུན་མོང་ཁྱད་ཆོས་ཤིག་དང་།ཆོས་སྲིད་གཉིས་གཞི་མཐུན་གྱི་འབྲེལ་བ་གྲུབ་ས་ཞིག་རེད།གཞན་ཡང་ཆོས་སྲིད་གཉིས་ལ་ཐུན་མོང་གི་དམིགས་ཡུལ་ལམ་བསྒྲུབ་བྱ་ཡོད་པ་ལྟར།དེ་སྒྲུབ་བྱེད་ལ་ཡང་ཐུན་མོང་གི་གཞི་རྩ་དང་ཐུན་མོང་གི་ཐབས་ཇུས་ངེས་པར་ཡོད་དགོས་པ་ནི་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་ཡིན།རྒྱུ་མཚན་དེ་དག་ལ་བརྟེན་ནས་ཆོས་སྲིད་ཟུང་འབྲེལ་རིག་པ་འདི་བྱུང་བ་རེད་ལ།ཡ་རབས་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མི་བྲོ་བའི་ཆོས་སྲིད་ཅི་རིགས་སུ་མིང་གིས་བསྙད་པ་གང་ཞིག་ཡིན་ཡང་དེ་ནི་ཆོས་ལུགས་དང་ཆབ་སྲིད་གཉིས་ཀའི་དགོས་དོན་སྟོར་བ་ཡིན་པས་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་སྤང་བྱ་ཁོ་ན་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ནས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པ་ཡང་གཞི་རྩ་དེ་དག་ལ་བརྟེན་པ་ཞིག་རེད།གཞན་ཡང་མི་ཆོས་གཙང་མ་སྟེ་ངན་སྤྱོད་ཀྱི་དྲི་མ་མེད་པའི་ཡ་རབས་བཟང་སྤྱོད་མཐའ་དག་ལྷ་ཆོས་དགེ་བ་བཅུའི་རྣམ་འགྱུར་གྱི་ཁྱད་པར་ཙམ་ལས་མ་འདས་པ་ཡིན།དཔེར་ན་དགེ་སློང་གི་ཚུལ་ཁྲིམས་མཐའ་དག་ལས་ངག་གི་སྤོང་བ་བདུན་གྱི་འཁོར་དུ་འདུས་པ་ལྟ་བུ་ཡིན།ཆོས་སྲིད་ཟུང་འབྲེལ་རིག་པ་ནི་ཐོག་མར་སངས་རྒྱས་ཀྱིས་དངོས་སུ་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་དང་སྒོ་བསྟུན་ནས་རྒྱལ་རྒྱུད་རིང་ལུགས་དང་མཐུན་པར་གསུངས་པ་ཞིག་རེད་མོད།འོན་ཀྱང་གཞི་རྩའི་ཆ་ནས་མང་གཙོའི་རིང་ལུགས་དང་མཐུན་པ་ཤིན་ཏུ་མང་།ལྷག་པར་འདུལ་བའི་ནང་མང་གཙོ་དང་གཅིག་མཚུངས་ཀྱི་ཁྱད་ཆོས་མང་བོ་ཡོད་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུངས།དེང་སང་མི་མང་བོ་ཞིག་གིས་༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་བའི་སྲིད་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་གནང་ཞིང་།༧གོང་ས་མཆོག་གིས་ཁོང་ཆོས་ལུགས་ཀྱི་དབུ་ཁྲིད་ཁོ་ན་གནང་རྒྱུ་ཡིན་ཚུལ་གསུངས་པ་ལ་བརྟེན་ནས་ད་ནི་ཆོས་སྲིད་ཟུང་འབྲེལ་མཇུག་བསྒྲིལ་སོང་སེམས་མཁན་དེ་དག་གིས་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཅི་ཞིག་ཡིན་པ་ཡང་དབུ་མ་འཚོས་པར་ལུས་འདུག་པས།ཕྲན་གྱིས་འདིར་ཟུར་ཙམ་སྨྲས་པ་ལགས་སོ།།
རི་བོ་གངས་ཅན་གྱི་ཁྲོད་ནས་བྱ་གླག་རྒོད་པོ་གཙུག་དགུ་བར་གྲགས་པས།
ཕྱི་ལོ༢༠༡༡ཟླ་༡༠ ཚེས་ ༥ ཉིན་ཀུན་ཀྱི་སྤྱན་ལམ་དུ་བསྲིངས་པ་དགེ།། །།

སྣ་ཚོགས།

Post navigation

Previous Post: རང་ལུས་མེར་སྲེག་གིས་ངོ་རྒོལ་ལས་འགུལ་སྤེལ་མཁན་རྔ་པ་ཀིརྟིའི་གྲྭ་པ་གསུམ་གྱི་གནས་སྟངས།
Next Post: དེ་རིང་ཚེས་བདུན་ཉིན་རྔ་པ་ནས་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ།

Comments (17) on “ཅི་ཞིག་ལ་ཆོས་སྲིད་ཟུང་འབྲེལ་ཟེར་རམ།”

  1. ལྷུན་གྲུབ་དར་རྒྱས། says:
    2011-10-07 at 12:37 am

    ཆ་ཚང་ཞིག་ཀློག་པ་ཡིན། འདི་ནི་ང་རང་ཡང་འདོད་པས་ཁྱེད་ཀྱི་རྩོམ་ལ་མངོན་པར་བསྟོད་དོ།།

  2. རག་ཕྱགས་རྡོར says:
    2011-10-07 at 1:50 am

    ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་ངས་མགོ་ཚོས་མ་སོང་ཆོས་དང་སྲེད་ཟུང་བྲེལ་ཟེར་བ་དེ་བཤད་ན་བདེ་བོ་མི་འདུག་ཉིན་ན་བདེ་བོ་མི་འདུག་རྣ་བར་ལ་སྙན་པོ་མི་འདུག་ལག་ལེན་བལྟར་སྟེབས་བདེ་བོ་མི་འདུག་གང་བལྟར་ན་ཡང་ཆོས་ཟེར་བ་མི་གང་ཡང་རུང་བ་ཞིག་གིས་ལག་ལེན་ཡང་དག་པ་ཞིག་བྱས་ན་མཐར་ཐུག་྆྆྆྆རྫོགས་པའི་ངས་རྒྱས་ཀྱི་གོང་འཕང་ཐོབ་རྒྱུ་ཡོད་པ་དངོས་མཐོང་ལག་ཟིན་རེད་མོད། སིྲད་ཟེར་བ་དེ་ཕྱི་དངོས་པོ་དང་རྒྱལ་ཁབ་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བའི་ཇུས་རེད་སྲེད་ཡང་དག་པ་ཞིག་བསྒྲུབ་ན་ཆོས་ལ་མཐུན་གྱི་ཡོད་ཆོས་ཡང་དག་པ་ཞིག་བསྒྲུབ་ན་སྲིད་ལ་མཐུན་གྱི་ཡོད་གང་བལྟར་གང་ལག་ལེན་བྱས་ན་ཡང་དག་པ་ཞིག་བསྒྲུབ་རྒྱུ་གལ་ངག་མི་འམ།།།།

  3. ལྷ་སྐྱིད། says:
    2011-10-07 at 3:12 am

    ཐེ་བོ་ཟེར་བ་འདི་རྩོམ་འབྲི་སྟངས་ལ་ཚོད་དཔག་ན་དགེ་ལུགས་ཀྱི་གྲྭ་ལོག་གཅིག་ཡིན་པ་ཐག་གི་ཆོད།

  4. ཀརྡོ་རབ་འབྱམས་པ་ says:
    2011-10-07 at 3:34 am

    ཆོས་པས་སྲིད་སྐྱོང་ཆོས་སྲིད་ཟུང་འབྲེལ་མིན། །
    ཆོས་བརྒྱུད་གཅིག་གིས་གཞུང་འཛིན་དེ་བས་མིན། །
    རྩ་ཁྲིམས་ནང་ལ་རི་རྒྱ་ཀླུང་སྡོམ་སོགས། །
    འཚེ་བ་སྤོང་བ་ཆོས་སྲིད་ཟུང་འབྲེལ་ཡིན། །

  5. གངས་བུ་རྩེ་རྒྱལ། says:
    2011-10-07 at 4:30 am

    རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་ལ་ཆོས་སྲིད་ཟུང་འབྲེལ་ཟེར་མོད། ཆོས་ཀྱི་གོ་དོན་ཡང་མི་ཤེས་སྲིད་ཀྱི་འགྲོ་ཕྱོགས་ཀྱང་མི་ཤེས་བཞིན་དུ་རང་གི་ཁེ་ཕན་གྱི་ཆེད་དུ་ཆོས་སྲིད་ཟུང་འབྲེལ་ཟེར་བ་འགལ་འདུའི་ཕུང་པོ་ཞིག་ལས་མེད་དོ།

  6. མིག་བརྒྱད་པ། says:
    2011-10-07 at 5:34 am

    ཐེ་བོ་ལགས་ཀྱིས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཆོས་ནི་རྒྱ་གར་ནས་དར་བའི་ནང་ཆོས་ལ་བཤད་འདུག དེ་ལྟར་ན་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ནས་ཆོས་སྲིད་ཟུང་འབྲེལ་ཡོད་དམ་མེད། སྲོང་བཙན་སྒམ་པོའི་ཡར་སྔོན་ལ་ཆོས་སྲིད་ཟུང་འབྲེལ་མེད་ན་བོད་ཀྱི་ལོ་རྒྱུས་མང་པོ་ཞིག་ནག་བསུབ་ཏུ་གཏོང་དགོས་རྒྱུ་རེད། གོང་ས་མཆོག་གིས་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལ་གསུང་བཤད་ཅིག་གནང་ཡོད་པ་དེའི་ནང་ན་དེ་འདྲ་ཞིག་འདུག

  7. མིག་བརྒྱད་པ། says:
    2011-10-07 at 5:41 am

    རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ལ་ཆོས་སྲིད་ཟུང་འབྲེལ་ཡིན་ཟེར་མཁན་དང་བོད་ཀྱི་བླ་མས་ཆབ་སྲིད་སྐྱོང་བ་ལ་ཆོས་སྲིད་ཟུང་འབྲེལ་ཡིན་ཟེར་མཁན། སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་མཆུ་མའི་ཐལ་བ་བཞིན་དུ་དོར་བར་མཛད་པ་འདིས་ཆོས་དང་སྲིད་གཉིས་ལོགས་ཀ་ཞིག་ཡིན་པར་བསྟན་ཚར་བ་རེད།

  8. བཙན་སྨྱོན་ནས་། says:
    2011-10-07 at 11:13 am

    མིག་རྒྱད་གི་གསུང་པ་དེ་དངོས་པོའི་གནས་ཚུལ་ངོ་མ་རེད་་་་་་་ཆོས་སྲིད་ཟུང་འབྲེལ་ཆོག་ན་བདག་ཅག་གི་སྟོན་པས་རྒྱལ་སྲིད་ག་རེ་བྱས་སྤང་ཡིན་ན་་་་་

  9. ཞོལ་ཕྲུག says:
    2011-10-07 at 5:05 pm

    ངས་བྱས་ན། བོད་ཁམས་སིལ་བུར་ཐོར་དོན་ནི་བོད་རྒྱལ་གླང་དར་མས་ཆོས་སྲིད་ཟུང་འབྲེལ་མེད་པ་བཟོས་པའི་རྐྱེན་གྱིས་མིན་པར། ལྷ་ལུང་དཔལ་གྱིས་རྡོ་རྗེས་རྒྱལ་པོས་ནང་ཆོས་སྣུབ་རྩིས་བྱེད་བཞིན་ཡོད་པ་མ་བཟོད་པར་རྒྱལ་པོ་བཀྲོངས། འོན་ཀྱང་། གླང་དར་བཀྲོངས་རྗེས་ཁོ་རང་གོ་རྒྱུ་ཚོར་རྒྱུ་མེད་པར་རི་ལ་བྲོས་ནས། རྒྱལ་སྲིད་སྐྱོང་མཁན་གཞན་ཞིག་ཀྱང་གྲ་སྒྲིག་མེད་པས་རྒྱལ་ཁམས་སིལ་བུར་འཐོར།
    དེ་རྗེས་ས་སྐྱ་བ་དང་། བཀའ་བརྒྱུད་པ། དགེ་ལྡན་པ་སོགས་ཆོས་བརྒྱུད་ཁག་གིས་རིམ་པར་བོད་སྡེ་པའི་གཞུང་སྐྱོང་ཡོད་ཀྱང་འཐུས་ཚང་བ་ཞིག་ཡེ་ནས་མ་བྱུང་། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དྲག་པོའི་དམག་དྲངས་ནས་བོད་ཁམས་སྲུང་ཞིང་སྐྱོང་ནས་རྒྱལ་ཁམས་སྟོབས་འབྱོར་མངའ་ཐང་རྒྱས་པ་ལས་ཆོས་བཤད་ནས་སྐྱོང་བའི་ལོ་རྒྱུས་ཤིག་མི་གོ
    རྒྱལ་བ་སྐུ་ཕྲེང་ཕྲེང་བཅུ་གསུམ་པས་ཀྱང་། ཆོས་སྲིད་ཟུང་འབྲེལ་གྱིས་རྒྱལ་ཁབ་སྐྱོང་མི་ཐུབ་པར་ཤེས་ནས་ཕྱི་རྒྱལ་དུ་དམིགས་བསལ་སྲིད་དོན་གྱི་ལྟ་གྲུབ་དང་ཚན་རྩལ་སོགས་སློབ་སྦྱོང་བྱེད་མི་མངགས།
    ནང་དུ་ཕྱི་རྒྱལ་གྱི་སློབ་གྲྭ་གསར་བཙུགས་སོགས་ཀྱིས་མཚོན་རྒྱལ་སྲིད་སྐྱོང་སྟངས་ལ་འགྱུར་བཅོས་ཆེན་པོ་ཞིག་གཏོང་རྩིས་གནང་ཀྱང་། སེ་འབྲས་དགའ་གསུམ་གྱི་མཁན་པོ་སོགས་སྐབས་དེའི་དབང་ཚད་ལྡན་པའི་ཆོས་བྱེད་མི་སྣ་ཚོས་གཙོ་བོར་བྱས་པའི་བླ་བྲང་ཆེ་ཁག་གི་རྒྱུགས་ཁྱི་སྐུ་དྲག་ཚོས་ལམ་དུ་བཏང་མེད།

    དཔེར་ན། ཁྱིམ་མཚེས་ཡར་ལྡན་རྒྱལ་ཁབ་ཉི་ཧོང་དང་། ཐའི་ཝན་སོགས་ད་ཆ་ཆོས་སྲིད་ཟུང་འབྲེལ་གྱིས་གཞུང་སྐྱོང་གི་མེད་ཀྱང་། རྒྱལ་ཁབ་དེ་ཚོའི་ནང་དུ་ཡོད་པའི་ཆོས་བྱེད་མི་སྣ་ཚོ་ཞི་བདེ་བག་ཕེབས་ངང་ཆོས་ཕྱོགས་ཀྱི་བྱ་བ་འཐུས་སྒོ་ཚང་བར་སྒྲུབ་བཞིན་ཡོད། མ་ཟད་ཚུལ་ལྡན་བླ་མ་དགེ་འདུན་པ་ཚོར་ཡང་གཞུང་དང་མི་དམངས་ཀྱིས་གུས་བཀུར་ཚད་མེད་ཞུ་བཞིན་ཡོད།
    ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆོས་སྲིད་ཟུང་འབྲེལ་གྱི་མིང་སྟོང་ཞིག་གི་འོག་ནས་བླ་སྤྲུལ་བླ་བྲང་ཆེ་ཁག་དང་དེའི་རྐུབ་གཡོག་གྲྭ་གཟུགས་མང་པོ་ཞིག་གིས་སྲིད་དོན་ཁ་ལ་འཁྱེར་ནས་ནང་ཆོས་ཀྱི་འདུལ་ཁྲིམས་དང་། དགེ་འདུན་གྱི་ནང་ཁྲིམས་སོགས་དང་བརྒལ་བའི་ལས་ངན་མང་པོ་བགྱི་བའི་འབྲས་བུར། ད་ཆ་བོད་པའི་མི་དམངས་ནང་གྲྭ་པ་བླ་མར་གུས་བརྩི་ཆེ་མཐོང་མེད་པ་དང་། བཀུར་འདེབས་ཞུ་བཞིན་པ་དེ་དག་ནི་དགེ་སློང་དག་གིས་སྲིད་སྐྱོང་བའི་ནོར་འཁྲུལ་ཞིག་ཏུ་བསམ།

    དེ་མིན་འདས་པའི་བོད་ཀྱི་ལོ་རྒྱུས་ནང་གཟིགས་དང་། ཡིད་སྐྱོ་དགོས་པའི་གནས་ཚུལ་མང་དག་ཞིག་བྱུང་ཡོད།
    རིང་པོར་བལྟ་མི་དགོས་པར། ལོོ་བརྒྱ་ཕྲག་གཅིག་གི་ནང་ཚུན་དུའང་དགེ་སློང་གི་དམག་འཁྲུག་ག་ཚོད་སྐྱོན་མི་འདུག་གམ།
    རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡོངས་འཛིན་ར་སྒྲེང་བླ་མ་་སྲིད་ཀྱི་ཆེད་དུ་བཀྲོངས།
    སེར་བྱེས་མཁན་པོ་སོ་སོའི་གྲྭ་ཚང་གི་དགེ་སློང་དག་གིས་སྲིད་ཀྱི་ཆེད་དུ་བཀྲོངས།
    དེ་དག་གི་རྒྱབ་ཏུ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་གྱེས་པའི་དགེ་འདུན་པ་དག་གིས་དྲག་པོའི་གོ་མཚོན་ཐོགས་ནས་དམག་འཛིང་བྱས། དེའི་བར་དུ་བོད་འབངས་མི་སེར་རྣམས་སྡུག་གི་ཁུང་བུར་བཙུད།
    ད་དུང་སེར་མོ་བའི་སྐུ་དྲག་དང་གཞིས་དཔོན་བླ་གྲྭ་སོགས་ཀྱིས་མི་སེར་དཀྱུས་མའི་གནའ་མ་འཕྲོག་པ་དང་། བུད་མེད་ལ་བཙན་གཡེམ་བྱས་པ་སོགས་ཀྱི་ལོ་རྒྱུས་ཤིན་ཏུ་མང་། ཆོས་པས་སྲིད་སྐྱོང་གནང་སྟངས་འདི་འདྲ་ཨེ་ཡིན། སྟོན་པ་བཅོམ་ལྡན་འདས་དང་རྗེ་བློ་བཟང་གྲགས་པ་སོགས་འཇིག་རྟེན་དོར་ནས་ནང་ཆོས་ཉམས་ལེན་གནང་མཁན་ཁོང་ཚོས་མཁྱེན་ན་རང་གི་སློབ་རྒྱུད་འཛིན་མཁན་དགེ་འདུན་པ་ཚོར་ཐུགས་ཕམ་ཡོང་ངེས།
    ཆོས་སྲིད་ཟུང་འབྲེལ་ཟེར་བའི་གོ་བ་ཆ་ཚང་བ་ཞིག་ཁྱེད་ཀྱིས་ཀྱང་ད་ལྟ་དབུ་མ་འཚོས་པར་བཞུགས་འདུག

    ཟམ་གདོང་བླ་མ་ཐོག་མར་རབ་ཏུ་བྱུང་སྐབས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡོད་ཚོད་རེད།
    འདུལ་ཁྲིམས་དང་མང་གཙོ་མཐུན་རབས་བཤད་ནས་ཞྭ་དཔེ་ལྷམ་འགེབས་བཙན་སྦྱར་གྱིས་མི་དམངས་དཀྱུས་མ་ཚོར་མགོ་སྐོར་གཏོང་ཐབས་བྱེད་པ། ཨ་རོགས་ཐེ་བོས་སླར་ཡང་ལད་མོ་བྱས་ནས་སྐྱོར་བཞིན་འདུག

    ལྐུགས་པས་ལྷ་མཐོང་ཟེར་བ་ལྟར། ཨ་རོགས་ཐེ་བོར་ཡ་རབས་བཟང་སྤྱོད་དགོས་ན་ངེས་པར་དུ་ཆོས་སྲིད་ཟུང་འབྲེལ་དགོས་ཚུལ་ཤོད་དགོས་ཀྱི་འདུག
    དེ་བས་ལྷག་པ་རྒྱལ་སྤྱིའི་འགྲོ་བ་ཐོབ་ཐང་དང་། བྱིས་པའི་ཐོབ་ཐང་། བུད་མེད་ཀྱི་ཐོབ་ཐང། སྲོག་ཆགས་ཀྱི་ཐོབ་ཐང་སོགས་ལྟོས་དང་ཡ་རབས་བཟང་སྤྱོད་སྐོར་སྟོང་ཕྲག་མང་པོ་ཡོད་པ་རེད།
    འཛམ་གླིང་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ལ་ལྟོས་དང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལས་བརྒལ་བ་མང་པོ་ཡོད།

    དེ་བས་ཆོས་སྲིད་ཟུང་དུ་འབྲེལ་ནས་བླ་མས་སྲིད་སྐྱོང་ན་སྐྱོན་ཆེ་ཤོས་གཞན་ཞིག་ཡོད་པ་ནི།
    བླ་མས་མི་དམངས་ལ་སྔགས་ཀྱི་དབང་བསྐུར་བས་ཕྱིས་སུ་སྲིད་ཀྱི་བྱ་བ་ཡོད་ཚད་བླ་མས་བཀའ་གང་གནང་ལ་འགྲོ་དགོས་ཤིང་། དེ་ལྟར་མ་སོང་ན་བླ་སློབ་དམ་ཚིག་ཉམས་པས་དམྱལ་བར་ལྷུང་རྒྱུའི་འཇིགས་སྣང་ཆེན་པོ་ཡོད་པ་དེ་ཡིན།

  10. ཞོལ་ཕྲུག says:
    2011-10-07 at 5:10 pm

    ༼ལྷ་ལུང་དཔལ་་་་གྱི་་་རྡོ་རྗེ།༽

  11. སྣྲོན་ངག་ཁྲི་ says:
    2011-10-07 at 6:27 pm

    ཁོ་བོའི་ཆོས་སྲིད་ཟུང་སྦྲེལ་གྱི་གོ་དོན་ནི། རྒྱལ་ཁབ་ཀྱི་རྩ་ཁྲིགས་ནང་ཆོས་ཁས་ལེན་དགོས་པ་དང་། ཆོས་སྲིད་ཀྱི་ཁྲིམས་གཉིས་ཀའི་བསླབ་བྱ་ཚུལ་བཞིན་ཉམས་སུ་ལེན་དགོས་པའི་རྩ་ཁྲིམས་དང་ལྡན་པའི་
    གཞུང་ལ་ཆོས་སྲིད་ཟུང་སྦྲེལ་ཞེས་བཏགས་པ་འོས་ཤིང་འཚམས་པར་སེམས། དཔེར་ན་ཐའེ་ལན་ཏྲེ་དང་འབྲུག་པའི་གཞུང་ལྟ་བུའོ།

  12. ཀརྡོ་རབ་འབྱམས་པ་ says:
    2011-10-08 at 9:02 pm

    དང་ཐོག་རྙིང་ཆོས་འཛིན་པ་ཆོས་རྒྱལ་མེས་དབོན་རྒྱལ། །
    ཐ་མ་ས་དགེ་བཀའ་བརྒྱུད་བོད་བསྐྱངས་དོན་ལྡན་མཛད། །
    བར་དུ་སྨོན་ལོག་གླར་དར་རང་གི་སྲོག་ཀྱང་ཤོར། །
    ད་ལྟའི་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སོམས། །
    ཆོས་རྒྱལ་ལོ། བོད་རྒྱལ་ལོ། བདེན་པ་རྒྱལ་འགྱུར་ཅིག །དགེའོོོ། །

  13. ཀརྡོ་རབ་འབྱམས་པ་ says:
    2011-10-08 at 11:18 pm

    ཞོལ་ཕྲུག་ལགས།
    བཙན་བྱོལ་བོད་གཞུང་གི་མིང་ཚིག་འདིས་བོད་མིའི་གནད་དོན་ལ་གནོད་ལ། བོད་མིའི་སྒྲིག་འཛུགས་མིང་དེ་ངའི་འདོད་པ་མི་ཁེངས་པས། ང་ཚོའི་བཅའ་ཁྲིམས་ནང་ལ་གསལ་བའི་བླ་ན་མེད་པའི་དབུ་འཁྲིད་ཀྱིས་གསོལ་སྩལ་གནང་བའི་མིང་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་ཞེས་པ་འདི་ལ་སོམས་ཞེས་པའི་དོན་ལགས། ཡུ་ཊུབ་འདི་གཉིས་ཀྱིས་ངས་མིག་ཟུང་ཡང་ཕྱེ་སོང་བས་ཐུགས་རྗེ་ཆེ། ལན་འདི་ཡང་ཐ་མ་ཡིན་ནོ། དྲྭ་གྲོགས་ལགས།

  14. རྩམ་དགའ། says:
    2011-10-09 at 3:23 am

    རྒྱ་གར་ཆུ་བོ་གངྒའི་མན་ཆོད་ནས། །
    རྒྱ་ནག་ལྕགས་རི་ཆེན་མོའི་ཡན་ཆོད་པར། །
    ཆོས་སྲིད་ཟུང་དུ་འབྲེལ་བའི་སྟོབས་ཤུགས་ཀྱིས། །
    དབང་དུ་བསྡུས་པའི་ལོ་རྒྱུས་ཤོད་ཀྱིད་ཡོད། །

  15. སྐྱིད་ཆུ་ཚང་། says:
    2011-10-09 at 5:56 am

    ཁྲི་རལ་པ་ལགས་བཀྲིས་བདེ་ལེགས། ཀ༽ངེད་ཚང་གི་ལྷ་ས་གཙོས་བའི་དབུས་ཀྱི་སྤྱི་འཐུས་མེད་པ་དེ་བཙན་བྱོལ་བོད་མི་སྤྱི་ཡོང་གི་ནོར་འཁྲུལ་རེད་ཞུ་གི་མེད་ལགས། འོན་ཀྱང་། དབུས་ཀྱི་སྤྱི་འཐུས་མེད་པ་མཐོང་ཞིན་དུ་དབུས་གཙང་སྤྱི་འཐུས་ལབ་པ་དེ་ནོར་འཁྲུལ་རེད་ལགས། མིང་དང་དོན་མ་མཚུངས་པ་རེད། སླད་ཕྱིན་གཙང་སྟོད་སྤྱི་འཐུས་ལས། དབུས་གཙང་སྤྱི་འཐུས་མ་རེད་ཞུ་རྒྱུ་ཡིན། དབུས་ཟེར་བའི་ཐ་སྙད་འདི་ཡང་བཙན་བྱོལ་སྤྱི་ཚོགས་ནས་བསྡུ་གསོག་བརྒྱབ་རོག་ཅེས་ཞུ་རྒྱུ་ཡིན་ལགས། ཁ༽ཟམ་གདོང་བླ་མ་དབུས་གཙང་གི་གདམ་པ་རེད་ལགས། ད་དུང་མགོ་མ་ཚོས་པ་ག་རེ་ཡིན་ན། ཟམ་གདོང་བླ་མ་མི་དམངས་ཀྱི་གདམ་པ་མ་རེད་ལགས། དོན་དངོས་འོས་བསྡུ་ལྷན་ཁང་གིས་བསྐོ་བཞག་བྱས་པ་རང་རེད་ལགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་གསུང་པ་འདི་རེད། སྔོན་མའི་བཀའ་ཁྲིའི་འོས་གྲངས་རྒྱ་ཆ་ཉི་ཤུ་ལྷག་ལས་མ་བྱུང་བ་རེད། མ་འོང་པར་བོད་མི་ཚང་མ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་འདེམ་ལ་ཞུག་རོག་ཅེས་རེ་སྐུལ་ནན་པོ་ ཞུས་སོང་ལགས།། དོན་དངོས། དེ་སྔོན། ཨེ་རག་མི་དམངས་ཀྱིས་སཱ་ཏམ་འབུ་སྲིན་འོས་འདེམ་བྱས་པ་དང་། བཙན་བྱོལ་བོད་མིས་ཟམ་གདོང་བླ་མ་འོས་འདེམ་བྱས་པ་གཉིས་ཅིག་པ་ཅིག་ཀྱང་བྱུང་བ་རེད་ལགས།།

  16. བཙན་སྨྱོན་ནས་། says:
    2011-10-11 at 10:28 am

    ཟོང་འདུང་ནས་དགེ་ལུགས་པ་ཁག་གཅིག་དང་ཏ་བླའི་བླ་་མ་གཉིས་གི་བསྐོས་པ་རེད་གཞན་ཡང་རྒྱ་རེ་སྒྲོལ་མ་སོག་ཡོད་སྲིད་པ་རེད་་་་་

  17. བཙན་སྨྱོན་ནས་། says:
    2011-10-11 at 1:19 pm

    སྐྱིད་ཆུ་ཚང་གི་དངོས་ཡོད་དྲང་བདེན་ལྷ་བསམ་སེམས་ཤུགས་གྱིས་གསུང་པ་ལ་བོད་མི་ཡོང་ནས་ལན་རྒྱ་ཕྲག་དང་བཅས་དགའ་སྲུ་དང་བཀྲིས་བདེ་ལེགས་༨༨༨༣༣༣ ཞུ་ཞུ་ཞུ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme