Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེས་དོན་གྱི་སྐྱེས་བུ་དམ་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས།

Posted on 2013-07-312013-07-31 By ཁ་བརྡ་ 16 Comments on ངེས་དོན་གྱི་སྐྱེས་བུ་དམ་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས།

མི་གསོན་པོ།

གསེར་གྱི་རྟ་ཕོ་གཞོན་པའི་ལྔ་རིག་ཀླུང་།།
ཟླུམ་གཟུགས་གོ་ལར་འཁྱུད་པའི་གྲགས་སྙན་འགྲོས།།
མདོ་ཁམས་འཛིན་མའི་རྒྱན་ནས་རྒྱུ་བའི་ཚེ།།
ཕྱོགས་མཐའི་སྐྱེ་བོས་དགའ་བའི་ཟློས་གར་བསྒྱུར།།

གང་དེའི་དགེ་བཅུ་ཁྲིམས་ཀྱི་ལེགས་བྱས་འགྲོས།།
ཡངས་པའི་ས་ཁྱོན་འདྲེན་པའི་བྱ་མ་རྟ།།
ཚུལ་ཁྲིམས་བློ་གྲོས་གྲགས་པའི་འོད་དཀར་ཅན།།
གངས་ལྗོངས་སྨག་མུན་སེལ་བའི་གཉེན་དུ་གྱུར།།

ཁྲི་ཕྲག་འདུས་པའི་འཁོར་གྱིས་བསྐོར་བའི་དབུས།།
འཇིགས་མེད་ཕུན་ཚོགས་ཆོས་ཀྱི་རྗེ་བོ་དེས།།
དུས་གསུམ་རྗེན་པར་གཟིགས་པའི་ཡེ་ཤེས་སྤྱན།།
བསྔགས་བརྗོད་མེ་ཏོག་ཁྱེད་ཀྱི་སྤྱི་བོར་བྱིན།།

རིག་པའི་གཞུང་དང་ཕན་པའི་བསམ་བློ་ཡི།།
མི་རིགས་ལས་དབང་ཁུར་དུ་ཁྱེར་བའི་ངང་།།
ལུགས་གཉིས་བྱ་གཞག་བསྒྲུབས་པའི་རྣམ་ཐར་ལ།།
ཡི་རང་བསྟོད་པའི་ལས་འདི་བདག་གིས་བྱས།།

གཅམ་བུ་ཚིག་གིས་སྤྲེལ་ལད་མ་ཡིན་ཞིིང་།།
འོར་ཚོད་གཏམ་གྱིས་གཞན་རྗེས་མ་འབྲང་པ།།
གང་གི་ཡོན་ཏན་ཤེས་པའི་རྒྱུ་མཚན་གྱིས།།
གནས་ལུགས་བརྗོད་པའི་གཏམ་འགའ་ཐོལ་བྱུང་ཐལ།།

ལྷ་ཁང་རྫིག་པོས་གཟི་བརྗིད་མ་ངོམ་ཞིང་།།
མཆོད་རྟེན་མཐོན་པོས་གཞན་ཡིད་མ་འཕྲོགས་ཀྱང་།།
དོན་དམ་ཐུབ་བསྟན་དོན་གྱིས་འཛིན་པ་ལ།།
ཁྱེད་དང་མཚུངས་པའི་སྐྱེས་བུ་གཉིས་པ་མེད།།

འཁོར་མང་བསྡུ་བའི་བྱ་ཐབས་མ་བརྩམས་ཤིང་།།
དངུལ་མང་བསགས་པའི་འབད་པ་མ་བྱས་པ།།
ཆོས་དང་རིག་གཞུང་ཁོ་ན་སེམས་པ་ཡིས།།
གངས་ཅན་བོད་ལ་ཕན་པའི་བྱ་གཞག་བསྒྲུབས།།

རྨོངས་དང་བགས་མེད་འགྲོགས་པའི་རྭ་བ་ནས།།
བསམ་སྦྱོར་གནག་པའི་བགས་ཆགས་མཐུག་པོའི་རྒྱ།།
ཡོངས་སུ་དབྲལ་བའི་དགེ་བཅུའི་ཁྲིམས་ཀྱི་ཚུལ།།
ད་གཟོད་གངས་ལྗོངས་ལུགས་གཉིས་དཔལ་དུ་བསྐྲུན།།

དམར་པོ་མེ་དང་འགྲོགས་པའི་གདུག་རྩུབ་འགྲོས།།
ཁ་བའི་ལང་ཚོ་གཞོམ་པའི་བདུད་ཀྱི་གྲོགས།།
ལུགས་གཉིས་གཤེད་དུ་བབ་པའི་དུས་མཐའི་ཟེར།།
བཟློག་པའི་སྙིང་སྟོབས་སྦྱོར་བ་ཁྱེད་ཀྱིས་བརྩམས།།

གཞན་སྐད་བཙན་པོ་རང་གི་གཉའ་བར་བབས།།
རང་སྐད་ཉམ་ཆུང་གཞན་གྱིས་བེད་མེད་བྱས།།
སྐད་ཡིག་ཅིག་གི་ཚེ་སྲོག་གཉན་འཕྲང་དུས།།
སྐྱོབ་པའི་རྫི་བོའི་སྐད་རྒྱངས་ཁྱེད་ཀྱིས་བསྒྲགས།།

དེང་རབས་ཡ་མ་བརླ་ཡིས་སྒྱུ་འཕྲུལ་གྱིས།།
མི་ཡི་བསམ་བློ་འདོད་པའི་ཆུ་བོས་ཁྱེར།།
ཕ་མེས་རིག་གཞུང་དོར་བའི་ངན་སྤྱོད་འགྲོས།།
ལོག་ལམ་བཟློག་པའི་འབབ་སྟེགས་ཁྱེད་ཀྱིས་བསྩལ།།

མ་མཐོང་རྟགས་ལ་མེད་པའི་ཡིད་ཆེས་ཀྱིས།།
ཀླད་པའི་འགྲོས་ལས་རྣམ་ཤེས་མེད་དོ་ཞེས།།
ལས་འབྲས་རྒྱབ་ཏུ་བསྐྱུར་བའི་དེང་རབས་དུས།།
སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཁྱེད་ཀྱིས་བསྟན།།

མདོར་ན་ཁྱེད་ཀྱི་མཛད་རྗེས་མཐོང་བའི་མོད།།
སེམས་ཅན་དོན་ལ་ས་ཐོབ་སེམས་དཔའ་དག།།
སྤྲུལ་པའི་ཟློས་གར་བསྒྱུར་བ་བདེན་སྲིད་ན།།
ཁྱེད་ལས་གཞན་པའི་མཚན་གཞི་དཔེར་བརྗོད་དཀོན།།

རྩོམ་རིག

Post navigation

Previous Post: དེ་རིང་གི་སྒྲུང་། ༼གསུམ་པ།༽
Next Post: འཁྲུངས་སྐར་གཏམ་བཤད་ནང་གི་ནག་ཐིག

Comments (16) on “ངེས་དོན་གྱི་སྐྱེས་བུ་དམ་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས།”

  1. ཤིང་རྟ། says:
    2013-07-31 at 12:55 am

    མི་གསོན་པོའི་སོར་རྩེ་ནས་གཏམ་གསོན་པོ་ཞིག་ལུད་པ་ལ
    ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

  2. ཨ་ཕྱི་ཆོས་སྒྲོན says:
    2013-07-31 at 12:58 am

    མི་གསོན་པོའི་སྐད་ཆ་དངོས་མ་བདེན་པ་རེད། ཡི་རང་དང་བསྔགས་བརྗོད་ཡོད།

  3. དགའ་སྐུ་ says:
    2013-07-31 at 1:04 am

    མི་གསོན་པོས་བསྟོད་ཡུལ་དང་བསྟོད་ཚིག་ནོར་མ་སོང་བས་དགེ་རྒན་དང་ཕ་མ་བཟང་པོའི་བུ་རང་རེད།

  4. རིག་པའི་བུ says:
    2013-07-31 at 8:34 am

       དགེ་བཅུའི་ཁྲིམས་ལུགས་རྫུན་མའི་བྱེད་ལས་ལ།།  འབྲོག་པ་དབུལ་བོར་འགྲོ་བའི་གནག་ཇུས་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་དམིགས་ཡུལ་ལ།། འབྲོག་པའི་ཕ་གཞིས་འཕྲོག་པའི་གནག་ཇུས་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་ཡོང་བསྒྲགས་ལ།། དཀོན་མཆོག་ཆོས་སྒོ་རྒྱག་པའི་གནག་ཇུས་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་གསའ་གསེང་ན།། དམ་ཉམས་ལྕེབ་དུ་འཇུག་པའི་གནག་ཇུས་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་རྒྱ་སྒོ་ན།། གྲྭ་གྲོང་གྱོད་ལ་གཏུགས་པའི་ཕུང་འདྲེ་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་ཁོར་ཡུག་ན།། ཕ་བུ་ནང་འགལ་སློང་བའི་དམེ་འདྲེ་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་རི་ཁྲོད་ན།། ཞིང་ཁམས་བདེ་བ་ཅན་གྱི་བསླུ་བྲིད་ཡོད།། དགེ་བཅུའི་ཁྲིམས་ལུགས་རྫུན་མའི་རི་ཞོལ་ན།། དམ་ཉམ་དམྱལ་བར་འཕེན་པའི་འཇིགས་སྐུལ་ཡོད།། ༼ཚིག་རྐང་འདི་ད་ལྟ་གར་ཡོད་མི་ཤེས་པའི་ལོ་ཙཱ་ལགས་ཀྱི་ཚབ་ཏུ་བྲིས༽ དགེ་བཅུའི་ཁྲིམས་ལུགས་རྫུན་མའི་དུང་སྒྲ་ལ།། ཆད་པའི་སྒོར་མོ་བསྡུ་བའི་ཡོང་འབབ་ཡོད དགེ་བཅུའི་ཁྲིམས་ལུགས་རྫུན་མའི་འཛུམ་མདངས་ལ།།  ཚུལ་བློའི་མཚན་སྙན་རྒྱས་པའི་ཐབས་ལམ་ཡོད།། མདོར་ན་དགེ་བཅུའི་ཁྲིམས་རྫུན་འཛུགས་པ་པོ།། བླ་རུང་གཙོ་བོ་ཡིན་པའི་དགོན་སྡེ་རྣམས།། བོད་པ་སིལ་བུར་གཏོར་བྱེད་ཁྲིམས་ལུགས་འདི།། ད་ནས་མཚམས་འཇོག་བྱེད་པའི་དུས་ལ་བབས།། སྟོན་པའི་ལྟ་བ་གཙིགས་སུ་འཛིན་ན་ཡང་།། དྲན་དྲན་བྱེད་པའི་ཆོས་པར་ལྟ་ལོག་པ།། འཆད་རྩོད་རྩོམ་ལ་སྤོབས་པ་དགེ་བ་ཅན།། ཏོག:ཚ་མདའ་སྨྱུག་གཞོན་ནུས་ཤར་མར་སྤེལ།། 

  5. ཨ་ཕྱི་ཆོས་སྒྲོན says:
    2013-07-31 at 10:25 am

    ཚ་སྨྱུག་རོ་ལོང་རྒྱབ་པའི་རིག་པའི་བུ། །
    མ་རིག་གདོན་གྱིས་བསླུས་པའི་བླུན་པོ་ཁྱོད། །
    དགེ་སྡིག་མ་ཤེས་རིག་པ་དུད་འགྲོའི་བུ། །
    བུ་རུལ་ཁྱོད་འདྲ་ཡོད་པ་བོད་པའི་སྐྱོན། །

    ཚ་སྨྱུག་གྲྭ་མགོ་མ་ཐོན་ཏང་མགོར་བཏགས། །
    ཏང་མགོར་མ་ཐོན་རང་མགོ་རྡོ་ཡིས་རྡུང་། །
    རང་ཤི་རྒྱག་པའི་དྲ་འདྲེ་ཁྱོད་འདྲ་ཚོས། །
    གནམ་ལ་གཅིན་ལུད་གཏོར་ཀྱང་ཁྱོད་ཀྱི་སྟེང་། །

    ཚུལ་ཁྲིམས་བློ་གྲོས་ཆོས་ཀྱི་རྒྱལ་པོ་རེད། །
    ཚུལ་ཁྲིམས་བློ་གྲོས་བོད་ཀྱི་བླ་མ་རེད། །
    ཚུལ་ཁྲིམས་བློ་གྲོས་ངེད་དོན་དགེ་བཤེས་རེད། །
    བླ་མ་འདི་ནི་གངས་རྒྱན་ཉི་ཟླ་རེད། །

  6. བསྟན་འཛིན། says:
    2013-07-31 at 10:26 am

    མི་གསོན་ལགས། བཀའ་དྲིན་ཆེ།

  7. ཨ་ཕྱི་ཆོས་སྒྲོན says:
    2013-07-31 at 11:14 am

    མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་ནག་ཉེས།

    1བོད་ཀྱི་ཕ་སྐད་གཙང་མ་སྲེས་སྐད་ལ་མི་འགྱུར་བའི་ཆེད་དུ་བོད་ཀྱི་མཁས་དབང་རྣམས་གདན་འདྲེན་ཏེ་ཚིག་མཛོད་བསྒྲིགས་ཤིང་འགྲོ་སོང་ཐམས་ཅད་བཏངས་པས་ནག་ཉེས་གཅིག

    2བོད་མི་རིགས་ཀྱི་སྐད་ཡིག་རྒྱུད་འཛིན་ཆེད་དུ་ལོ་༡༨ཡན་ཆད་དང་ལོ་༨༠མན་ཆད་ཀྱིས་ཅིས་ཀྱང་བོད་ཡིག་སྦྱོང་དགོས། ད་དུང་རྒྱུགས་ཀྱང་སྤྲོད་དགོས་ཞེས་བཀའ་ཁྲིམས་བཞག་པས་ནག་ཉེས་གཉིས།

    3བོད་མི་རིགས་འདིའི་སྡོད་གནས་དྭངས་གཙང་གི་ཆེད་དུ་ཁོར་ཡུག་སྲོང་སྐྱོར་དགོས་ཞེས་འབད་པས་ནག་ཉེས་གསུམ།

    4བོད་མི་རིགས་ཀྱི་རིགས་རྒྱུད་མི་ཆད་པའི་ཆེད་དུ་ཨེ་ཛི་ནད་ཡམས་སྔོན་འགོག་གི་རང་འདུན་པའི་ཚོགས་པ་བཙུགས་ཏེ་ཨེ་འགོག་ཤེས་བྱ་དྲིལ་བསྒྲོགས་བྱས་པས་ནག་ཉེས་བཞི།

    5བོད་མི་རིགས་ནང་འཛིང་མི་ཆོག་ཅེས་པའི་བཀའ་སློབ་བཞག་སྟེ་མཐུན་འབྲེལ་སྒྲིག་སྲོང་པའི་གོ་རྟགས་གནང་པས་ནག་ཉེས་ལྔ།

    6བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཁམས་ཕྱོགས་སུ་ཁོང་གིས་བཀའ་ལྟར་དགེ་འདུན་མཐུན་ཚོགས་བཙུག་སྟེ་གྲྭ་པ། བླ་མ། སྤྲུལ་སྐུ། མཁན་པོ་ཡོངས་ཀྱིས་མང་ཚོགས་ལ་ཆོས་གསུངས་པས་ནག་ཉེས་དྲུག

    7བོད་མི་ཁྲི་བརྒྱ་ལྷག་གིས་ཁོང་གི་བཀའ་ལྟར་བོད་མི་ནང་འཛིང་མི་བྱེད་རྒྱུ་དམ་བཅའ་བཞག་པས་ནག་ཉེས་བདུན།

    8བོད་ཀྱི་བྱིས་པ་ཕ་མ་མེད་པ་རྣམས་ལ་མཁན་པོ་བསོད་དར་རྒྱས་ཁོང་གཉིས་ཀྱིས་སློབ་གྲྭ་རེ་རེ་བཙུགས་ཏེ་གསོ་སྐྱོབ་བྱས་པས་ནག་ཉེས་བརྒྱད།

    9བོད་ཡུལ་གྱི་མི་སྐྱ་འཁྱམས་པ་རྣམས་ལ་ཤེས་རིག་ལག་རྩལ་སྦྱོང་དགོས་ཞེས་བཀའ་སློབ་གནང་པས་ནག་ཉེས་དགུ།

    10བོད་ཡུལ་གྱི་གྲུབ་མཐའི་བར་ལ་མཐུན་སྒྲིལ་བྱས་ཏེ་མཉམ་གནས་མཉམ་འཕེལ་བྱེད་དགོས་ཞེས་གསུངས་པས་ནག་ཉེས་བཅུ།

    ཨེ ཁོང་གི་མཛད་རྗེས་མཁའ་ལྟར་ཁྱབ་པས་འདི་དག་ཙམ་ལས་བྲིས་ཐུབ་མ་སོང་།

    ཚུལ་བློ་ལགས། ཁྱེད་ནི་གངས་རིའི་མགོན་པོ་གཉིས་པ་ཡིན།

    ཚུལ་བློ་ལགས། ཁྱེད་ནི་ང་ཚོའི་སྐྱབས་གནས་ཡིན།

    ཚུལ་བློ་ལགས། ཁྱེད་ནི་ང་ཚོའི་སློབ་སྟོན་པ་ཡིན།

  8. གངས་སྤྲེལ་ཚ། says:
    2013-07-31 at 11:26 am

    གནས་ལུགས་བཤད་ན་འདི་ལྟར་བཤད་དགོས།

    གནའ་དེང་རིག་པའི་དབྱེ་མཚམས་མ་ཤེས་ཤིང་།།
    ཕྲག་དོགས་དུག་ཆུའི་སེམས་ཁམས་སྨྱོས་པའི་མི།།
    རང་གི་མ་བྱས་རང་གིས་མ་འཇོན་པར།།
    རྣན་ཀུན་གཞན་སྨོད་དགའ་བ་ཁྱེད་ཅག་ཉོན།།

    སྟོན་པས་ལྷ་ཆོས་དགེ་བཅུའི་ཁྲིམས་ཆེན་བསྒྲགས།།
    བཙན་པོས་མི་ཆོས་གཙང་མ་ཁྲིམས་སུ་བཅས།།
    གངས་ཅན་བོད་པས་ཆོས་སྲིད་ཟུང་འབྲེལ་ནས།།
    ཡབ་མེས་སྲོལ་རྒྱུན་བཟུང་འདི་བསྟོད་པའི་གནས།།

    མདོ་ཁམས་ཡུལ་ནས་དགེ་བཅུའི་ཉི་མ་ཤར།།
    མི་ཆོས་གཙང་མའི་སྲོལ་རྒྱུན་ཟླ་གཞོན་འཛུམ།།
    མཁས་གྲུབ་སྒྱུ་སྐར་འཕྲེང་བ་སྟར་བརྒྱུས་ནས།།
    གངས་ཅན་མེས་པོའི་ཞབས་རྗེས་འཚོལ་ལ་བྲེལ།།

    ཆོལ་གསུམ་ཞི་བདེའི་དཔལ་མོའི་ཡོངས་སུ་འཚོ།།
    ཀུན་ཕན་བདེ་དགའི་ལུས་སེམས་ངལ་གསོས་ཤིང་།།
    རྫོགས་ལྡན་གསལ་བའི་ཉི་གཞོན་འཛུམ་པའི་དུས།།
    སྐལ་མེད་འུག་པའི་ངུ་སྒྲ་འདི་ལྟར་སྒྲོགས།།

    མི་གསོད་སྟོང་མཇལ་མི་ལེན་སྲོལ་ངན་འདི།།
    ཆོས་དང་ཆབས་སྲིད་གཉིས་དང་འགལ་ལོ་ཟེར།།
    སྟོན་པས་མཐུན་པ་དགེ་བ་ཉིད་ཅེས་ཙམ།།
    མ་ཐོས་ལོང་གཏམ་སྒྲོགས་པ་ཡ་རེ་ང་།།

    སྲིད་ཀྱིས་ཉེས་པ་མ་བྱས་སྔོན་འགོག་དང་།།
    བྱས་ཟིན་ཆུང་བར་བྱས་པ་སྲིད་ཀྱིས་ལུགས།།
    ཁྱེད་ལྟར་མི་ཐོག་མི་བསད་མི་དགོས་ན།།
    ཕ་ཤ་བུ་ལེན་སྲོལ་ངན་འགོག་འདི་སྤྲོ།།

    མི་གསོད་ལག་དམར་ཉེས་ཚོགས་གང་མཆིས་པ།།
    རང་བྱས་རང་གི་མྱོང་ལས་ཐབས་བྲལ་ཡང་།།
    གཅིག་རྗེས་གཉིས་སུ་མི་མཐུད་ཁས་ལེན་དང་།
    རྒྱུ་བཤགས་མི་ལེན་ཆོས་སུ་ཞི་བ་སྤྲོ།།

    ཉེས་ཅན་པ་ལ་རྒྱབ་སྐྱོར་བྱས་སོ་དང་།།
    བཟང་པོ་གསེར་སྐུའི་བསླུས་པའི་གཏམ་སྒྲོགས་ཀྱང་།།
    གོང་མའི་ཁྲིམས་ཀྱིས་ཉེས་ཆད་བཅད་པ་ལས།།
    ཡང་བསྐྱར་ནན་བསྐྱར་ཁྲིམས་ཆེན་སུ་ཡིས་འགེལ།།

    དོ་བདག་བཟང་པོས་ཆོས་ཀྱི་བཟོད་སྒོམ་དང་།།
    བླ་མའི་བཀའ་སློབ་བཟང་པོ་སྙིང་སིམ་ནས།།
    རང་རིགས་ཕུ་ནུའི་མཛའ་རྩེ་ངོ་ཤེས་ཚེ།།
    གཟེངས་བསྟོད་དཔའ་དར་སྤྲོད་པ་མཁས་པའི་ལུགས།།

    མདའ་གྲི་མདུང་སོགས་མཚོན་ཆ་བཀག་པ་ཏེ།།
    རང་སྲིད་ཕོངས་ཞེས་ཁ་ཕོ་ཆེར་སྒྲོགས་ཡང་།།
    དུས་རབས་གསར་བའི་ལམ་ཁར་བསྒྲོད་དགོས་ཕྱིར།།
    ཤེས་རིག་ལང་ཚོ་ངོམ་ལས་ཐབས་གཞན་བྲལ།།

    འདི་ན་མ་རྟོགས་ལོག་རྟོགས་རྟོགས་བཞིན་དུ།།
    གང་བྱུང་ཁ་ནས་སྨྲ་ལ་སྤོབས་ཆེ་ཡང་།།
    ཁ་བའི་མདུན་ལམ་རིང་མོར་སྟོན་པའི་མིག།
    ཅེར་གྱིས་མཐའ་རུ་ལྷུང་བ་ཀྱེ་མ་ཧུད།།

    སྔོན་དུས་གླང་དར་ངན་པས་རྒྱལ་བསྟན་བསྣུབས།།
    བར་དུ་ཀླ་ཀློའི་དཔུང་གིས་བསྟན་སྲིད་གཏོར།།
    ཐ་མར་ཕྲག་དོག་ངན་པས་སྲོལ་རྒྱུན་བཤིག།།
    ད་ནི་གངས་ཅན་བོད་པ་འཐོར་ལ་ཉེ།།

    གངས་ཅན་མགོན་ལ་སྤྱང་གི་རྒྱབ་སེར་འབོད།།
    སློབ་གསོ་མཁན་ལ་ཉེས་ཅན་ཤན་པ་ཟེར།།
    རང་དོན་ཆེད་དུབོན་པོ་ཆོས་རུ་སྨྲ།།
    ད་ནི་ལེགས་ཉེས་འབྱེད་དཀའ་དམུ་རྒོད་ཚོ།།

    འདི་དག་ཚང་མ་ཚུལ་ལོའི་ལག་རྗེས་རེད།།
    ཚུལ་ལོ་མེད་ན་གངས་ཅན་བོད་མི་ཕོངས།།
    ལག་རྗེས་ཅན་ལ་ཤ་ཚ་སྙིང་ནད་མཁན།།
    མི་བུ་རང་ཉིད་ཕྱིར་ལ་འཁོར་བའི་ལྟས།།

    བསམ་ཤིང་བསམ་ན་སྐྱོ་བའི་ཁ་སྣོན་རེ།།
    བཤད་ཅིང་བཤད་ན་ཕྲན་འབྲས་འཇའ་རིས་འདྲ།།
    དེད་ཅིང་དེད་ན་རང་དོན་ཁོ་ན་རེ།།
    ཀུན་ཀྱང་ཀུན་ནས་བསམ་གཞིག་ནན་ཏན་མཛོད།།
    གངས་སྤྲེལ་ཚ་ནས། སྤྱི་ལོ ༢༠༡༣། ༠༧། ༢༦ །

  9. གླིང་ཕྲུག་། says:
    2013-07-31 at 11:45 am

    མི་གསོན་པོ་བཀའ་དྲིན་ཆེ་

  10. འབྲོག་ཕྲུག says:
    2013-07-31 at 12:52 pm

    ལས་དཀར་པོས་བཤད་ན་དཀར་པོ་བདེན།།
    ནག་པོས་བཤད་ན་ནག་པོ་བདེན།།
    ངས་ནི་མི་བཤད་འདུག་རྒྱུ་ཡིན།།
    བོད་ཁུལ་ནང་འཁྲུག་མ་བྱེད་རོགས།།

  11. འོད་གསལ says:
    2013-07-31 at 1:59 pm

    དྲྭ་གྲོགས་ཡོངས་ལ་ཕུལ་བ།

    ཁ་བརྡའི་གླེང་སྟེགས་འདི་ནི་མི་དགེ་བའི་ལས་གསོག་ས་དང་། བོད་མི་རིགས་ཀྱི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་ཡོ་བྱད་ཆེན་པོ་ཞིག་ཏུ་ཆགས་འགྲོ་བཞིན་འདུག །འདི་གར་སླེབས་མཁན་མང་བོ་ཞིག་ནི་ཆོས་པ་དང་གྲྭ་བཙུན་ཡིན་བཞིན་དུ། རབ་ན་གསང་བ་སྔགས་དང་ཐེག་པ་ཆེན་པོའི་ལྟ་སྒོམ་དང་། ཐ་ན་དགེ་སྦྱོང་གི་ཆོས་བཞི་ཙམ་ཞིག་ཉམས་ལེན་དགོས་པས། མི་གཞན་པར་སྐྱག་པ་དང་། བླུན་པོ་སོགས་དེང་སང་མི་སྐྱ་ཤེས་ཡོན་ཅན་ཚོའི་ཁ་ནས་ཀྱང་མི་འོང་བའི་ཚིག་ངན་གི་འཁོར་ལོ་ཉིན་མཚན་ཀུན་ཏུ་བསྐོར་བ་འདི་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཉམས་པའི་སྔ་ལྟས་རེད།

    རང་གི་བསྟན་པ་ལ་ཤ་ཚ་དེ་འདྲའི་ཆེན་པོ་ཡོད་ན། ཉིན་མཚན་ཀུན་ཏུ་མི་གཞན་ལ་ཁ་བཏང་ནས་དུས་མི་འདའ་བར། དུས་ཚོད་དམ་འཛིན་གནང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་རྩོལ་གནོང་དང་། རང་གི་བརྒྱུད་པའི་བླ་མ་མཉེས་པའི་མཆོད་པའི་མཆོག་དང་། བསྟན་པའི་ཞབས་ཕྱིར་འགྲོ །

    ཁ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ལ་རྒྱ་གཙང་མ་ཞིག་ཡོད་ན། བོད་རིགས་སྤུན་ཟླ་རྣམས་ལ་མིང་ངན་མཚང་འདོགས་སྨ་འབེབས་དང་དབྱེན་དཀྲུག་གནང་བ་ལས། རིག་གནས་དང་ཤེས་ཡོན་སློབ་སྦྱོང་མཛད་ནས། རང་གི་མི་རིགས་ཀྱི་མདུན་ལམ་ལེགས་པོ་བསྐྲུན་པར་མཁོ་བའི་བྱས་རྗེས་ཞིག་འཇོག་རོགས། 

    ཡིད་ཤིན་ཏུ་སྐྱོ་བ་ཞིག་ལ། ཁ་བརྡར་ཕེབས་པའི་མི་རྣམས་ཀྱི་ཁྲོད་ནས་སློབ་གྲྭར་སོང་བའི་མི་སྐྱ་རེད་སྙམ་པ་ཚོས་སྒེར་གྱི་ལྟ་ཚུལ་ག་རེ་ཡིན་ཀྱང་། གླེང་མོལ་བྱེད་སྐབས་སུ་བསམ་མནོ་ཞིབ་ཏུ་བཏང་ཞིང་། གུས་ཞབས་ལྡན་པའི་སྒོ་ནས་སྐད་ཆ་ལབ་ཀྱི་ཡོད། དེ་ལས་ལྡོག་ཏེ་གྲྭ་བ་དང་གྲྭ་ལོག་ཡིན་པ་འདྲ་བོ་མང་བོས་ཁ་ཡར་བཀྱག་ཚེ་རང་བསྟོད་གཞན་སྨོད་རྐྱང་རྐྱང་གི་གཏམ་འཆལ་དང་ཆགས་སྡང་གི་ཚིག་རྩུབ་ཆུ་བཞུར་བཞུར་འོང་གི་ཡོད་རེད། ང་མིན་ང་འདྲ་ཞིག་གིས་བཤིག །ཅེས་གསུངས་པ་ཅི་མ་བདེན། 

    རྒྱ་ནག་སྲིད་གཞུང་ནི་འཛམ་གླིང་སྟེང་དུ་དྲྭ་འཕྲུལ་ངན་སྤྱོད་བྱེད་མཁན་གཙོ་བོ་ཞིག་ཡིན་སྟབས། ང་ཚོས་གཟབ་གཟབ་གནང་དགོས། རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་རྡ་ས་ནས་བོད་མི ཡིན་པའི་རྒྱ་མིའི་སོ་པ་ཞིག་འཛིན་བཟུང་བྱས་ཡོད། གལ་ཏེ་རྒྱ་མིའི་སོ་པ་ཞིག་ཡོད་ན། མི་དེའི་ཁ་ནས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་དད་མདོག་དང་། བོད་དོན་ལ་དགའ་མདོག་བྱས་ནས། དོན་དུ་གཡོ་ཐབས་སྒོ་ནས་བོད་ཀྱི་སྤྱི་ཚོགས་ལ་དངོས་ཤུགས་སྒོ་ནས་གནོད་སྐྱོན་གཏོང་ཅི་ནུས་བྱེད་ཀྱི་རེད། དེས་ན་ཆོས་ལུགས་དང་ཆོལ་ཁའི་བར་དང་། མི་ཕན་ཚུན་བར་ལ་ནང་འགལ་བཟོ་བའི་གཏམ་སྒྲོག་མཁན་ཚོ་ལ་དོ་སྣང་གནང་དགོས།

    ཁ་བརྡ་ལ་དགེ་མཚན་མང་བོ་ཡོད་པ་སྨོས་ཅི་དགོས། འདི་གར་མི་ཆེ་ཆུང་སུ་སླེབས་ཀྱང་འདྲ་མཉམ་ཡིན་པ་མ་ཟད། ཁྲིམས་མཐུན་གྱི་སྨྲ་བརྗོད་རང་དབང་གླེང་སྟེགས་ཡིན་པས། རྒྱལ་སྤྱིའི་ཁྲིམས་དང་མ་འགལ་ཚེ་རང་གི་ལྟ་མོས་ཆ་ཚང་བཏོན་ཆོག་གི་རེད། གལ་ཏེ་ཁྲིམས་དང་འགལ་ཚེ། གློག་ཡིག་གཏོང་མཁན་གྱི་མི་དེའི་སུ་ཡིན་དང་སྡོད་གནས་གསལ་བོ་རྩད་གཅོད་བྱས་ཚེ་ཧ་གོ་གི་ཡོད་སྟབས། ད་ནས་དྲན་ཤེས་ལེགས་པོ་མ་བརྟེན་ན་མ་འོང་པར་རང་མགོར་རྙོག་དྲྭ་ལྷུང་ངེས། 

    བདེ་བོར་བཞུགས།

  12. རིག་པའི་བུ says:
    2013-07-31 at 2:05 pm

    རང་གི་མིང་དང་གྲགས་པའི་ཆེད་དུ་འབྲོག་པ་མང་ཚོགས་ཀྱི་འཚོ་རྟེན་བརླགས་ཤིང་ཁྱིམ་མེད་ལྡོམ་པོ་སྒྱུར་མཁན་གྱི་སྒེར་སེམས་ཅན་པོ།།
    འཚོ་རྟེན་དང་གཟའ་བཏུང་ངན་ངོགས་ཀྱི་འཚོ་བའི་ཁྲོད་དུ་ཤེས་ཡོན་ལྟ་ཅི་མི་རྣམས་རང་ཁ་ཙམ་ཡང་གསོ་མི་ཐུབ་མཁན་ཞིག་ཏུ་སྒྱུར་མཁན་གྱི་བླུན་པོ་ཆེན་པོ།།
    དམ་ཆོས་ཁ་ལ་འཁྱེར་ནས་རི་སྒང་གི་ཡིག་རྨོངས་མང་ཚོགས་རང་དོན་ཆེད་བེད་སྤྱོད་བཏང་མཁན་གྱི་གཡོ་སྒྱུ་རྒྱུ་ཅན་པོ།།
    སངས་བསྟན་སྨྲ་ཁུལ་གྱིས་སངས་བསྟན་དང་གང་ཡང་མི་མཐུན་ཞིང་བཙན་ཤུགས་ཀྱིས་མང་ཚོགས་ལ་འཇིགས་སྐུལ་བཏང་མཁན་གྱི་གདུག་རྩུབ་པ་ཆེན་པོ།།
    ཆོད་སྲིད་ཟུང་འབྲེལ་གྱི་ལུགས་རྙིང་རྫོགས་ཟིན་ཞིང་དུས་དང་མི་མཚམས་རྙིང་དྲི་ཁ་ཡང་ད་དུང་ཡང་དེ་ལྟར་ལག་སྟར་བྱེད་མཁན་གྱི་རྙིང་ཞེན་པ་ཆེན་མོ།།
    མི་སེར་རྣམས་གང་ཐུབ་ཀྱིས་དགོན་པ་བརྫངས་ཤིང་འཚོ་རྟེན་རྣམས་གཞུང་བཞེས་བྱེད་མཁན་གྱི་བོད་མི་རིགས་ཀྱི་སྲོག་སྐྱོབ་པ་ཆེན་མོ།།

  13. འོད་གསལ says:
    2013-07-31 at 2:16 pm

    དྲྭ་གྲོགས་ཡོངས་ལ་ཕུལ་བ།

    ཁ་བརྡའི་གླེང་སྟེགས་འདི་ནི་མི་དགེ་བའི་ལས་གསོག་ས་དང་། བོད་མི་རིགས་ཀྱི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་ཡོ་བྱད་ཆེན་པོ་ཞིག་ཏུ་ཆགས་འགྲོ་བཞིན་འདུག །འདི་གར་སླེབས་མཁན་མང་བོ་ཞིག་ནི་ཆོས་པ་དང་གྲྭ་བཙུན་ཡིན་བཞིན་དུ། རབ་ན་གསང་བ་སྔགས་དང་ཐེག་པ་ཆེན་པོའི་ལྟ་སྒོམ་དང་། ཐ་ན་དགེ་སྦྱོང་གི་ཆོས་བཞི་ཙམ་ཞིག་ཉམས་ལེན་དགོས་པས། མི་གཞན་པར་སྐྱག་པ་དང་། བླུན་པོ་སོགས་དེང་སང་མི་སྐྱ་ཤེས་ཡོན་ཅན་ཚོའི་ཁ་ནས་ཀྱང་མི་འོང་བའི་ཚིག་ངན་གི་འཁོར་ལོ་ཉིན་མཚན་ཀུན་ཏུ་བསྐོར་བ་འདི་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཉམས་པའི་སྔ་ལྟས་རེད།

    རང་གི་བསྟན་པ་ལ་ཤ་ཚ་དེ་འདྲའི་ཆེན་པོ་ཡོད་ན། ཉིན་མཚན་ཀུན་ཏུ་མི་གཞན་ལ་ཁ་བཏང་ནས་དུས་མི་འདའ་བར། དུས་ཚོད་དམ་འཛིན་གནང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་རྩོལ་གནོང་དང་། རང་གི་བརྒྱུད་པའི་བླ་མ་མཉེས་པའི་མཆོད་པའི་མཆོག་དང་། བསྟན་པའི་ཞབས་ཕྱིར་འགྲོ །

    ཁ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ལ་རྒྱ་གཙང་མ་ཞིག་ཡོད་ན། བོད་རིགས་སྤུན་ཟླ་རྣམས་ལ་མིང་ངན་མཚང་འདོགས་སྨ་འབེབས་དང་དབྱེན་དཀྲུག་གནང་བ་ལས། རིག་གནས་དང་ཤེས་ཡོན་སློབ་སྦྱོང་མཛད་ནས། རང་གི་མི་རིགས་ཀྱི་མདུན་ལམ་ལེགས་པོ་བསྐྲུན་པར་མཁོ་བའི་བྱས་རྗེས་ཞིག་འཇོག་རོགས། 

    ཡིད་ཤིན་ཏུ་སྐྱོ་བ་ཞིག་ལ། ཁ་བརྡར་ཕེབས་པའི་མི་རྣམས་ཀྱི་ཁྲོད་ནས་སློབ་གྲྭར་སོང་བའི་མི་སྐྱ་རེད་སྙམ་པ་ཚོས་སྒེར་གྱི་ལྟ་ཚུལ་ག་རེ་ཡིན་ཀྱང་། གླེང་མོལ་བྱེད་སྐབས་སུ་བསམ་མནོ་ཞིབ་ཏུ་བཏང་ཞིང་། གུས་ཞབས་ལྡན་པའི་སྒོ་ནས་སྐད་ཆ་ལབ་ཀྱི་ཡོད། དེ་ལས་ལྡོག་ཏེ་གྲྭ་བ་དང་གྲྭ་ལོག་ཡིན་པ་འདྲ་བོ་མང་བོས་ཁ་ཡར་བཀྱག་ཚེ་རང་བསྟོད་གཞན་སྨོད་རྐྱང་རྐྱང་གི་གཏམ་འཆལ་དང་ཆགས་སྡང་གི་ཚིག་རྩུབ་ཆུ་བཞུར་བཞུར་འོང་གི་ཡོད་རེད། ང་མིན་ང་འདྲ་ཞིག་གིས་བཤིག །ཅེས་གསུངས་པ་ཅི་མ་བདེན། 

    རྒྱ་ནག་སྲིད་གཞུང་ནི་འཛམ་གླིང་སྟེང་དུ་དྲྭ་འཕྲུལ་ངན་སྤྱོད་བྱེད་མཁན་གཙོ་བོ་ཞིག་ཡིན་སྟབས། ང་ཚོས་གཟབ་གཟབ་གནང་དགོས། རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་རྡ་ས་ནས་བོད་མི ཡིན་པའི་རྒྱ་མིའི་སོ་པ་ཞིག་འཛིན་བཟུང་བྱས་ཡོད། གལ་ཏེ་རྒྱ་མིའི་སོ་པ་ཞིག་ཡོད་ན། མི་དེའི་ཁ་ནས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་དད་མདོག་དང་། བོད་དོན་ལ་དགའ་མདོག་བྱས་ནས། དོན་དུ་གཡོ་ཐབས་སྒོ་ནས་བོད་ཀྱི་སྤྱི་ཚོགས་ལ་དངོས་ཤུགས་སྒོ་ནས་གནོད་སྐྱོན་གཏོང་ཅི་ནུས་བྱེད་ཀྱི་རེད། དེས་ན་ཆོས་ལུགས་དང་ཆོལ་ཁའི་བར་དང་། མི་ཕན་ཚུན་བར་ལ་ནང་འགལ་བཟོ་བའི་གཏམ་སྒྲོག་མཁན་ཚོ་ལ་དོ་སྣང་གནང་དགོས།

    ཁ་བརྡ་ལ་དགེ་མཚན་མང་བོ་ཡོད་པ་སྨོས་ཅི་དགོས། འདི་གར་མི་ཆེ་ཆུང་སུ་སླེབས་ཀྱང་འདྲ་མཉམ་ཡིན་པ་མ་ཟད། ཁྲིམས་མཐུན་གྱི་སྨྲ་བརྗོད་རང་དབང་གླེང་སྟེགས་ཡིན་པས། རྒྱལ་སྤྱིའི་ཁྲིམས་དང་མ་འགལ་ཚེ་རང་གི་ལྟ་མོས་ཆ་ཚང་བཏོན་ཆོག་གི་རེད། གལ་ཏེ་ཁྲིམས་དང་འགལ་ཚེ། གློག་ཡིག་གཏོང་མཁན་གྱི་མི་དེ་སུ་ཡིན་དང་སྡོད་གནས་གསལ་བོ་རྩད་གཅོད་བྱས་ཚེ་ཧ་གོ་གི་ཡོད་སྟབས། ད་ནས་དྲན་ཤེས་ལེགས་པོ་མ་བརྟེན་ན་མ་འོང་པར་རང་མགོར་རྙོག་དྲྭ་ལྷུང་ངེས། 

    བདེ་བོར་བཞུགས།

  14. གླིང་ཕྲུག་། says:
    2013-07-31 at 10:52 pm

    རིག་ཀྱིས་བུའི་རྒྱུ་ཚན་གང་ཡང་མེད་པའི་སྐྱོན་བརྗོད་དེ་འདྲ་ངོ་ཚ་དགོས་ཡ་རེད་།ཧཧ

  15. ཡ་མ་ཚེ་རིང་། says:
    2013-08-02 at 4:41 am

    མ་གཞི་སྐྱོན་བརྗོད་ཁག་ལ་རྒྱུ་མཚན་གང་འཚམ་འདུག་ འོན་ཀྱང་དམ་པ་ཁོང་མཁས་བཙུན་གཉིས་ལྡན་རེད། ཡིན་ཡང་ཁོང་ལ་ནོར་འཁྲུལ་ཡོད་སྲིད་པ་རེད། གཙོ་པོ་སོ་སོས་ལེགས་ཉེས་འབྱེད་དགོས་པ་རེད་མ་གཏོགས། དཀར་པོ་ཡིན་ན་དཀར་པོ་དཀར་རྐྱང་དང་། ནག་པོ་ཡིན་ན་ནག་པོ་ནག་རྐྱང་ཡིན་པའི་ལྟ་ཚུལ་འདི་ང་ཚོའི་སྤྱི་ཚོགས་ཀྱི་དེ་རིང་རང་འདོར་དགོས་པའི་ལྟ་ཚུལ་ཕན་མེད་གནོད་སྐྱེལ་ཅིག་རེད།

  16. འགྱུར་མེད་རྡོ་རྗེ། says:
    2015-08-23 at 10:16 pm

    རེ་བའི་བང་ཁ་ན་ཚེས་པའི་ཚུལ་ཁྲིམས་བློ་གྲོས།

    རྫ་པདྨ་དབང་རྒྱལ།

    འགྲན་བྲལ་གྱི་དེད་དཔོན། འཚེ་མེད་ཀྱི་སྟོན་པ།
    བྱང་བགྲོད་ཀྱི་སངས་རྒྱས། ཀློང་ཆེན་པའི་རྒྱལ་སྲས།

    ཨེ་མ་དེ་བས་ཀྱང་ཡིད་དགའ་བའི་ཁྱད་མཚར་གྱི་ཤོག་ལྷེ་ཞིག་དང་སེམས་སྤྲོ་བའི་དད་འདུན་གྱི་མེ་ཏོག་ཅིག་ནི། ཉེར་གཅིག་དུས་རབས་ཀྱི་བག་གསར་མགྲོན་དུ་འོང་ཞིང་ཚན་རྩལ་རིག་གནས་ཀྱི་གཤོག་ཟུང་དལ་གྱི་བརྐྱངས་ཏེ། འཛམ་གླིང་ཤར་ནུབ་གྱི་བློ་མིག་ཧྲིག་ཧྲིག་བྱེད་དུས། གང་གིས་འཕྲིན་ལས་ཀྱི་དུས་བབས་ཆེན་པོས་འོད་གོར་གྱི་ཟེགས་མ་རེ་དང་དཀར་གསལ་གྱི་སྣང་བ་རེ་རེས་མུན་ནག་གི་དུར་ཐང་ཡངས་བར་བྱས་ཤིང་། མཚུངས་བྲལ་གྱི་མཛད་པ་རེ་དང་ཚད་གྲུབ་གྱི་བདེན་གསུང་རེ་རེས་མཐའ་འཁོབ་གྱི་རྨོངས་པ་སད་དུ་བཅུག་པ་དེ་རེད། ལྟོས་དང་། ཁྱད་མཚར་གྱི་ལོ་རྒྱུས་འོད་དཀར་གྱི་ལམ་བུ་མཛེས་སྡུག་གི་འཇའ་ཚོན་དཀར་དམར་གྱི་ལང་ཚོ། ད་དུང་ཞི་དུལ་གྱི་རྣམ་པ། སྒོ་གསུམ་གྱི་རང་ཚུགས། གཞུང་དྲང་གི་གཤིས་ཀ ཡ་རབས་ཀྱི་ཀུན་སྤྱོད། དཔྱོད་ཤེས་ཀྱི་བློ་མིག འཚོལ་ཤེས་ཀྱི་ཤེས་རབ་སོགས་མ་བཅོས་རང་བྱུང་གི་མཚན་བཟང་ནབ་པ་ནི་གངས་ཅན་པ་སྨྲ་བའི་དབང་ཕྱུག་རེད།
    ཉོན་དང་། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་མི་རིགས་ཀྱི་བློ་དང་འཕྲོད་པ། ལྷ་ཆོས་ཀྱི་གཞུང་དང་མཐུན་ཞིང་མི་ཆོས་ཀྱི་ལུས་དང་འཚམ་པ། རྩ་ཁྲིམས་ཀྱི་གནད་དང་མཐུན་ཞིང་འཚོ་གནས་ཀྱི་བབས་དང་འགྲིག་པའི་དུས་བབས་ཀྱི་ཞལ་ཏ་གནང་མཁན་ནི་རབ་འབྱམས་པ་ཚུལ་ཁྲིམས་བློ་གྲོས་རེད། ཁོང་གི་སེམས་འགུལ་རང་བྱུང་གི་སློབ་གསོ་རེ་རེ་ནི་རྣ་བ་ལ་སྙན་འཇེབས་སྟེར་བའི་ཚངས་པའི་གླུ། ཡང་ན་དྲི་ཟའི་ངག ཀྱེ། གང་ལྟར་ཁྱེད་ནི་རང་བཞིན་གྱི་མཁས་པ་དཀྱུས་མ་ཞིག་ནི་མ་ཡིན་ཏེ་འགྱུར་མེད་ཀྱི་སྙིང་སྟོབས། ཞུམ་མེད་ཀྱི་སྤོབས་པ། ཉམས་མེད་ཀྱི་འཕྲིན་ལས། བླ་མེད་ཀྱི་ཤེས་རབ། རང་སྲུང་གི་ཐབས་ཇུས། འདི་ལྟ་བུ་ཞིག་ཇི་ལྟར་རྒྱས་པ་ཡིན། མདོར་ན། བོད་ཕྱི་རབས་པའི་མིག་ལྟོས་དམ་པ། ས་མཐོ་སྒང་གི་རེ་བའི་སྐར་ཆེན། ཡུལ་གདོང་དམར་པའི་སྣེ་ཁྲིད་བཟང་པོ། སྡེ་འབངས་མི་ཚོ་སེམས་ཀྱི་ཁེན་ས། དགོན་གྲྭ་མང་ཚོའི་རེ་བའི་ལྗང་སྨྱུག བོད་སིལ་ཆད་ཀྱི་མཛངས་མི་དང་པོ། གཞུང་བརྡ་སྤྲོད་ཀྱི་སྐད་གཉིས་སྨྲ་བ། ཁྱེད་ནི་གནའ་དེང་གཞུང་ལུགས་ལ་མཁྱེན་རྩལ་འབར་བའི་ཐུབ་པ་ཞིག ཁྱེད་ནི་སྔོན་དཔོག་རྗེས་དཔྱོད་ལ་བློ་གྲོས་ཡངས་པའི་ཆོས་པ་ཞིག ཁྱེད་ནི་ཁེངས་པ་སྤངས་ཤིང་དྲེགས་པ་མེད་པའི་སྐྱེས་བུ་ཞིག ཁྱེད་ནི་སྙིགས་མ་དོར་ཞིང་སྙིང་བཅུད་ལེན་པའི་མཁས་པ་ཞིག ཁྱེད་ནི་མཐའ་གཉིས་སྤངས་ཤིང་དབུས་ལ་དགྱེས་པའི་བཤེས་གཉེན་ཞིག ཁྱེད་ནི་ལུས་སེམས་གཙང་ལ་ལང་ཚོ་ལྡན་པའི་མི་བུ་ཞིག ཁྱེད་ནི་དམ་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་ལུང་ཟིན་གྱི་སྐྱེས་བུ་ཞིག ཁྱེད་ནི་བླ་མ་ཡི་རྒྱལ་སར་བཀོད་པའི་ཚབ་མཚོན་གྱི་མི་སྣ་ཞིག ཁྱེད་ནི་མེ་དཔུང་གི་ཚྭ་གཟེར་འཇོམས་པའི་དངོས་གྲུབ་གྱི་ཆར་རྒྱུན་ཞིག ཁྱེད་ནི་མུན་ནག་གི་ཁོར་ཡུག་སྣང་བའི་འོད་དཀར་གྱི་སྒྲོན་མེ་ཞིག ཁྱེད་ནི་ཚན་རྩལ་གྱི་ཀོང་ཇོ་བསུ་བའི་མཐོ་སྒང་གི་རྒྱལ་སྲས་ཞིག ཁྱེད་ཀྱི་སྐུ་ཚེ་ཡི་དུས་ཡུན་ནང་ལ་གངས་ཅན་པའི་དར་རྒུད་འདུས་ཡོད། ཁྱེད་ཀྱི་རྣམ་ཐར་གྱི་ཤོག་ལྷེའི་ངོས་ན་གདོང་དམར་པའི་འཕེལ་འགྲིབ་འཁོད་ཡོད། ཁྱེད་ཀྱིས་མཛད་པ་ཡི་འཕྲིན་ལས་དཀར་པོས་ང་ཚོ་ལ་རྒྱལ་ཁ་དང་གཟི་བརྗིད་གནང་ཡོད། ཁྱེད་ཀྱིས་བཀའ་སློབ་གྱི་ཞལ་ཏ་སྙན་མོས་ང་ཚོ་ལ་སྐུལ་མ་དང་སྙིང་སྟོབས་བསྩལ་ཡོད། ཁྱེད་ཀྱིས་ཐུགས་རྗེ་དང་བརྩེ་བ་ཟབ་མོས་ང་ཚོ་ལ་བདེ་སྐྱིད་དང་དགོད་སྒྲ་གནང་ཡོད། དེའི་ཕྱིར་ང་ཚོ་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་མདུན་དུ་བསྐྱོད་ན་འདོད། ཁྱེད་ཀྱི་རྒྱུན་དང་འགྲོགས་ནས་སྔོན་དུ་ཆས་ན་འདོད། མི་དབང་གི་སྲས་པོ། ཁྱེད་མེད་ན་འགོས་ཁྱབ་རང་བཞིན་གྱི་ཨེ་ཛི་ལ་ཉེན་བརྡ་ཇི་ལྟར་གཏོང་། ཚེ་སྲོག་ཀུན་འཇོམས་ཀྱི་ནད་ཡམས་ལ་བཀག་རྒྱ་ཇི་ལྟར་བྱེད། ཡ་མེད་འཆི་བདག་གི་གདོན་འདྲེ་ལ་རྒོལ་ལན་ཇི་ལྟར་སྤྲོད། ངེས་དོན་གྱི་མ་ཧ་པཎྜི་ཏ། ཁྱེད་མེད་ན་སྐད་ཡིག་གི་ཚེ་སྲོག བརྡ་སྤྲོད་ཀྱི་ལུས་ཤུགས། རྒྱུན་བཀོལ་གྱི་ཐ་སྙད་སོགས་ཟུངས་ཟད་ཀྱི་ནད་པ་བཞིན་འཆི་ལ་ཉེ། བཙོན་རར་གྱི་ཉེས་ཅན་བཞིན་གསོད་ལ་ཉེ། བཤས་རར་གྱི་བཤའ་ལུག་བཞིན་ཚར་ལ་ཉེ། མཚུངས་བྲལ་གྱི་སྐྱབས་མགོན་ཆེན་པོ། ཁྱེད་ཀྱིས་ཤར་ནུབ་གྱི་རྣམ་བཞག རིག་གཞུང་གི་སྐྱེ་འཆི། ལེགས་ཉེས་ཀྱི་བླང་དོར། དགེ་སྡིག་གི་ལྕི་ཡང་། འཚོ་གནས་ཀྱི་རྐང་ལམ། རེ་བསྙེག་གི་འཐབ་རྩོད། ཐོབ་ཤོར་གྱི་བཟང་ངན། སོགས་དགོས་གལ་རང་བཞིན་གྱི་བཀའ་སློབ་བསྩལ། བདེན་པ་ར་སྤྲོད་ཀྱི་སྒོ་མོ་ཕྱེས། གནས་ལུགས་ངོ་སྤྲད་ཀྱི་གདམས་པ་གནང་། གནའ་དེང་གི་སློབ་དཔོན་ཆེན་པོ། ཁྱེད་མེད་ན་དྭངས་གཙང་གི་ཕ་སྐད་གང་ནས་འཚེར། སྦྲགས་སྐད་ཀྱི་བསྟན་པ་ཅི་ལྟར་བསྣུབས། དགེ་བཅུ་ཡི་མཚན་སྙན་གང་ནས་འོང་། དཀར་ཟས་ཀྱི་རླུང་རྟ་གང་ནས་དར། དམར་ཟས་ཀྱི་མགོ་རྟིང་ཇི་ལྟར་སློག མདོར་ན་ཁྱེད་ཀྱིས་རྣམ་དཀར་གྱི་མཛད་རྗེས་ནི་རྩིས་མཐའ་ཡས་པའི་དུང་མདོག་གི་སྐར་ཚོམ་དང་བགྲང་མཐའ་ཡས་པའི་དཀར་དམར་གྱི་མེ་ཏོག་བཞིན། གུས་པ་ངས་རྟོག་གེའི་བློས་གཞལ་ག་ལ་ཐུབ། གང་ལྟར་གསང་ཆེན་བསྟན་པའི་མངའ་བདག ཁྱེད་མེད་ན་ཕ་ཤུལ་སུ་ཡིས་འཛིན། ཕ་མཁར་སུ་ཡིས་སྐྱོང་། ཕ་གཞིས་སུ་ལ་བཅོལ། དེ་ཕྱིར་ས་སྒང་སྤྱི་དང་ཁྱད་པར་གངས་ཅན་པའི་བསོད་ནམས་ཀྱི་སླད་དུ་སྐུ་ཚེ་བསྐལ་བརྒྱར་དང་ཞབས་ཕུད་ཁྲི་ལོར་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme