Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེད་བཙན་བྱོལ་བའི་སྐོར།

Posted on 2008-08-07 By དགེ་རབ་ 3 Comments on ངེད་བཙན་བྱོལ་བའི་སྐོར།

བསྟན་འཛིན་བརྩོན་འགྲུས།
སྐར་ཆེན་གྱིས་བསྒྱུར།

བསྟན་འཛིན་བརྩོན་འགྲུས་ནི་བཙན་བྱོལ་དུ་སྐད་གྲགས་ཡོད་པའི་དབྱིན་ཡིག་རྩོམ་པ་པོ་དང་བོད་རང་དབང་འཐབ་རྩོད་པ་ཞིག་ཡིན། ངེད་བཙན་བྱོལ་བའི་སྐོར་ཞེས་པའི་རྩོམ་ཡིག་འདི་ཉིད་ལ་ཕྱི་ལོ་༢༠༠༡ལོའི་རྒྱ་གར་གྱི་དུས་དེབ་ (outlook Magazine) ཀྱི་འགྲན་རྩོམ་ཁོངས་སུ་བྱ་དགའ་ཐོབ།

ངས་སོ་སོར་རང་ཉིད་གང་ནས་ཡོང་མིན་གྱི་སྐོར་ལ་སྐད་ཆ་འདྲི་དུས། ང་ལ་དྲི་བ་དེར་ལན་མེད་པ་ཆགས་ཀྱི་འདུག ངས་ནམ་རྒྱུན་ནས་རང་ཉིད་ཕྱོགས་གང་ལ་ཡང་མི་གཏོགས་པ་མ་ཟད་རང་ལ་ཁྱིམ་ཡང་མེད་པ་ཚོར་གྱི་ཡོད། ང་སྐྱེས་ས་མཱ་ནཱ་ལཱི་ཡིན་མོད། ངའི་ཕ་མ་གཉིས་ཁཱ་ནཱ་ཀྲ་ཁཱར་སྡོད་ཀྱིཡོད། ང་རང་ཧི་མ་ཅལ་མངའ་སྡེའི་ནང་གི་ས་ཁུལ་མི་འདྲ་བ་གཉིས་ནས་སློབ་ཐོན་བྱས་ཤིང་སོ་སོའི་སློབ་སྦྱོང་རྒྱུན་འཁྱོངས་ཀྱི་སླད་དུ་ལ་དྭགས་དང་མཱ་རྡཱི་རཱ་སཱི། མམ་བྷེབཅས་སུ་མུ་མཐུད་དུ་སློབ་གྲྭ་འགྲིམས་མྱོང། ངའི་གཅེན་མོ་རྣམས་ལྦར་ནཱར་སྡོད་ཀྱི་ཡོད་ལ་ངའི་གཅེན་པོ་རྣམས་རྡ་སར་གནས་སྡོད་བྱེད་ཀྱི་ཡོད།
ངའི་སྐྱབས་བཅོལ་ལག་འཁྱེར་གྱིས་ང་རང་རྒྱ་གར་དུ་སྡོད་མཁན་གྱི་ཕྱི་རྒྱལ་བ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་རང་བོད་ཀྱི་མི་སེར་ཞིག་ཡིན་མོད། འོན་ཀྱང་། བོད་ཞེས་པ་དེ་འཛམ་གླིང་གི་སྲིད་དོན་ས་ཁྲའི་སྟེང་དུ་མེད། ང་རང་བོད་སྐད་བཤད་རྒྱུར་དགའ་ལ་དབྱིན་ཡིག་འབྲི་རྒྱུར་དུངས། ང་ཧིན་རྡིའི་གཞས་གཏོང་རྒྱུར་དགའ་རུང་ངའི་ངག་གདངས་ཚང་མ་ནོར་བ་ཤ་སྟག་ཡིན། མི་ཞིག་གིས་ང་རང་གང་ནས་ཡོང་བ་ཤེས་འདོད་ཀྱི་སྒོ་ནས་སྐད་ཆ་དྲིས་བའི་ཚེ། དེ་ལ་ཁ་གཏད་ཀྱི་ཚབ་ཏུ་གཟེངས་སུ་ཐོན་པའི་ལན་ནི་བོད་པ་ཞེས་པའི་ཚིག་འབྲི་འདི་གཉིས་ཡིན། ནམ་རྒྱུན་ངའི་སེམས་པ་དྲི་བ་དང་དོགས་པ། དྲིལ་བསྒྲགས་དང་གདུང་བ་བཅས་ཀྱིས་བཏུམས་ནས་ཡོད། འོན་ཀྱང་། ཐ་སྙད་འདི་དག་གིས་ང་ལ་ཁྱིམ་ཞེས་འབོད་ས་ཞིག་མེད་པ་དང་ང་རང་འཛམ་གླིང་ཆེན་པོ་འདིའི་ནང་གི་སྐྱབས་བཅོལ་བ་ཞིག་ཡིན་པའི་གནས་སྟངས་འདིར་ནམ་ཡང་འགྲེལ་བརྗོད་ཐུབ་ཁག་པོ་རེད།

ང་ཚོ་ཧི་མ་ཅལ་མངའ་སྡེའི་ནང་དུ་བོད་ཁྱིམ་གྱི་སློབ་ཕྲུག་ཡིན་པའི་སྐབས་སུ། ང་ཚོའི་དགེ་རྒན་གྱིས་བོད་ནང་གི་བོད་མིའི་དཀའ་སྡུག་་སྒྲུང་དང་སྦྱར་ནས་བཤད་སྲོལ་ཡོད། དགེ་རྒན་གྱིས་ང་ཚོ་སྐྱབས་བཅོལ་བ་རེད་ཞེས་ཡང་ཡང་ལབ་་པ་མ་ཟད་ང་ཚོའི་ཐོད་པའི་ངོས་སུ་སྐྱབས་བཅོལ་བའི་ཡིག་འབྲི་གཉིས་བརྐོས་ཡོད་ཞེས་གསུངས་གི་རེད། འོན་ཀྱང་། དེས་ང་ཚོའི་སེམས་སུ་ཚོར་སྣང་འདྲེན་ཐུབ་ཀྱི་མེད་པ་མ་ཟད་ང་ཚོའི་བསམ་པར་དགེ་རྒན་གྱི་སྐད་ཆ་དེ་མགྱོགས་པོར་རྫོགས་ནས་ང་ཚོ་ཉི་མའི་དཀྱིལ་དུ་ལངས་མ་བཅུག་ན་རེ་གི་ཡོད། དུས་ཡུན་རིང་པོ་ཞིག་ལ་ངའི་བསམ་པར་ང་ཚོ་ནི་ཐོད་པའི་ངོས་སུ་སྐྱབས་བཅོལ་བ་ཞེས་པའིཡིག་འབྲུ་དེ་བརྐོས་བའི་མི་རིགས་དམིགས་བསལ་བ་ཞིག་ཡིན་པར་ཡིད་ཆེས་རྣམ་དག་བྱས།

ང་ཚོས་སློབ་གྲྭའི་ཉེ་འགྲམ་དུ་གནས་སྡོད་བྱེད་མཁན་གྱི་རྒྱ་གར་བཤན་པའི་ཁྱིམ་ཚང་དེ་ལས་གནས་ཚུལ་འདྲ་མིན་མཐོང་མྱོང་། ཁྱིམ་ཚང་དེས་ཞོགས་པ་རྟག་པར་ར་ལུག་ཉེར་གཅིག་བཤས་ཀྱི་ཡོད། ད་དུང་དེའི་ཉེ་འཁོར་དུ་ཁྱིམ་ཚང་གཞན་ལྔ་ལྷག་ཡོད་ལ་ཁོང་ཚོས་ཀུ་ཤུའི་ཤིང་སྡོང་ཡང་གཉོར་སྐྱོང་བྱེད་ཀྱི་ཡོད། སློབ་གྲྭར་སྡོད་པའི་སྐབས་སུ་ངས་སློབ་གྲྭར་ཡང་ནས་ཡང་དུ་བཅར་མཁན་གྱི་སྦྱིན་བདག་ཕྱི་རྒྱལ་བ་དེ་ཚོ་ལས་གཞན་ཕྱི་མི་མཐོང་མྱོང་མེད། གཅིག་བྱས་ན། ངས་སློབ་གྲྭ་རུ་ཐེངས་དང་པོར་ཤེས་རྟོགས་ཐུབ་པ་ནི་ང་རང་སྐྱབས་བཅོལ་བ་ཞིག་ཡིན་པ་དང་ང་ཚོ་ཚང་མར་ཕ་ཡུལ་ཞེས་ལོག་ས་ཞིག་མེད་པ་འདི་གཉིས་ཡིན།

ངས་ད་དུང་ཡང་བྱམས་པ་ལཱ་རིའི་སྡུག་བསྔལ་གྱི་འགྲེལ་བཤད་ཞེས་པ་དེ་ྐློག་གི་ཡོད། མོ་རང་གིས་སོ་སོའི་དེབ་དེའི་སྐོར་གླེང་དུས། མོས་རང་ཉིད་བཙན་བྱོལ་དུ་གཉོམ་ལག་རྒྱས་བ་ཡིན་ཟེར་ལ་དེ་ནི་ང་ལ་ཡང་གཅིག་མཚུངས་སུ་བྱུང་བ་ལྟ་བུ་རེད། ཉེ་ཆར་གྱི་ཧིན་རྡིའི་གློག་བརྙན་ཚང་མ་ལས། ངས་གློག་བརྙན་དམིགས་བསལ་བ་གཅིག་ལ་རེ་ལྟོས་ཆེན་པོས་སྒུག་པ་ཡིན། དེ་ནི་བཟོ་བསྐྲུན་དང་འཁྲབ་ཁྲིད་གཉིས་ཀ་ གང ཁསྤྱྤྤཎཡིས་གནང་བའི་སྐྱབས་བཅོལ་བ་ཞེས་བའི་གློག་བརྙན་དེ་ཡིན། གློག་བརྙན་དེའི་ནང་དུ་ང་ཚོའི་དཀའ་སྡུག་གི་གནས་སྟངས་གསལ་བོར་མཚོན་པའི་བྱུང་བ་ཞིག་འདུག
ཕ་ལགས་ཤིག་གིས་རང་གི་བཟའ་མི་གང་བོ་འཁྲིད་ནས་ས་མཚམས་བརྒལ་ཏེ་་ཁྱིམ་མཚེས་རྒྱལ་ཁབ་ལ་སྐྱབས་བཅོལ། དོན་རྐྱེན་རྣམས་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། གློག་བརྙན་དེའི་ནང་གི་དུམ་མཚམས་ཤིག་དུ། ས་མཚམས་དམག་མིས་ཕ་ལགས་དེ་འཛིན་བཟུང་བྱས་ཤིང་ཁོང་གི་ངོ་སྤྲོད་ལག་འཁྱེར་གྱི་སྐོར་ལ་དོགས་འདྲི་གནང་། ཁོང་སེམས་སྐྱོ་བའི་སྒོ་ནས་བཤད་དོན། “ང་ཚོ་ཕ་གིར་སྡོད་ཐབས་ཟད་སོང་། དེར་བརྟེན། འདི་རུ་ཡོང་དགོས་ཐུག། ད་ལྟ་འདི་རུ་ཡང་དཀའ་ངལ་རེད་འདུག དོན་དངོས་སུ་སྐྱབས་བཅོལ་བ་ཞེས་བ་དེ་ནག་ཉེས་ཤིག་རེད་དམ།” དམག་མི་དེ་ཅི་བཤད་འདི་བཤད་མེད་པར་གྱུར་སོང་།

ཟླ་ཤས་ཀྱི་སྔོན་ལ། ཨ་རིའི་ནིའུ་ཡོག་ཏུ་བོད་པའི་གཞོན་སྐྱེས་ཁ་ཤས་ལ་དཀའ་ངལ་འཕྲད་དེ་ཁོང་ཚོའི་ཁྲོད་ཀྱི་གཞོན་སྐྱེས་གཅིག་འདས་གྲོངས་སུ་གྱུར། འོན་ཀྱང་། སུས་ཀྱང་ཇི་ལྟར་སྐུ་ཕུང་མེ་བསྲེགས་གཏོང་སྟངས་མ་ཤེས། དེར་བརྟེན། ཁོང་ཚོ་གཅིག་ངོ་གཅིག་ལ་ཅེར་བཞིན་གློ་བུར་དུ་རང་ཉིད་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་བ་ཚོར།

ཨེ་ཤེ་ཡ་ནས་ནུབ་ཕྱོགས་ལ་སྐྱབས་བཅོལ་ཏུ་འགྲོ་མཁན་གཅིག་མཚུངས་ལྟར། བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་ཀྱང་འགྲན་རྩོད་དང་འཕྲུལ་་ཆས་ཀྱི་ཚད་མཐོར་སླེབས་པའི་སྤྱི་ཚོགས་སུ་འཚོ་སྡོད་ལ་ཤུགས་སྣོན་བྱེད་ཀྱི་ཡོད།
བོད་མི་རྒས་འཁོགས་ཤིག་ལ་ཕོགས་ཐོབ་ཅན་གྱི་ལས་ཀ་ཞིག་རེག ལས་ཀ་དེས་ཁོང་ནང་མིའི་རྡོག་ཁྲེས་ལས་གྲོལ་ཙང་ཁོང་ཧ་ཅང་དགའ་སྤྲོ་སྐྱེས། ཁོང་གི་ལས་ཀ་ནི་འཕྲུལ་ཆས་ཀྱི་སྒྲ་རེ་གྲགས་པ་དང་གློག་གི་མཐེབ་གནོན་ལ་མཛུབ་མོས་བསྣུན་རྒྱུ་དེ་ཡིན། ཉིན་གང་བོར་ལས་ཀ་དེ་ལྟར་བྱེད་རྒྱུ་ནི་ཁོང་གིས་སྐྱིད་སྣང་དུ་བསྒོམས་པ་རེད། ཁོང་གིས་སོ་སོའི་ལས་ཀ་དང་མཉམ་དུ་ལག་ཏུ་ཕྲེང་བ་ཞིག་ཐོགས་ཏེ་ཞལ་འདོན་སྐྱོར་གྱི་ཡོད། འཕྲུལ་ཆས་ཀྱི་སྒྲ་གྲགས་ཐེངས་རེར་ཁོང་གིས་མཐེབ་གནོན་དེ་ཆོས་དད་ཀྱི་སྒོ་ནས་བསྣུན་གྱི་ཡོད།
ཉིན་འགའི་རྗེས་སུ། ཁོང་གིས་སྣང་མེད་ཀྱི་སྒོ་ནས་རང་གི་ལས་རོགས་ལ་མཐེབ་གནོན་དེ་ཅི་ཞིག་གི་ཆེད་དུ་ཡིན་མིན་གྱི་སྐོར་ལ་སྐད་ཆ་དྲིས། ལས་རོགས་བརྒྱུད་ཁོས་གློག་གི་མཐེབ་གནོན་དེ་བསྣུན་ཐེངས་རེར་བྱ་དེ་རེའི་སྐེ་བྲེགས་ཀྱི་ཡོད་པ་ཧ་གོ་ཞིང་ལམ་སེང་ལས་རིགས་དེ་མཚམས་འཇོག་དགོས་བྱུང་།

ཕྱི་ལོ་༢༠༠༠ལོའི་སྤྱི་ཟླ་༡༠བར་འཛམ་གླིང་གི་མི་ཚང་མའི་མིག་ཟུང་་སཱེ་རྡཱི་ནིའི་ཨོ་ལིམ་ཕིག་ལ་ཕྱོགས་ནས་ཡོད། སློབ་གྲྭའི་སྡོད་ཁང་དུ་ང་ཚོས་ཀྱང་བརྙན་འཕྲིན་གྱི་གདོང་ལ་ཅེར་ནས་དབུ་འཛུགས་མཛད་སྒོ་འགོ་འཛུགས་རྒྱུར་ངང་སྒུག་བྱས། མཛད་སྒོའི་དཀྱིལ་ཙམ་ལ་སླེབས་དུས། ངའི་མིག་ལམ་དུ་བརྙན་འཕྲིན་ནང་གི་གཟུགས་བརྙན་དག་རབ་རིབ་ཏུ་གྱུར་ཅིང་རང་གི་ངོ་གདོང་མཆི་མས་བརླན་པ་ཚོར། ང་ཤུགས་ཆེན་པོས་ངུས་བ་ཡིན། ང་དེ་ལྟར་ངུ་དོན་ནི་རྩེད་མོའི་གཟི་བརྗིད་དང་ཁོར་ཡུག་གི་མཚར་སྡུག ང་རང་རྩེད་མོ་རྩེ་མཁན་གྱི་ཁོངས་སུ་མེད་པ་སོགས་ཀྱི་རྐྱེན་པས་མིན། ངས་ཉེ་འཁོར་གྱི་སློབ་གྲོགས་རྣམས་ལ་བོད་ཀྱི་གནས་སྟངས་འགྲེལ་བཤད་རྒྱག་རྒྱུར་བརྩོན་པ་བྱས་ཡིན་མོད། ཁོང་ཚོས་ངེས་རྟོགས་རྙེད་རྒྱུ་ཕར་ཞོག་ཐ་ནདེའི་ཕྱོགས་ལ་བསམ་བློ་ཙམ་ཡང་འཁོར་གྱི་མི་འདུག ཁོང་ཚོར་མཚོན་ན་སོ་སོར་རྒྱལ་ཁབ་ཡོད་པའི་རྐྱེན་གྱིས་ནམ་ཡང་ཐོབ་ཤོར་གྱི་ཕྱོགས་ལ་བསམ་བློ་འཁོར་མྱོང་མེད་པ་མ་ཟད་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ངུས་མྱོང་མེད། ཁོང་ཚོར་མཚོན་ན། འཛམ་གླིང་གི་ས་ཁྲའི་སྟེང་གཅིག་པོ་མ་ཡིན་པར་ཨོ་ལིམ་ཕིག་གི་རྩེད་འགྲན་ཁོངས་སུ་ཡང་སོ་སོར་བདག་ཐོབ་ཀྱི་ས་མིག་ཡོད། ཁོང་ཚོའི་མི་དམངས་རྣམས་ཀྱིས་ཀྱང་རང་གི་ངོ་བོ་མཚོན་བྱེད་ཀྱི་གྱོན་ཆས་དཀྲིས་ཏེ་རྒྱལ་ཁབ་ཀྱི་རྒྱལ་དར་མཐོན་པོར་བསྒྲེངས་བཞིན་སྤོབས་པ་དང་ལྡན་པའི་སྒོ་ནས་རུ་སྒྲིག་གཏོང་གི་འདུག ང་ཁོང་ཚོའི་བྱེད་སྟངས་ལ་ཡིད་སྨོན་འཆོར།

ངས་ཁུ་སིམ་མེར་མིག་ཆུ་གཏོང་བའི་སྐབས་སུ་ནཱི་རུའུ་རྡ་ཡིས་ང་ལ་སེམས་གསོ་བཏང་སོང་། ཁུ་སིམ་མེར་ལྷག་འཕྲོའི་བརྙན་འཕྲིན་ལ་བལྟ་རྒྱུ་ནི་ཧ་ཅང་ཡིད་སྐྱོ་བ་ཞིག་དང་སེམས་སྡུག་པ་ཞིག་རེད། ཁོང་ཚོས་རྩེད་མོའི་གཟི་བརྗིད་བརྒྱུད་ནས་ས་མཚམས་མེད་པའི་ཕུ་ནུའི་བརྩེ་སེམས་བསྐྲུན་ཐབས་བཤད་ཐུབ་ཀྱི་འདུག་པ་མ་ཟད་ད་དུང་ཁྱིམ་ཚང་གཅིག་གི་བདེ་བ་ནས་འགོ་བཙུགས་སྟེ་ཁོང་ཚོས་རྒྱལ་མཚམས་མེད་པར་ཚང་མ་ཁྱིམ་ཚང་ཆེན་པོ་གཅིག་ཆགས་པར་རེ་གྱི་ཡོད། འོན་ཀྱང་། ང་ལྟ་བུའི་སྐྱབས་བཅོལ་བ་ཞིག་གིས་ཕ་ཡུལ་དུ་ཕྱིར་ལོག་རྒྱུར་རེ་བ་མ་གཏོགས་གཞན་ཅི་ཞིག་བྱེད་ཐུབ་བམ།

ང་ལ་མཚོན་ན་སོ་སོར་ཕ་ཡུལ་ངོ་མ་ཞིག་ཡོད་ན་ཡང་དེ་ནི་ཧ་ཅང་ཐག་རིང་ཐག་རིང་ཞིག་ན་ཡོད། ངའི་པོ་རྨོ་དང་ཕ་མ་གཉིས་ཀྱིས་ང་ཚོའི་ཁྱིམ་ཚང་བོད་ནང་ལ་བཞག་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་རེད། བོད་ནང་དུ་ངའི་པོ་རྨོ་གཉིས་ལ་ཞིང་ཁ་ཡོད་པ་མ་ཟད་སྒོ་ཕྱུགས་ཀྱང་ཧ་ཅང་མང་པོ་ཡོད། ས་དེ་ནི་ངའི་ཕ་མ་གཉིས་ལོ་ན་ཆུང་བའི་སྐབས་སུ་རྩེད་མོ་རྩེ་ས་དང་ནར་སོན་ས་རེད། ད་ལྟ་ངའི་ཕ་མ་གཉིས་ཀ་ཁཱ་ནཱ་ཀྲ་གར་གནས་སྡོད་བྱེད་ཀྱི་ཡོད་ཅིང་ཁོང་ཚོར་གཞུང་ནས་ཞིང་ཁ་དང་སྡོད་ཁང་གཉིས་ཀ་སྤྲད་ཡོད་ལ་ཁོང་ཚོས་ཞིང་ཁའི་སྒང་ལ་མ་རྨོས་ལོ་ཏོག་འདེབས་ཀྱི་ཡོད། ང་ལོ་གཉིས་རེའི་མཚམས་སུ་ཐེངས་གཅིག་རེར་ཁོང་ཚོར་ཐུག་ཏུ་འགྲོ་གི་ཡོད། ང་རང་ཕ་མའི་སར་སྡོད་པའི་རིང་ལ་ངས་ཕ་མ་གཉིས་ལ་བོད་ནང་དུ་ཡོད་པའི་ང་ཚོའི་ཁྱིམ་གྱི་སྐོར་ལ་ཡང་སྲིད་འདྲི་གི་ཡོད། ཁོང་ཚོས་ང་ལ་ཆུང་དུས་ཇི་ལྟར་སྔོ་ལྗང་ལྗང་གི་རྩྭ་ཐང་སྟེང་དུ་རྩེད་མོ་རྩེ་ཚུལ་དང་ནོརལུག་འཚོ་རུ་སོང་ཚུལ། ད་དུང་གྲོང་སྡེ་རྒྱབ་ལ་བསྐྱུར་ནས་བྲོས་བྱོལ་དུ་ཡོང་སྟངས་སོགས་བཤད། སྐབས་དེ་དུས་མི་ཚང་མ་གྲོང་པ་བཞག་ནས་བྲོལ་བྱོལ་ལ་འགྲོ་གི་ཡོད་པ་མ་ཟད་རྒྱ་མིས་ལམ་ཁ་རུ་མི་གསོད་ཀྱི་འདུག་ཞེས་བཤད་ཡམས་གང་སར་ཁྱབ་ནས་འདུག་ཟེར། ད་དུང་དགོན་པ་ཚང་མ་གཏོར་བཅོམ་བྱས་པས་མ་ཚད་གནས་སྟངས་ཚང་མ་ཟ་ངེ་ཟིང་ངེ་ཆགས་པ་རེད་ཟེར། རྒྱང་རིང་གི་གྲོང་གསེབ་ལས་དུ་བ་འཕྱུར་ཡོང་བ་མཐོང་ཐུབ་པ་མ་ཟད་ངུ་འབོད་རྒྱག་བཞིན་པ་ཡང་གོ་གི་འདུག་་ཟེར། གྲོང་ཚོ་དང་ཁ་བྲལ་དུས་ངའི་ཕ་མ་གཉིས་བྱིས་པ་ཡིན་ལ་ཁོང་ཚོས་ཧི་མ་ལ་ཡ་བརྒྱབ་ནས་རྒྱ་གར་དུ་ཡོང་དགོས་ཆགས་པ་རེད། སྐབས་དེར་ཁོང་ཚོའི་སེམས་སུ་་བློ་ངར་དང་འཇིགས་སྐྲག་གཉིས་ཀ་ཡོད་པ་རེད།

རྒྱ་གར་དུ་འབྱོར་རྗེས་། ཁོང་ཚོས་མ་ན་ལིས་དང་ཀུའུ་ལུའུ། སྦིར། མ་སོ་རི་བཅས་སུ་ལམ་བཟོ་བྱས། འཛམ་གླིང་ན་རིང་ཚད་ཀི་ལོ་རྨིད་བརྒྱ་ཕྲག་ལྷག་ཡོད་པའི་མ་ནི་ལིས་ནས་ལ་དྭགས་བར་གྱི་ས་མཐོའི་གཞུང་ལམ་དེ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་བཟོས་བ་རེད། རྒྱ་གར་དུ་ཐོག་མར་སྐྱབས་བཅོལ་ལ་ཡོང་མཁན་གྱི་ཁྲོད་ནས་མི་མང་པོ་གྲོངས་པ་མ་ཟད་དབྱར་ཁའི་ཚ་བ་དང་ཆར་དུས་ཀྱིས་མི་མང་པོའི་གཟུགས་པོའི་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་པ་རེད་ཟེར། སྐབསདེར་གྲོང་བ་རྣམས་ལམ་གྱི་འགྲམ་དུ་གུར་བརྒྱབ་ནས་བསྡད་པ་རེད་ཟེར་ལ་ང་ཡང་གུར་གྱི་ནང་དུ་སྐྱེས་བ་རེད་ཟེར། “མི་ཚང་མ་བཀྲེས་ལྟོགས་ཀྱིས་མནར་ནས་ཡོད་པའི་སྐབས་སུ་ཞིག་གིས་ཁྱེད་ཀྱི་སྐྱེས་ཚེས་ཐོ་འགོད་བྱེད་ཀྱི་རེད་དམ།” ཨ་མའི་ང་ལ་འདི་ལྟར་གསུངས་མྱོང་། རྒྱུ་མཚན་དེའི་དབང་གིས། ང་རང་ཐོག་མར་སློབ་གྲྭར་འགྲོ་དུས་གཞི་ནས་སྐྱེས་ཚེས་རེག་པ་རེད། ལས་ཁུངས་མ་འདྲ་བ་གསུམ་ནས་ང་ལ་སྐྱེས་ཚེས་མ་འདྲ་བ་གསུམ་སྤྲད་པས་རྐྱེན་གྱིས་ང་ལ་སྐྱེས་ཚེས་མི་འདྲ་བ་གསུམ་ཡོད་པ་རེད། དེར་བརྟེན། ངས་ནམ་ཡང་རང་གི་སྐྱེས་སྐར་བཏང་མྱོང་མེད།

ཆར་དུས་ནི་ལོ་ཏོག་སྐྱེ་འཕེལ་ལ་དགོས་མཁོ་ཅན་ཞིག་ཡིན་མོད། འོན་ཀྱང་། དེས་ང་ཚོའི་ནང་ལ་བརླན་ཁྱེར་ཡོང་གི་རེད། ཆར་དུས་ཀྱི་སྐབས་སུ། ལོ་ངོ་བཞི་བཅུ་ལྷག་ཙམ་འགོར་བའི་ཁང་བ་རྙིང་བ་དེའི་་སྟེང་གི་རྡོ་ལེབ་དག་ལས་ནང་ལ་ཆུ་ཐིགས་ཟགས་ཀྱི་རེད། ངའི་པ་ལགས་ཁང་སྟེང་ལ་འཛེགས་ནས་རྡོ་ལེབ་དག་གི་སྲུབས་ཀ་བཟོ་བའི་སྐབས་སུ་ང་ཚོས་ནང་གི་ཅ་ལག་དག་ཕར་སྐྱེལ་ཚུར་སྐྱེལ་བྱས། ཨ་ཕས་ནམ་ཡང་ཁང་སྟེང་ལ་བཟོ་བཅོས་ཡག་པོ་ཞིག་རྒྱག་རྒྱུར་བསམ་བློ་བཏང་མྱོང་མེད་། ཨ་ཕས་གསུངས་དོན། “མགྱོགས་པོར་ང་ཚོ་ཕྱིར་བོད་ལ་ལོག་དགོས་བ་མ་ཟད་དེ་རུ་ང་ཚོའི་ཁྱིམ་ཡང་ཡོད་རེད་།” ལོ་མཇུག་ལ་སླེབས་ན་བ་ཁང་ལ་བཟོ་བཅོས་ཅུང་ཙམ་རྒྱག་གི་རེད། བ་ཁང་གི་ལྕམ་ཤིང་སྟེང་ལ་རྩ་བཀབ་ནས་ཞིག་གསོ་བྱེད་ཀྱི་རེད་ལ་དེས་བ་ཁང་གི་བཟོ་ལྟ་བསྐྱར་འཇོག་ཐུབ་ཀྱི་ཡོད།

ཐོག་མར་བོད་མི་རྣམས་ཁཱ་ནཱ་ཀྲ་ཁར་གཞིས་ཆགས་པའི་སྐབས་སུ། ཁོང་ཚོས་པཱ་པཱ་ཡཱ་དང་གཞན་ཚལ་རིགས་ཁ་ཤས་ཤིག་འདེབས་འཛུགས་བྱེད་རྒྱུ་བྱས་བ་རེད། ཁོང་ཚོའི་བསམ་པར་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བོད་ལ་ལོག་རྒྱུར་མང་ན་ལོ་བཅུ་ལས་ལྷག་འགོར་གྱི་མ་རེད་བསམ་པ་རེད། ཡིན་ན་ཡང་། ད་ལྟ་ཤིང་སྡོང་རྒོ་བ་ཡང་རྒས་ནས་རྙིད་སྐམ་ཐེབས་འདུག་ལ་ཁོང་ཚོའི་རྒྱབ་རིའི་ནང་དུ་བཏབ་པའི་ཤིང་སྡོ་མན་རྒོ་ཡང་འཚར་ནས་ད་ལྟ་འབྲས་བུ་ཐོགས་འདུག ད་དུང་། ཤིང་སྡོང་ཀོ་ཀོ་ན་ཁྲི་ཡང་འཚར་སྟོབས་རྒྱས་ནས་དེའི་ཡལ་ཀ་རྣམས་ང་ཚོའི་ཁང་སྟེང་ལ་ཟགས་ཀྱི་འདུག རྒན་རྒོན་རྣམས་ནི་ཉི་མར་བསྲོ་བཞིན་ཇ་འཐུང་། སྔོན་ཆད་ཀྱི་མི་ཚེའི་སྐོར་ལ་ལབ་གླེང་བྱེད། ལག་ཏུ་མ་ཎི་ཐོགས་བཞིན་ཞལ་འདོན་སྐྱོར། ལོ་ཆུང་རྣམས་ནི་སློབ་སྦྱོང་དང་ལས་ཀའི་ཆེད་དུ་འཛམ་གླིང་གི་ཡུལ་གྲུ་གང་སར་ཁ་འཐོར། རེ་སྒུག་འདི་ནི་སྐྱེ་བ་ཕྱི་མར་བཅོལ་བའི་བཟོ་འདྲ་བོ་ཞིག་རེད།

ཉེ་ཆར་ང་རྡ་ལམ་ས་ལ་རུ་གྲོགས་པོ་ཟླ་བར་ཐུག་བྱུང་། ཁོང་ནི་ལོ་ངོ་གཉིས་ཀྱི་སྔོན་ལ་བཙོན་ཁང་ནས་གློད་རྗེས་རྒྱ་གར་ལ་སྐྱབས་བཅོལ་ལ་ཡོང་བ་ཞིག་ཡིན། ཁོང་གིས་ང་ལ་བཙོན་ཁང་ནང་གི་ཉམས་མྱོང་བཤད། ཁོང་གི་ཇོ་ཇོ་རབ་བྱུང་བ་དེས་བོད་རང་བཙན་གྱི་སྦྱར་ཡིག་བཀྲམས་པར་བརྟེན་བཙོན་ཏུ་བཅུག་ཅིང་གཅར་རྡུང་ཡང་ཕོག་པ་རེད་ཟེར། ཟླ་བར་ནག་ཉེས་ཅི་ཡང་མེད་པར་ཉིན་མ་བཞི་བརྒྱ་ཉེར་གཉིས་ལ་བཙོན་དུ་བཅུག་ཅིང་དེ་དུས་ཟླ་བ་ལོ་ཉི་ཤུ་རྩ་དྲུག་ཡིན། ཟླ་བ་ལགས་ལོ་ན་ཆུང་དུས་ནས་པེ་ཅིང་ལ་ཕེབས་ཏེ་སློབ་སྦྱོང་རྒྱུན་བསྲིངས་མྱོང་ལ་ཁོང་གིས་རྒྱ་ནག་དུ་སྲིད་གཞུང་གི་ལས་ཀ་ཡང་དོག་ཙམ་བྱས་མྱོང་ཡོད། ཁོང་གིས་རྒྱ་ནག་གིས་བོད་མིའི་སྒང་ལ་སྤེལ་བའི་ལྟ་བ་དང་བསམ་བློ་བཅོས་བསྒྱུར་གྱི་བྱ་སྤྱོད་ཐ་ཤལ་དེ་དག་ལ་སྐྱོན་བརྗོད་བྱེད་ཀྱི་རེད། ད་དུང་། ཟླ་བའི་རང་སྟེང་ལ་མཚོན་ན། རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་དོན་འབྲས་གང་ཡང་སོན་མེད་པའི་རྣམ་པ་གསལ་བོར་མཚོན་ཐུབ།

ལོ་ངོ་གཉིས་ཀྱི་སྔོན་ལ་ངའི་སློབ་གྲོགས་ཤིག་ལ་ཡི་གེ་ཞིག་འབྱོར་ཞིང་ཡི་གེ་དེས་ཁོང་དཀའ་ངལ་གྱི་ནང་ལ་གཡུགས། ཡི་གེ་དེ་ཁོང་གི་ཨ་ཞང་གིས་བཏང་བ་ཡིན་ལ་ཡི་གེའི་ནང་དུ་ཁོང་གི་ཕ་མ་གཉིས་ལ་ཟླ་བ་གཉིས་ཀྱི་རིང་བལ་ཡུལ་དུ་གནས་མཇལ་ལ་ཡོང་རྒྱུའི་ཆོག་མཆན་རེག་ཡོད་ལབ་འདུག བཀྲ་ཤིས་ཀྱིས་རྡ་ལམ་ས་ལ་ནས་རང་གི་སྤུན་མཆེད་འཁྲིད་དེ་ཁོང་གི་ཕ་མ་གཉིས་ལ་གཉེན་འཕྲད་དུ་ཕྱིན། ཁོང་རྒྱ་གར་ལ་བྲོས་བྱོལ་དུ་སླེབས་རྗེས་ཕ་མ་གཉིས་མཇལ་མྱོང་མེད། ཁོང་བལ་ཡུལ་དུ་མ་ཐོན་སྔོན་ལ། ཁོང་གིས་ང་ལ། “ བརྩོན་འགྲུས། ང་སོ་སོའི་ཕ་མར་ཐུག་པའི་གོ་སྐབས་རེག་དུས། དགའ་དགོས་ན་ངུ་དགོས་ན། ག་རེ་བྱེད་དགོས་མིན་ངས་ཤེས་ཀྱི་མི་འདུག ངས་ཁོང་གཉིས་དྲན་གསོས་ཀྱི་མི་འདུག ཨ་ཞང་དང་མཉམ་དུ་རྒྱ་གར་ལ་ཡོང་བའི་སྐབས་སུ་ང་ཧ་ཅང་ཆུང་ཆུང་རེད། ད་ནི་ལོ་ངོ་ཉི་ཤུ་ལྷག་ཕྱིན་ཚར་བ་རེད་།” ཟེར། ཉེ་ཆར་བལ་ཡུལ་དུ་ཡོད་པའི་ཁོང་གི་ཨ་ཞང་བརྒྱུད་ནས་ཡི་གེ་གཞན་ཞིག་འབྱོར་། ཡི་གེདེའི་་ནང་དུ་ཟླ་བ་གཅིག་གི་སྔོན་ལ་ཁོང་གི་ཨ་མ་བོད་ནང་དུ་གྲོངས་སོང་ལབ་འདུག

ངས་ལོ་མང་རིང་ཁ་བྲལ་དུ་ཕྱིན་པའི་འཇར་མན་ཤར་ནུབ་ཀྱི་མི་མང་རྣམས་ཀྱིས་མཐའ་མར་དགའ་བའི་
མིག་ཆུ་འབྱིད་ཞོར་ཕན་ཚུན་ལ་འཐམ་འཁྱུད་བྱེད་བཞིན་པའི་རྣམ་པ་དེ་མཐོང་བྱུང་ལ་ད་དུང་ས་མཚམས་ཕན་ཚུན་ཁག་གཉིས་སུ་བགོས་བའི་ལྷོ་བྱང་ཀོ་རི་ཡའི་མི་རྣམས་ཀྱིས་ཕན་ཚུན་འཐམ་འཁྱུད་བྱེད་བཞིནཔའི་རྣམ་པ་དེ་ཡང་མཐོང་བྱུང་།
འོན་ཀྱང་། ཁ་བྲལ་དུ་ཕྱིན་པའི་བོད་མི་རྣམས་ལྷན་འཛོམས་ཐུབ་མིན་གྱི་ཕྱོགས་ལ་ང་རང་ཧ་ཅང་སྐྲག་སྣང་ཆེ། ངའི་རྨོ་རྨོ་དང་པོ་པོ་རྣམ་གཉིས་ཀྱི་སྤུན་མཆེད་རྣམས་བོད་ནང་དུ་ལྷག་པ་རེད། ངའི་པོ་པོ་ལགས་ལོ་འགའི་སྔོན་ལ་འདས་གྲོངས་སུ་ཕྱིན་སོང་། ངའི་རྨོ་རྨོ་ལགས་ཀྱིས་ཁོང་གི་སྤུན་མཆེད་རྣམས་མཐོང་ཐུབ་ཀྱི་རེད་དམ། ང་ཚོ་བོད་ལ་ལྷན་དུ་འཛོམས་དེ་ཁོང་གིས་ང་ལ་བོད་ནང་གི་ང་ཚོའི་ཁྱིམ་གཞིས་དང་ཞིང་ཁ་རྣམས་སྟོན་ཐུབ་པའི་དུས་ཚོད་ཞིག་ཤར་རྒྱུ་རེད་དམ།

རྩོམ་རིག

Post navigation

Previous Post: འདི་ན་པེ་ཅིན་པར་གསར་ཡོད།
Next Post: སྐྲ་བཞར་ལས་འགུལ།

Comments (3) on “ངེད་བཙན་བྱོལ་བའི་སྐོར།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-08-07 at 7:26 pm

    རྒྱ་དམག་བོད་ལ་ཡོང་ནས་བོད་ཀྱི་གཞུང་ལམ་ཆེན་པོ་དག་བཟོ་བཞིན་པའི་སྐབས་དེ་དུས་ནས་བོད་མི་རྣམས་འབྱུང་འགྱུར་རྒྱ་གར་གྱི་གཞུང་ལམ་བཟོ་མཁན་ཡིན་པ་གཏན་ཁེལ་ཚར་ཡོད་འདུག
    ང་ཚོ་ད་རུང་བཙན་བྱོལ་བ་ཡིན་པར་བརྟེན་བཙན་བྱོལ་ལ་ཡོང་བའི་ཉིན་དེ་དུས་ནས་མཐར་ཕྱིར་ལོག་ས་ཞིག་ཡོད་པ་དེའང་གཏན་ཁེལ་ཚར་ཡོད་རེད།

  2. མགོན་པོ་ཕྱག་གཉིས་པ། says:
    2008-08-08 at 6:26 pm

    འོ། ངས་དྲ་གྲོགས་སྐར་ཆེན་ལགས་སུ་ཐུགས་རྗེ་ཆེ་ཞུ་འདོད་ཡོད་པ་དེ། ཅིག་མིན་ན་བརྗེད་སོང་། ཐུགས་རྗེ་ཆེ། ཁྱེད་རང་གིས་རྩོམ་འདི་ཡག་པོ་བསྒྱུར་ཡོད་པ་འདྲ། འདི་བོད་ཡིག་ནང་ཐད་ཀར་བྲིས་བཞག་པ་འདྲ་བོ་ཞིག་ལས་སྐད་ཡིག་གཞན་ཞིག་ནས་ཚུར་བསྒྱུར་བ་འདྲ་བོ་ཞིག་ཏུ་མི་མཐོང་། འདིར་གསལ་བྱེད་བྱ་དགོས་པ་ཞིག་ནི་ངས་རྩོམ་ངོ་མ་དེ་ད་རུང་ཀློག་མེད།

  3. karchen says:
    2008-08-09 at 1:04 am

    བཀུར་འོས་མགོན་པོ་ཕྱག་གཉིས་པ་ལགས
    ཉིད་ཀྱིས་བསྒྱུར་རྩོམ་འདིའི་བསྒྱུར་གཞི་ལ་བལྟ་འདོད་ཡོད་ན། http://www.tibetwrites.org ལ་གཟིགས་རོགས་གནང༌།
    རྗེས་ཕྱོགས་མང་དུ་འཕྲད་པའི་རེ་བ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme