Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་སྙན་ངག་འབྲི་དུས།

Posted on 2012-06-05 By ཁ་བརྡ་ 23 Comments on ངས་སྙན་ངག་འབྲི་དུས།

འབའ་སྲས།

ཉི་འོད་དྲོད་དྲོད་ཅིག་ལུས་ལ་འཕྲོ་དགོས།།
དྲི་མ་ཞིམ་ཞིམ་ཞིག་སྣ་ལ་ལྡང་དགོས།།
འབྲུམ་ཆང་མངར་མངར་ཞིག་མདུན་ལ་འཇོག་དགོས།།
ཐ་མག་དཀར་དཀར་ཞིག་མེ་ལ་བསྒྲོན་དགོས།།

ཉི་འོད་ལམ་ལམ་གྱིས་རིག་པ་བསྐྱེད་དོ།།
དྲི་མ་ཞིམ་ཞིམ་གྱིས་ཚོར་བ་རྒྱས་སོ།།
འབྲུམ་ཆང་མངར་མངར་གྱིས་སྣང་བ་སྐྱིད་དོ།།
ཐ་མག་དཀར་དཀར་གྱིས་སྙུག་རྩེ་བརྡར་རོ།།

དབྱངས་ཀྱི་ལྷ་མོ་ཞིག་ཡོད་སྐད་ཐོས་ཀྱང་།།
ཞལ་རས་འཛུམ་པ་ཞིག་མིག་གིས་མ་མཐོང་།།
སྒྲ་སྙན་པི་ཝང་ཞིག་འཁྲོལ་སྐད་ཟེར་ཡང་།།
དབྱངས་ཀྱི་ངེས་པ་ཞིག་རྣ་ཡིས་མ་ཐོས།།

དག་སྣང་བཟང་བོ་ཞིག་མེད་ཀྱང་ཆོག་གོ།
བྱིན་གྱིས་རླབས་མཁན་ཞིག་མེད་ཀྱང་འགྲིག་གོ།
ཆང་རག་ཐ་མག་གི་སྡེར་ཁ་འཛོམས་ན།།
ང་ཡི་རྨོངས་པ་དེ་རང་གིས་སེལ་ཆོག །

ཕྱོགས་ཡོང་མགྲོན་པོ་ཚོས་སྒོ་མོ་མ་བརྡུངས།།
ཕྱི་རོལ་ཟང་ཟིང་གི་སྐད་སྒྲ་མ་ཆེ།།
ཁྱིམ་གྱི་བདག་མོ་ཁྱོད་ཁ་རོགས་སྡོད་ཅིག །
ལྷིང་འཇགས་ཁོར་ཡུག་ཅིག་ང་ལ་མཁོ་འདུག །

ལག་པ་སྟོང་བ་ཡི་མགྲོན་པོ་མང་ན།།
འཛུམ་མདངས་བཅོས་མ་ཡི་གདོང་པ་མཐོང་ན།།
ང་ཡི་ལུས་རྩ་ན་ལྷོད་ཀྱིས་བཞུར་བའི།།
བདག་གི་སྙན་ངག་དེ་རྒྱང་ལ་བྲོས་འགྲོ།

རང་ཉིད་ཁེར་རྐྱང་དུ་ཁྱིམ་དུ་འཛུལ་ཏེ།།
ཆང་རག་ཐ་མག་གི་མངར་ཁ་རོལ་ཞོར།།
སེམས་པས་འཛམ་གླིང་དུ་སྐྱི་གསུམ་བརྒྱབས་ན།།
དོན་ལྡན་སྙན་ངག་གིས་རང་ཉིད་འཚོལ་ཡོང་།།

ཅི་ཞིག་འབྲི་དགོས་དེ་དཀའ་བས་འཚོལ་བ།།
ཅི་ལྟར་འབྲི་རྒྱུ་ལ་ཨུ་ཚུགས་ཚད་པ།།
ཅི་ཕྱིར་བྲིས་པ་ལ་ངོ་རྟགས་མེད་ན།།
རྡོ་ཆག་མགྲོན་ཁང་བཞིན་མགྲོན་པོ་མེད་དོ།།

ཕྱི་ཡི་གནམ་གཤིས་ཀྱི་འགྱུར་བར་སྒུག་དགོས།།
ནང་སེམས་ཚོར་བ་ཡི་རྗེས་ལ་བསྙེག་དགོས།།
རང་ཉིད་དགའ་བ་ཡི་མཐུན་རྐྱེན་འཛོམས་དགོས།།
ད་བཟོད་སྙན་ངག་གི་ལྷ་ཁང་བཞེངས་ཐུབ།།

སྙན་ངག

Post navigation

Previous Post: ཚེས་བཅོ་ལྔར་བླངས་པའི་གླུ།
Next Post: God

Comments (23) on “ངས་སྙན་ངག་འབྲི་དུས།”

  1. མེ་ཏོག་དཀར་པོ། says:
    2012-06-05 at 11:14 am

    ༡༠༠% ལེགས་སོ།། དངོས་གནས་སྣང་བ་འགྲོ་པོ་བྲིས་འདུག
    ་འདི་འདྲ་ཞི་འབྲི་ཨེ་ཐུབ་ལྟ་གི་ཡིན་གདའ།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-06-05 at 11:21 am

    སྙན་ངག་གི་ལྷ་ཁང་བཞེངས་ནས། །
    ཐ་མག་གི་དུད་པ་མ་ཕུལ། །
    ཧ་ཧ་ཀུ་རེ་ཡིན་ནོ། །

  3. ཆོས་འཕེལ་དར་རྒྱས་ says:
    2012-06-05 at 11:39 am

    རྣ་བར་ཉན་ན་སྙན་པོ་མེད་པ་དང་།
    སེམས་ལ་སྡུག་ཞིག་ཚོར་བའི་ཚིག་འདི་ལ།
    སྙན་ངག་མིན་པར་སྡུག་ངག་མ་ཡིན་ནམ།

  4. བསོད་ཚེ། says:
    2012-06-05 at 11:46 am

    འབའ་སྲས་འབའ་འབའ་ལུ་གུ་འདྲ་བྱུང་། །
    འབའ་སྒྲ་སྙན་ངག་རྣ་བར་འཇེབ་སོང་། །
    འབའ་ཐེངས་གཅིག་གིས་ཡིད་སེམས་ཕྲོག་སོང་། །
    འབའ་སྲས་སྙན་ངག་རྒྱལ་པོ་འདྲ་བྱུང་། །

  5. རང་འཚོལ། says:
    2012-06-05 at 12:29 pm

    ༼ངས་སྙན་ངག་འབྲི་དུས༽

    ངས་སྙན་ངག་འབྲི་དུས་ཐ་མག་མི་དགོས་ལ།
    ཆང་ཡང་དེ་བས་ཀྱང་མི་དགོས།
    རྒྱུ་མཚན་ནི།
    ངས་ཆང་འཐུང་བཞིན་སྙན་ངག་འབྲི་བ་དེ།
    དོན་དམ་པར། ངས་ཆང་བཏུང་ནས་སྙན་ངག་འབྲི་བ་ཞིག་མིན་པར།
    ཆང་གིས་ང་འཐུང་བཞིན་སྙན་ངག་འབྲི་བ་ཡིན་པའི་ཕྱིར།
    དེ་ཐར། ཆང་གིས་ངའི་གློ་བ་དང་མཆིན་པ་ཡོངས་རྫོཊ་བཏུང་བ་མ་ཚད།
    ཐ་འཇུག་ངའི་ཚེ་སྲོག་ཀྱང་ཆང་གིས་འཐུང་བའི་ཕྱིར།
    དེའི་ཕྱིར། ངས་སྙན་ངག་ནམ་འབྲི་ཡང་ཆང་མི་མཁོ།
    སྔ་མར་ངས་ཐ་མག་ཁར་བཟུང་སྟེ་དུ་བ་འཕྱུར་འཕྱུར།
    སྙན་ངག་མི་ཉུང་བ་ཞིག་བྲིས་མྱོང་།
    སྐབས་དེར་ངས་བསམ་པར།
    ངས་དུ་བ་སྔོ་ལང་ལོང་དུ་འཕྱུར་བཞིན་ཐ་མག་འཐེན་་གྱིན་ཡོད་བསམ་པའི་སྤྲོ་བ་སྐྱེས་མྱོང་མོད།
    འོན་ཀྱང་ད་ཆ། ངས་ཕྱིར་འདང་ཞིག་བརྒྱབ་ཏེ་བསམ་གཞིག་བྱེད་དུས།
    དེ་དུས་ང་བླུན་པོ་ཞིག་ཡིན་པར་གཞི་ནས་ཤེས།
    རྒྱུ་མཚན་ནི། དེ་དུས་ངས་ཐ་མག་འཐེན་པ་མིན་པར།
    ཐ་མག་གིས་ང་འཐེན་པ་དེ་མ་ཤེས་པས་སོ།
    ད་ཆ་ངས་ཐ་མག་སྤངས་ཚར་ཡང་། ཐ་མག་གིས་དེ་སྔོན་ལོ་མང་ང་འཐེན་ཟིན་པས།
    ངའི་གློ་སྙིང་མཆིན་གསུམ་ཐང་ཐང་མེད་པར་གྱུར་ཟིན།
    དེ་ཕྱིར་ད་ཆ། ང་ང་རང་ལ་སྐབས་རེ་ཁོང་ཁྲོ་ཡང་ཟ་གི
    མ་ཚད་ང་ཐ་མག་དང་ཆང་ལ་ད་ཆ་ཞེན་པ་ལོག་ཟིན་པས།
    ངས་སྙན་ངག་ནམ་འབྲི་ཡང་ཐ་མག་ལ་ང་འཐེན་འཇུག་གི་མེད་ལ།
    ངས་སྙན་ངག་ནམ་འབྲི་ཡང་། ཆང་ལ་དེ་བས་ཀྱང་ང་འཐུང་འཇུག་གི་མེད།།

  6. རང་འཚོལ། says:
    2012-06-05 at 12:51 pm

    ནོར་བཅོས།
    ཐ་འཇུག་ཅེས་པ་དེ་ཐ་མཇུག་ཡིན་པར་ཤེས་པར་བྱ།

  7. འབའ་བློ། says:
    2012-06-05 at 1:31 pm

    ངས་སྙན་ངག་མི་ཤེས། ཡིན་ཡང་ཧོར་འཇིག་དང་ཀླུ་སྨྱོན་ཁྱེད་གསུམ་གྱི་སྙན་ངག་མཐོང་དུས་ང་རང་གི་ཡང་སྙན་ངག་ཤེས་བ་འདྲ་ཞིག་རེད། གང་ཡིན་ཟེར་ན་ཁྱེད་གསུམ་གྱི་སྙན་ངག་གོ་བདེ་ལ་གློག་ན་ཡང་འདོད་གི

  8. མཐར་ཕྱིན་ says:
    2012-06-05 at 2:10 pm

    སྙན་ངག་སྙན་མོ་ཞིག་མིག་གི་མཇལ་དུས།།
    ཚོར་རྣོ་པོ་ཞིག་སེམས་ནས་ལངས་བྱུང་།།
    སྔ་ཕྱིའི་མདུན་པ་དེ་སེམས་སུ་འཁོར་དུས།།
    བཟོད་དཀའི་སྙིང་རླུང་འདི་སྟོད་ལ་འཚངས་བྱུང་།།

  9. འབའ་སྲས། says:
    2012-06-05 at 3:04 pm

    དུ་ཆང་གིས་ང་འཐུང་ཞིང་སྙན་ངག་གིས་ང་བྲིས་ཀྱང་ཆོག་ལ། ངས་དུ་ཆང་འཐུང་ཞིང་ངས་སྙན་ངག་བྲིས་ཀྱང་ཆོག གང་ལྟར་ངའི་མི་ཚེ་འདི་སྙན་ངག་དང་ཁ་མ་བྲལ་ན་དེ་ཡིས་འགྲིག

  10. བོད་ཀྱི་བུ། says:
    2012-06-05 at 5:11 pm

    དུ་ཆང་གིས་ར་བཟི་ནས་ཤེས་པ་རྣལ་དུ་མི་གནས་པའི་སྐབས་སུ་ཅི་བཤད་ལ་སྙིང་པོ་མེད། ར་དྭངས་དུས་རང་གིས་ཀྱང་མི་ཤེས་པ་ཆགས་ཀྱི་རེད། དེ་བས་རྩོམ་འབྲི་དུས་དབང་རྩ་ཐམས་ཅད་རྒྱུན་ལྡན་ཡིན་པའི་ཐོག་ཤེས་པ་རྣལ་དུ་འབབ་རྒྱུ་ནི་གལ་ཆེ། ཡང་གྲུབ་ཆེན་དང་རྟོགས་པ་མཐོན་པོ་འདྲ་ཡིན་ན་མི་ཤེས།

  11. བསྟན་འཛིན། says:
    2012-06-05 at 9:53 pm

    སྙན་ངག་ལ་དགའ་བའི་སྐྱེ་བོ་དག་ནི།
    དངོས་ཡོད་ལས་རྒལ་བའི་སེམས་ཚོར་བ་ཡིན།
    སྙན་ངག་ལ་གདུངས་བས་སྨྱུག་ཐོག་པ་ནི།
    གནད་ལུགས་ལ་གཡོལ་བས་རང་སྣང་ཅན་རེད།

  12. མཁན་པོ་ཉི་མ། says:
    2012-06-06 at 1:20 am

    ཆང་དང་ཐ་མག་འཐུང་ནས་སྙན་ངག་ཅིག་ཅིག་འབྲི་རབས་དང་ཉིག་ཉིག་འབབ་རབས་ཟེར་བ་དེ་ལོ་རབས་བརྒྱད་ཅུ་བའི་ནང་གི་སྐད་ཆ་སྙིང་བ་དེ་ཚོ་རེད། ད་དེ་ཚོ་སྙིང་པ་ཆགས་ཚར་རེད། མ་གཞི་ནུབ་ཕྱོགས་སུ་ཡང་དེ་འདྲ་ལབ་མཁན་ཁ་ཤས་བྱུང་འདུག

    འོན་ཀྱང་། མདོར་དེད་ན་རང་གི་ཆང་དང་ཐ་མག་འཐེན་པར་རྒྱུ་མཚན་རྫུན་མ་ཞིག་འཚོལ་བཞིན་པ་དེའོ།།

  13. གཅན་འོད་འབར། says:
    2012-06-06 at 1:35 am

    ཞིབ་ཀློག་བྱས་ཡོད། སྙན་མོ་ཞིག་བྲིས་ཡོད་ཀི།

  14. མེ་ཏོག་དཀར་པོ། says:
    2012-06-06 at 2:40 am

    ཆང་དང་ཐ་མག་ལ་སྤྱོད་པ་ཡག་པོ་མ་རེད། ཡིན་ནའང་ཁྲིམས་ཀྱི་གནང་བ་མེད་པ་ལས་གཞན་དུ་དེ་དག་ལ་སྤྱོད་པ་ནི་རང་དབང་རེད།

  15. བྲོ་འཚལ། says:
    2012-06-06 at 3:03 am

    ལོ་རབས་བརྒྱད་ཅུའི་ནང་གི་སྐད་ཆ་རྙིང་པ་དུ་ཆང་ལ་རོལ་བའི་ཞོར་དུ་སྙན་ངག་རྩོམ་ཟེར་བ་ནི་གྲྭ་ལོག་དང་མི་སྐྱ་ཞིག་ལ་མཚོན་ན་དུ་ཆང་ལ་རོལ་བའི་ཁ་གཡར་ས་ཙམ་རེད་ཅེས་བཤད་ན་མི་ཆོག་རྒྱུ་མེད་མོད།་་་དེང་སང་གྲྭ་བ་སྙན་ངག་པ་ཚོར་མཚོན་ན་དུ་ཆང་ལ་མ་རོལ་པར་སྙན་ངག་འབྲི་མི་ཤེས་པ་ཡིན་དུས་ཁོང་ཚོ་སྙན་ངག་པ་མིན་པར་སྙམ་ཞིང་།་་དེ་བས་རང་སེམས་རྣོན་པོ་ཞིག་དང་།་་་ཚོར་བ་སྐྱུར་མོ་ཞིག་་་་་སྙན་ངག་འབྲི་འདུན་གྱི་རང་སེམས་རྣལ་མ་ཞིག་ཡོད་ན་ཟང་ཟིང་གི་ཁོར་ཡུག་དང་།་་་ཕྱི་རོལ་གྱི་ཁོར་ཡུག་་་མི་ཚོགས་ཀྱི་འཚོ་བ་སོགས་རང་གི་མྱངས་གོམས་ལས་དྲངས་ནས་རང་སེམས་རྣལ་མའི་ངོ་བོར་ཚགས་དམ་པོས་ཚོར་ཤུགས་རྣོན་པོ་ཞིག་དང་འགྲོགས་ནས་མཐར་ཡི་གེའི་ཕྲེང་བར་བརྒྱུས་ན་སྙན་ངག་ལས་དེ་མ་ཡིན་པའི་དུ་བ་ཆང་སོགས་མེད་ནའང་ཆོག་པར་སྙམ།

  16. གནམ says:
    2012-06-06 at 5:39 am

    འབྲོག་རྒན་ཆ་བོས་གོ་རྒྱོའི་སྙན་ངག་ཡིན་ས་བོད་ཀི
    ཁྱོའི་འཁོར་ཡུག་དང་མྱི་གཤིས་སོགས་གསལ་ལྷང་ངེ་རེད།
    འབའ་སྲས་ཁྱོ་ངས་རི་མོའི་ལམ་ནས་བཀོད་ཐུབ་པ་འདྲ་བོ་ཞིག་བྲིས་འདུག
    ཁོམ་པོ་ཡོད་ན་རི་མོ་དེ་ཁ་བརྡ་ཚང་ལ་སྐུར་དགོས།

  17. བཙན་པོའི་བུ། says:
    2012-06-06 at 10:27 am

    འབའ་སྲས་གླན་པ་ཡི་འབའ་སྒྲ་དེ་གོ་དུས།
    འདོ་མེད་འཁྱམས་མྱུལ་བ་ཞིག་ཡིན་པ་རྟོགས་སོང་།
    ཆང་རག་དུ་བ་ཡི་འཚོ་ཐབས་དེ་ཤེས་སྐབས།
    རྡ་སའི་སྲང་ལམ་འཁྱམས་པོ་ཞིག་ཡིན་པར་ཁུམས།

    སྙན་ངག་རྫོབ་ཏོ་ལ་འཇུག་པའི་བློ་གསར་གྱི་བུ་ཚོ།
    ཡོད་ཚད་སྡུག་སྐད་ལ་ཕྱོགས་པའི་རྔུན་སྒྲ་དེ་དོར་ནས།
    གནས་ལུགས་རང་ངོ་རུ་འཕྲོད་པའི་དོན་གཏམ་ཞིག་བརྗོད་ཚེ།
    བསམ་བློ་བག་ལ་ཞོལ་བའི་གདོང་གྲོགས་ཤིག་ལོས་ཡིན།

  18. ལ་སྟོད་བུ། says:
    2012-06-06 at 10:59 am

    དགོངས་དག་རྩོམ་འདི་དང་མ་འབྲེལ་བའི་གསལ་བཤད་ཞུས་པར།

    ཨ་ཁ་ཡང་བན་བོན་གཉིས་ཀྱི་དམག་འཁྲུག་གི་རྩོད་གཞི་དེ་ཡི་མཆན་སྒོ་རྒྱབ་ཚར་འདུག
    མ་གཞི་ནས་འདི་དང་འདི་རིགས་ཀྱི་མི་རིགས་དང་ཆོས་ལུགས་དབར་ལ་འགལ་ཟླ་བཟོ་གཞི་ཞིག་རེད།
    འོན་ཀྱང་ངེད་ཅག་ཕན་ཚུན་དབར་གྱི་ལོ་མང་རིང་སོང་བའི་གཏིང་གི་ནད་གཞི་དེ་དྲག་བསྐྱེད་ཡག་པོ་ཞིག་མ་བྱུང་ན་སླར་ཡང་ཡང་ནས་ཡང་དུ་ནད་ལོག་རྒྱབ་ངེས་རེད།
    ད་ལྟ་༸གོང་ས་༸མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་གནས་སྐབས་རིང་བདེ་མཚམས་རེད།
    དེ་མིན་སྔར་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་ཆོས་རྒྱུད་ཆོས་ལུགས་ཀྱི་དབུ་ཁྲིད་དེ་ཚོ་རྭ་ཅོ་གཡས་གཡོན་བཞིན་དུ་ཧྲང་ངེར་བསྡད་པ་ལས་གདན་གཅིག་ཏུ་འཛོམས་ནས་སྒྲོགས་གླེང་གནང་བ་དེ་འདྲ་བྱུང་མེད།
    འོན་ཀྱང་ད་ཆ་དུས་རབས་གསར་པ་དང་ཐབས་ལམ་གསར་པ་མང་པོའི་རྒྱུད་ནས་སྒྲོགས་གླེང་བྱེད་ས་ཡོད་པས།
    ནད་གཞི་མ་དྲག་བར་ཏུ་སྡོད་ངེས་རེད། བྱས་ཙང་ཕན་ཚུན་སྒྲོགས་གླེང་བྱེད་རྒྱུའང་གལ་གནད་ཤིན་ཏུ་ཆེ།
    འོན་ཀྱང་ཁ་བརྡའི་སྒྲིགས་གཞི་དང་འགལ་ཚེ་མཆན་སྒོ་ལོས་ཀྱང་རྒྱབ་དགོས།

  19. འབའ་སྲས། says:
    2012-06-06 at 11:34 am

    རྩོམ་ཡིག་མི་བཀླག་རྩོམ་པ་པོ།།
    ཀློག་མཁན་དེང་གི་དྲ་འབུ་དག །
    ཕྲག་དོག་མེ་ཡི་དོང་ནང་ནས།།
    རང་ཉིད་བསྲེགས་ཏེ་ཨ་ཚ་འདོན།།

  20. མཚོ་བུ་དཀར་པོ། says:
    2012-06-07 at 1:41 am

    སྙན་པའི་སྙན་ངག་ཟེར་བ།།
    འབབ་སྲས་སྙན་ངག་འདི་རེད།།
    ཡིད་སེམས་འཕྲོག་པའི་སྙན་ངག་ཟེར་བ་ངོ་ནས་རེད་ད།

  21. ལྷག་པ། says:
    2012-06-07 at 2:35 am

    ཆང་འཐུང་ཞིང་སྙན་ངག་འབྲི་ཞེས་པ་དང་དེ་ལྟའི་ལུགས་ངན་ནག་པོ་རྒྱ་ནས་དར་བ་ཞིག་ཡིན།

  22. མེ་ཏོག་དཀར་པོ། says:
    2012-06-07 at 2:42 am

    འབའ་སྲས་ཀྱིས་ཆང་འཐུང་བ་ལ་རྙོགས་དྲ་ཤོད་མཁན་ཚོ་ནི་དཔེར་ན། ཁུ་བྱུག་མོན་ལ་འགྲོ་བ་ལ། ཕག་པ་ལ་བྱུས་གཏོགས་ཟེར་བ་དང་འདྲ།
    ཁྱོད་རང་ཚོ་ཆང་ཐག་ལ་མི་སྤྱོད་ན་དེ་ཡག་པོ་རེད།

  23. གནམ་གྱི་བུ། says:
    2012-06-07 at 1:47 pm

    གཤིག་གི་སྙན་གི་་་་་་་་མ་དགའ་ནི་ཟིག་གི་མང་ང་བཤད་རུང་།
    གཤིག་གི་ཡག་གི་་་་་་་་དགའ་ནི་ཟིག་གི་སེམས་ལ་བབས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme