Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་འདི་ལྟར་སྡོད་ཐུབ་བམ།

Posted on 2011-06-26 By དབང་ཕྱུག་ 28 Comments on ངས་འདི་ལྟར་སྡོད་ཐུབ་བམ།

བསམ་གླིང་ཚེ་རིང་ལྷ་མོ།

སྤུན་ཟླ་ཚོའི་མགོ་བོ་ཁྲག་གིས་སྦགས་འདུག་ལ། སྤུན་ཟླ་ཚོའི་ལག་ཟུང་ལྕགས་ཐག་གིས་བསྡམས་འདུག ངས་ཞོགས་པ་འོ་ཇ་མངར་མོ་ལ་རོལ་ཞོར་དང། ཞོགས་ཟས་གྲ་རྒྱས་ཤིག་ལ་རོལ་རྗེས། བདེ་ཞིང་འབོལ་བའི་རྐུབ་སྟེགས་ཤིག་གི་སྟེང་དུ་སྡོད་ཁུལ་བྱས། ངས་ད་དུང་ཉིན་གུང་གསོལ་ཚིགས་སྣུམ་འབོལ་ལེ་བ་ཞིག་ལ་རོལ་ཞོར། རྐྱོང་ཤད་ཡིད་ཚིམས་པ་ཞིག་བྱེད་ཞོར། ད་དུང་ཡང་ངས་ཕྱི་རྒྱལ་གྱི་སྐྱབས་བྱོལ་ག་གེ་མོ་ཞིག་ལ་བསམ་བློ་གཏོང་ཞོར་དང། རང་ཉིད་ཀྱི་རྐུབ་སྟེགས་དེ་བརྟན་བཟུང་དང་མཐོ་ནས་མཐོ་རུ་འདེགས་ཐབས་སུ་རྣོ་བསམ་གཏོང་གིན། ཕྱི་དྲོ་ཆང་རག་མངར་མོ་ཞིག་ཁམ་གང་རེ་གང་རེ་བྱས་ཏེ་འཐུང་ཞོར། ཡིད་ཚིམས་པའི་ཏག་སྒྲ་རེ་བསྒྲགས་ཀྱིན། ད་དུང་ཡང་རྩེད་རིགས་གང་རུང་ཞིག་ལ་བློ་སྙིང་གི་ཆགས་སྡང་སྐུལ་ཞིང། ང་རྒྱལ་གྱི་ཀུ་ཅོ་བསྒྲགས་ཀྱིན་བསྡད།

འོན་ཀྱང་གངས་རི་འགའ་ཤས་ཀྱི་ཕར་ངོས་ཏེ། ངའི་ཕ་ཡུལ་བོད་དུ་སྤུན་ཟླ་ཚོ་ནི་རེ་འགའ་ཆང་རག་གིས་གདུང་བ་སེལ་ཞོར་དུ་མི་ཚེ་གཏོང་ཐབས་བྱེད་ལ། རེ་འགའ་ནི་མ་བྱང་རྩེད་ཀྱིན་དུ་སེམས་ནང་གི་ཁོང་ཁྲོ་འཇགས་ཐབས་བྱེད་ཀྱིན། ད་དུང་བྱིས་པ་མི་ཉུང་བ་ཞིག་གིས་མི་རིགས་ཀྱི་གྱོང་གུད་ལ་བསམ་གཞིགས་བྱེད་མི་ཕོད་པར། ཉིན་ལྟར་སློབ་བྱོལ་དང་གློག་ཀླད་རོལ་རྩེད་ལ་སྨྱོ་གིན་དུ་བྱིས་དུས་ཀྱི་སྤྲོ་སྣང་སྲིང་ཐབས་ཁོ་ན་བྱེད།

ད་དུང་ན་གཞོན་ཁག་ཅིག་དབྱུག་རྩེད་ལ་རོལ་ཞོར་དང་ཕྱི་དྲོའི་མཚན་ཚོགས་ཁང་ནས་བཟི་ཁ་མྱོང་ཞོར་དུ། རང་མི་རིགས་ཀྱི་གོད་ཆགས་དང་གྱོང་གུད་ཀྱི་རྐྱེན་ངན་ལ་ཡིད་ཆད་ཀྱིས་སྨྱོན་པ་རེ་འཁྲབ་ཀྱིན་མི་ཚེ་ཕྱིད་ཐབས་བྱེད། ཡང་རྒན་པོ་དང་རྒན་མོ་དག་གིས་མིག་ལྤགས་ཟུམ་ཟུམ་གྱིས་མི་རིགས་ཀྱི་ལས་དབང་དེ་མཆོག་གསུམ་གྱི་སྙན་དུ་འཁྱོལ་ཐབས་སུ། ཉིན་ལྟར་མ་ཎེ་འདོན་ཞོར་དང་སྐོར་བ་བསོག་ཞོར་སེམས་ཁམས་ཀྱི་རེ་བ་ཡོད་ཚད་སྨོན་ལམ་གྱི་ཞིང་ཁམས་སུ་ཕུལ་བར་བྱེད། གླུ་པ་དང་གླུ་མ་འགའ་ཤས་ཀྱིས་ད་དུང་ཡང་ཐབས་ཀྱི་སྣེ་མོ་ཡོངས་སུ་ཟད་དེ། གུང་ཁྲན་ལ་བསྟོད་གླུ་འབུལ་གྱིན་སྐྱེ་བོ་ཁྲི་སྟོང་མང་པོའི་མི་ཁ་ཁུར་ཞིང་། བཙན་བཀའ་དང་ལྟོ་ཕོར་ལ་ཕྱི་ཐག་སྲིང་གིན་བཤན་པ་མའོ་ལའང་བསྟོད་གླུ་འབུལ་གྱིན་བསྡད།

འོན་ཀྱང་དཔའ་བོ་དང་དཔའ་མོ་སྟོང་ཕྲག་འགས་བཙོན་ཁང་ནང་སྡུག་སྦྱོང་སྣ་དགུ་མྱོང་བཞིན་ཡོད་ལ། ད་དུང་ཡང་ཉིན་རེ་ནས་ཉིན་རེ་བཞིན་དུ་དཔའ་སྐད་སྒྲོག་གིན་དུ། གཏམ་ངན་འཁྱེར་ནས་མི་ཡུལ་དུ་སྡོད་པ་ལས། གཏམ་བཟང་འཁྱེར་ཏེ་དམྱལ་བར་ཕྱིན་ན་དགའ་བའི་སྙིང་སྟོབས་ཤིག་བསྣམས་ཏེ་ཕེབས། རང་ཡུལ་དང་རང་རིགས་ཀྱི་ཆེད་དུ་ཡོད་ཚད་དང་ཡོད་ཚད་གློད་གཏོང་གིས་སྐད་འབོད་བྱེད་བཞིན་འདུག་ལ། སེམས་ནང་གི་ན་ཟུག་ཡོད་ཚད་ཕྱིར་བཏོན་བཞིན་འདུག ད་དུང་སྐུ་ལུས་ཡོངས་རྫོགས་ཁྲག་གིས་སྦག་གིན་ཕེབས་བཞིན་འདུག་ལ། ད་དུང་དབུགས་མ་ཕྱིན་གོང་ནས་ས་སྦས་དང་ཡང་ན་གསོན་སྲེག་གི་ལམ་དུ་བློ་ཡིད་ཚིམས་པོས་ཕེབས་རྐྱང་བྱེད་བཞིན་མཆིས།

ངའི་ཉེ་འཁོར་གྱི་སྤུན་ཟླ་འགས་དཔའ་བོ་དང་དཔའ་མོ་ཚོའི་སྙིང་སྟོབས་ཀྱི་སྐད་སྒྲ་སྟེ་དབང་ལས་ཐོས་ཚེ། ཁོང་ཚོར་ཁག་མེད། ཟས་གོས་མེད་པའི་ཁར་རྒྱ་མིས་རྟག་པར་བརྙས་བཅོས་གཏོང་གིན་ཡོད་པས་རེད་ཟེར། དོན་དངོས་ཐོག་ཁག་མེད་པ་དེ་ངའི་ཉེ་འཁོར་གྱི་སྤུན་ཟླ་རེ་འགའ་བ་དེ་དག་ཀྱང་ཡིན། ཁོང་ཚོས་གང་ཡང་མ་ཤེས་ལ། ཁོང་ཚོས་ཅི་ཞིག་ལའང་རྒྱུས་མངའ་མེད་པས་ལན་པ་ཡིན། རྒྱ་མི་དམར་པོའི་གཞུང་དེར། སྡུག་རྩུབ་ཀྱི་མཆེ་སྡེར་རྣོན་པོ་རེ་ཡོད་ལ། ལྦ་མོ་ལྟ་བུའི་གཡོ་སྒྱུ་ཁྲམ་གསུམ་ཡང་ཚང་ཡོད། ཁོ་ཚོས་མེ་མདའ་དང་གློག་རྒྱུག་ལ་སོགས་པའི་དྲག་སྤྱོད་བེད་སྤྱོད་བྱེད་ལ། སྒོར་མོ་ཁྲི་ཕྲག་འགའ་རེའི་སྦྲང་རྩི་བྱུག་པའི་རལ་གྲི་དེ་ཡང་ད་དུང་ཉར་ཚགས་བྱས་ཡོད།

ཁོང་ཚོས་སྦྲང་རྩི་དགོས་སར་སྦྲང་རྩི་བྱུག་ལ། དྲག་རྩུབ་བྱེད་སར་དྲག་རྩུབ་བྱེད། ཁོ་པ་ཚོའི་རེ་བ་ཆེ་ཤོས་ནི། བོད་མི་ཚོ་ཁ་ལ་ཉན་པའི་སྒོ་ཁྱི་ཞིག་བྱེད་དུ་འཇུག་རྒྱུ་དེ་རེད་ལ། འཛམ་གླིང་མི་མང་གི་མདུན་དུ་ངོ་ཚ་ཁ་སྐྱེངས་ཤིག་ཀྱང་མི་འདོད་པ་ངོ་མ་རེད། མ་གཞི་ཁོང་ཚོ་ཤེས་དཔལ་དང་རིག་གཞུང་གིས་དབུལ་བའི་མི་རིགས་ཤིག་ལ་སྙོན་མི་དགོས་ཀྱང། དུས་རབས་འདིར་ཁོང་ཚོར་ནོར་འཁྲུལ་ཡོ་སྲང་བྱེད་པའི་བློ་སྤོབས་མེད་ལ། གུ་ཡངས་དང་བསམ་ཤེས་ཀྱི་བློ་སྟོབས་དེ་བས་མི་འདུག

དེས་ན་ད་ཆ་མདོ་དབུས་ཁམས་གསུམ་གྱི་དཔའ་བོ་དང་དཔའ་མོའི་སེམས་ཤུགས་གཅིག་ཏུ་སྒྲིལ་ཏེ། སེམས་ནང་གི་སྡུག་བསྔལ་སྒྲོག་བཞིན་འདུག ཁོང་ཚོས་ཉིན་ནས་ཉིན་བསྟུད་དེ་རྩ་བའི་བླ་མ་དྲན་ཞིང། མི་རིགས་ཀྱི་བདེ་སྡུག་ལ་བསམ་གྱིན་མྱོང་གིན་དུ། མིག་ཆུ་ཁོག་ཏུ་སྦས་ཤིང་སྦྲང་དཀར་གྱི་ནས་རྩམ་དང་བྲི་ཞོ་མངར་མོའི་རོ་བཅུད་ལ་བྲོ་བ་མྱོང་འདོད་ཅིག་མེད་པར། ཉིན་རེ་བཞིན་ཇེ་མང་དང་ཇེ་མང་དུ་འགྲོ་བཞིན་པའི་རྒྱ་མི་ཚོའི་གདོང་པ་མཐོང་རིམ་བཞིན། སྙིང་ཁམས་ལ་གནོན་མི་ཐུབ་པའི་ན་ཟུག་ཅིག་གིས་ཁྱབས།

ད་དུང་ཡང་ཉིན་ལྟར་བོད་ཁུལ་གྱི་ཐོན་ཁུངས་གཏེར་ཁ་ལ་སོགས་མོ་ཊ་ནས་མོ་ཊ་དང། རི་ལི་ནས་རི་ལི་བྱུར་བུར་བླུགས་ནས་འགྲོ་དུས། རང་ཉིད་ཀྱི་ལུས་ཁམས་ནས་ཤ་རྗེན་ལྷེབ་མོ་བཀོག་པ་དང་མཚུངས་པའི་ཚ་ཟུག་རེ་རྒྱག་བཞིན་མགོ་བོ་ཕྲེད་དུ་གཡུག ཉིན་ལྟར་རྒྱ་མི་འགྲུལ་པ་མོ་ཊ་ནས་མོ་ཊ་དང་རི་ལི་དང་རི་ལི་ཁེངས་ནས་ང་ཚོའི་ཕ་ཡུལ་བོད་དུ་ཁ་ཕྱོགས་ནས་ཡོང་དུས། ཁོག་པའི་ནང་མེ་ཟླུམ་ཞིག་ཕྱིན་པ་ལྟར་འཚིག་འོང།

ངོ་མ་དེ་ཚོ་ནི་མི་རིགས་ཤིག་གི་ཆགས་འཇིག་ཡིན་པས་སེམས་ནང་ན་ཟུག་དེ་བས་ཆེ། ཉིན་རེ་བཞིན་དབེན་ཐིང་ཐིང་གི་སྤང་རྩ་ལྗང་ཁུའི་ན་ཁ་དང། ཉིན་རེ་བཞིན་དབེན་ཐིང་ཐིང་གི་ཞིང་ཐང་གི་མུ་ཁར་རྒྱ་མི་དུ་མ་ཞིག་གིས་ཡར་རྒྱུགས་དང། མར་རྒྱུགས་ཀྱིས་ས་གནས་ཀྱི་དཔོན་ངན་རེ་བཟུང་ལ་དངུལ་རྔན་སྤྲད་དེ། ས་ཆ་ཉོ་ཞོར་དང་ཁྲིམས་མཐུན་བདག་དབང་ལེན་ཞོར། མི་ལོ་སྟོང་ཕྲག་ནང་གི་དབེན་ཞིང་ཉམས་དགའ་བའི་སྤང་ལྗོངས་ཀྱི་མེ་ཏོག་དག་འདར་སིལ་ཤོར་ཞིང། ཞིང་ཐང་གི་སྙེ་མ་དག་ཀྱང་བླ་རྩ་སྐམ་ཞོར། རྒྱ་མིའི་བཟོ་གྲྭ་དང་ཟ་ཁང་། འགྱིག་ཤོག་དྲོད་ཁང་སོགས་ཀྱིས་ཡོངས་སུ་བཙིར་གནོན་བྱས།

ཉམས་དགའ་བའི་རྩ་ཐང་དུ་ཐལ་རོ་དང། སྙིགས་རོས་ཁེངས་ཤིང་རི་བོ་བཙན་པོ་རྣམས་ཀྱི་བྲང་ཁ་གཤགས་པར་རྔམས། ཁོང་ཚོས་ང་ཚོའི་སྤུན་ཟླ་ཚོའི་ཐལ་སྐྱ་འཚུབ་པའི་ངོ་གདོང་གི་སྐྱོ་ཉམས་ལ་ལྟ་འདོད་མེད་ལ། སྤུན་ཟླ་ཚོའི་སེམས་ཁོངས་ཀྱི་སྡུག་བསྔལ་དེ་བས་ཉན་མི་ཤེས་ཤིང་ཉན་འདོད་ཀྱང་མེད། དེ་དག་དང་དེ་དག་གིས་ང་ཚོའི་སྤུན་ཟླ་ཚོའི་སྙིང་ཆུང་སྡུག་གིས་གནན་ཞིང་ཡིད་ཁམས་ན་སྦས་མི་ཐུབ་པའི་ན་ཟུག་དག་ཕྱིར་མངོན།

མེ་མདའ་དང་རྩེ་གྲི་སྔོ་ཆེམ་ཆེམ་གྱི་མདུན་དུ་དཔའ་སྐད་བསྒྲགས་ཤིང་སྐུ་ལུས་ཁྲག་གིས་སྦགས་ཀྱང་མདུན་མཆོངས་བྱེད་བཞིན་འདུག སྤུན་ཟླ་ལགས་ཁྱེད་ཀྱི་ཟུངས་ཁྲག་གིས་རྒྱལ་རབས་ལོ་རྒྱུས་ལ་སླར་ཡང་གཟི་བརྗིད་སྤྲོད་བཞིན་འདུག་ལ། ཁྱེད་ཀྱི་ཚེ་སྲོག་གིས་མི་རིགས་ཀྱི་བདེན་དོན་ལ་སླར་ཡང་འོད་སྣང་གི་ཁ་ཕྱོགས་བསྟན་སོང། ད་དུང་ཁྱེད་ཀྱི་ལྷག་བསམ་གྱིས་ཆོལ་གསུམ་བོད་མིའི་བློ་སྤོབས་སླར་ཡང་རྒྱས་སོང་ལ། ས་མཐར་གྱར་བའི་ཤ་ཁྲག་གཅིག་གི་སྤུན་ཟླ་ཚོའི་རྣམ་ཤེས་ཁྲི་སྟོང་མང་པོ་སླར་ཡང་གཉིད་ལས་སད་སོང་སྙམ། སྤུན་ཟླ་ལགས། ངས་ད་དུང་འདི་ལྟར་སྡོད་ཀྱི་མིན་ལ། ངས་ཁྱེད་རྣམས་ཀྱི་བློ་ཡིད་གཏན་ནས་ཕམ་བཅུག་གི་མིན།

སྣ་ཚོགས།

Post navigation

Previous Post: གསར་འགོད་པ་ཚོས་འགན་ཁུར་དང་ལེན་བྱེད་དགོས།
Next Post: བཀླགས་ན་སེམས་མི་སྐྱིད་པའི་དེབ་ཅིག

Comments (28) on “ངས་འདི་ལྟར་སྡོད་ཐུབ་བམ།”

  1. ལྷོ་མོན་འབྲུག་རིས says:
    2011-06-26 at 5:38 pm

    གཞིས་ལུས་ཀྱི་དཔའ་བོ་དཔའ་མོས་རང་ལུས་ཀྱི་ཟུངས་ཁྲག་ཀྱང་ཕངས་པ་མེད་པར་རང་དབང་ཆེད་ཡོན་ཆབ་ལ་འབུལ་དུས། བྱེས་འབྱོར་གྱི་སྐུ་ངོ་རྣམས་པ་འབྲུ་རིགས་ཀྱི་བཅུད་ལ་ཆགས་ནས་དམ་པི་སྟོང་པ་ཡང་སྐེ་ལ་བཏགས། གཞིས་ལུས་ཀྱི་དཔའ་བོ་དཔའ་མོས་ངར་སྐད་ཀྱིས་འབྲུག་སྟོང་བསྒྲགས་དུས། བྱེས་འབྱོར་གི་མི་མང་རྣམས་པ་ཁུ་སིམ་གྱི་མཚན་མོར་ཉལ་འདུག

  2. རྟོག་གེ་བ་ཚུབ་དགའ་ནས says:
    2011-06-26 at 7:06 pm

    སྤུན་ཟླ་ཚོའི་སྙིང་སྟོབས་ལ་བལྟས་ན་བློ་སྤོབས་སྐྱེ་འོས་ལ། སྤུན་ཟླ་ཚོའི་སྤྱི་སེམས་ལ་བལྟས་ན་ཡིད་དབང་འཕྲོག་ནུས། སྤུན་ཟླ་ཚོའི་བཙན་གནོད་མྱོང་ཚུལ་ལ་བལྟས་ན་མིག་ཆུ་ཤོར།

  3. དཔལ་དགྱེས་པ་རྡོ་རྗེ says:
    2011-06-27 at 5:53 am

    བསམ་གླིང་ཚེ་རིང་ལྷ་མོ་ལེགས། སོ་སོར་དབང་ཆ་རེ་ཡོད་དུས་རང་གིས་རང་ལ་བསམ་བློ་ནང་དུ་བསྐོར་ཤེས་པ་དེ་དཔེ་ཡ་རབ་རེད། ཁ་ཟས་རྒྱབ་གོས་ཙམ་ལ་མི་བསམ་པ་བོད་ནང་གི་སྡུག་བསྔལ་ལ་ཐུགས་བསམ་བཞེས་པ་ལ་དངོས་ནས་ཡི་རང་ཡོད། །
    གཞིས་བྱེས་བོད་མི་ཕལ་ཆེར་སྡུག་གིས་ཁེངས། །གཞིས་བྱེས་ཅོལ་ཆུང་ཕལ་ཆེ་དགའ་སྟོན་ཚེས། །གཞིས་བྱེས་ཚོགས་པའི་དགའ་སྐྱོ་སྣང་བ་ལ། །ཡང་ཡང་བསམ་ནས་སེམས་ཤུགས་རྒྱས་པར་ཤོག། ལ་ལས་རང་ཁྱིམ་དོན་དུ་མ་དངུལ་བསགས། །ལ་ལས་རང་སྐྱིད་ཆེད་དུ་ཆང་དུད་འཐེན། །ལ་ལས་རང་འབྱོར་ཆེད་དུ་དཀོན་མཆོག་བཙོང་། །སྤྱི་དོན་ཕུ་ནུ་བསམ་མཁན་རེ་ཟུང་ཙམ། །མི་ལུས་སྙིང་པོ་བསམ་ན་དམ་ཆོས་སྒྲུབས། །མི་ཡུལ་འདུག་ཆོས་བསམ་ན་ཁྱབ་སྲིད་སྒྲུབས། །མི་ལུས་ཐོབ་ཚེ་དོན་མེད་མ་གཏོང་བར་། །མི་ཆོས་ཡང་དག་སྒྲུབས་ཤིག་བསམ་བཟང་མ། ། ཤྲྰིས་སོ།

  4. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-27 at 12:53 pm

    ཐོག་མར་སྐུ་ཞབས་རྡོར་དབང་ལགས་སུ་ཐུགས་རྗེ་ཆེ་ཞུ།

    དྲ་གྲོགས་ལྷོ་མོན་འབྲུག་རིས་ལགས་དང། རྟོག་གེ་བ་ཚུབ་དགའ་ལགས་སུ།
    སྐུ་ཉིད་ནས་གཞིས་བཞུགས་དཔའ་མོ་དང་དཔའ་བོ་རྣམས་སུ་གདུང་སེམས་མཉམ་སྐྱེས་དང་དགོངས་ཚུལ་གླེང་རོགས་གནང་བར་ཐུགས་རྗེ་ཆེ་ཞུ།

  5. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-27 at 1:01 pm

    དྲ་གྲོགས་དཔལ་གྱེས་རྡོར་ལགས་སུ།

    གུས་མོས་མ་ལྟས་ས་ནས་དཔའ་མོ་མཐོང།།
    གུས་མོས་མ་བསམ་ས་ནས་དཔའ་བོ་མཐོང།།
    སྡུག་གིས་མནར་བའིི་སྤུན་ཟླའི་ཞལ་རས་རྣམས།།
    ཡང་ཡང་ཡིད་ཀྱི་མེ་ལོང་ངོས་སུ་འཆར།།

    ཉིད་ཀྱི་སེམས་བཟང་སྙིང་གཏམ་དྲིན་གྱིས་ནི།།
    བདག་གི་བློ་ཡིད་ཅུང་ཞིག་བདེ་རུ་སོང།།
    སྐབས་རེ་རྡོ་ལེབ་ཚ་བོའི་གྲོག་མ་བཞིན།།
    སྤུན་ཟླའི་བྱ་འགུལ་མཐོང་ཚེ་ཅི་བྱེད་བྲལ།།

  6. པདྨ་གེ་སར says:
    2011-06-27 at 2:04 pm

    དཔལ་གྱེས་པ་ཞེས་བརྗོད་ན་ངན་སྨོད་ཀྱི་མིང་ངན་རེད། དྲ་སྟེང་ནས་གྱེས་རྡོར་ཞེས་མཁན་ཆེན་རྡོ་རྗེ་འཆང་སང་ལ་ངན་སྨོད་བྱེད་ནི་མང་ནི་རེད་ཡ། ཚེ་ལྷས་དེ་ཙམ་ཤེས་མེད་པ་འདྲ། དངོས་ནས་ལ་རྒྱ་ཡོད་ན་ཡག་པོ་རེད།

  7. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-27 at 3:21 pm

    བཀུར་འོས་པད་གེ་ལགས།
    མ་གཞི་གུས་མོ་ཤེས་རྒྱ་དངོས་གནས་ཆུང་ཆུང་ཡིན། འོན་ཀྱང་མིའི་མིང་ལ་སངས་རྒྱས་བྱམས་སེམས་ཀྱི་མཚན་ཡོད་པ་ཉུང་ཉུང་མིན་པ་ཁྱེད་ནས་ཀྱང་མཁྱེན་གསལ་རེད།
    འོ་ན་འཇམ་དབྱངས་ཞེས་པའི་མི་དེ་ལ་ངན་སྨྲོད་བྱས་ན་རྗེ་བཙུན་འཇམ་དཔལ་དབྱངས་ལ་ངན་སྨོད་བྱས་པ་རེད་དམ། ཡང་སྒོས་དངོས་གནས་ལ་རྒྱ་ཡོད་མེད་ཞེས་པ་དེ། སྐུ་ཉིད་ནས་གུས་མོའི་སེམས་བསྔོགས་འདོད་པ་ཡིན་ནམ། ལྷག་པར་དུ་ང་རང་གཞན་ལ་ངན་སྨོད་བྱ་རྒྱར་དགའ་པོ་མེད་ལ། གཞན་གྱིས་གུས་མོར་ངན་སྨོད་བྱས་ཀྱང་ཕར་གཞན་ལ་ངན་སྨོད་མི་བྱ་རྒྱུའི་དམ་བཅའ་སེམས་ལ་ཡོད།
    ཡང་གཞན་ཞིག་ཞུས་ན། སྐུ་ཉིད་ཀྱི་མཚན་ངོ་མ་དེ་སྦས་དགོས་དོན་གང་ཡིན་ནམ།
    འོན་ཀྱང་དགོངས་གལ་མེད་པ་མཁྱེན།

  8. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-27 at 3:24 pm

    སངས་རྒྱས་བྱང་སེམས་ཞེས་པར་བཅོས་རོགས་ཞུ།

  9. པདྨ་གེ་སར says:
    2011-06-27 at 8:20 pm

    དྲང་མོ་བཤད་ན་དགྱེས་དང་གྱེས་ལ་ཁྱད་པར་ཆེན་པོ་ཡོད་པ་དེ་ཤེས་དགོས། དཔལ་དགྱེས་རྡོར་འདིས་ཁྱོད་ཉིད་མཁའ་འགྲོ་ཡིན་པར་བསྒྲུབས་ནས་ཤི་ཁྱོས་བྱེད་ཀྱིན་ཡོད་ཐལ། ངས་ཁྱོད་རང་ཨ་ལོག་ཡིན་པར་བཤད་ནས་མ་འགྲིག་ནས་འདིར་ཁྱོད་ཀྱང་ང་ཡི་རྗེས་སུ་འདྲིང་བ་མིན་ནམ་སྙམ་ནི་ཡིན། ཨ་ལོག་དང་གྲྭ་ལོག་ཆ་ཁ་ཡག་ནི་རེད། མིང་དངོས་སུ་བེད་སྤྱོད་པ་ཀླུ་སྨྱོན་དང་དགྱེས་རྡོར་བེ་རི་ལྟ་བུ་རེད། སྨྱུག་མིང་བེད་སྤྱོད་པ་ང་ལྟ་བུ་དང་། རྫུན་མིང་སྤྱོད་པ་གདོང་དམར་རམ་སྟག་སྨྱོན་སོགས་མང་ནི་རེད། དངོས་སྨྱུག་གཉིས་ཀ་སྤྱོད་པ་དགེ་རབ་དང་སྒོམ་སྡེ་དང་ལ་སྟོད་བུ་ལྟ་བུ་རེད།

  10. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-28 at 2:08 am

    མཛེས་སྡུག་པད་མའི་སྦུག་ནས་སྒྲོལ་བའི་པད་གེ་ལགས། ལྷོད་པར་གནང་དང་ཅི་ལ་སྐྱོན།
    སྐུ་ཉིད་ཀྱིས་མ་གསུངས་ན་བཀུར་འོས་སྒྱུ་རྩལ་གྱི་ཆ་ལག་རྫོགས་པའི་དཔལ་དགྱེས་རྡོར་ལགས་ཀྱིས་རང་ཉིད་མཁའ་
    འགྲོར་བསྒྲུབས་པ་ངས་ད་དུང་མ་ཤེས་ལགས། ཁོང་གིས་གང་དང་གང་ལ་བསྒྲུབས་ཀྱང་སྒྱུ་རྩལ་ཐད་ནས་རང་དབང་ལགས། མིང་སྒྲུབ་སྟངས་ལ་འགྲེལ་བཤད་ཆ་ཚང་གནང་བར་ཐུགས་རྗེ་ཆེ་ཞུ་བ་མ་ཟད། ཁྱེད་ཀྱིས་གུས་མོ་ཨ་ལོག་ཏུ་བསྒྲུབས་གནང་ན་དེ་ལས་བསྟོད་པ་ཆེ་བ་ཞིག་ག་ལ་ཡོད། རྒྱུ་མཚན་ནི། ཆུང་དུས་ཨ་ནེ་བྱེད་རྒྱུ་བྱུང་ན་སྙམ་པ་གུས་མོའི་རེ་བ་ཆེ་ཤོས་ཡིན། གལ་སྲིད་ད་ཚོད་ཨ་ནི་ལོག་ཡོད་ཀྱང་གང་ལྟར།
    སངས་རྒྱས་ཀྱི་ན་བཟའ་གྱོན་པའི་སྐལ་བཟང་ཞིག་དང་བསྡོམས་ལྡན་ལ་གནས་རིང་གི་སྐལ་པ་བཟང་པོ་ཞིག་གུས་མོར་ཡང་ཐོབ་ཡོད་སྲིད་ལ་ཡང་ན་ཨ་ནི་ལོག་ཀྱང་སྲིད་ཀྱི་མ་རེད། འོན་ཀྱང་གུས་མོར་ཆུང་དུས་ནས་རབ་ཏུ་བྱུང་བའི་གོ་སྐབས་དེ་ཐོབ་མེད་པ་འདི་ནི་གུས་མོའི་མི་ཚེ་འདིའི་གྱོང་གུད་ཆེ་ཤོས་ཡིན་པར་སྙམ་བཞིན་ཡོད། ད་ངས་སྙིང་གཏམ་ཚང་མ་ཞུ་བར་ཐལ་སོང།

  11. གཞོན་ནུ་ཟླ་མེད། says:
    2011-06-28 at 3:21 am

    པདྨ་གེ་སར་ནས་ཚོད་བལྟ་ལན་མང་བྱས་པའི་མཐར་ཚེ་རིང་ལྷ་མོ་ནས་མོའི་ལོ་རྒྱུས་གསལ་བོར་བརྗོད་པའི་འགོ་བཙུགས་སོང་། པདྨ་གེ་སར་འདི་ཐབས་ཤེས་ཡོད་གི་ཡ། ད་དེའི་སྐོར་གཡུག་ཞོག ང་ལ་མཚོན་ན་བསམ་གླིང་ཚེ་རིང་ལྷ་མོའི་འདས་པའི་མི་ཚེ་ག་རེ་ཡིན་མིན་ལ་ཚོད་བལྟ་བྱེད་ཀྱི་མིན། དེ་ལས་མོ་རང་གི་རྩོམ་ཡིག་དག་ལས་མོ་རང་གི་སེམས་ཁམས་ལ་ཉུལ་རྒྱུ་ཡིན། ངས་གོང་གི་རྩོམ་ཡིག་ཀློག་ཡོང་དུས་བསམ་གླིང་པ་ཚེ་རིང་ལྷ་མོའི་སེམས་བསམ་པའི་སྟེང་གི་ན་ཚ་སྟེ། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བཞིན་པ་དང་། བོད་མི་རྒྱ་མིར་འགྱུར་བཞིན་པ། ལྷག་པར་དུ་དེང་སང་བོད་ནང་གི་ཉམས་ཆུང་བོད་མི་ཚོ་རྒྱ་ནག་གཞུང་གིས་བཙན་གནོན་བཙུར་རྡུང་བྱེད་བཞིན་པ། བཙོན་དུ་འཛུད་བཞིན་པ། དམར་གསོད་གཏོང་བཞིན་པ་སོགས་ལ། བསམ་གླིང་པས་ཡིད་མི་བཟོད་པར་རྩོམ་ཡིག་བྲིས་པ་འདི་ལས་མོ་རང་གི་མིག་ཆུ་ཐིག་པ་རེ་རེ་བཞིན་ཁུར་མཚོས་ལས་བཞུར་བཞིན་པ་བདག་གིས་མཐོང་། མགྲིན་པ་ལས་མི་གསལ་བའི་སྨྲེ་ངག་འདོན་བཞིན་པ་བདག་གིས་གོ

  12. པདྨ་གེ་སར says:
    2011-06-28 at 5:13 am

    ཚེ་རིང་ལྷ་མོ་ལགས། བཟང་ངན་གང་བརྗོད་པ་ལེགས་ཕྱོགས་སུ་ལྟ་ཐུབ་པ་ཀླུ་སྨྱོན་ཧེ་རུ་ཀ་འདྲ་བོ་འདུག་པས་དངོས་མིང་བེད་སྤྱོད་བྱས་ན་འགྲིག་ས་རེད། གངས་རིའི་བསྟན་སྲིད་ཀྱི་ཞབས་ཞུ་མཁན་སྤྱི་འཐུས་པ་ཁྱེད་ཚོར་གྱོང་གུད་ཅི་མ་རེད། མི་ཚེ་དོན་ལྡན་རེད་ཡ། རབ་བྱུང་སྔགས་པའི་སྡེ་གཉིས་ཀ་སེམས་ལ་ཤར་ཐུབ་ན་ཡག་པོ་འདུག་དྲན་སོང་། མིང་ཡག་རྩོག་ཇི་ལྟར་སྒྱུ་རྩལ་ཡིན་མིན་ཅི་མི་ཤེས་མོད། མཁན་ཆེན་རྡོ་རྗེ་འཆང་གིས་ཁ་བརྡ་དང་རང་དབང་དྲ་བ་དང་ཨེ་མ་ཧོའི་དྲ་ཚིགས་ནང་དུ་ཁྱོད་ལ་ཆགས་ཚུལ་བཤད་འདུག ཧ ཧ ཧ
    ཡིད་མ་ཆེས་ན་འདི་ལྟར་རོ། །
    སོར་རྟོགས་རིག་མ་དགྱེས་པའི་ཚངས་དབྱངས་དོ་ཧ། །
    ན་མོ་ཌྰཀྐི་ནི། །
    རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་མཛེས་ལྗོངས་ཀྱི་དཀྱིལ་འཁོར། །
    རང་བྱུང་བསམ་ཡས་ལྷུན་གྲུབ་བདེ་མཆོག་གི་ཕོ་བྲང་། །
    མ་འོས་མགྲོན་དུ་ཁུགས་པའི་ཚེ་རིང་གི་ལྷ་མོས། །
    སྒྱུ་འཕྲུལ་སྙན་པའི་བརྡ་གླུ་ཁུ་བྱུག་ལས་སྙན་སོང་། །
    ས་མཐའི་གྲོང་མཐར་ཉུལ་བའི་མདོ་མེད་ཀྱི་སྤྲང་པོ། །
    རྨི་ལམ་ཞིང་ཁམས་མཇལ་བའི་རྟོགས་ལྡན་གྱི་རྣལ་འབྱོར། །
    ཡིད་མཐུན་ལྷ་ལྕམ་ཕེབས་པའི་ལྗོངས་རྒྱུ་རུ་འོང་ནས། །
    དགའ་བདེ་བཅུ་དྲུག་སྨྱོས་པའི་གླུ་བྲོ་རེ་ཁྲབ་ཡ། །
    དབེན་གསུམ་ཏིང་འཛིན་རྒྱལ་པོའི་ཐུགས་དམ་དེ་སད་པས། །
    འཇམ་མཉེན་ཕྱག་རྒྱའི་གར་སྟབས་ཅི་དགའ་རུ་བསྒྱུར་ནས། །
    ཨེ་ཝྃ་ཐོལ་བྱུང་དོ་ཧ་གང་དགའ་རུ་བླངས་པས། །
    གནས་གསུམ་མཁའ་འགྲོ་དགྱེས་པའི་ཚོགས་གྲལ་ཕེབས་འགྲོ། །
    མི་འཇིགས་རྡོ་རྗེའི་གར་གྱི་དཔའ་རྫོང་གི་དབང་ཕྱུག །
    བདེ་ཆེན་པདྨ་དགྱེས་པའི་རྩལ་དྲུག་གི་དཔུང་ཤུགས། །
    དབུས་རྒྱལ་ལྷུན་པོའི་གཡོ་འགུལ་བྱེད་པ་དེ་མཐོང་ངམ། །
    ལྷ་མིན་དམག་ཚོགས་འཇོམས་པའི་གཡུལ་ངོ་རུ་ཆས་ཐལ། །
    བྱམས་བརྩེའི་སྤྲིན་ཆེན་འཁྲིགས་པའི་དུང་ཁང་གི་དཀྱིལ་ནས། །
    སྙིང་ཐིག་བདུད་རྩིའི་ཆར་ཆེན་འབད་མེད་དུ་འཇོ་བས། །
    འདོད་ཡོན་རྒྱན་དུ་འཆར་བའི་རིག་མ་འདྲ་ཡོད་ན། །
    གང་འདོད་ལོངས་སུ་སྤྱོད་པའི་མཆོད་སྦྱིན་དུ་འབུལ་ལོ། །
    ཆགས་མེད་ཆགས་པ་ཆེན་པོ་དབང་ཆེན་གྱི་རང་མདངས། །
    རྟེན་གཡོའི་སྣང་སྲིད་སོར་རྟོགས་ཡེ་ཤེས་ཀྱི་ཉི་མོར། །
    འཁོར་འདས་ཀུན་ཁྱབ་རིག་པའི་རྟུལ་ཞུགས་ཀྱི་འོད་སྣང་། །
    བདེ་སྟོང་རང་བྱུང་མཆོག་གི་ལོངས་སྤྱོད་ལ་རོལ་ཤོག །
    དྲི་མེད་ལྷག་བསམ་དཀར་པོའི་སེམས་བསྐྱེད་ཀྱི་དྭངས་མ། །
    མ་ལུས་སེམས་ཅན་རྒྱུད་ལ་འབད་མེད་དུ་འཕོས་ནས། །
    ཞི་བདེ་རྒྱ་མཚོ་ཆེན་པོ་མྱང་འདས་ཀྱི་རྒྱལ་ཁམས། །
    དག་རྫོགས་སྨིན་པའི་དགའ་སྟོན་ལོངས་སྤྱོད་འདི་ཨ་ཧོ། །
    ཞེས་པའང་དྲི་མེད་ལྷག་བསམ་གྱིས་བསྐུལ་བ་ལྟ་བུས་སྦས་གསང་མེད་པར་ཤྲྰི་སྨྱོན་པས་པུནྱེ་དེ་ཝི་ལ་སྤྲིངས་པ་དགེའོ། །
    http://www.rangwang.net/index.php?essayId=1888

  13. བསྟན་འཛིན་ཐོས་བསམ། says:
    2011-06-28 at 11:15 am

    རྩོམ་པ་པོ་ལགས། ཁྱེད་ཀྱིས་བརྗོད་དོན་ལ་ཡི་རང་དང་བསྔགས་བརྗོད་ཡོད།

    མི་རིགས་ལ་ཆེས་དུང་ཞེན་ཟབ་པའི་དབང་གིས། ངོ་མ་ད་དུང་གཉིད་ཏེ་སྡོད་པའི་དུས་ཚོད་ཅིག་གཏན་ནས་མ་ཡིན་ལ།

    ཤ་རུས་གཅིག་ལས་མཆེད་པའི་ཕུ་ནུ་མིང་སྲིང་ཚོ། རང་གི་མི་རིགས་ལ་དོན་དངོས་ཀྱིས་དུང་ཞེན་ཆེ་ཞིང་ཕངས་སེམས་བཅོས་མིན་རེ་གདའ་བས་ཚེ།

    ༧གོང་ས་མཆོག་གི་བསྒྲུབ་ཕྱོགས་ཀྱི་ལམ་སྟོན་རྣམས། ཉམས་སུ་ལེན་དགོས་པ་ཧ་ཅང་གི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་ཤོད་ག་ལ་དགོས། དོན་སྙིང་དེ་ལྟར་མ་རེད་དམ། ཁ་དྲོ། ལམ་བདེ།

  14. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-28 at 11:35 am

    དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
    ཐུགས་རྗེ་ཆེ། ཉིད་ཀྱིས་དགོངས་ཚུལ་གསུངས་པར་ཧ་ཅང་དགའ་པོ་བྱུང་ལ། དེ་ནི་ཉིད་ཀྱི་གདུང་སེམས་མཉམ་སྐྱེས་ཀྱང་ཡིན་པ་རྟོགས་སོ།

  15. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-28 at 11:38 am

    དྲ་གྲོགས་པདྨ་གེ་སར་ལགས།
    གུས་མོས་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དཔལ་དགྱེས་པ་རྡོ་རྗེ་ལགས་སུ་ཡང་ངེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  16. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-28 at 11:41 am

    དྲ་གྲོགས་བསྟན་འཛིན་ཐོས་བསམ་ལགས་སུ།
    སྐུ་ཉིད་ཀྱིས་གུས་མོར་བསྐུལ་ལྕག་དང་ལམ་སྟོན་གནང་བར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ།

  17. དམིགས་བུ། says:
    2011-06-28 at 4:59 pm

    བསམ་གླིང་ཚེ་རིང་ལྷ་མོ་ལགས། མི་རིགས་ཀྱི་ལ་རྒྱ་དང་ཁོག་དཔུང་གི་མེ་ལྕེ་གྱེན་དུ་འབར་གྱིན་པར་རྗེས་སུ་ཡི་རང་ཞུ། ང་འདི་ལྟར་སྡོད་ཐུབ་བམ།

  18. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-28 at 5:33 pm

    དམིགས་བུ་ལགས་ཕེབས་པར་འཚམས་འདྲི་དང་། སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེས་གནང་བར་ཐུགས་རྗེ་ཆེ།

  19. ལྷ་ལུང་དོན་འགྲུབ། says:
    2011-06-28 at 5:56 pm

    ངས་འདི་ལྟར་སྡོད་ཐུབ་ཀྱི་རེད་དམ་ཟེར་བ་འདིར་བྱེད་སྒྲ་ཐོབ་དགོས་དོན་ཞིག་འདུག་གམ། གནམ་རྒན་མ་མཁྱེན། དེང་སང་དྲ་ཐོག་འདི་ན་ཉ་ཉོག་མང་ནས་བལྟ་བཟོད་མི་འདུག

  20. གཞོན་ནུ་ཟླ་མེད། says:
    2011-06-28 at 9:30 pm

    (ངས་ཀྱི་ཡུལ་དང་ངས་ཀྱི་མི་མང་)ཟེར་བ་དེ་ལ་བྱེད་སྒྲ་འདུག་ལགས། ཁ་སྔོན་ལ་གྲགས་ནས་བཤད་ན་མ་གཏོགས། དེ་ལས་ཡིག་ནོར་གཞན་དག་བཅོས་ན་འདི་ལྟར ༼སྐྱབས་བཅོལ་ལ་སྐྱབས་བྱོལ་༽ ༼མནོ་བསམ་ལ་རྣོ་བསམ་༽༼མ་ཅང་ལ་མ་བྱང་༽༼མ་ཎི་ལ་མ་ཎེ ༽༼ཝ་མོ་ལ་ལྦ་མོ་༽༼འདར་སིག་ལ་འདར་སིལ་༽༼བྱང་ཐང་ལ་ཞིང་ཐང་༽ འདི་དག་མིང་རྐྱང་ནོར་བ་རྣམས་ཡིན། ད་དུང་བྱ་ཚིག་དུས་གསུམ་གྱི་ནོར་བ་ནི་གདན་འདྲེན་ཞུས་མེད། འོན་ཀྱང་རྩོམ་པ་པོས་མ་ཤེས་པ་མིན་ན་ཡང་འཐེལ་གཞུང་རྡེག་ནོར་ཐེབས་པ་གོར་མ་ཆགས།
    ཡིག་ནོར་ཁ་ཤས་བཏོན་པ་དེ་རྩ་བའི་རྩོམ་ཡིག་གི་རིན་ཐང་གཞལ་བྱེད་མིན། རྩ་བའི་རྩོམ་ཡིག་གི་སྒྲིག་གཞི་ནི་ཕུན་སུམ་ཚོགས་པ་རེད་ཡ།།

  21. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-29 at 12:39 pm

    བརྩེ་བ་རིང་ནས་བྲལ་མེད་ལྷ་ལུང་དོན༼་གྲུབ་༽ལགས་སུ།
    སྐུ་ཉིད་ནས་གུས་མོར་དེ་ལྟར་བཀའ་སློབ་གནང་བར་ཐུགས་རྗེ་ཆེ་ཞུ་བ་མ་ཟད། ད་དུང་དུས་ཚོད་ཀྱིས་རྐྱེན་པས་རྡ་དག་མཁན་པོའི་གཞུང་ལུགས་ཁག་འདིར་གདན་འདེྲན་ཞུ་མི་དགོས་པའི་ཐོག་ནས། དྲ་བདག་མཁན་པོར་ཉིད་ཀྱི་ཞལ་ལ་འདོན་བདེ་བའི་ཁྱད་ལས་༼ང་འདི་ལྟར་སྡོད་ཐུབ་བམ་༽ཞེས་པ་ཞིག་དང། གུས་མོའི་ཁ་ལ་འབྱོར་བདེ་བའི་ཁྱད་ལས་རང་འཇགས་ཐོག་ཁ་བྱང་གཉིས་གནང་རོགས་ཞུ་དགོས་པ་མིན་ནམ། སྐུ་ཉིད་ཕེབས་པ་ཙམ་གྱིས་གུས་མོའི་བསམ་པ་རྫོགས་སོ།

  22. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-29 at 12:42 pm

    གུས་པར་འོས་པའི་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། སྐུ་ཉིད་ཀྱིས་ཐུགས་འཁུར་གནང་བ་ཙམ་གྱིས་གུས་མོའི་བསམ་པ་རྫོགས་སོ།
    ཐུགས་རྗེ་ཆེ།

  23. ལྷ་ལུང་དོན་འགྲུབ། says:
    2011-06-29 at 3:27 pm

    ཚེ་རིང་ལྷ་མོ་ལགས།
    དགོངས་དག ངས་ནོར་བཞག ཨ་མདོའི་སྐད་དུ། ང་འཕྱུག་སོང་ཟེར་མོད། ཁྱོད་ཀྱི་དགོངས་པ་དྭངས་རྒྱུའི་ཆེད་དུ་དབུས་སྐད་ལ་བསྟུན་པ་ཡིན།

  24. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-29 at 4:35 pm

    བརྩེ་བའི་ལྷ་ལུང་དོན་གྲུབ་ལགས།
    གང་ཡང་གནང་གི་མ་རེད།
    ཐུགས་རྗེ་ཆེ།

  25. ལྷ་ལུང་དོན་འགྲུབ། says:
    2011-06-29 at 5:03 pm

    ལྷ་མོ་ལགས། “ངས་འདི་ལྟར་སྡོད་ཐུབ་བམ” ཟེར་བ་འདི་དབུས་གཙང་གི་ཁ་སྐད་དུ་ཇི་ལྟར་བཤད་དམ། “ངས་འདི་འདྲ་སེ་བསྡད་ཐུབ་ཀྱི་རེད་པས།” ཟེར་རམ། “ང་འདི་འདྲ་སེ་བསྡད་ཐུབ་ཀྱི་རེད་པས།” ཟེར་གྱི་རེད། ཆོག་ཟེར་བའི་ཚིག་དེའི་མཉམ་པོར་ “ངས་འགྲོ་ཆོག” ཅེས་བཤད་ཀྱི་འདུག དེ་མ་གཏོགས། དུས་ད་ལྟ་བ་ལ། ང་དང་ང་ཙམ་ལས། བྱེད་སྒྲ་སྦྱོར་བ་གོ་རྒྱུ་མི་འདུག་ཙང་ཁྱེད་ལ་བཀའ་འདྲི་ཞུས་པ་ཡིན།

  26. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-29 at 5:52 pm

    བརྩེ་བའི་ལྷ་ལུང་ལགས།
    ཁྱེད་ཀྱིས་གསུངས་པ་དེ་ག་རང་རེད། ད་དུང་བྱེད་སྒྲ་བྲི་ཚུལ་ཐད་བོད་ཆོལ་གསུམ་ཁྱད་པར་ཡོད་པ་མ་རེད།
    སྐབས་བབ་ཀྱི་ངས་དེ་ལྟར་སྡོད་ཐུབ་བམ་ཟེར་བ་དེར་བྱེད་སྒྲ་བྲིས་ཀྱང་འགྲིག་ལ་མ་བྲིས་ཀྱང་འགྲིག་གི་རེད། བྱེད་སྒྲ་བྲིས་མ་བྲིས་ལ་ཁྱད་པར་མེད་པ་དེ་འདྲའི་རིགས་མཐུན་ཁག་ཅིག་ཡོད་ཀྱང་བོད་ཆོལ་གསུམ་གྱི་སྐད་ལ་ཁྱད་པར་མ་མཐོང་བ་ནི་གཅིག་བྱས་ན་གུས་མོ་བོད་ཆོལ་གསུམ་གཅིག་རང་དུ་མཐོང་མཁན་ཞིག་ཡིན་པས་སམ་ཡང་ན་གུས་མོ་ཤེས་རྒྱ་ཆུང་བས་ལན་པ་ཡིན་སྲིད།
    སྐུ་ཉིད་དང་གཏམ་གླེང་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། མཚན་མོ་བདེ་ལེགས།

  27. ས་མཐའི་བུ་ says:
    2011-06-29 at 6:04 pm

    ངོ་མ་སེམས་ནང་གི་སྐད་ཆ་དེ་བཤད་འདུག་ཐུགས་རྗེ་ཆེ། བོད་རང་གི་ཡི་གེ་དེ་བོད་རང་གི་བདེ་སྡུག་དང་། གནས་སྟངས། ལོ་རྒྱུས་སོགས་ལ་བཀོལ་སྤྱོད་ཀྱིས་འདི་ལྟར་མང་པོ་ཞིག་ལ་སྐུལ་ལྕགས་ཐེབས་པ་དེ་རིག་གཞུང་གི་གོ་ཆོད་སོང་ལ་ལྷག་པར་དུ་ད་སྐབས་བོད་ཛ་དྲག་གི་དུས་སྐབས་འདིར་སྨྲེ་ངག་གི་དབྱངས་རྟའི་ཁྲོད་ནས་དུས་རྒྱུན་བོད་པ་ཡིན་ཙམ་གྱི་མི་བུ་མང་དག་གཅིག་ལ་བསམ་བློ་གཏོང་དགོས་པའི་གནས་སུ་བསྐྱལ་བ་ནི་དེ་བས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  28. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-06-30 at 2:12 am

    བརྩེ་བའི་དྲ་གྲོགས་ས་མཐའི་བུ་ལགས།
    སྐུ་ཉིད་ཕེབས་ནས་དགོངས་ཚུལ་ལྷུག་པོར་གླེང་བར་གུས་མོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme