Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་འཇོན་ས་རེད་སྙམ་ན་འོས་བླུཊ། ང་ལ་ཞེན་ཁོག་བྱས་ཏེ་འོས་མ་ལྡུག

Posted on 2015-08-062015-08-06 By ཁ་བརྡ 12 Comments on ངས་འཇོན་ས་རེད་སྙམ་ན་འོས་བླུཊ། ང་ལ་ཞེན་ཁོག་བྱས་ཏེ་འོས་མ་ལྡུག

ཡོང་ཁུངས། བོད་ཀྱི་དུས་བབ་དྲ་བ།

 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་འོས་གཞིར་བཞེངས་ཀྱི་ཡོད་པའི་གསལ་བསྒྲགས་གནང་ཡོད་སྟབས། འདི་གའི་གསར་ཁང་ནས་ཁོང་ལ་སྲིད་སྐྱོང་འོས་མིར་བཞེངས་བའི་དགོས་དམིགས་དང་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།

 

དྲི་བ། སྐུ་ཉིད་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་གཙོ་བོ་ག་རེ་ཡིན་ནམ།

ལན། ད་ལྟའི་དུས་ཚོད་འདིར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ལས་ག་ཚོད་སྐྱོན་ཡོད་མེད་ང་རང་ཚོ་ཚང་མས་ཤེས་གསལ་རེད། དེའི་ཕྱིར་ང་ཚོའི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་འགན་འཁུར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། ལྷག་པར་དུ་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་༸གོང་ས་མཆོག་གིས་ཆོལ་ཁ་དང་ཆོས་བརྒྱུད་ནང་ལོགས་ཀྱི་མཐུན་ལམ་ཐོག་སྐུ་ལས་ཞེ་དྲགས་བསྐྱོན་ཡོད་སྟབས། དེ་ཚོ་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དེ་ང་འོས་མིར་ལངས་པའི་དོན་དག་གཅིག་ཡིན། དོན་དག་གཉིས་པ་དེ་བོད་ནང་དུ་ཡོད་པའི་བོད་མི་ཚོས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རེ་བ་རྒྱག་གི་ཡོད་པ་དང་། དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་རེ་བ་ཞིག་གཏད་དེ། ང་ཚོ་གཅིག་གིས་གཅིག་ལ་རེ་ལྟོས་བྱས་ནས་བསྡད་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ལ་དམངས་གཙོའི་ལམ་སྲོལ་དང་མཐུན་པའི་དམངས་གཙོའི་ཀ་བ་གསུམ་ཡོད་པ་དེས་ནུས་པ་མཉམ་སྤུངས་བྱས་ནས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེར་བརྟེན་དཔེར་ན་ང་སྲིད་སྐྱོང་དུ་འོས་འདེམས་བྱུང་བ་ཡིན་ན། དམངས་གཙོའི་ཀ་བ་གསུམ་གྱིས་ནུས་པ་མཉམ་དུ་འདོན་ཐུབ་པར་འབད་བརྩོན་བྱས་ཏེ། ད་ལྟ་ལས་ལྷག་ཅིག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།  དེ་གཉིས་གཙོ་བོ་རེད། གཞན་ལྷན་ཁང་སོ་སོའི་ནང་གི་ལས་དོན་བྱེད་ཕྱོགས་དང་། རྒྱ་ཆེ་ས་ནས་ད་ལྟ་སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་སྟབས། འབྱུང་འགྱུར་གྱི་ལོ་ལྔ་ནས་བཅུ་དང་། བཅོ་ལྔའི་ནང་ག་རེ་བྱེད་དགོས་ཀྱི་ཡོད་མེད་དེ་འདས་པའི་ལོ་ལྔ་ནས་བཅུ། བཅོ་ལྔའི་གནས་སྟངས་ལ་ཉམས་ཞིབ་བྱས་ཏེ། རྨང་གཞི་བརྟན་པོ་ཞིག་འདིང་མ་ཐུབ་པ་ཡིན་ན། ནམ་ཞིག་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཞིག་ཡོད་སྟབས། དེ་ཚོའི་ཐོག་ལ་ཤུགས་རྒྱག་པའི་ཆེད་དུ་ང་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་འདོད་པ་བྱུང་།

Penpa_Tsering5

ངས་ནམ་རྒྱུན་ཞུས་བསྡད་པ་ལྟར། སྲིད་སྐྱོང་ལ་ལངས་པར་ཕྱོགས་གཅིག་ནས་སོ་སོར་འདུན་པ་དང་འདོད་པ་ཞིག་ཡོད་དགོས་པ་རེད་ལ། དེ་བཞིན་སོ་སོས་འཇོན་གྱི་རེད་བསམ་པའི་གདེང་ཚོད་ཅིག་ཀྱང་དགོས་པ་རེད། གདེང་ཚོད་དེ་འདས་པའི་ལོ་ ༢༠ རིང་སྤྱི་འཐུས་བྱས་པ་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་ལོ་ ༧ དང་ཕྱེད་རིང་བྱས་སྐབས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བྱས་པའི་ཉམས་མྱོང་ལ་བརྟེན་ནས་ང་ལ་གདེང་ཚོད་དེ་ཏན་ཏན་ཡོང་གི་འདུག དེའི་སྒང་ལ་ཆ་རྐྱེན་གཉིས་པ་དེ་སོ་སོས་བྱེད་རྒྱུ་ཡིན་ལབ་པ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། མི་མང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ངེད་གཉིས་སྲིད་སྐྱོང་གི་འོས་གཞིར་བཏོན་པ་རེད། ཕྱིས་སུ་དབུས་གཙང་ཆོལ་ཁའི་ངོས་ནས་མང་མོས་ཚད་མཐོ་བོའི་ཐོག་ནས་ང་རང་སྲིད་སྐྱོང་འོས་མིར་བཏོན་པ་རེད། དེ་བཞིན་མི་མང་ནང་ལོགས་ནས་ཀྱང་དུས་ཀྱི་དགོས་མཁོ་མང་པོ་ཞོིག་ཁྱེད་རང་གིས་གནང་ཐུབ་ཀྱི་འདུག་ཅེས་རེ་བ་ཆེན་པོ་གནང་གི་འདུག དེ་ནས་ཆ་རྐྱེན་གསུམ་པ་དེ་ལས་དབང་ཞིག་ཀྱང་དགོས་པ་རེད། ལས་དབང་མེད་ན་ཡོང་གི་མ་རེད། དེར་བརྟེན་ད་ལྟའི་སྐབས་ལ་ཆ་རྐྱེན་གཉིས་དེ་འཛོམས་པའི་ཐོག་ནས་ལས་དབང་ཞིག་ཡོད་པ་ཡིན་ན། འགན་འཁུར་དགོས་བསམ་པའི་འདོད་པ་ཤུགས་ཆེན་པོ་ཡོད།


དྲི་བ། སྐུ་ཉིད་སྤྱི་འཐུས་ལོ་ ༢༠ གནང་བ་དང་། ལྷག་པར་དུ་དུས་ཡུན་དེའི་ནང་ལོ་ངོ་ ༧ ལྷག་ལ་སྤྱི་འཐུས་ཚོགས་གཙོ་གནང་བའི་རིང་གྲུབ་འབྲས་ཆེ་ཤོས་གང་དང་གང་བྱུང་བར་ངོས་འཛིན་གནང་གི་ཡོད།

ལན། ལོ་བདུན་དང་ཕྱེད་ཀར་ཚོགས་གཙོ་བྱས་པའི་དུས་ཡུན་ནང་སྤྱི་འཐུས་ལྷན་ཁང་གི་ངོ་བོའི་ཐོག་ནས་སྤྱི་འཐུས་རྣམ་པ་ཕྱོགས་སྐྱོད་དུ་ཕེབས་རྒྱུ་དང་། མི་མང་ལ་འགན་འཁུར་བ་སོགས་ཀྱི་ཐོག་ལེགས་བཅོས་བྱེད་ཐུབ་སོང་བསམ་གྱི་འདུག དེ་བཞིན་གྲོས་ཚོགས་ནང་ལོགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་ཐོག་བགྲོ་གླེང་གནང་བ་སོགས་གང་ཅིའི་ཐོག་ནས་ཚད་མཐོ་རུ་ཕྱིན་ཡོད་པ་དང་། རྒྱ་གར་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤྱི་འཐུས་རྣམ་པ་ཚོས་འགན་འཁུར་ཏེ་བོད་དོན་ཞུ་གཏུག་དང་མི་སྣར་མཇལ་འཕྲད་གནང་རྒྱུ་དེ་ཚོའི་ཐོག་སྔར་དང་མ་འདྲ་བའི་ཤུགས་རྒྱག་ཐུབ་པ་བྱུང་སོང་། ཆུང་ས་ནས་གྲོས་ཚོགས་ཀྱི་ཚོགས་ཁང་བརྒྱབ་པ་སོགས་ཐོག་མར་ཚོགས་གཙོ་བྱེད་སྐབས་དེ་བྱེད་དགོས་བསམ་པ་མང་པོ་ཞིག་འགྲུབ་སོང་བསམ་པའི་སྤོབས་པ་ཡོད།

དེ་ཚོ་ཞུས་པའི་སྐབས་སུ་ང་ཚོགས་གཙོ་གཅིག་པུས་འཇོན་ཡོད་ཟེར་གྱི་མེད། ལས་དོན་ག་འདྲ་ཞིག་ཡིན་ནའང་མཉམ་རུབ་ཀྱི་ནུས་པ་འདོན་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། ང་ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། དེའི་སྔོན་ལ་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་མཐུན་འགྱུར་ཡག་པོ་གནང་བ། གྲོས་ཚོགས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་བཅས་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་སྲིད་སྐྱོང་བྱས་པ་ཡིན་ནའང་སྲིད་སྐྱོང་མི་གཅིག་པུས་འཇོན་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྲིད་སྐྱོང་གིས་མགོ་ཁྲིད་པའི་ཐོག་ནས་བཀའ་བློན་རྣམ་པ་ཚོས་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་ལ། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཐུན་མོང་གིས་ཆབ་སྲིད་ཀྱི་ཐོག་ལ་ནུས་པ་མཉམ་སྤུངས་བྱེད་དགོས་ཀྱི་འདུག འཛིན་སྐྱོང་གི་ཐོག་ལ་ལས་དོན་ཐ་དད་ཡིན་ནའང་གྲོས་ཚོགས་ལ་འགན་འཁུར་རྒྱུ་དང་ལན་རྒྱག་རྒྱུ་སོགས་གང་ཅིའི་ཐོག་ནས་སྤྱི་འཐུས་ བྱས་པའི་ལོ་ ༢༠ ཡི་ཉམས་མྱོང་དང་། དེའི་སྒང་ལ་ཚོགས་གཙོ་བྱས་པའི་ཉམས་མྱོང་ཡོད་སྟབས་འགྲོ་ལུགས་འགྲོ་ སྟངས་དེ་ཚོ་ཚད་དང་ལྡན་པ་སྒྲིག་གཞི་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་ཀྱི་རེད་བསམ་གྱི་ཡོད།


དྲི་བ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་སླད་དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་དུ་སྤུངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་གསུངས་པ་ལྟར།  དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་དུ་སྤུངས་ཐུབ་པར་འཆར་གཞི་ག་རེ་ཡོད།

ལན། རྩ་བའི་ཆབ་སྲིད་ལས་དོན་དང་འཛིན་སྐྱོང་གི་འགན་དེ་འཛིན་སྐྱོང་ནས་འཁུར་དགོས་ཀྱི་ཡོད་ལ། དེའི་ནང་ནས་ཀྱང་སྲིད་སྐྱོང་གིས་འཁུར་དགོས་ཀྱི་ཡོད་སྟབས། འཛིན་སྐྱོང་གི་ངོས་ནས་ནུས་པ་གང་ཡོད་པ་དེ་འདོན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་། གྲོས་ཚོགས་ནང་འཐུས་མི་མང་པོ་ཡོད་པའི་ཆ་ནས་མིའི་ནུས་པ་ཆེ་བ་ཡོད་པ་རེད། ད་ལྟའི་ང་ཚོའི་ཆབ་སྲིད་གནས་བབ་གཞིར་བཞག་སྟེ་རྩ་བའི་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ནས་སོ་སོས་སོ་སོའི་དབང་ཆ་འཆར་འགོད་བྱས་ཏེ་འཛིན་སྐྱོང་གིས་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་ཆབ་སྲིད་ཀྱི་གནས་བབ་ལ་གཞིར་བཞག་ཡོང་དུས། འཛིན་སྐྱོང་གི་ནུས་པའི་སྒང་ལ་གྲོས་ཚོགས་ཀྱི་ནུས་པ་མཉམ་དུ་སྤུངས་ཏེ་གཉིས་ཀ་ཡག་པོ་ལྷུ་བསྒྲིགས་ནས་འགྲོ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དཔེར་ན། རྒྱལ་སྤྱིའི་ནང་ཆ་བཞག་ན། ཕྱི་རྒྱལ་དོན་གཅོད་ཁག་གིས་ལས་དོན་བྱེད་ཕྱོགས་ལྟ་བུ་ཡིན་ན། དོན་གཅོད་དང་ས་གནས་སྤྱི་འཐུས། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཚང་མས་གཅིག་གིས་གཅིག་ལ་ལས་འགན་ངོ་འཕྲོད་པ་བྱས་ཏེ། ང་ཚོར་ནུས་པ་གང་ཡོད་པ་དེ་ཚང་མ་ལྷུ་ག་འདྲ་བསྒྲིག་དགོས་པ་སོགས་ཀྱི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག


དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་བར་སྔར་ཡོད་ལས་དོན་ཡར་རྒྱས་གཏོང་དགོས་པ་དང་། གསར་དུ་མགོ་རྩོམ་དགོས་པ་གང་དག་གཟིགས་ཀྱི་ཡོད་དམ། 
 

ལན། ཆོས་རིག་དང་བདེ་སྲུང་ལྟ་བུ་ཡིན་ན། ད་ལྟའི་ལས་དོན་གང་ལ་གང་འཚམ་ཞིག་རང་འཇགས་ལྷག་གི་རེད་བསམ་གྱི་འདུག ཡིན་ནའང་། བདེ་སྲུང་ཡིན་ན་དེང་སང་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་སྟབས། སྐུ་ཕྱྭ་དང་ཉེན་ཚབ་ཡོད་པའི་གནད་དོན་དེ་ཚོའི་སྒང་ལ་ཞིབ་ཚགས་སུ་གཏོང་རྒྱུ་དང་། འབྲེལ་ཡོད་གང་ཟག་དེ་ཚོའི་རྒྱབ་ལྗོངས་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་ཞིབ་ཚགས་ཀྱིས་ལྟ་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་དོལ་རྒྱལ་བསྟེན་མཁན་མི་རེ་རེའི་རྒྱབ་ལྗོངས་དང་དེ་ཚོ་གང་ནས་ཡོང་གི་འདུག བོད་པ་ཙམ་མིན་པར་ཕྱི་རྒྱལ་མི་རིགས་ཚོ་ཡིན་ནའང་ཁོངས་ག་འདྲ་རེད་འདུག རྒྱབ་ལྗོངས་དང་དམིགས་ཡུལ་ག་རེ་རེད་འདུག དེ་ཚོ་ཚང་མར་ཞིབ་ཚགས་ཀྱིས་བལྟས་ཏེ་གདོང་ལེན་བྱེད་སྟངས་ཐད་བསམ་བློ་གཏོང་དགོས་ཀྱི་འདུག ཉེ་ཆར་ང་ཨ་རིར་ཕྱིན་སྐབས་གནས་སྟངས་དེ་ཚོར་གདོང་ལེན་བྱེད་སྟངས་རེ་རེའི་ཐོག་ནས་བསམ་བློ་གསར་པ་མང་པོ་ཞིག་ཡོང་གི་འདུག

དེ་བཞིན་ཆོས་རིག་ལས་ཁུངས་ཡིན་ན། ཆོས་རིག་ལས་ཁུངས་བརྒྱུད་དེ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བླ་མ་དགེ་བཤེས་ཚོས་བོད་རིགས་གཞོན་སྐྱེས་དང་། ལྷག་པར་དུ་མཐོ་སློབ་ཁག་གི་སློབ་མ་ཚོ་ཡིན་ན་གང་ལ་གང་འཚམ་མགོ་ཚོས་མཁན་ཡིན་དུས། དེ་ཚོར་དམིགས་བསལ་གྱིས་གུང་གསེང་གི་སྐབས་སུ་ནང་ཆོས་རང་གི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོ་ཐུབ་ས་རེད་བསམ་གྱི་འདུག གང་ཡིན་ཟེར་ན། མི་རབས་གསར་པ་མང་པོ་ཞིག་ལམ་ཀ་མ་ནོར་བ་ཞིག་ལ་འཁྲིད་དགོས་ཀྱི་ཡོད་པས་དེ་ཚོའི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག

ནང་སྲིད་ལས་ཁུངས་ལྟ་བུ་ཡིན་ན། དཔེར་ན། ཉམ་ཐག་ཞིབ་འཇུག་གི་ལས་གཞི་ཞིག་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་ཉམ་ཐག་མང་དུ་འགྲོ་ཡི་ཡོད་པ་འདྲ་བོ་དང་། གསོ་སྐྱོང་མང་བ་བྱེད་བསྡད་དགོས་པའི་གནས་སྟངས་ཤིག་ཡོང་གི་ཡོད་སྟབས། ཉམ་ཐག་ཞིབ་འཇུག་བསྐྱར་དུ་བྱེད་དགོས་པ་ཞིག་མཐོང་གི་འདུག དངོས་ཡོད་ཉམ་ཐག་ཡིན་མཁན་ལ་ང་ཚོས་ཏན་ཏན་རོགས་པ་བྱེད་དགོས་པ་རེད། ཡིན་ནའང་། སྤྱི་ཚོགས་ཡར་རྒྱས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ཏེ་ཉམ་ཐག་མང་དུ་འགྲོ་བཞིན་ཡོད་པ་དེ་བསམ་བློའི་ནང་མ་ཤོང་བའི་གནས་སྟངས་ཤིག་ཆགས་ཡོད་སྟབས། དངོས་ཡོད་གནས་སྟངས་གཞིར་བཞག་ནས་དེ་ལ་འགྲོ་སྟངས་ཤིག་བཟོ་དགོས་ཀྱི་འདུག དེ་བཞིན། གཞིས་ཆགས་དང་སློབ་གྲྭ་ཁག་གི་གནས་སྟངས་ཡིན་ན། ཤེས་རིག་ལའང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། གཞིས་ཆགས་འཚོ་ཐུབ་ལ་མ་ཐུབ་བྱས་ནས་ཁ་འཐོར་དུ་གནས་བསྡད་པ་ལས་གཞིས་ཆགས་ཆེ་བ་ཁ་ཤས་ནང་ཟླ་སྒྲིལ་བཏང་སྟེ། གནས་སྟངས་ཡར་རྒྱས་བཏང་ནས་སྨན་ཁང་ཡིན་ན་སྨན་ཁང་ཚད་ལྡན། སློབ་གྲྭ་ཡིན་ན་སློབ་གྲྭ་ཚད་ལྡན། རྒན་གསོ་ཁང་ཡིན་ན་རྒན་གསོ་ཁང་ཚད་ལྡན་ཡོད་པ་སོགས་གཞིས་ཆགས་འཚོ་ཐུབ་པའི་གནས་བབ་བཟོ་བར་ད་ལྟ་ནས་བསམ་བློ་བཏང་སྟེ། འདས་པའི་ལོ་ ༡༠ དང་ ༡༥ ནང་སྤྱི་ཚོགས་ལ་འགྱུར་བ་ག་འདྲ་ཕྱིན་འདུག དེ་ཚོར་ཏན་ཏན་གྲངས་ཐོ་ཞིག་ལེན་དགོས་ཀྱི་འདུག གྲངས་ཐོ་དེའི་ཐོག་ནས་ཉམས་ཞིབ་ཅིག་བྱས་ཏེ་འབྱུང་འགྱུར་གྱི་ལོ་ ༡༠ དང་ ༡༥ ནང་ག་འདྲ་ཆགས་ས་རེད། དེ་ལ་དཔག་པའི་གདོང་ལེན་བྱེད་སྟངས་ཆ་ཚང་ཞིག་བང་སྒྲིག་དགོས་ཀྱི་འདུག དེ་དང་འབྲེལ་བ་ཡོད་པའི་ཤེས་རིག་དང་འཕྲོད་བསྟེན་ཡིན་ནའང་དེ་བཞིན་ཆགས་ཡོང་གི་ཡོད་པ་རེད།

དེ་ནས་དཔལ་འབྱོར་གནས་སྟངས་ལྟ་བུ་ཡིན་ན། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་ང་ཚོས་དངོས་གནས་རང་ཁ་རང་གསོ་བྱེད་དགོས་ཀྱི་ཡོད་ན། བོད་པ་རང་ངོས་ནས་དཔལ་འབྱོར་འདུ་འགོད་སོགས་གང་ཅིའི་ཐད་ལ་གོམ་པ་རྒྱག་དགོས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོའི་དངུལ་འཛིན་ནང་ཨ་སྒོར་ས་ཡ་ ༣༨ ཡི་འགྲོ་སོང་གཏོང་གི་ཡོད་པ་དང་། དེའི་ནང་བོད་པ་རང་གི་དངུལ་བསྡུས་པ་དེ་ས་ཡ་ ༢ ཙམ་མ་གཏོགས་སླེབས་ཀྱི་ཡོད་པ་མ་རེད། དེ་ཚོ་རིམ་གྱིས་བོད་མིའི་བསམ་བློའི་ནང་བླུགས་ཏེ་བོད་པ་རང་གི་འཐབ་རྩོད་ལ་རོགས་པ་བྱེད་པ་དང་། བོད་པ་ཕྱུག་པོ་ཚོས་བོད་པ་སྐྱོ་བོ་ཚོར་རོགས་བྱེད་པ་སོགས་ཀྱི་ཐད་བསམ་བློ་རང་གི་ཐོག་ལ་འགྱུར་བ་གཏོང་ཐུབ་པར་འབད་བརྩོན་དགོས་པ་གལ་ཆེན་པོ་ཆགས་འདུག

ཕྱི་འབྲེལ་ཡིན་ན་རྩ་བའི་ངས་གོང་དུ་ཞུས་པ་ལྟར། འཛམ་གླིང་ནང་སྙོབ་ཐུབ་པའི་ལས་ཁུངས་ཁག་ཅིག་ཡོད་ཀྱང་། ལས་ཁུངས་བཅུ་གཉིས་བཅུ་གསུམ་ཞིག་གིས་འཛམ་གླིང་ཁྱོན་ཡོངས་ལ་ལྟ་དགོས་སྟབས། མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པ་ཞན་པོ་རེད་དེ། ཞན་པོ་དེ་ལ་དཔག་པའི་ནུས་པ་མཉམ་སྤུངས་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་ངས་གོང་དུ་ཞུས་པ་ལྟར་རེད། བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཚོ་ནུས་པ་ལྡན་པ་ག་འདྲ་བཟོ་དགོས་ཀྱི་འདུག ད་ལྟའི་སྐབས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོ་དེ་ཞེ་དྲགས་གསལ་བོ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ལོགས་ནས་ཤུགས་ཆེ་བ་དེ་ཚོས་ལས་དོན་བྱེད་ཕྱོགས་ཐད་ས་གནས་སྤྱི་འཐུས་བཅས་ཚང་མ་མཉམ་རུབ་ཀྱིས་ག་འདྲ་བྱེད་དགོས་ཀྱི་འདུག དེ་ཚོའི་སྒང་ལ་ད་ལྟ་ལས་ཤུགས་མང་བ་རྒྱག་དགོས་ཀྱི་འདུག་མ་གཏོགས། ད་ལྟའི་གནས་སྟངས་ཐོག་མུ་མཐུད་གནས་བ་ཡིན་ན། ནམ་ཞིག་གནས་སྟངས་ཁག་པོ་ཞིག་ཆགས་ས་རེད་བསམ་གྱི་འདུག


དྲི་བ། ད་ལྟ་ཕྱི་རྒྱལ་ཁག་ཏུ་བོད་མི་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་པའི་འཐབ་རྩོད་ནང་ཆ་ཤས་ལེན་ཐུབ་པ་དང་བོད་པ་མཉམ་རུབ་ཡོང་ཐབས་ཐོག་འཆར་གཞི་གང་འདྲ་ཡོད་དམ།

ལན། བྱང་ཨ་མེ་རི་ཁ་འདྲ་བོ་ཡིན་ན་ལུང་པ་གཉིས་ཀྱི་ནང་བོད་རིགས་སྤྱི་མཐུན་ཚོགས་ པ་ ༣༠ ཙམ་ཡོད་པ་རེད། ཡུ་རོབ་ཡིན་ན་ལུང་པ་མང་པོ་ཞེ་དྲགས་ཡོད་ལ། ཕལ་ཆེར་ལུང་པ་རེ་རེའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་རེ་ཡོད་དུས། དོན་གཅོད་ཀྱིས་སྙོབ་མ་ཐུབ་པའི་ས་ཆ་དེ་ཚོར་ཆབ་སྲིད་ཀྱི་ཞུ་སྐུལ་དང་ལས་འགུལ་སྤེལ་དགོས་ཀྱི་ཡོད་ན་རེད། སྤྱི་ཚོགས་རུག་རུག་བཟོ་དགོས་ཀྱི་ཡོད་ནའང་རེད། དེ་ཚོའི་ཐོག་ལ་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར་ལས་འགན་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། ལས་འགན་འཁུར་ཐུབ་པའི་ཆེད་དུ་ཁོང་ཚོར་སློབ་སྦྱོང་ག་རེ་སྤྲོད་དགོས་ཀྱི་འདུག མཐུན་རྐྱེན་ག་རེ་སྦྱོར་དགོས་ཀྱི་འདུག་དེ་ཚོར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་བཞིན། ཤེས་ཡོན་གྱི་ཐོག་ལ་སྐད་ཆ་བཤད་ཡོང་དུས། དཔེར་ན། བོད་མི་མང་པོ་ཕར་འགྲོ་ཡི་ཡོད་པས་ཕར་ཕྱོགས་ནས་བོད་པའི་སློབ་གྲྭ་འཛུགས་ཐུབ་ཀྱི་རེད་དང་མ་རེད་ཟེར་བ་དེ་ཚོའི་གྲས་དེ། སློབ་གྲྭ་འཛུགས་པ་ལ་སློབ་ཕྲུག་དགོས་པ་རེད་མ་གཏོགས་ཁང་པ་དང་ས་ཆ་ཉོ་བར་ཨ་རི་དང་ཡུ་རོབ་གང་ལའང་དཀའ་ངལ་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ནའང་། མགོ་མ་བཙུགས་པའི་སྔོན་དུ་དབྱར་ཀའི་གུང་གསེང་སྐབས་བོད་པའི་བྱིས་པ་རྒན་གཞོན་བར་གསུམ་ཚང་མ་ཡོང་ས་ཡོད་པ་དང་། དེའི་ནང་མགོ་ཁྲིད་ཀྱི་ཟབ་སྦྱོང་དང་ནང་ཆོས་ངོ་སྤྲོད། བོད་སྐད་ཡིག་སློབ་ཁྲིད་སོགས་ནས་རིམ་གྱིས་མགོ་བཙུགས་ཏེ། བོད་པའི་སློབ་གྲྭ་འཛུགས་ཐུབ་ས་རེད་དང་མ་རེད་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག

བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ཐོག་ནས་ད་ལྟའི་བཀའ་ཤག་གིས་གང་ལ་གང་འཚམ་ཞིག་གནང་ཡོད་ཀྱང་། ད་དུང་ཤུགས་ཆེ་ཙམ་གནང་སྟེ་བོད་པ་ཅི་ཙམ་གྱིས་འཐོར་བསྡད་ཡོད་ནའང་། དབྱིན་ཇིའི་སྐད་ནང་(Inclusiveness)སྟེ་ཚང་མ་ནང་ལ་ཚུད་ཐུབ་པར་འབད་བརྩོན་བྱེད་རྒྱུ་དེ་དགོས་མཁོ་དང་པོ་དང་། གཞན་ལ་བརྟེན་མི་དགོས་པར་ང་རང་ཚོའི་ངོས་ནས་བྱེད་ཐུབ་པ་དེ་རེད་འདུག ཡིན་ནའང་། བོད་པ་ཁ་ཤས་ཀྱིས་སོ་སོའི་འཚོ་བ་སྐྱེལ་ཐབས་འགྲིག་གི་འདུག་ན་གཞན་པ་དགོས་ཀྱི་མི་འདུག་བསམ་གྱི་ཡོད་པ་དེ་ཚོར་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། འོན་ཀྱང་། ང་རང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་ཡིན་ན། བོད་པ་ཚོ་རུག་རུག་ཆགས་ཐུབ་པ་དེ་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཡིན་ལ། བོད་མིའི་སྒྲིག་འཛུགས་འདི་གནས་བ་ཡིན་ན་དགེ་མཚན་ག་རེ་འདུག མ་གནས་ན་སྐྱོན་ག་རེ་ཆགས་ཀྱི་འདུག་དེ་ཚོ་མི་མང་གིས་ཧ་གོ་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་སྟབས། དེ་ཚོ་མི་མང་ནང་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོར་དཔེ་མི་སྲིད་པའི་འགན་ཆེན་པོ་འདུག དེ་ཚོ་ཚང་མ་ང་ཚོས་རིམ་གྱིས་བང་ཞིག་བསྒྲིགས་ཏེ་ནུས་པ་སྒྲིལ་ཐུབ་པར་འབད་ བརྩོན་བྱེད་པའི་ཐད། ངས་སྲིད་སྐྱོང་གི་འགན་ཞིག་འཁུར་བ་ཡིན་ན་ནུས་པ་འཐོན་ཐུབ་པའི་ལས་ཀ་ཏན་ཏན་མང་པོ་ཡོད་པ་རེད་བསམ་གྱི་ཡོད།


དྲི་བ། བོད་རྒྱའི་འབྲེལ་མོལ་ཆད་དེ་ལོ་ཤས་ཕྱིན་ཡོད་སྟབས། གལ་སྲིད་སྐུ་ཉིད་སྲིད་སྐྱོང་ཆགས་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་ག་རེ་ཡོད།

ལན། ད་ལྟ་ང་ཚོགས་གཙོ་ཡིན་པའི་ཆ་ནས་དེའི་ཐད་དམིགས་བསལ་གྱིས་ལས་འགན་མེད་སྟབས། འདི་དང་དེ་གནང་གི་ཡོད་པ་རད་དང་མ་རེད་ཟེར་ནས་ཞུ་ཐུབ་ཀྱི་མི་འདུག་སྟེ། གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་མཁན་བོད་མིའི་ནང་ཡོད་རྒྱུ་རེད་ལ། རྒྱ་མི་དང་རྒྱལ་སྤྱིའི་ཚོགས་པ་དེ་ཚོའི་ནང་དུའང་ཆབ་སྲིད་ཀྱི་ཐོག་ནས་མེད་ཀྱང་། ཚོང་གི་འབྲེལ་ལམ་གྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་ཡོད་མཁན་དེ་འདྲ་སྔོན་མར་བྱུང་ཡོད་པ་རེད་ལ། མ་འོངས་པར་ཡང་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་བརྒྱུད་དེ་ཐད་ཀར་སྙོབ་ཐུབ་པ་ཞིག་ག་རེ་འདུག དེ་མིན་རྒྱལ་ཁབ་གཞན་པའི་ཆབ་སྲིད་པ་སྙན་གྲགས་ཅན་དེ་འདྲ་བརྒྱུད་དེ། བོད་པའི་དཀའ་རྙོག་སེལ་བ་ཡིན་ན་རྒྱ་ནག་ལ་ཁེ་ཕན་གང་དང་གང་ཡོད་པ་གོ་བརྡ་སྤྲོད་ཐུབ་པའི་གནས་སྟངས་ག་རེ་འདུག ཡང་མིན་ན་ཤེས་ཡོན་ཅན་དེ་འདྲ་བརྒྱུད་ནས་བྱ་རྒྱུ་ག་རེ་འདུག ལྷག་པར་དུ་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུས་ལ་མཁས་པ་དང་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་མང་པོ་ཡོད་སྟབས། ཁོ་ཚོ་མི་སྒེར་གྱི་བསམ་ཚུལ་དང་ཐུན་མོང་གི་བསམ་ཚུལ་ལ་གཞི་བཅོལ་ཏེ་ལས་ཀ་ག་འདྲ་བྱེད་དགོས་ཀྱི་འདུག དེ་བཞིན་རྒྱལ་སྤྱིའི་ནང་ཞི་མོལ་ཐོག་མཁས་པ་དེ་འདྲ་ཡོད་པ་ཚོར་འབྲེལ་བ་བྱས་ཏེ་ལམ་སྟོན་ཞུ་དགོས་པ་ག་རེ་འདུག གང་ལྟར་ཕྱོགས་ཡོངས་ནས་ང་རང་ཚོས་འབད་བརྩོན་བྱེད་དགོས་པ་རེད།

རྒྱ་ནག་གི་ད་ལྟའི་དམར་པོའི་གཞུང་དེ་མུ་མཐུད་གནས་ཀྱི་རེད་དམ་ཟེར་ན་བཤད་ཁག་པོ་རེད། དཔེར་ན། ཉེ་ཆར་རྒྱ་ནག་གི་ཁྲོམ་རའི་ནང་མ་རྩ་མང་པོ་བརྡིབས་བསྡད་པའི་གནས་སྟངས་དེ་ཚོ་ཡིན་ན། ང་ཚོས་ཞིབ་ཚགས་པོ་བྱས་ནས་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དེའི་རྐྱེན་གྱིས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གནས་བབ་ལ་དོ་ཕོག་ག་རེ་འགྲོ་ས་རེད།  དེ་བཞིན་ཆབ་སྲིད་གནས་བབ་ལ་དོ་ཕོག་ག་འདྲ་འགྲོ་ས་རེད། ད་ལྟ་རྒྱ་ནག་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པའི་སྐབས་འདིར་གོ་སྐབས་ཤིག་བྱུང་མཚམས། ང་ཚོས་གོ་སྐབས་དེ་འཛིན་ཐུབ་པའི་ཆེད་དུ་ཚོགས་ཆུང་མི་འདྲ་བ་ཇི་ལྟར་འཛུགས་དགོས་ཀྱི་འདུག གང་ལྟར་ཆབ་སྲིད་དང་ཆོས་ཕྱོགས། ཁོར་ཡུག་སོགས་གང་ཅིའི་ཐོག་ནས་ང་ཚོས་གྲ་སྒྲིག་ཨང་གསར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲའི་གནས་སྟངས་ཤིག་མ་བསླེབས་བར་དུ་ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་གནས་ཐུབ་པ་དང་། མང་ཚོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་བློ་གཏད་ཐུབ་པ། དེ་བཞིན་རྒྱལ་སྤྱིའི་ནང་བོད་པའི་གནད་དོན་དེ་གནས་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད།  ཕྱོགས་གཅིག་ནས་རྒྱ་ནག་ལ་ཕར་ག་ཚོད་སྙོབ་ཐུབ་ཐུབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་དང་བོད་པའི་སྤྱི་ཚོགས་འདི་སྲ་ཐག་ཐག་གནས་ཐུབ་དགོས་པ་གལ་ཆེ་ཤོས་ཆགས་ཡོད།


དྲི་བ།  བཙན་བྱོལ་བོད་མིའི་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་འཛུལ་ཞུགས་བྱེད་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ནའང་ལས་བྱེད་མང་པོས་རྩ་དགོངས་ཞུས་འགྲོ་ཡི་ཡོད་པའི་ཐད་ག་རེ་གནང་དགོས་པར་དགོངས་ཀྱི་ཡོད།

ལན། ཆོས་རིག་ལས་ཁུངས་ནས་ད་ལྟ་རྒྱ་བལ་འབྲུག་གསུམ་ནང་བོད་པའི་དགོན་སྡེ་ ༢༦༥ ཡོད་པའི་གྲངས་ཀ་རྩི་ཡི་ཡོད་པ་དང་། ཁྱོན་གྲྭ་བཙུན་ཁྲི་ ༤ ཙམ་ཡོད་པའི་ནང་ནས་བརྒྱ་ཆ་ ༥༤ ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཡིན་པ་དང་། བརྒྱ་ཆ་ ༤༦ བོད་པ་ཡིན་པའི་འགྲེལ་བཤད་སྐྱོན་གྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པའི་ཆོས་བྱེད་མཁན་དེ་ངེས་པར་དུ་དགེ་འདུན་པ་གཅིག་པུ་ཡིན་དགོས་པ་མ་རེད་ཅེས་གསུང་གི་ཡོད་པ་ལྟར། ནང་ཆོས་སློབ་སྦྱོང་དེ་སྐྱ་བོ་ཕོ་མོ་ག་འདྲ་ཞིག་ཡིན་ནའང་བྱེད་ཆོག་པ་ཞིག་རེད། དགོན་སྡེའི་ནང་གྲྭ་བ་དང་བཙུན་མ་གང་ཡོད་པ་དེ་སྤུས་དག་པོ་ཞིག་ཡིན་དགོས་པ་གལ་ཆེན་པོ་རེད། ངས་གྲྭ་བཙུན་མང་ཉུང་གི་ཁྱད་པར་མིན་པར་སྤུས་ཚད་ཡག་ལུགས་ཀྱི་ཁྱད་པར་རེད་བསམ་གྱི་འདུག སྐྱ་བོ་ཡིན་ནའང་ཐར་པ་ཐོབ་མ་ཆོག་པ་གང་ཡང་མ་རེད། བོད་པ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཧི་མ་ལ་ཡའི་རི་རྒྱུད་པ་ཚོ་མང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་ནུབ་ཕྱོགས་མི་རིགས་ནང་དུའང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད།

དྷ་རམ་ས་ལའི་ལྷན་ཁང་ཁག་གི་ལས་བྱེད་མང་པོ་ཞིག་ཕར་ཚུར་འགྲོ་ཡི་ཡོད་པ་དེ་དངོས་ཡོད་རེད། ཉེ་ཆར་ག་འདྲ་ཡིན་པ་ངས་ཧ་གོ་མ་སོང་མ་གཏོགས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་གྱི་གནས་སྟངས་ཐད་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་སྐད་ཆ་འདྲི་སྐབས། མི་ ༡༠༠ ཡར་འཛུལ་བ་ཡིན་ན་མི་ ༤༧ མར་ཐོན་འགྲོ་ཡི་འདུག་ཟེར་བའི་འགྲེལ་བཤད་ཅིག་གནང་ཡོད་པ་རེད། ད་ལྟ་གཅིག་བྱས་ན་དེ་ལས་མང་དུ་ཕྱིན་ཡོད་སྲིད་པ་རེད། དེ་ཚོ་མང་པོ་ཞིག་འཚོ་བའི་ཐོག་བསམ་བློ་བཏང་ནས་ཐོན་འགྲོ་ཡི་ཡོད་པ་དང་། ཡང་མང་པོ་ཞིག་སོ་སོའི་ཕྲུ་གུར་མདུན་ལམ་ཡག་པོ་ཞིག་ཡོང་བའི་ཆེད་དུ་འགྲོ་ཡི་ཡོད་པ་དེ་འདྲ་ཡོང་གི་འདུག ཡང་ཁག་ཅིག་ཕར་ཕྱོགས་ནས་མི་སེར་ཆགས་ཚར་ན་ཡང་ཚུར་ཡོང་སྟེ་ཞབས་ཞུ་ཞུ་ཡི་ཡོད་པ་རེད། ཡིན་ནའང་། ད་ལྟའི་དུས་ཚོད་ནང་མང་པོ་ཞིག་ལ་ཕར་འགྲོ་བའི་བསམ་བློ་ཤུགས་ཆེ་བ་ཡོད་པ་དང་། ཕར་ཕྱོགས་ཀྱི་སོ་སོའི་འཚོ་བའི་རྟེན་གཞི་དེ་དང་པོ་ཡག་པོ་ཞིག་ཆགས་དང་མ་ཆགས་ཀྱི་གནས་སྟངས་འོག་ལྷག་བསྡད་ཡོད་པ་ཞིག་མཐོང་གི་འདུག ནམ་ཞིག་ཕར་ཕྱོགས་ཀྱི་འཚོ་བའི་གནས་སྟངས་ཡག་པོ་ཞིག་ཆགས་པ་ཡིན་ན། ཚུར་སོ་སོའི་སྤྱི་ཚོགས་ནང་ཡོང་སྟེ་ལས་ཀ་བྱེད་པའི་རིམ་པ་ཞིག་ལོ་ ༥ དང་ ༡༠ ཡི་ནང་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཡང་ཕྱོགས་གཞན་ཞིག་ནས་གཞོན་སྐྱེས་མང་པོ་ཞིག་ལ་ལས་ཀ་མི་འདུག་ཟེར་གྱི་ཡོད་དུས། འདི་ནས་ཉམས་མྱོང་བསགས་རྗེས་ཕར་ཕྱོགས་ནས་བྱེད་དགོས་པ་དེ་ཚོ་བྱས་ན། བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་བོད་པའི་གནད་དོན་མགོ་འཚོས་པོ་ཡོད་པ་རེད། དཔེར་ན། དགེ་རྒན་ཞིག་ཡིན་ན། འདི་ནས་དགེ་རྒན་མང་པོ་ཞིག་ཕར་འགྲོ་ཡི་འདུག་ཅེས་སྐད་ཤོར་གྱི་ཡོད་ཀྱང་། ཕར་ཕྱོགས་ནས་གཟའ་སྤེན་པ་ཉི་མའི་བོད་ཡིག་འཛིན་གྲྭ་དེ་ཚོར་ཕན་ཞེ་དྲགས་ཐོགས་ཀྱི་འདུགའདིར་བོད་མིའི་སྒྲིག་འཛུགས་ནང་མི་ལྔ་བརྒྱ་དྲུག་བརྒྱ་ཞིག་ལ་མ་གཏོགས་ལས་ཀ་སྤྲོད་ཐུབ་ཀྱི་མེད་སྟབས།  མི་རྙིང་པ་ཤ་སྟག་བསྡད་བསྡད་པ་ཡིན་ན་གསར་པ་ཚོ་འཛུལ་སའི་གོ་སྐབས་མེད་སྟབས། ད་ལྟའི་བརྒྱུད་སྤྲོད་དེ་མཚམས་མཚམས་ལ་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་ཡིན་ཡང་། མཚམས་མཚམས་ལ་གོ་སྐབས་ཤིག་ཆགས་ཀྱི་འདུག་བསམ་པའང་ཡོང་གི་འདུག


དྲི་བ། མ་འོངས་པར་མི་མང་ནང་སྲིད་སྐྱོང་འོས་མིའི་གསུང་བཤད་དང་ཁྱབ་བསྒྲགས་སོགས་ཀྱི་ལས་རིམ་ག་འདྲ་ཡོད།

ལན། འོས་གཞིའི་ནང་ལངས་མཁན་ཁག་ཅིག་ལ་དུས་ཚོད་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ས་གནས་ཁག་མང་པོ་ཞིག་ལ་ཕེབས་ཏེ། སོ་སོའི་རྒྱབ་ལྗོངས་ལོ་རྒྱུས་དང་། མ་འོངས་པར་ག་རེ་གནང་ཐུབ་ཀྱི་ཡོད་དང་མེད་སོགས་ཤོད་ཀྱི་ཡོད་སྟབས།དེ་ཚོ་ཡག་པོ་རེད་བསམ་གྱི་འདུག འོན་ཀྱང་གནང་མི་ཐུབ་པ་ཞིག་གནང་ཐུབ་ཀྱི་ཡོད་ལབ་པ་ཡིན་ན་མི་མང་ལ་མགོ་སྐོར་ཆགས་ཀྱི་ཡོད་པ་རེད། མི་མང་ལ་མགོ་སྐོར་བཏང་ན་འཕྲལ་སེལ་ཁེ་ཕན་ཞིག་ཡོང་མདོག་ཁ་བོ་རེད་དེ། ཕུགས་ལ་རང་གཞན་གཉིས་ཀར་གནོད་ཚབས་ཆེན་པོ་ཡོང་གི་ཡོད་པ་རེད། ང་ལ་མཚོན་ན། ད་ལྟ་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁུར་བསྡད་ཡོད་སྟབས། ས་གནས་སུ་ཕྱིན་ཏེ་མི་མང་ལ་འགྲེལ་བཤད་རྒྱག་རྒྱུ་དེ་དུས་ཚོད་ཀྱིས་ལྕོག་གི་མི་འདུག་ས་གནས་མང་ཚོགས་ལ་དགོངས་སེལ་ཞུ་བཞིན་ཡོད། མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁས་ང་རང་སྲིད་སྐྱོང་འོས་མིར་བཏོན་ཡོད་སྟབས། རྒྱབ་ལྗོངས་ལོ་རྒྱུས་སོགས་གང་ཡོང་ཅི་ཡོང་གིས་འགྲེལ་བཤད་བསྐྱོད་ཀྱི་རེད་བསམ་གྱི་འདུགསྔོན་འགྲོའི་སྔོན་ལ་ང་མང་ཚོགས་ལ་བཅར་ཐུབ་ཀྱི་མི་འདུག གལ་ཏེ་སྔོན་འགྲོའི་ནང་འོས་གང་ལ་གང་འཚམ་ཐོབ་སྟེ་དངོས་གཞིའི་ནང་ཞུགས་དགོས་པའི་གནས་སྟངས་བྱུང་བ་ཡིན་ན། བགྲོ་གླེང་གི་གླེང་སྟེགས་དེ་འདྲའི་ནང་གྲོས་བསྡུར་ཡོང་གི་རེད་ལ། ས་གནས་ཁག་ཚང་མའི་ནང་སྙོབ་ཐུབ་རྒྱུ་ཁག་པོ་རེད་དེ་ས་ཆ་ཁ་ཤས་ནང་སྐོར་བ་རྒྱག་རྒྱུ་ཡོང་གི་རེད།

ང་ལ་འོས་བླུགས་པར་ངས་ཅིག་འཇོན་གྱི་རེད་བསམ་པའི་ཐོག་ནས་འོས་བླུག་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། དེ་མ་གཏོགས་ངས་འཇོན་གི་མ་རེད་བསམ་གྱིན་བསམ་གྱིན་ངའི་ཕ་ཡུལ་གཅིག་པ་ཡིན། སྤུན་མཆེད་དུ་འགྲོ་ཡི་ཡོད། གྲོགས་པོ་ཡིན། དེ་བཞིན་གཞིས་ཆགས་གཅིག་པ་ཡིན་ཞེས་བླུགས་ན་ཕན་ཐོགས་ཡོད་པ་མ་རེད། དེར་བརྟེན། འོས་གཞིའི་ནང་དུ་ལངས་མཁན་སུ་ཡོད་ནའང་ཚང་མའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟས་ཏེ། སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ནས་ཡིད་ཆེས་རྙེད་པའི་ཐོག་ནས་བླུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གསར་འགོད་པ། པདྨ་མཚོ།

བཅར་འདྲི།

Post navigation

Previous Post: ལྷག་པ་ཚེ་རིང་གིས་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས།
Next Post: རིག་པའི་གྲོང་གི་བླུན་སྤྱོད།

Comments (12) on “ངས་འཇོན་ས་རེད་སྙམ་ན་འོས་བླུཊ། ང་ལ་ཞེན་ཁོག་བྱས་ཏེ་འོས་མ་ལྡུག”

  1. ཡ་མ་ཚེ་རིང says:
    2015-08-06 at 6:28 am

    སྐུ་ངོ་ཚོགས་གཙོ་མཆོགསྲིད་སྐྱོང་གི་འོས་མིར་བཞེངས་པར་འཚམས་འདྲི་ཞུ་། མ་གཞི་སྐུ་ངོ་མཆོག་ཤེས་འཇོན་ལྷག་བསམ་གང་ཅིའི་ཆ་ནས་ཤོད་དགོས་ཡ་མི་འདུག ལས་དོན་དངོས་ལ་ཡང་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་བསྒྲུབ་ཐུབ་པར་ཡིད་ཆས་གཙང་མ་ཡོད། འོན་ཀྱང་ང་ཚོས་སྤྱི་ཚོགས་ལ་སྐད་ཆ་བདེན་པ་འགྲོ་གི་མ་རེད་འར་འུར་དོག་ཙམ་རྒྱག་དགོས་རེད་མ་གཏོགས་ཁྱེད་དང་ཁྱེད་འདྲ་བའི་བདེན་པ་དང་གནས་ལུགས་ལ་གཞི་བཅོལ་མཁན་ཚོ་ཐོབ་ཁག་པོ་རེད། གང་ལྟར་བདེན་པ་རྒྱལ་གྱུར་ཅིག ཚོགས་གཙོ་རྒྱལ་གྱུར་ཅིག

  2. བྱམས་པ། says:
    2015-08-06 at 12:09 pm

    ལུང་ཚན་དང་། དགའ་མཉེས་ཡིན་ཟེར་ནས་འོས་མ་ལྡུགས། འཇོན་ས་རེད་ཟེར་ནས་བླུགས་ཟེར་བ་དེ་དགོས། སྐད་ཆ་དེ་སྣང་བ་འགྲོ་བ་ཞིག་རེད།

  3. སྐལ་ཚེ། says:
    2015-08-06 at 12:52 pm

    རེད་་་དངོས་གནས་ཁོང་ལ་འོས་མ་བླུགས་འཇོན་གྱི་མ་རེད། ཁོང་ལ་ཉིན་རྟག་པར་ཆང་རག་གསོལ་ཇ་བཞིན་དུ་མཆོད་པའི་དུས་ཚོད་དགོས་ཡོད། ཐ་མག་ལྷ་བསང་བཏང་བ་བཞིན་དུ་འཐེན་པའི་དུས་ཚོད་དགོས་ཡོད།

  4. སྐྱ་བོ་མིག་དམར། says:
    2015-08-06 at 1:19 pm

    མི་འཇོན་ན། འགན་ཚང་མ་གཞན་གྱི་སྒང་ལ་བཞག་ནས་སྲིད་སྐྱོང་ལ་ལང་བ་དེ་མི་བཟང་། རང་ཉིད་ལ་འཇོན་སྟངས་མེད་ན་བཞག་ཞོག། སྲིད་སྐྱོང་སྐུ་ངོ་བློ་བཟང་སེང་གེ་དང་ཀླུ་མཁར་བྱམས་གཉིས་ཡོད་པ་རེད།

  5. ལོ་མ says:
    2015-08-06 at 1:23 pm

    ཁ་འཇམ་ཁོག་ནས་ལས་ནི་དབུས་གཙང་མཁས།།
    མི་འཇོན་འཇོན་འདོག་བྱེད་ནི་ཁམས་པ་མཁས།།
    མཁས་པའི་ཕྱི་སྤགས་གོན་ན་ཨ་འདོ་མཁས།།
    ཐ་མར་སུ་ཕམ་དྲ་གྲོགས་རྣམ་པའི་དཔྱོད།།

  6. ཇུང་ཏོག་ says:
    2015-08-07 at 7:38 am

    དྲ་འབུ་དེ་ཚོའི་རྩོམ་ཡག་མོ་འགའ་རྒྱབ་འདུག་། ད་སྲི་སྐྱོང་ལ་ཧབ་ཐོབ་རྒྱག་ག་ཚོད་ཡོད་ནའང་མི་མང་ལ་བརྡབས་གསིག་མ་གཏོང་གཞུང་མགྲོན་ཆུད་བཟོས་སུ་མ་གཏོང་ཁྱེད་རང་ཚོ་སྲིད་སྐྱོང་ལ་ཧབ་ཐོབ་རྒྱག་མཁན་ག་ཚོད་ཡོད་ནའང་རྒྱན་རྒྱོབ་ཤོག་དེ་ཡག་གི་རེད་ བོད་ཀྱི་དཀའ་ངལ་ནི་སུ་གཅིག་གི་གསེལ་ཐུབ་ཀྱི་མ་རེད་ལ་མི་མང་གི་དཀའ་ངལ་ཡང་གསེལ་ཐུབ་མཁན་གྱི་ནུས་པ་ཡོད་པ་མཐོང་གི་མི་འདུག་
    xxxx

  7. གཡག་ཤ། says:
    2015-08-08 at 10:35 am

    མི་འདི་ལ་ཡིད་ཆེས་བྱས་པ་ཡིན། བཅར་འདྲའི་ལེ་ཚན་འདི་གཞིར་བཞག་ནས་བཤད་ན་ཚོགས་གཙོས་ཅི་གང་འཇོན་ས་མ་རེད། ལོ་ལྔ་དོན་མེད་འཕྲོ་བརླག་འགྲོ་ས་རེད།

  8. ཨ་ཁུ་ནོར་བུ་ says:
    2015-08-08 at 5:43 pm

    ཁྱེད་རང་གིས་འཇོན་གྱི་མ་རེད་བསམ་གྱི་མི་འདུག་ཀྱང་ ཆང་་ཐུང་རྒྱུ་མང་དྲག་པ་དང་འདྲི་བ་ཐུང་ངུ་ཞིག་ལ་ལན་ཧ་ཅང་རིང་པོ་རྒྱབ་ཀྱི་འདུག་པས་ཚོགས་འདུའི་དུས་ཚོད་མང་ཆེ་བ་འདྲི་བ་གཅིག་གི་ལན་རྒྱབ་པར་གོར་གྱི་འདུག་།

  9. བོད་ཀྱི་བུ། says:
    2015-08-10 at 10:59 am

    ཆོལ་གསུམ་ཆིག་སྒྲིལ་ལས་ཆིག་སྒྲིལ་གཏོར་མཁན་རེད། ཆོལ་ཁའི་སྲིད་སྐྱོང་རེད།

  10. འཕྲིན་ལས་རྒྱལ་མཚན། says:
    2015-10-06 at 3:03 am

    ༊ མཁྱེན་ལྡན་ཡོངས་ལ་ཞུ་རྒྱུ། གླེག་བམ་གྱི་ཚད་དང་ཚད་དེ་ཉིད་དཔེ་དེབ་གང་གི་ནང་དུ་ཤོག་གྲངས་ཇི་ཙམ་ལ་གསུངས་ཡོད་དམ།
    དེའི་སྐོར་དོགས་གསལ་མཛད་གནང་བའི་རེ་བ་བརྒྱ་འབུམ་དུ་མཆིས།

  11. འཕྲིན་ལས་རྒྱལ་མཚན། says:
    2015-10-06 at 3:23 am

    མཁྱེན་ལྡན་ཡོངས་ཀྱིས་དྲི་ལན་དེ་ཉིད་མྱུར་དུ་གནང་བའི་རེ་བ་དང་འབྲེལ་སྒུག་བཞིན་ཡོད།

  12. འཕྲིན་ལས་རྒྱལ་མཚན། says:
    2015-10-06 at 4:44 am

    ཡང་སྐྱར་དུ་མཁྱེན་ལྡན་ཡོངས་ལ་ཞུ་རྒྱུ། འཛམ་བུ་གླིང་དེར་རིག་གནས་ཐོག་མར་གང་དར་བ་ཡིན་ནམ། དེ་ཉིད་གཞུང་གང་དུ་གསུངས་ཡོད་དམ་དེའི་སྐོར་གསངས་གནང་བར་ཞུ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme