Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སྤྱི་འཐུས་ཚངས་དབྱངས་རྒྱ་མཚོ་ཡིན།

Posted on 2014-02-082014-02-08 By ཁ་བརྡ་ 20 Comments on ངའི་སྤྱི་འཐུས་ཚངས་དབྱངས་རྒྱ་མཚོ་ཡིན།

རྭ་རྒྱ་བློ་དབང་།

བར་ལམ་ནས་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་བར་མའི་འོས་བསྡུའི་སྐོར་ཅུང་ཚ་ཚ་འུར་འུར་ངང་གླེང་བཞིན་པ་དང་འབྲེལ། ཚོགས་སྡེ་དང་མི་སྒེར་ནས་རང་རང་གི་འདོད་མོས་མངོན་སྒྲོག་བྱེད་བཞིན་པའི་སྐབས་རེད། སྐབས་འདིའི་འཐུས་མི་ཚོའི་ཁྲོད་དུ་མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་འདུག་པས་བདག་གིས་འཐུས་མི་འདིར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

རྒྱུ་མཚན་དང་པོ།

སྤྱི་སྒེར་གྱི་དོན་དག་གང་ཞིག་ཡིན་ཀྱང་ལམ་དུ་ལྷོངས་མིན་དང་མཇུག་འབྲས་ལེགས་པོ་འབྱུང་མིན་གྱི་འགག་རྩ་ནི་སྒྲུབ་པོ་རྣམས་ཀྱི་ལྷག་བསམ་དང་བརྩོན་སེམས་ལ་རག་ལས་ཤིང་། དེ་ཡང་མདོར་དེད་ན་མི་གཞི་ལ་རག་ལས་ཡོད་པ་རེད། བདག་གིས་ལོན་པའི་ནང་རྒྱུས་དང་ད་ལྟའི་བར་མགོ་ལོག་པ་ཚངས་དབྱངས་རྒྱ་མཚོའི་བྱ་སྤྱོད་ལ་དཔག་ན་སྡུག་རུས་ཐེག་ཅིང་། བློ་སྣ་རིང་བ། སྤྱི་སྒེར་གང་གི་ཡིན་ཀྱང་འགན་དུ་བབས་པའི་ལས་དོན་འཐུས་ཤོར་མེད་པར་སྒྲུབ་པ་དང་། ཙི་གུའི་སྐུང་ལམ་ལྟ་བུའི་འབྲེལ་ལམ་བཟུང་སྟེ་གཡས་གནོན་གཡོན་སྐྱོར་གྱི་ལྐོག་ཇུས་ལ་མི་འཇུག་པར། ལས་དོན་རང་དང་། བྱ་བ་རང་གི་ཐོག་ཏུ་ལུས་ངག་ཡིད་གསུམ་ཐོད་ཐུག་པ་དང་། ལྷག་པར་དུ་འཇམ་རྩུབ་ཡག་སྡུག་གི་སྐད་ཆ་དང་བྱ་སྤྱོད་ཇི་འདྲར་ཐུག་ཅིང་། ཚོར་བའི་དབང་དུ་མི་འཆོར་བའི་བློ་རྒྱ་ཆེན་པོ་ཞིག་ཡོད་པས་སྤྱི་མིའམ་གཞུང་དོན་སྒྲུབ་མཁན་ཞིག་གི་མ་མཐའི་ཆ་རྐྱེན་བླ་ལྷག་ཏུ་ཚང་ཡོད།
 

རྒྱུ་མཚན་གཉིས་པ།

གནའ་ནས་ད་ལྟའི་བར་གྱི་ལོ་རྒྱུས་བརྒྱུད་རིམ་དང་། སྲིད་འགྱུར་ཡོ་ལང་ཅི་ལྟ་བུ་ཞིག་ལགས་ཀྱང་མཇུག་མཐའི་རྒྱལ་ཁ་ནི་མཐུན་སྒྲིལ་དམ་པའི་དཔུང་ཁག་ལ་ཐོབ་པ་ཧ་ཅང་མང་ལ། དེའི་ཆ་ནས་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་པའི་གནའ་བོའི་གཏམ་དཔེ་དེ་བྱུང་བ་ལོས་ཡིན། རལ་གྲི་དང་མདུང་རིང་ལ་སྤྱོད་སྒོ་ཆེ་བའི་སྐབས་ལྟ་བུ་ཞིག་ཡིན་ན་རང་ཅག་ལ་ཡང་ད་ལྟའི་གནས་བབ་འདི་ལས་ལྷག་པའི་གོ་སྐབས་ཤིག་ཅིས་ཀྱང་ཡོད་ངེས་མོད། ད་ལྟ་ནི་སྲིད་འབྱོར་རིག་གསུམ་གང་ཞིག་ཡིན་ཀྱང་རྡུལ་ཕྲན་དང་བརྡ་ཕྲིན་དུ་འཕོས་ཟིན་པའི་སྐབས་འདིར་བྱ་སྒོང་བྲག་དང་བྲག་རྡོ་བྱ་སྒོང་སྟེ་གང་ལ་འཕྲད་ཅིང་ཆག་འགྲོ་བ་བྱ་སྒོང་ལས་མེད་པ་ཧ་ཅང་གསལ་བོ་རེད། སྐབས་འདིར་ཡིག་རྙིང་དང་རྡོ་རིང་དཔང་དུ་བཟུང་ནས་ཅི་ཞིག་རྩོད་ཀྱི་ཡོད་པའི་བྱ་སྤྱོད་དག་ལས་ཀ་ལྷག་མར་བརྩིས་ཀྱང་འགྲིག་པའི་ཚོད་དུ་འདུག་མོད། ཤེད་ཤུགས་དམིགས་བསལ་ཞིག་ཡོད་པ་ནི་དུས་ནམ་ཡང་ནང་ཁུལ་ལ་ཅི་ཡིིན་བརྗོད་དཀའ་བའི་ཉོག་ཟིང་ལུང་པ་གང་དྲུད་ཡོང་བ་དེ་རེད།
དེའི་ཕྱིར་འཆི་གསོན་དབྱེ་དཀའ་བའི་འཕྲང་ལམ་འདིར་ང་ཚོར་ཆེས་གལ་ཆེ་བ་ནི་མདུན་ལྗོངས་རིང་པོ་མཐོང་ཞིང་། གནས་བབ་ལ་འགན་ཁུར་ཐུབ་པའི་དབུ་ཁྲིད་ཅིག་གི་རྗེས་སུ་ཤར་འབྲངས་བྱ་རྒྱུ་དེ་ཡིན་པ་ལས། འཆར་སྣང་གིས་སྤྱི་ཚོགས་དཀྲུགས་པའི་ཁ་བདེ་མགོ་བདེ་ཚོ་མེད་ཀྱང་ཆོག་པ་རེད། ད་ལྟའི་མིག་མདུན་ན་མི་རིགས་འདིའི་ནུས་པ་གཅིག་ཏུ་སྒྲིལ་ཐུབ་མཁན་དང་། བསམ་ཕྱོགས་སྤྱི་བར་སྒྱུར་ཐུབ་མཁན་ནི་༸གོང་ས་སྐྱབས་མགོན་ཆེན་པོ་དང་། ཁོང་གིས་བཙུགས་པའི་བོད་མིའི་སྒྲིག་འཛུགས་འདི་ཁོ་ན་ལས་མེད་ལ། ཚང་མས་གཅིག་གྱུར་དུ་སྲུང་སྐྱོབས་བྱ་དགོས་སའང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གཟི་བརྗིད་ཡིན། འདིའི་ཐད་དུའང་མགོ་ལོག་པ་ཚངས་དབྱངས་རྒྱ་མཚོའི་ལངས་ཕྱོགས་གསལ་བོར་མཚོན་པའི་བསྒྲགས་གཏམ་སྤེལ་བ་དེ་ངས་ཁོ་རང་འོས་མིར་བདམས་པ་ཡིན།
 

རྒྱུ་མཚན་གསུམ་པ།

རང་ཅག་གི་ད་ལྟའི་གནས་བབས་ནི་སུས་ཀྱང་ཤེས་གསལ་ལྟར་ཏེ། རང་ས་རང་ཡུལ་དུ་རང་མགོ་རང་གིས་སྐྱོང་བ་ཕར་ཟད། ཐ་ན་སྤྱི་སྒེར་སུས་ཀྱང་རང་ནོམ་བླ་མེད་དུ་བརྩི་བའི་ཤེས་རིག་གི་ཆ་ཡོངས་སུ་རྫོགས་པ་དང་། གོམས་སྲོལ་གྱི་ཆ་ཡོད་དོ་ཅོག་ལ། མི་རིགས་གཞན་པའི་རིག་གནས་ཀྱི་ཞྭ་མོ་དང་། ལྟ་གྲུབ་ཀྱི་ཞྭ་མོ། གོམས་སྲོལ་གྱི་ཞྭ་མོ་སོགས་རིམ་པ་དགུ་བརྩེགས་རེ་བསྐོན་ཏེ་རང་ཅག་གི་རིག་གནས་དང་། གོམ་སྲོལ། སྐད་ཡིག་དང་བཅས་པ་ཅི་ཡང་མིན་པའི་དངོས་ལྷག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཆེས་གལ་ཆེ་བ་ནི་རང་ནོམ་རང་གིས་འཛིན་ཆེད་དུ་ཤི་ཡང་རུས་པས་མི་གཏོང་བའི་དམ་བཅའ་ཞིག་དང་དེ་མཐུན་གྱི་འབད་རྩོལ་ཞིག་གལ་ཆེ་ལ། བོད་ནང་དུ་འདིའི་ཆེད་དུ་སྐད་འབོད་ཁྲོམ་སྐོར་དང་ཞུ་འབོད་གཏུགས་བཤེར་མཚམས་ཆད་མ་མྱོང་བའི་ཚོད་དུ་ཡོད། འོན་ཀྱང་། རང་རེས་རྡ་རམ་ས་ལ་ནས་མགོ་བརྩམས་ཏེ་རང་གི་སྐད་ཡིག་གི་མཇུག་མ་དབྱིན་ཡིག་གིས་གཅོད་བཞིན་ཡོད་དེ། ད་ལྟའི་བཀའ་ཤག་གིས་ཡང་ཡང་བསྒྲགས་པའི་ཤེས་རིག་སྲིད་བྱུས་དང་དེ་ལས་བྱུང་བའི་ལས་རྙོག་མཐའ་དག་ནི་མི་རིགས་ལ་འགན་མ་ཁུར་བ་དང་། ལོ་རྒྱུས་ལ་འགན་མ་ཁུར་བ་རང་རེད། འདིའི་ཐད་དུ་འོས་མི་ཚངས་དབྱངས་རྒྱ་མཚོའི་ལྷག་བསམ་དང་ཚོར་སྣང་སྐྱེན་པོའི་སྒོ་ནས་དབུ་འོག་དཔུང་འདེགས་ཀྱི་དམ་བཅའ་དང་འཆར་སྒོ་གསལ་བསྒྲགས་བྱས་པ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་འོས་མི་ཞིག་གི་འགན་ཡིན།
 

རྒྱུ་མཚན་བཞི་བ།

ཚོགས་པ་སྤྱི་སྒེར་སུ་འདྲ་ཞིག་གི་སྤྱི་མི་བྱས་ཀྱང་། ལས་ཀ་ལ་ཉམས་མྱོང་དང་རྒྱུས་ཡོད། ངེས་ཟིན་བཅས་ངེས་པར་དགོས་གལ་ལ། མགོ་ལོག་པ་ཚངས་དབྱངས་རྒྱ་མཚོས་ཀྱང་ལོ་ངོ་འདི་དག་ལ་ཆབ་སྲིད་དང་ཤེས་རིག་རྩོམ་རིག་སྒྱུ་རྩལ་སོགས་ཕྱོགས་མང་པོར་བགྲོ་གླེང་དང་དྲིལ་བསྒྲགས་ཀྱི་བྱ་བ་མང་དུ་བསྒྲུབས་ཡོད་པ་དང་། ལྷག་པར་དུ་ཚོགས་སྡེ་ཆེན་པོ་ཞིག་གི་ཚོགས་གཙོའི་འགན་བླངས་པའི་ལོ་ངོ་འདི་དག་གི་རིང་ཚོགས་པ་ཡར་རྒྱས་དང་། ཇུས་འགྲིག་གི་ངང་དུ་མཇུག་འབྲས་ལྡན་པའི་ལས་དོན་སྣ་ཚོགས་སྒྲུབ་བཞིན་འདུག་པ་མ་ཟད། ད་ལྟའི་ཆར་འགན་འཁྲི་ཧ་ཅང་ལྕི་བའི་ལས་འགན་མང་པོ་ཞིག་ཕྲག་ཏུ་བླངས་ནས་འཐུས་ཤོར་མེད་པར་སྒྲུབ་བཞིན་ཡོད་པ་ནི་ཁོ་རང་གི་གསལ་བསྒྲགས་ལ་གསལ་བ་ལྟར་རེད། ལྷག་པར་དུ་མི་སྒེར་གྱི་གྲོན་དངུལ་བཏང་ནས་བོད་སྤྱི་ལ་དབང་བའི་དྲ་རྒྱ་ཆེན་པོ་ཞིག་སྟེ། <<བོད་ཀྱི་ཟིན་བྲིས་དྲ་བ་>>སྤེལ་བ་འདིས་ཀྱང་མགོ་ལོག་པ་ཚངས་དབྱངས་རྒྱ་མཚོའི་མི་གཤིས་དང་ལྷག་བསམ་གྱི་ཟུར་ཞིག་མཐོང་ཐུབ་ངེས་ཡིན། དེར་མ་ཟད་རྡ་རམ་ས་ལའི་དཀྱིལ་འཁོར་དུ་འཁོད་པའི་ཆབ་སྲིད་དང་ཤེས་རིག་གི་ཡོ་ལང་ཇི་སྙེད་པར་ནང་རྒྱུས་ལོན་པའི་ཉམས་ཞིབ་ཐོན་ཡོད་པས་ཐེངས་འདིར་བདག་གི་འོས་ཤོག་གཅིག་བུ་ཁོང་ལ་སྟེར་བར་འདོད་ཡོད།

རྩོམ་རིག

Post navigation

Previous Post: ང་དང་དགའ་རོགས་ལོང་བ།
Next Post: དྲི་བ་ཞིག

Comments (20) on “ངའི་སྤྱི་འཐུས་ཚངས་དབྱངས་རྒྱ་མཚོ་ཡིན།”

  1. བདེ་ཆེན་རྒྱ་མཚོ། says:
    2014-02-08 at 1:48 am

    གནས་ལུགས་ཡོད་གི ངས་འོས་མི་ཡང་ཁོ་ཡིན། དྲང་མོར་བཤད་ན་ཁོ་རང་ཉིད་ལ་ཆ་རྒྱུས་དེ་ཙམ་མེད། འོན་ཀྱང་ད་ཐེངས་ཀྱི་བར་མའི་འོས་བསྡུ་འདི་དང་འབྲེལ་ངས་ཁོ་གསལ་བོ་ཤེས་སོང་། ཁོ་ད་སྐབས་བསྒྲགས་བཞིན་པའི་འོས་མི་དག་དང་བསྡུར་ན་ནག་ཉེས་མེད་མཁན་དེ་ཡིན་པ་གསལ་བོ་རེད། རྒྱུ་མཚན་ཁོ་རང་ཉིད་ཀྱི་དམིགས་ཡུལ་ངོ་སྤྲོད་དང་། དེ་བཞིན་དུ་ཁོ་ལ་རྒྱབ་སྐྱོར་བྱས་པའི་རྩོམ་ཡིག་ཁག་གི་མཆན་ལ་ལྟས་ན་ཁོ་ལ་ནག་ཉེས་འཛུགས་ཡུལ་སྙེད་གི་མེད་པ་གསལ་བོ་རེད། དེ་གཅིག་ཡིན།
    གཉིས་པ་ཁོ་རང་ཉིད་ཀྱིས་བསྒྲགས་པའི་དམིགས་ཡུལ་སོགས་མཐོང་བས་དངོས་ཡོད་ལ་བསམ་མཁན་ཞིག་ཡིན་པ་གསལ་བོ་རྟོགས་སོང་། དེ་མིན་དེང་སང་མི་ཁག་ཅིག་གིས་རང་ཉིད་ལ་འོས་ཐོབ་རྒྱུའི་ཆེད་དུ་ཐབས་ཤེས་ཡོད་དགུ་བྱས་ཏེ་སྐད་ཆ་འདྲ་མིན་བཤད་བཞིན་ཡོད་པ་འདི་རེད། འོན་ཀྱང་ཁོས་དེ་ལྟར་མིན་པར་ཁོ་རང་ཉིད་ཀྱི་ལས་དོན་སྒྲུབ་བཞིན་པ་དག་གཞི་ལ་བཞག་ནས་བཤད་ཡོད་པར་མ་ཟད། ཁོས་བཤད་བཞིན་པ་དག་ཀྱང་ཁ་ཚ་དགོས་གཏུག་རྐྱང་རེད་འདུག་པས་ངས་ཁོ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། གཙོ་བོ་རྟགས་ཅིང་དཔྱད་ནས་དེ་ལྟར་བཤད་བཞིན་ཡོད།

  2. ཁ་བའི་མེ་ཏོག says:
    2014-02-08 at 2:45 am

    ཧ་ཧ་ ར་རྒྱ་བློ་དབང་། རྙོག་གཏམ་རེ་བཤད་ནས་ཅི་བྱེད། ཁྱོད་ཀྱིས་རྒྱུ་མཚན་ག་ཚད་བཀོད་རུང་རྒྱུ་མཚན་ཡོད་པའི་གནས་ལུགས་ཤིག་མི་འདུག གང་ལྟར་གུས་མོའི་བསམ་ཚུལ་ལ་སྐུ་ཉིད་ཀྱིས་ད་དུང་ཚབ་སྲིད་སྐོར་ལ་ཅུང་སྦྱངས་དགོས་པར་སེམས་ཡོད། ཁག་ཅི་ཡོད། དགོན་པའི་སྤྱི་ཚོགས་མ་གཏོགས་མ་མཐོང་བའི་ཁྱོད་ལྟ་བུའི་རྩོམ་ཆོག་འབྲི་མཁན་དེ་ཚོར་ཁ་རོགས་བསྡད་ན་བཟང་གི་མ་གཏོགས་རྗེས་མ་མདོ་སྨད་ཚང་ཐང་ལ་བརྡབ་ཡོང་། ཨ་རོགས་བློ་དབང་། ཁྱོད་ལ་མཛའ་ནོ་རྩོམ་ཆོག་རེ་བྲིས་ནས་འུར་ལངས་ན་བཟང་གི་མ་གཏོགས་ཚབ་སྲིད་ལ་ཇུས་ཏོག་བྱས་ན་ནམ་ཞིག་རང་ཉིད་རང་གིས་ཕམ་ཡོང་།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 4:33 am

    ངའི་མདོ་སྨད་སྤྱི་འཐུས་ཚངས་དབྱངས་རྒྱ་མཚོར་ཐོབ་ན་དགའ།

  4. ཕུག་རོན། says:
    2014-02-08 at 2:56 pm

    ཚངས་དབྱངས་རྒྱ་མཚོ་ལ་ལྷག་བསམ་དང་སེམས་ཤུགས་ཡོད་མིན་ལ་དོགས་པ་མེད། ཚང་མས་ཁ་གཅིག་གྲགས་རེད་ལབ་ན་འགྲིག་གི་འདུག ཡིན་ནའང་ཁོང་ཤེས་ཡོན་ཡོད་པ་ཞིག་མ་རེད། དེ་ཚང་མས་ཤེས་དགོས་ཀྱི་འདུག མདོ་སྨད་ཚང་ན་ད་འོས་མི་གཞན་པ་ཡོད་མ་རེད་པས། དང་བླངས་བ་མིན་པའི་ཁྲོད་ན་ཤེས་ཡོན་དང་འཇོན་ཐང་། ལྷག་བསམ་ཅན་མང་པོ་ཡོད་རེད། བོད་ཡིག་མ་གཏོགས་མི་ཤེས་པའི་ན་གཞོན་ཚོ། ཧ་རེ་ཧུབ་རེ་མ་གནང་བར་རྒྱལ་སྤྱི་དང་རྒྱ་ནག་སོགས་ཕྱོགས་གང་ཐད་ལ་བལྟ་ཐུབ་མཁན་ཞིག་ལ་བསམ་བློ་གཏོང་དགོས།

  5. ཕུག་རོན། says:
    2014-02-08 at 3:00 pm

    ད་བར་གྱི་དང་བླངས་སྤྱི་འཐུས་འོས་མིའི་ཁྲོད་སྤྱི་འཐུས་གནང་ཆོག་པའི་ཆ་རྐྱེན་ཚང་མཁན་གཅིག་ཀྱང་མི་འདུག མདོ་སྨད་མང་ཚོགས་ཀྱིས་ཕྱོགས་རིས་ཀྱི་དབང་དུ་མ་སོང་བར་མི་ཚད་ལྡན་ཞིག་འོས་མིར་གདམ་དགོས།

  6. ཀློང་ཆུང་ says:
    2014-02-08 at 5:51 pm

    ངའི་རེ་བར་སྤོབས་པ་མཐའ་ཡས་དེ་འཚམས་ཤོས་རེད། ཁོང་ཤེས་ཡོན་དང་འཇོན་ཐང་གང་སྤྱིའི་ཐད་ནས་འོས་ཤོས་རེད།
    དེ་ལ་རྒྱབ་སྐྱོར་ཡོད་མཁན་ཚོས་ཤུགས་རྒྱོབ་རོགས།

  7. བསྟན་འཛིན་འོ་ཟེར། says:
    2014-02-09 at 12:51 am

    རྭ་རྒྱ་བློ་དབང་གི་གསུང་པ་ལ་རྒྱབ་སྐྱོར་ཡོད་ཚངས་དབྱངས་རྒྱ་མཚོ་མཆོག་ཚད་ལྡན་གྱི་སྤྱི་མཐུས་འོས་མིར་ཁས་ལེན་ཡོད་ལགས།

  8. བསམ་འགྲུབ། says:
    2014-02-09 at 1:48 am

    ང་རང་གི་བསམ་ཚུལ་བཤད་པ་ཡིན་ན་ཚངས་དབྱིངས་རྒྱ་མཚོ་ཟེར་བ་འདི་ལ་ཤེས་ཡོན་མེད་པ་མ་ཟད་ཆབ་སྲིད་སྐོར་ལ་ཨང་གྲངས་ཕལ་ཆེར་ཀླད་ཀོར་རེད། ད་ལྟའི་ཆར་མདོ་སྨད་སྤྱི་འཐུས་ལ་འོས་ཤིང་འཚམས་ཤོས་དེ་སུ་རེད་ཟེར་ན། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་རེད། ཁོ་ལ་ཤེས་ཡོན་དང་བསམ་བློ། ཆབ་སྲིད་གནས་ཚད་ཕྱོགས་གང་ཐད་ནས་ཚད་མཐོ་བོ་ཡོད་པ་རེད། ཁོང་ནི་རྣམ་རྒྱུན་མདུན་ལ་འཐོན་ཏེ་སྐད་རྒྱག་མཁན་གྲས་མིན་པར་རྒྱབ་ལོག་ན་ཁུ་སིམ་སིམ་བོད་སྤྱི་བའི་ལས་དོན་རླབས་ཆེན་པོ་སྒྲུབ་དང་སྒྲུབ་བཞིན་པའི་ཤེས་འཇོན་ཉིས་ལྡན་ཞིག་ཏུ་མཐོང་སོང་ངོ་།།།

  9. ཆུ་ཐིགས་སྔོན་མོ says:
    2014-02-09 at 3:02 am

    རྭ་རྒྱས་མགོ་ཕྱོགས་ལ་འཐེན་རྒྱུ་མང་སོང་ནི་མིན་ན་་ཧཧཧཧ་་་ཀུ་རེ་ཡིན་་་་ངའི་སྤྱིའི་སྤྱི་འཐུས་རྭ་རྒྱ་བློ་དབང་ཡིན་་ཕྱོགས་གང་སར་ཉམས་མྱོང་ཡོད་པས་ཡིན་་་་

  10. ཕུག་རོན། says:
    2014-02-09 at 3:44 am

    ངའི་འོས་མི་མདོ་སྨད་དབུས་རྒྱུན་ཚོགས་གཞོན་ཨ་ལོ་ཡིན་ད། ཁོང་གིས་སློབ་གྲྭ་བཙུགས་ཡོད་པ་མ་ཟད། མདོ་སྨད་རྩོམ་ཚོགས་ཆུང་གི་ཚོགས་མི། མདོ་སྨད་ས་རྒྱུན་ཚོགས་ཟུར་བཅས་གནང་མྱོང་ཡོད་འདུག ངས་གོ་ཚོད་ཨ་ལོ་འདི་ཡང་ཤེས་ཡོན་མེད་པ་ཙམ་ལས་ལྷག་བསམ་དང་འཇོན་ཐང་།ཉམས་མྱོང་། དྲང་ཚུགས་ཆེ་གི་ཟེར་ཀ རྣམ་པ་ཚོས་བལྟས་ན་ག་འདྲ་འདུག ད་ལྟའི་དང་བླངས་འོས་མི་ཁོང་ཚོའི་བར་ན་ཁྱད་པར་ཆེན་པོ་འདྲ་འདུག་བས།

  11. མེ་ཏོག་དཀར་པོ says:
    2014-02-09 at 4:36 am

    ངའི་སྤྱི་འཐུས་ལབ་ན་བདེ་པོ་མིན་འདུག ངའི་འཐུས་མི་ལབ་ན་ཡག་ག་འདུག ང་ལ་སྤྱི་ཟེར་ན་ག་ནས་འགྲིག

  12. གཏམ་བུ་རྒྱལ། says:
    2014-02-09 at 4:47 am

    ཐེངས་འདིའི་མདོ་སྨད་ཀྱི་བར་མའི་འོས་བསྡུ་ནི་ཧ་ཅང་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་མདོ་སྨད་མི་དམངས་ཚོས་ངེས་པར་དུ་བསམ་གཞིགས་བྱེད་དགོས་པ་ཞིག་ལ་ཐེངས་འདིའི་་བར་མའི་སྤྱི་འཐུས་ཀྱི་འོས་མིར་ཤེས་ཡོན་ལྡན་པ་ཞིག་སླེབ་དགོས་པ་སྨྲོས་མེད་ཐོག་དྲང་་ཚུགས་ལྡན་པ་ཞིག་ངེས་པར་དགོས། གང་ལ་ཞེ་ན། དེང་སྐབས་སྤྱི་འཐུས་ནང་རང་ལྟ་དང་རང་ཚུགས་གཏན་ནས་མེད་པའི་སྤྱི་མིང་འཁུར་བཞིན་ཡོད་པ་ཉུང་ཉུང་གཏན་ནས་མིན།

  13. ཆབ་བྲག་ལྷ་མོ་སྐྱབས། says:
    2014-02-09 at 6:24 am

    འོས་བསྡུའི་སྒྲིག་གཞིའི་ཆ་རྐྱེན་ཚང་བ་ཚང་མ་སྤྱི་འཐུས་སུ་ཞུགས་ཆོག་པ་རེད། གྲོས་ཚོགས་ཀྱི་སྟེགས་བུ་འདི་དཔེར་ན་གཡུལ་ས་འདྲ་བོ་ཞིག་རེད། གལ་ཏེ་དཔའ་མཛངས་གཉིས་ལྡན་གྱི་འཐབ་མོ་ཞིག་མིན་ན་དཔའ་རྟགས་ཅི་ཡང་འཇོག་མི་ཐུབ་པ་ང་ལ་ཉམས་མྱོང་ཡོད། དེ་བས་ཁུག་རྟ་དང་ཀླུ་མཁར་བྱམས་ལྟ་བུ་ནི་གཡུལ་ས་འདིར་ཞུགས་ཆོག་ཆོག་གི་དམངས་དམག་དཔའ་རྒོད་ཅིག་ཡིན་པ་སུས་ཀྱང་ཁས་ལེན་ངེས་རེད།

  14. ཆབ་བྲག་ལྷ་མོ་སྐྱབས། says:
    2014-02-09 at 6:31 am

    བར་མའི་འོས་བསྡུ་འདི་མདོ་སྨད་ལ་མཚོན་ན་ཕན་ས་གཅིག་བྱུང་བ་ནི། སྐབས་རྗེས་མའི་མདོ་སྨད་སྤྱི་འཐུས་སུ་རྒྱུག་ཆོག་ཆོག་གི་རྟ་བྱང་མ་འགའ་ད་ལྟ་ནས་རག་སོང་བ་འདི་རེད། ཆོལ་ཁ་གཞན་གཉིས་ཀས་ཀྱང་འདི་མིག་དཔེར་ལྟ་དགོས་ངེས་ཤིག་རེད། ལྷག་པར་དབུས་གཙང་མི་མང་གིས་གཞོན་སྐྱེས་ཚོ་སྐྱེད་སྲིང་གནང་རྒྱུར་གོ་སྐབས་འདི་དག་སྤྲོད་འོས།

  15. གནམ says:
    2014-02-09 at 7:06 am

    ངའི་སྤྱི་འཐུས་ཟེར་ན་ག་རེ་མ་འགྲིག་པ་རེད། དེ་ནི་མིང་དོན་ལྡན་པའི་མིང་ཚིག་བཀོལ་སྟངས་རེད། མེ་དཀར་འདིས་ཅི་བཤད་ཀི་ཡོད་པ་རེད། བསམ་བློ་གཏོང་མི་ཐུབ་ནི་ཞིག་གིས་སྐད་ཆ་འདི་འདྲ་བཤད་ན། ཚང་མ་དགད་ཤོར་སྤྱད་རེད།
    སྤྱི་འཐུས་ནི་སྤྱི་ལ་ཕན་པ་ཞིག་དགོས། སྤྱི་འཐུས་འདེམས་དུས་ལ་སྤྱི་ལ་ཕན་པའི་སྤྱི་དོན་འཐུས་བ་ཞིག་ལ་བླུག་དགོས། སོ་སོས་སོ་སོའི་ཁེས་ཕན་ལ་དམིགས་ནས། ཅིག་འདེམས་ཀྱི་ཡོད་ན་དེ་ནི། སྤྱི་དོན་ལ་ཐུགས་ཁུར་མེད་པའི་རང་ཕྱོགས་འཛིན་པའི་སྐབས་འཚོལ་བ་ཚོ་འདེམས་སྟངས་རེད། ངས་སྤྱི་མིའི་དོ་ཁུར་ལ་འཐུས་བའི་མི་ཞིག་འདེམས་ན། དེ་ལ་ངའི་སྤྱི་འཐུས་ཟེར་ན་འགྲིག་དང་འགྲིག། ཨ། ཅིག་ཤོད་དང་། མེ་ཏོག་དཀར་པོ།

  16. ཐོ་རེངས་སྐར་ཆེན། says:
    2014-02-09 at 7:14 am

    ང་ནི་ཀུན་ཕན་སློབ་གྲྭའི་སློབ་ཟུར་ཞིག་ཡིན། སློབ་གྲྭ་དེ་ནི་རེབ་གོང་བ་ཀླུ་རྒྱལ་ཀྱི་རྨང་བཙུགས་ཡོད་པ་དང་སློབ་གྲྭ་དེའི་མགོ་སྔ་བར་གསུམ་གི་ལས་དོན་ཚང་མ་རེབ་གོང་བ་ཨ་ལོ་ཟེར་བའི་འབད་བརྩོན་ལ་བརྟེན་ནས་འགྲོ་དང་འགྲོ་བཞིན་པ་ཞིག་རེད། མ་ཟད་སློབ་གྲྭ་དེ་རུ་བོད་ནས་ཡོངས་པའི་སློབ་མ་སུམ་བརྒྱ་ཙམ་ལ་དབྱིན་ཡིག་དང་གློག་ཀླད་སོགས་སློབ་སྦྱོང་སྤྲད་ཀྱིན་ཡོད་ལ། ད་བར་སློབ་གྲྭ་དེ་ནས་མཐར་སོན་དེ་བོད་ནང་དང་ཕྱི་སོགས་ན་སྤྱི་ཚོགས་ཞབས་ཞུ་བསྒྲུབ་ཀྱིན་པའི་སློབ་ཟུར་ཧ་ཅང་ལ་ད་དུང་ཡིན་ཡང་རྒན་ཨ་ལོ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭ་དེར་སློབ་གཉེར་བྱེད་མཁན་རྒྱུན་མ་ཆད་པར་སླེབས་ཀྱིན་ཡོད་པ་མ་ཟད། གོ་ཐོས་ལྟར་ད་ལྟའི་ཤེས་རབ་དགའ་ཚལ་སློབ་གླིང་༼གསོག་སྒར་སློབ་གྲྭ༽་འབོད་པ་དེ་ལོ་ངོ་ལྔ་ལ་བཟོས་མཁན་ཡང་རྒན་ཨ་ལོ་ཁོང་ཡིན་པ་ཐོས་སོང་། ད་དུང་རྒན་ཨ་ལོ་ནི་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཞོན་དང་སྐུའི་གྱ་སྟོན་ཀྱི་ཚོགས་ཆུང་འཐུས་མི། ཁོང་ནི་མི་རང་ཚུགས་ཆེ་ལ་ལས་དོན་གང་ཡིན་ཡང་ལྷག་བསམ་དང་ཤེས་འོན་། ཉམ་མྱོང་གི་ཕྱུག་པ་། བཤད་པ་དེ་བསྒྲུབས་ཕོད་མཁན་ཅིག་ཡིན་པ་ཁོ་བོས་ལོ་ངོ་གཉིས་རིང་མཐོང་བ་འམ་ཐོས་པ་མྱོང་གསུམ་ལས་བྱུང་སོང་། དེར་བརྟེན་བདག་གིས་བསམ་ན་རྒན་ཨ་ལོ་ལྟ་བུ་མདོ་སྨད་སྤྱི་འཐུས་སུ་ལངས་ན་ཧ་ཅང་འོས་པར་སྙམ་སོང་།།

  17. ལྷག་པ་ཚེ་རིང་། says:
    2014-02-09 at 7:15 am

    ངས་འོས་ཤོག་ཚངས་དབྱངས་རྒྱ་མཚོར་བླུག་ཐག་ཆོད་ཡིན། ཁོང་ལ་འོས་གྲངས་མཐོ་ཤོས་ཐོབ་པའི་རེ་སྨོན་ཡོད།།།

  18. གཡུ་ཐོག་བུ། says:
    2014-02-09 at 9:05 am

    ངའི་འོས་ཤོག་ནི་དཔའ་མཛངས་གཉིས་ལྡན་གྱི་གཞོན་སྐྱེས་ཕུགས་རེ་ཅན་ཤར་ཕྱོགས་ཁུག་རྟར་བླུགས་ངེས་ཡིན། སྤྱིར་ད་ལྟའི་སྤྱི་འཐུས་ཤིག་གིས་བསྒྱུར་བཅོས་ཆེན་པོ་གཏོང་ཐུབ་རྒྱུ་སྤྲོས་བྲལ་རེད། འོན་ཏང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལྡིང་ཆ་ཁ་ཁུ་སིམ་སིམ་དེར་ཀུན་ཕན་སློབ་གྲྭའི་སློབ་མ་བཟང་པོ་ཞིག་གིས་ཡར་ལ་ལགས་སོ་དང་། མར་ལ་ཁྱེད་མཁྱེན་མ་གཏོགས་ཅི་ཡང་མི་ཡོང་བའི་ཚབ་ཏུ་བསམ་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ་གསུམ་ལྡན་གྱི་ཤར་ཁུག་ཁོ་ན་འོས་པར་མཐོང་།
    མདོ་སྨད་པ་ཚོ། བསམ་བློ་ཡག་པ་ཐོངས།

  19. གཡུ་ཐོག་བུ། says:
    2014-02-09 at 9:12 am

    ངས་དཔེར་བརྗོད་ཆུང་ཆུང་ཞིག་བཤད། ཁ་བརྡ་དྲ་བ་འདིར་ཆ་མཚོན་ན། ཤར་ཕྱོགས་ཁུག་རྟའི་ལྡིང་སྐོར་བྱེད་ཐེངས་གཅིག་གིས་འབུ་སྲིན་མང་པོས་མཆན་མི་རྒྱབ་ཀ་མེད་ཀྱིས་མཆན་བུ་མང་ཤོས་ཡིན་པ་ང་ཚོའི་སེམས་ལ་ཁྲིག་ཁྲིག་རེད་ཡ།
    དེ་བཞིན་གྲོས་ཚོགས་རྭ་བའི་ནང་དུ་དེ་ལྟར་ཡོང་རྒྱུར་ཐེ་ཚོམ་མེད་དོ། ༧གོང་ས་མཆོག་གི་དགོངས་གཞིར་ངེས་པ་བརྟན་པོ་ཡོད་ཅིང་། གཞུང་གི་སྒྲིག་འཛུགས་ཀྱི་གནད་དོན་རྟོགས་པའི་ཁུག་རྟ་དེར་ཐེངས་ཤིག་གོ་སྐབས་སྤྲོད་དང་། རྗེས་སུ་ང་ཚོས་མཐེ་བོང་ཀེར་ནས་ཁུག་རྟར་བསྟོད་རྒྱུའི་དུས་བཟང་འཆར་ངེས།

  20. ཡེ་ཤེས་དཔལ། says:
    2014-02-09 at 11:40 am

    གནམ་གྱིས༼སྤྱི་འཐུས་ནི་སྤྱི་ལ་ཕན་པ་ཞིག་དགོས། སྤྱི་འཐུས་འདེམས་དུས་ལ་སྤྱི་ལ་ཕན་པའི་སྤྱི་དོན་འཐུས་བ་ཞིག་ལ་བླུག་དགོས། སོ་སོས་སོ་སོའི་ཁེས་ཕན་ལ་དམིགས་ནས། ཅིག་འདེམས་ཀྱི་ཡོད་ན་དེ་ནི། སྤྱི་དོན་ལ་ཐུགས་ཁུར་མེད་པའི་རང་ཕྱོགས་འཛིན་པའི་སྐབས་འཚོལ་བ་ཚོ་འདེམས་སྟངས་རེད། ༽ཟེར་བ་འདི་ཡིད་ལ་འཐད།

    འོས་ལྡུག་ཐོབ་ཐང་ཡོད་པའི་མདོ་སྨད་པ་སུ་ཡིན་ནས་མིག་རྒྱང་དེ་རང་གི་ཉེ་འཁོར་ལས་ཅུང་ཐག་རིང་བོར་གཟིགས་གལ་ཆེ།
    ཁྱོད་དང་གྲོང་སྡེ་གཅིག་པ་ཕར་ཟད། གལ་སྲིད་ཁྱོད་ཀྱི་སྤུན་མཆེད་ཅིག་ལ་འོས་ཐོབ་དབང་དུ་བཏང་ཡང་ཁྱོད་ལ་ཕྱོགས་གང་ཐད་ནས་ཁེ་ཕན་ཅི་ཡང་མེད་པ་ཤེས་པར་བྱོས། ཕྱོགས་བཤད་མཁན་ཡོངས་ལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme