Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཤུལ་ཏུ་ལུས་པའི་ཕ་མ་གཉིས་དང་ནང་མི་བུ་ཕྲུག་ཚོ།

Posted on 2013-03-07 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 45 Comments on ངའི་ཤུལ་ཏུ་ལུས་པའི་ཕ་མ་གཉིས་དང་ནང་མི་བུ་ཕྲུག་ཚོ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

       ང་རང་བལ་ཡུལ་ནས་བཙོན་གྲོལ་ཐོབ་སྟེ་བདེ་ཐང་ངང་རྡ་ས་མེག་ལོར་དུ་འབྱོར་བའི་ཉིན་རྗེས་མ་དེར། བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས། ཚེ་རབས་ལས་ཀྱི་༧མགོན་པོ་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས། ངས་བལ་ཡུལ་བཙོན་ཁང་ནང་ཟླ་ཤས་རིང་ཞི་བའི་ངག་བཅད་བྱས་པའི་ངག་སྒོ་ཕྱེས་ཏེ་མགོན་པོ་མཆོག་ལ་རང་གི་ཞི་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་རོབ་ཙམ་ཞུས།

ནང་དུ་ལོག་རྗེས་དྲིན་ཆེན་ཕ་མ་གཉིས་ལ་མི་རིང་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་བརྒྱུད་བོད་དུ་བསྐྱོད་རྒྱུའི་སྐོར་ཞུས། དྲིན་མ་ལོ་མཆོག་གིས་མིག་ཆུ་ཆུ་མིག་བརྡོལ་བརྡོལ་བཞུར་བཞིན་{ཁྱོད་རང་གིས་མུ་མཐུད་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན་ཚེ། མ་རྒན་ང་ཡང་མཉམ་དུ་འཁྲིད་རོགས་}གསུངས་ནས་འབོད་སྐུལ་ཞུས་དུས། ངས་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ནང་དུ་སྐྱེ་བོ་སུ་ཞིག་མཉམ་ཞུགས་བྱེད་བློ་ཡོད་ཀྱང་། དགག་བྱ་བྱེད་ཀྱི་མེད་མོད། གཙོ་བོ་དེ་ནི་ཞི་བའི་གོམ་བགྲོད་འདིའི་མགོ་ནས་མཇུག་བར་དུ་སྐྱེལ་བློ་ཡོད་མཁན་གྱི་སྐྱེ་བོ་སུ་ཞིག་ཡོད་ན་དེ་ཡི་ཐད་དུ་ལོ་གྲངས་ཚད་བཀག་ཞིག་བཟོས་ཡོད་པ་དེར་ཕ་མ་གཉིས་ཀྱིས་ཀྱང་བརྩི་སྲུང་བྱེད་དགོས་པ་དང་མ་བྱས་པ་ཡིན་ན་ཡག་པོ་མེད་ཚུལ་རྒྱུ་མཚན་དང་བཅས་ཞུས་རྗེས་སུ།

ཕ་མ་གཉིས་ཀྱིས་{ཁྱོད་རང་གིས་དེ་འདྲའི་སེམས་ཐག་ཞིག་བཅད་ཚར་ཡོད་ཚེ། ངེད་རྒན་རྒོན་གཉིས་ཀྱིས་ཁྱོད་རང་གི་བསམ་ཚུལ་དེར་སྔ་མོ་ཡང་རྒྱབ་སྐྱོར་བྱས་པ་ཡིན་ལ་ད་རེས་ཀྱང་རྒྱབ་སྐྱོར་ལོས་བྱེད་ཀྱང་}ཟེར་ནས་གསུངས་པ་དང་། དྲིན་མ་ལོས་བདག་ལ་ཡང་བསྐྱར་དུ་ཞི་བའི་གོམ་བགྲོད་ལ་མགོ་ནས་མཇུག་བར་དུ་མཉམ་ཞུགས་བྱེད་དུ་འཇུག་རོགས་ཟེར་ནས་ཞུ་བ་བྱས་ཀྱང་ངས་དེར་ངེས་ལེན་བྱེད་ཐུབ་མེད་པའི་ཐ་ཚིག་བསྒྲགས་པ་ཡིན།

        དེ་ནས་བཟུང་ཉི་མ་འདི་དག་གི་རིང་དུ་དྲིན་མ་ལོའི་སེམས་ཁོང་དུ་མཆི་མས་བཀང་བ་དང་མཚན་མོའི་གཉིད་ཀྱང་ཡག་པོ་མི་ཁུགས་པར་མིག་གཉིས་རིག་རིག་གིས་གང་ཞིག་ལ་བསམ་བློ་སྣ་ཚོགས་ཤིག་གཏོང་གི་འདུག་པ་ང་རང་གིས་དངོས་སུ་མཐོང་ནའང་། ངས་རང་ཉིད་ཀྱི་དྲིན་ཅན་ཕ་མ་གཉིས་ཀྱི་ཚེ་མཇུག་ས་མཐའ་ཞིག་ནས་འདི་ལྟར་སྐྱེལ་དགོས་བྱུང་བའི་བརྒྱུད་རིམ་ལ་སེམས་པ་སྐྱོ་ནའང་། རང་ཉིད་ཀྱིས་བོད་མི་རིགས་ཀྱི་བདེན་དོན་མཐའ་སེལ་བའི་ཆེད་དང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་ཆེད་དུ་བཞག་པའི་དམ་བཅའ་དང་བློས་གཏོང་ལ་འགྱུར་བ་རྩ་ནས་གཏོང་ཐབས་བྲལ་བའི་འགན་རང་ཉིད་ལས་གཞན་སུ་ལའང་ལེ་བདའ་བྱེད་ས་མེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མ་སོང་མོད། འཇིག་རྟེན་འདིའི་སྟེང་གི་བྱམས་བརྩེ་ལྡན་པའི་མ་ལོ་ཞིག་གི་རང་ཉིད་ཀྱི་བུ་མི་རིང་བར་གསོན་པ་ལས་འཆི་བའི་ལམ་ཁར་སྙེགས་བཞིན་པའི་ངང་ཚུལ་འདིའི་སྐྱོ་སྣང་ལ་སེམས་བསམ་པའི་ལྟ་ཤེས་མཁན་ཉུང་བའི་སྤྱི་ཚོགས་འདི་ལས། ངས་རང་གི་དྲིན་ཆེན་མ་ལོར་ང་ལྟ་བུའི་ཕ་མ་གཉིས་ལ་སྲི་ཞུ་བྱེད་མ་ཐུབ་པའི་བུ་ཁྲེལ་མེད་ཅིག་བྱུང་བ་དེར་དགོངས་དག་མི་ཞུ་ཐབས་མེད་དུ་གྱུར་སོང་།
དྲིན་ཕ་ལོ་ནི་སྐྱེ་བ་ཕོ་ཡི་རང་ཚུགས་ལྡན་ཞིང་སྡུག་གཏམ་མང་བོ་དང་མིག་ཆུ་འདོན་པར་མི་དགའ་ཡང་། རང་གི་གཅེས་ཕྲུག་ཞིག་དེ་ལྟར་སོང་ནས་ཡང་བསྐྱར་འདི་ལྟར་འགྲོ་བ་ལ་སེམས་ཀྱིས་བཟོད་དུ་མེད་པ་མིག་གིས་མཐོང་ཞིང་སེམས་པས་ཤེས་ནའང་། ངས་རང་ཉིད་ཀྱི་ཕ་རྒན་ལ་{ཁྱོད་རང་ད་ལྟ་གཟུགས་པོའི་གནས་སྟངས་ཀྱང་ཡག་པོ་མེད་པ་དང་། ན་ནིང་ང་སོང་ཤུལ་ནས་སེམས་ཁྲལ་གྱིས་ན་བ་དེ་ད་དུང་ཡང་དྲག་བསྐྱེད་བྱུང་མེད་དུས། ཞི་བའི་གོམ་བགྲོད་འདི་ལ་མཉམ་ཞུགས་མ་བྱས་ན་བཟང་རབས་}ཞུས་ཀྱང་། ཕ་རྒན་གྱིས་{སྐྱོན་མེད། ང་ཉི་མ་ཁ་ཤས་ཤིག་ལ་མཉམ་ཞུགས་བྱས་པ་དེས་ང་རང་ཤི་མི་ཡོང་། སོ་སོའི་སྡིག་སྒྲིབ་དག་སྲིད་ལ། བོད་མི་རིགས་དང་༸གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་ཞབས་འདེགས་ཕྲན་བུ་ཞིག་ལ་བུད་སོང་བ་ཡིན་ན། དེ་གས་ངའི་ཡིད་ཚིམ་པ་ཡིན་}ཞེས་བློ་ཐག་བཅད་སྟབས། ངས་རང་གི་ཕ་མ་གཉིས་ཉིན་བདུན་རིང་དུ་ཞི་བའི་གོམ་བགྲོད་ཐེངས་གཉིས་པར་ཞུགས་ཆོག་རྒྱུར་ཁས་ལེན་བྱས་པ་ཡིན།
མི་རིགས་ཤིག་གི་བདེན་དོན་ཆེད་དུ་ངས་ཡོད་ཚད་བློས་བཏང་ཟིན་པ་ཁོང་རྒན་རྒོན་གཉིས་ཀྱིས་རྣ་བས་ཐོས་ཤིང་། སེམས་པས་ཤེས་དུས་{ཁྱོད་ཀྱིས་རང་ཉིད་བསམས་ནས་འགྲོ་བཞིན་མེད་པ་དང་། རང་གི་མི་རིགས་དང་༸གོང་ས་མཆོག་གི་བཀའ་དགོངས་ལས་མ་འགལ་བར་ཞི་བའི་འཐབ་རྩོད་བྱེད་ཀྱི་ཡོད་པ་དེར་ངེད་རྒན་རྒོན་གཉིས་ཀྱི་སེམས་བདེ་ནི་ཡིན་}གསུངས་ཀྱང་། འགྲོ་བའི་ཁ་ཐག་ཉེ་རུ་སོང་བ་དང་རླུང་འཚུབ་ལྟ་བའི་མྱི་ཁ་དང་འཕྱ་དམོད། ཟུར་ཟ་སོགས་ཕྱོགས་གང་ས་ནས་ཁུར་འོང་དེ། ཁོང་རྒན་རྒོན་གཉིས་ཀྱིས་སེམས་ནང་དུ་བློ་འཚབ་སྔར་ལས་ཀྱང་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དང་། སེམས་པའི་ན་ཟུག་ཡང་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པའི་ནང་སེམས་ཀྱི་དཀའ་ངལ་ལ་ལག་པ་སྙོབ་ཐུབ་མཁན་གྱི་མི་སུ་ཡང་ཁོང་རྒན་རྒོན་གཉིས་ཀྱི་འཁྲིས་སུ་མེད་པའི་སྐབས་འདིར། ངས་ཁོང་རྒན་རྒོན་གཉིས་ལ་{གལ་སྲིད་ས་གང་ཞིག་ནས་སྟབས་མ་ལེགས་པ་དེ་འདྲ་ངའི་སྒང་ལ་བྱུང་ན་ཁྱོད་གཉིས་ཀྱི་ངའི་ཆེད་དུ་སེམས་ཁྲལ་བྱེད་པ་ལས་ཕན་སེམས་ཀྱི་བསམ་བློ་གོང་དུ་འཕེལ་བའི་ཆེད་དུ་ལས་ཀ་རེ་བྱེད་ཐུབ་སོང་བ་ཡིན་ན། བུ་ང་ལ་ཤ་ཚ་བ་ཡིན་ལ་ངས་ཀྱང་སྐྱེ་བ་དུ་མར་ཁྱེད་ཕ་མ་གཉིས་ཀྱི་གཙོས་མིའི་རིགས་ལ་ཕན་ཐོགས་པའི་སྐྱེ་བ་ཞིག་ལེན་ཐུབ་རྒྱུར་སྨོན་ལམ་རྒྱག་ཀྱི་ཡིན་}ཟེར་ནས་ཞུས་དུས། ཨ་མས་{ཡ་ཡ་}གསུངས་པ་ལས་ཕ་རྒན་གྱིས་ངག་ཡང་མི་གྲོལ་བར་མགོ་བོ་ནང་དུ་བཀུག་སོང་། ནུ་མོ་ལྷ་མོ་སྐྱིད་ཀྱིས་ཀྱང་རང་གི་བརྩེ་བའི་ཕུ་བོ་སླར་ཡང་བཟོད་དུ་མེད་པའི་ལམ་ཕྲན་དེར་འགྲོ་རྒྱུ་ཡིན་པ་ཐོས་པ་དེ་ནས་བཟུང་། ཕུ་བོ་ང་ལ་དེ་ཡི་སྐོར་གྱི་སྐད་ཆ་གང་ཡང་གླེང་མི་ཕོད་པར་ཕྱིར་སློབ་གྲྭར་འགྲོ་རོགས་བར་དུ་ང་གང་དུ་སོང་ན་དེ་རུ་རྗེས་འདེད་བཏང་ནས་འོང་བ་ལས་གཞན་གང་ཡང་བཤད་མ་ཤེས་པར་སེམས་ཀྱི་སྐྱོ་སྣང་དྲག་པོ་ཞིག་ཁུར་ནས་ཕྱིར་སློབ་གྲྭར་སོང་ནའང་། ཕལ་ཆེར་ཉི་མ་རེ་ལ་ཁ་པར་རེ་བཏང་ནས་{ཨ་མ་ཕུ་བོའི་ག་རེ་གནང་གི་འདུག}ཟེར་བའི་ཚིག་དེ་གཅིག་བུ་ལས་བཤད་མི་ཤེས་པའི་གནས་སྟངས་ནང་དུ་ལུས་ཡོད།

ཚུར་ལ་སྙིང་ནས་བརྩེ་བའི་མི་རིགས་མི་གཅིག་པའི་མཛའ་མོ། གཅེས་ཕྲུག་གཉིས་ཀྱི་མ་རྒན། གངས་དཀར་ལྷ་འཚོས་གཅེས་ཕྲུག་གཉིས་ཀྱི་ཕ་རྒན་ང་སླར་ཡང་མི་རིང་བར་ཞི་བའི་གོམ་བགྲོད་དུ་འགྲོ་བའི་གནས་ཚུལ་ཐོས་པ་དང་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཁག་ལ་ཡི་གེ་བཏང་ནས་{ངའི་རང་གི་གཅེས་ཕྲུག་གཉིས་ཀྱི་ཕ་རྒན་བོར་བརླག་དུ་འགྲོ་ལ་ཉེ་བའི་སྐབས་འདིར།
ཁོ་རང་གིས་རང་གི་གཅེས་ཕྲུག་གཉིས་ཕ་མེད་དྭ་ཕྲུག་ཏུ་མི་སྐྱུར་བ་དང་ངེད་མ་སྨད་གསུམ་བཟོད་དུ་མེད་པའི་འཚོ་བའི་ནང་བསྟུད་མར་མི་ལྷུང་ཆེད། རོགས་འདེགས་ཡོང་བའི་རྒྱབ་སྐྱོར་བྱེད་རོགས་}སོགས་གང་སར་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱེད་ཀྱི་ཡོད་པ་དང་། ཁྲེལ་གཞུང་མེད་པའི་མཛའ་བོ་དང་ཁྲེལ་གཞུང་མེད་པའི་ཕ་རྒན་ངས་བྱས་ཉེས་ལ་ངོས་ལེན་ཡོང་བར་རེ་བ་བཅིངས་པ་དང་། ངས་སྐྱུར་བའི་མ་བུ་གསུམ་གྱི་འཚོ་བའི་དཀའ་ངལ་དང་གཅེས་ཕྲུག་གཉིས་ཀྱིས་རང་གི་ཕ་རྒན་གྱི་གནས་ཚུལ་ཉི་མ་རེ་རེ་བཞིན་དྲིས་འོང་དུས། ཁོ་མོས་ལན་ཇི་ལྟར་སློག་དགོས་མིན་མི་ཤེས་པར་ལྷག་ཡོད་པ་ཡ་ང་བའི་མི་ཡུལ་གྱི་འཚོ་བ་ཞིག་ལ་གདོང་ལེན་བྱེད་རྒྱུ་དེ་ནི་ལས་སླ་བོ་ཞིག་མིན་པ་གསལ་སྟོན་བྱེད་པའི་འཕྲིན་ཡིག་སྔ་ཕྱི་སོགས་སྐུར་ཡོད་པ་དང་། ཆེད་དུ་ང་ལ་སྐུར་བའི་འཕྲིན་ཡིག་ནང་དུའང་{ང་རང་གི་ངོས་ནས་ཁྱོད་རང་ལ་སྐད་ཆ་གང་ཡང་བཤད་རྒྱུ་མེད་ཀྱང་། བུ་ཕྲུག་གཉིས་ཀྱིས་ཁྱོད་ལ་སྒུག་ཡོད་པ་དང་ཁྱོད་རང་ཡང་བུ་ཕྲུག་འདི་གཉིས་དང་ལྷན་དུ་གནས་ཐུབ་པར་རེ་བ་ཆེན་པོ་ཡོད། རེད་དེ། ངས་ཁྱོད་རང་གི་མ་འོངས་པ་དེ་གཏན་ནས་ཤེས་མ་སོང་}གསུངས་ནས་བློ་འཚབ་དང་ཁྲེལ་མེད་པའི་མི་ངས་སྐྱུར་བའི་ཁོང་མ་སྨད་གསུམ་གྱི་འཚོ་བའི་གནས་སྟངས་ལ་བཤད་མི་ཤེས་པའི་འགྱུར་ལྡོག་ཐེབས་ནས། བཟོད་དུ་མེད་པའི་དཀའ་ངལ་མང་བོ་ཞིག་ཡོད་པ་ཡང་དང་བསྐྱར་དུ་གསུང་ཐེངས་རེར། ངས་རང་གི་གཅེས་ཕྲུག་གཉིས་དང་ཁོ་མོ་ང་རང་མེད་པའི་ཉི་མ་དེ་ནས་བཟུང་དཀའ་ངལ་ནང་ལྷུང་ཡོད་པ་ཤེས་ཀྱང་། ངས་རང་ཉིད་ཀྱི་སེམས་པའི་ཕྱི་ནང་གི་དམ་བཅའ་དང་བློས་གཏོང་གི་ལྗིད་ཚད་ལ་ཞིབ་འཇལ་གྱིས་ངས་ཁོང་ཚོ་མུ་མཐུད་དུ་མི་འདོད་ཀྱང་དེ་འདྲ་བའི་ཤི་མིན་གསོན་མིན་གྱི་འཚོ་བའི་ནང་དུ་མི་སྐྱུར་ཐབས་མེད་དུ་ལུས་སོང་།

དྲིན་ཕ་མ་གཉིས་ཀྱི་སེམས་སྡུག་དང་མཛའ་མོའི་སེམས་ཀྱི་ན་ཟུག་ཕ་མེད་དྭ་ཕྲུག་ལ་སྐྱུར་བའི་གཅེས་ཕྲུག་གཉིས་ཀྱིས་ཕ་རྒན་དྲན་པའི་གདུང་བ་སོགས་ཀྱི་ཡ་ང་བའི་སྐྱོ་གར་འབྲི་དགོས་ཚེ།
དེབ་རྒན་ཞིག་བྲིས་ཀྱང་མི་འཐུས་མོད། ད་ལྟ་རང་ཉིད་ལ་དུས་ཚོད་ཀྱི་མི་འདང་བ་དང་ཡ་ང་བའི་སྐྱོ་གར་མང་བོ་ཞིག་ཡིག་ཐོག་དུ་ཕབ་ན་མི་སེམས་ལ་སྡུག་བསྔལ་སྟེར་བ་ལས་མེད་སྟབས་ཧ་ཅང་བསྡུས་པའི་ཚུལ་དུ་བྲིས་པ་ཡིན།

༧།༣།༡༣ཨ་མདོའི་གྲོང་གསེབ་འདབས། ཕ་མ་གཉིས་ཀྱི་སྡོད་ཤག་གཡར་མའི་ནང་དུ།

རྩོམ་རིག

Post navigation

Previous Post: ཕྱིར་དྲན་དང་འཚམས་འཕྲིན། གཅན་འོད་འབར།
Next Post: བཀའ་དྲིན་རྗེས་དྲན། ཆབ་མདོ་ངག་ཕུན།

Comments (45) on “ངའི་ཤུལ་ཏུ་ལུས་པའི་ཕ་མ་གཉིས་དང་ནང་མི་བུ་ཕྲུག་ཚོ།”

  1. བཀྲ་ཤིས་རྒྱལ་མཚན།། says:
    2013-03-07 at 2:36 am

    གླིང་གི་དཔའ་བརྟུལ་ཚེ་རྡོར་གྱི་ངོ་སོ་ཡར་ལ་བསྟོད་ཅིག་

  2. འཇམ་གཅེས says:
    2013-03-07 at 2:40 am

    ངས་མི་ཆུ་དང་ལྷན་དུ་ཁྱེད་ཀྱིས་རྩོམ་ཡིག་འདི་བཀླགས་ཟིན། གྲོགས་མཆོག་ལགས། ད་ངས་ཁྱེད་རང་འདོད་དོན་འགྲུབ་པར་ཤོག་གཅིག་ཟེར་རྒྱུ་ལས་གང་ཡང་མི་འདུག་སེམས་ཁོངས་ནས་ཁྱེད་ལ་ཡིད་རངས་ཞུ། །

  3. རེབ་ཐོག་མདའ says:
    2013-03-07 at 2:50 am

    འཇིག་རྟེན་འདིར་ཨ་མ་ལས་བཀའ་དྲིན་ཅན་ཀྱི་མྱི་ཞིག་མེད་ལ། ཨ་མ་ལས་རང་ལ་ཤ་ཚ་དང་སྙིང་ཉེ་བྱེད་མཁན་ཡང་ཧ་ཅང་དཀོན་པས་ན། ཁྱོད་ཀྱི་ཨ་མས་ཁྱོད་རང་སླར་ཡང་གོམ་བགྲོད་མགོ་འཛུགས་པ་ཤེས་དུས་མིག་ཆུ་ལེ་ཤོར། བདག་གིས་ཡང་ཁྱོད་ཀྱིས་རྩོམ་འདི་ཀློག་མིག་ཆུ་ངོ་གདོང་བརླན་བཞིན་ཀློག་དགོས་བྱུང་། དུས་ནམ་ཡང་ཁྱོད་ལ་སེམས་ཁོངས་ནས་གུས་འདུད་ཞུ

  4. བསྟན་པ། says:
    2013-03-07 at 2:55 am

    ཕོ་རྒོད་ཁྱེད་ཀྱི་སེམས་ཤུགས་དང་ལ་རྒྱ་ལ་བསྟོད་བསྔགས་བྱེད་རིན་ཆོག་པ་མ་ཟད་རྒྱབ་སྐྱོར་བྱེད་རིན་ཡང་འདུག འོན་ཀྱང་། ཁྱེད་ཀྱིས་རྒྱ་དར་འཁྱེར་གི་ཡིན་ཚུལ་གྱི་བསམ་ཚུལ་དེ་ནོར་བ་མ་ཟད་བྱེད་སྟངས་དེ་ཡང་ཐོག་མ་ནས་ནོར་འཁྲུལ་ཅན་ཡིན་པ་སེམས་ནས་མ་བརྗེད་པ་གྱིས།

    རྒྱ་དམར་གྱི་རྒྱ་དར་འཁྱེར་ན་ནོར་འཁྲུལ་བརྒྱད།
    ༡)
    བོད་མིའི་མངོན་འདོད་དང་མི་མཐུན་པ་མ་ཟད་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་ཡང་ཕོ་ཕོག་འགྲོ་གཞི་ཡིན་པ།
    ༢)
    རྒྱ་དར་འཁྱེར་བ་ནི་དབུ་མའི་ལམ་གྱི་ཐབས་ཇུས་དང་མི་རན་པ་མ་ཟད་དེར་ལྡོག་ཕྱོགས་ཀྱི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ།
    ༣)
    ཆེས་མཐོའི་རང་སྐྱོང་གི་དམིགས་ཚད་ནི་ཞི་བའི་འཐབ་རྩོད་ཀྱི་ཁོངས་སུ་རྒྱ་དར་འཁྱེར་རྒྱུ་དང་འབྲེལ་བ་མེད་པ།
    ༤)
    དབུ་མའི་ལམ་ལ་ཡིད་ཆེས་རྩེ་གཅིག་ཏུ་ཡོད་པའི་བོད་མིའི་དབུ་འཁྲིད་སུ་གང་གིས་ཀྱང་ད་བར་དུ་ཞི་བའི་འཐབ་རྩོད་ཁྲོད་རྒྱ་དར་འཁྱེར་ན་ལེགས་ཚུལ་གྱི་དགོངས་གཞི་ཕྲ་མོ་ཙམ་ཡང་གནང་མྱོང་མེད་པ།
    ༥)
    ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱིས་དབུ་མའི་ལམ་གྱི་ཐབས་ཇུས་བརྒྱུད་ནས་བོད་རྒྱའི་གནད་དོན་སེལ་རྒྱུར་ཐབས་ཤེས་ཡོད་རྒུ་བྱེད་ཀྱི་ཡོད་ཀྱང་། ཐབས་ཇུས་ཀྱི་ཁོངས་སུ་རྒྱ་དར་འཁྱེར་རྒྱུ་གལ་ཆེན་པོ་ཡིན་པའི་བསམ་ཚུལ་ཏིལ་འབྲུ་ཙམ་ཡང་མེད་པ།
    ༦)
    ད་བར་གྱི་འཛམ་གླིང་དུ་བྱུང་བའི་ཞི་བའི་འཐབ་རྩོད་ཅི་འདྲ་ཞིག་ཡིན་རུང་། འཐབ་རྩོད་ཀྱི་ཆིག་སྒྲིལ་དང་ལས་འགུལ་བའི་མཉམ་ཞུགས། ཐབས་ཇུས་བཅས་གང་གི་ཁོངས་སུ་ཡང་ཁ་གཏད་དགྲ་བོའི་དར་ཆ་འཁྱེར་རྒྱུ་དེ་ལེགས་ཆ་ཞིག་ཡིན་པའི་ལྟ་ཚུལ་བྱུང་མྱོང་མེད་པར་མ་ཟད། དེ་ཡིས་ལྡོག་ཕྱོགས་ནས་ལས་འགུལ་གྱི་ཆིག་སྒྲིལ་ནུས་བ་དང་མཉམ་རུབ་ནུས་བ། ཐབས་ཇུས་ནུས་བ་གསུམ་ལ་གནོད་སྐྱོན་འབྱུང་གི་ཡོད་པ།

    ༧)
    རྒྱ་དར་འཁྱེར་བ་དེ་དབུ་མའི་ལམ་གྱི་སྲིད་ཇུས་དང་མཐུན་པ་རེད་བསམ་པ་ནི། དབུ་མའི་ལམ་ལ་རྨོངས་བའི་དད་པ་ཙམ་ལས་དེ་ཡི་དགོངས་གཞི་དངོས་དང་དེའི་ཐབས་ཇུས་གཉིས་ཀ་རྒྱུས་མ་ལོན་པའི་ཅོལ་ཆུང་གི་བསམ་ཚུལ་ཡིན་པ།
    ༨)
    མདོར་ན། རྒྱ་དར་འཁྱེར་བ་དེར་སེམས་ཤུགས་ལ་སྐྱོན་མེད་རུང་། ཐབས་ཇུས་དང་ལག་ལེན་གཉིས་ཀ་ནོར་འཁྲུལ་ཡིན་པ་བཅས་གླིང་ཚ་ཚང་གིས་མཁྱེན་དགོས་ཀྱི་འདུག
    ལས་ཁུངས་གྲོལ་ན་བསྐྱར་དུ་ཁྱོད་ལ་སློབ་སྟོན་བྱེད།

  5. མྱི་སྲས་བཙན་པོ།། says:
    2013-03-07 at 3:05 am

    རང་ཉིད་ཀྱིས་ཅི་ཡང་བྱེད་མི་དགོས་ལ་ཅི་ཡང་མི་འཇོན་པའི་སློབ་སྟོན་པ་དེ་འདྲ་སུ་ཞིག་གིས་དྭངས་ལེན་བྱེད་དམ།

  6. ཚེ་རིང་། says:
    2013-03-07 at 3:34 am

    གླིང་ཚ་ལ་བསྟོད་བསྔགས་བྱེད་འོས་ཀྱང་། དར་དམར་ཁྱེར་ན་ནམ་ཡང་ངོ་རྒོལ་དང་། དར་ཆ་དེའི་འོག་ཏུ་བོད་མི་འབུམ་ཚོ་མང་པོའི་སྲོག་འཕྲོག་ཡོད།

  7. ཁྱུང་དཀར says:
    2013-03-07 at 4:05 am

    ཁོང་གི་གནས་སྟངས་འདི་རང་ཉིད་ལ་སྦྱར་ནས་བསམ་བློ་བཏང་ཚེ་སེམས་ཞེ་དྲག་སྐྱོ་ཀི དངོས་གནས་སྐྱོ་ཀི
    ཡིན་ནའང་། རྐང་ལག་འགུལ་བསྐྱོད་མི་དགའ་བའི་མི་བུ་ལྕེ་བདེ་འགའ་རེས་ད་དུང་སློབ་གསོའི་ཚུལ་དུ་སློབ་དཔོན་ལ་ཀ་ཁའི་ངང་ཚུལ་འགྲེལ་གི དོན་ངོ་མར་སྙིང་རྗེ་རྒྱུ་འདིའི་རིགས་རེད་ཀ

  8. འཇམ་གཅེས says:
    2013-03-07 at 4:07 am

    རྒྱལ་དང་རྒྱལ་སྲས་དང་བྱང་ཆུབ་སེམས་དཔའ་ཞེས། །
    མཚན་གྱི་སྙན་པ་ཁྱེད་ལ་མེད་ན་ཡང་། །
    གཞན་དོན་འཁུར་འཁྱེར་བསམ་པའི་སེམས་མཆོག་དེ། །
    བྱང་ཆུབ་སེམས་མཆོག་མིན་ན་གང་ཞིག་ཡིན། །

    གཞན་གྱིས་མི་འདོད་སྨོད་བསྡིགས་གང་བྱས་ཡང་། །
    ཞིབ་འཇམ་ངག་གིས་ལམ་ནས་གསལ་བཀྲོལ་གནང་། །
    གནས་ལུགས་ངོ་སྤྲོད་ལྷན་དུ་ལྟ་གྲུབ་བསྩལ། །
    ཁྱེད་ནི་རྣམ་དཔྱོད་ཡངས་པའི་སྐྱེས་ཆེན་ཞིག །

    གཅེས་པའི་བུ་དང་ཆུང་མ་ཕ་མ་དང་། །
    གྲོགས་དང་མཛའ་བཤེས་འཁོར་དང་ལོངས་སྤྱོད་སོགས། །
    གང་ལ་མ་ཆགས་ཡོད་ཚད་བློས་བཏང་མཁན། །
    བྱ་བཏང་མིན་པའི་སྐྱེས་བུ་ཁྱེད་མིན་སུ། །

    ཁྱེད་ནི་སྐྱེ་ཤིང་སྐྱེ་བ་ཐམས་ཅད་དུ། །
    འཕགས་མཆོག་ཕྱག་ན་པདྨོས་རྟག་བསྐྱངས་ནས། །
    ནམ་ཡང་གཞན་དོན་ཁུར་འཁྱེའི་སེམས་མཆོག་ལས། །
    སྐད་ཅིག་ཙམ་ཡང་འབྲལ་བ་མ་གྱུར་ཅིག །

    གླིང་ཚ་ཚེ་བརྟན་རྡོ་རྗེ་གང་དེར་རིགས་ཀྱི་གྲ་མཐར་འཁོད་པའི་འཇམ་གཅེས་མིང་ཅན་གྱིས་གནས་མཆོག་ཝར་ཎ་ནས་བྲིས་་་་་་་་་་་་་་་་་་་་་་་་་་

  9. དགའ་སྐྱིད་ says:
    2013-03-07 at 6:41 am

    གླིང་ཚང་ཚེ་རྡོ་རྗེ་རང་གི་ཕ་མ་དང་བཟའ་ཟླ་བུ་ཕྲུག་བློ་ཕམ་དང་སེམས་ངལ་བཟོས་པ་གཅིག་པོ་མིན་། བོད་ཕྱི་ནང་གཉིས་ནང་བོད་མི་མང་པོའི་སེམས་ལ་ཕོག་ཐོག་གཏང་ཡོད་། དེར་ནི་རང་གི་དགྲ་བོའི་རྒྱལ་དར་དམར་པོ་དེར་མགོ་ཡི་སྤྱི་བོ་དཕྱར་བ་དེར་རེད་།

  10. བསྟན་འཛིན says:
    2013-03-07 at 7:16 am

    ལས་ཀ་གཅིག་ཀྱང་མི་འཇོན་ལ་འཇོན་ཡང་ལྷག་བསམ་མེད་པ། རང་གི་ཉལ་ས་དྲོན་མོ་གཏོང་མི་འདོད་པའི་མི་ངན་ཁ་བདེ་ཁ་ཤས་ཀྱིས་སྐད་ཆ་བཤད་དུས་རྒྱ་ནག་ལ་རྩུབ་པ་བཤད་ཀྱིན་འདུག ་ཚེ་བརྟན་རྡོ་རྗེ་ཡིས་རྒྱ་ནག་གི་རྒྱལ་དར་འཕྱར་བར་སྐྱོན་ཅི་ཡོད་དམ། ༧གོང་ས་མཆོག་གིས་རྒྱ་ནག་གི་རྒྱལ་དར་དམར་པོའི་འོག་ཏུ་སྡོད་ཀི་ཡིན་གསུངས་པ་མ་རེད་དམ། ཟམ་གདོང་རིན་པོ་ཆེ་ཡིས་ཐ་ན་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་སྡོད་ཀི་ཡིན་ལབ་མ་རེད་དམ། བློ་སེང་ཡིས་རྒྱ་རིགས་སྤུན་ཟླ་ཚོ་དང་མཉམ་གནས་བྱ་གིན་ཡིན་ལབ་མ་རེད་དམ། བོད་མི་ཕལ་ཆེ་ཤོས་དབུ་མའི་ལམ་མ་རེད་དམ། དབུ་མིའི་ལམ་དུ་རྒྱ་ནག་གི་རྒྱལ་དར་མིད་གོས་པར་བོད་པའི་རྒྱ་དར་འཕྱར་ནས་སྡོད་ས་ཞིག་ཡོད་པ་རེད་དམ། མི་ཞིག་གིས་རང་གི་ཡོད་ཚད་བློས་བཏང་ནས་རང་གིས་ཡིད་ཆེས་ཡོད་པའི་ལས་ཀ་དེ་བྱེད་ན། འགྲིག་དང་མི་འགྲིག་གི་ཁ་ཕོད་བཤད་མཁན་་སྐྱག་གཟན་ཁྱོད་ཚོ་མ་རེད། རང་གི་བྲང་ཁར་ལག་བ་བཞག་ནས་བསམ་བློ་གཏོང་དང་། ཁྱོད་རང་གིས་ག་རེ་བྱེད་ཡོད་དམ། ལྷག་བསམ་དང་བློས་གཏོང་གི་ག་རེ་བྱེད་ཡོད་དམ།

  11. དཀར་མཛེས་གངས་ཕྲུག་ says:
    2013-03-07 at 7:22 am

    བོད་་ཀྱི་བུ་གླིང་ཚ་ལགས་་་་དྲ་འབུ་འདི་ཚོས་ཅི་བཤད་ལ་ཉན་མི་རུང་་་གཙོ་བོ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་འགྲོ་ད་ན་ལེགས་་་་དེ་བཞིན་ཚོགས་པ་སྐྱིད་སྡུག་སོགས་ཀྱང་དེ་བཞིན་ནོ།
    གླིང་ཚ་བུ་ལྟར་བློས་བཏང་ཐུབ་པ་དཀའ།།
    རྒྱ་བོད་ས་མཚམས་གོམ་བགྲོད་གནང་བ་དཀའ།།
    གཟའ་ཟླ་བུ་ཕྲུག་རྒྱབ་དུ་བསྐྱུར་བ་དཀའ།།
    སྤྱི་དོན་སྲོག་ལས་གཅེས་པ་དེ་བས་དཀའ།།

  12. ལུང་རྟོགས། says:
    2013-03-07 at 7:37 am

    དྲ་འབུ་ཚོ་འུར་མ་རྒྱག གླིང་ཚ་ལགས་ནི་མི་བསམ་ཤེས་ཅན་ཞིག་ཡིན་པས་བོད་མི་མང་གི་མངོན་འདོད་དང་འགལ་བའི་ལས་ཀ་བྱེད་ཀྱི་མ་རེད། ཁྱེད་ཀྱི་སྙིང་སྟོབས་ལ་ནམ་ཡང་གུས་འདུད་ཞུ།

  13. ཀུན་བཟང་སྐྱབས། says:
    2013-03-07 at 8:01 am

    རྩ་བས་བོད་དོན་ཆེད་ལས་འགུལ་སུས་སྤེལ་ཡང་གུས་ཞབས་དགོས་པ་རེད། ཚེ་བསྟན་རྡོ་རྗེས་གནང་སྟངས་འདི་བོད་དོན་ལས་འགུལ་ཞིག་ཡིན་ནམ། དྲང་མོ་བཤད་ན། འདི་མི་སྒེར་གྱི་འགྲོ་སྟངས་མ་ཡིན་པའི་བོད་མི་ཡོངས་ཀྱི་མིང་ཁུར་ཡོད་པས། རྒྱ་དར་མ་ཁྱེར་རོགས་ཞེས་འབོད་སྐུལ་བྱེད་འོས་པ་མ་ཟད། ཁྱེར་མི་ཆོག་ཅེས་བཤད་རྒྱུའི་ཐོབ་ཐང་ཡོད། དེ་མིན་ཁོང་རང་སྒེར་གྱིས་གུང་ཁྲན་ཏང་ལ་བསྟོད་པ་བྱས་ཀྱང་འགྲིག་མོད། བོད་དོན་ལས་འགུལ་གྱི་མིང་ཁྱེར་ན་འགྲིག་གི་མི་འདུག དེ་བས་ཁོང་གིས་ཨ་མས་རྒྱ་དར་དེར་མ་འཕྱར་རོགས་ཞེས་འབོད་སྐུལ་གནང་སོང་། ཕ་མ་བུ་ལ་མི་བརྩེ་ནི་ཞིག་སུ་ཡོད། དངོས་གནས་ཨ་མ་རྒན་རྒོན་སྲང་མོ་སྙིང་རྗེ། ད་དུང་ཚེ་བརྟན་རྡོ་རྗེས་གཡུག་བཞག་པའི་ཁོང་གི་ཕྲུ་གུ་གཉིས་དང་ ཕྲུ་གུའི་ཨ་མ་དེ་ཚོ་༌༌༌༌༌༌༌༌༌༌༌༌༌༌དངོས་གནས་བོད་དོན་ཆེད་དུ་བློས་གཏོང་རེད་དམ།༌༌༌༌༌༌༌༌༌༌༌༌༌

  14. གཡང་དཀར་ལུག་རྫི་། says:
    2013-03-07 at 8:25 am

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།
    ཁྱེད་གདོང་དམར་བོད་པ་ཡིན་ན། མགོ་བོ་ཡར་ལ་བཀྱགས་ནས་གངས་སེང་དཀར་མོའི་རྒྱལ་དར་དེ་འཕྱར་ཤོག ཁྱེད་ཀྱི་འཕར་རྩ་བརྒྱུད་ནས་བཞུར་བའི་ཁྲག་དྲོན་ལ་ཁྱི་སྤྱང་ཚོགས་ཀྱི་དུག་ཆུ་འདྲེས་མེད་ན། ཁྲག་མདོག་དམར་པོའི་རྒྱ་དར་དེ་གཡུག་ཤོག ཁྱེད་ཀྱིས་དམར་པོའི་རྒྱ་དར་གནམ་ལ་འཕྱར་ཐེངས་རེ་ལ། གངས་ལྗོངས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅེས་སྲོག་དམར་དར་འོག་ལ་ཤོར་བའི་རྣམ་ཤེས་ལ་སྙིང་རེ་རྗེ་ཡོང་ལ། ལུས་སྲོག་མེ་རུ་བསྒྲོན་པའི་དཔའ་བོ་དང་དཔའ་མོ་བརྒྱ་ཕྲག་དེ་དག་གི་དགོས་འདུན་དང་ཞལ་ཆིམས་ལ་རྡོག་པས་བརྫིས་ཡོང་། དཔའ་བོའི་གནམ་ཤེས་སྟོང་གིས་ཁྱེད་ལ་ཐུ་ལུད་དང་དམོད་མོ་འདེབས་ཡོང་པས་ཁྱེད་ཀྱིས་དམར་པོའི་རྒྱ་དར་དེ་མགོ་ནས་ཕབས་ནས་རྐང་འོག་ལ་རྫིས་ཤོག དེ་འདྲ་བྱུང་ན་ངས་གཞི་ནས་ཁྱེད་ལ་དཔའ་བོ་ཞེས་འབོད།

  15. རིག་པའི་བུ says:
    2013-03-07 at 9:25 am

    མི་སེམས་འགུག་པའི་སྒྲུང་གཏམ་སྣ་ཚོགས་བྲིས་ཀྱང་རྒྱ་དར་ཁྱེར་བའི་བག་ཉེས་ཀྱིས་ལས་འགུལ་གྱི་ནུས་བ་ལ་གནོད་སྐྱོན ཚབས ཆེན་བཟོས་བས་མ་འོངས་བའི་ལས་འགུལ་སྔར་ལྟར་མི་ཡོང་བ་སྨོན། དྲང་མོ་བཤད་ན་ཁོང་གིས་ལས་འགུལ་བའི་དམིགས་ཡུལ ཡང་དེབ་ཅིག་འབྲི་རྒྱུ་བརྗོད་བྱ་འཚོལ་བཞིན་ཡོད་པའི་སྣང་བ་གཏེར་སོང་། དེབ་ཀྱི་བརྗོད་བྱ་འཚོལ་ཡང་སྐྱོན་མེད། གཙོ་བོ་བོད་མིའི་སེམས་ཁམས་དང་ལས་འགུལ་གྱི་ཁ་ཕྱོགས་ལ་གནོད་སྐྱོན་མ་བཏང་ན་འགྲིག

  16. ༈བློ་གྲོས་རྒྱ་མཚོ། says:
    2013-03-07 at 11:46 am

    ༈རང་མི་རིགས་ཀྱི་བདེ་སྡུག་དང་། བདེན་དོན་ཆེད་དུ་ཡོད་ཚད་བློས་ཐོངས་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཡི་རང་བསྔགས་བརྗོད་དང་བསམ་དོན་འགྲུབ་པའི་སྨོན་ལམ་ཡང་ཡང་ཞུ།།

  17. རྟ་མགྲིན་དབང་ཆེན་ says:
    2013-03-07 at 11:49 am

    རྒྱ་ནག་གི་དར་ཆ་འཁྱེར་མིན་ཁྱོད་རང་གིས་ཐག་གཅོད་རོགས། གནོན་ཤུགས་ལ་རྩ་བ་ཉིད་ནས་མགོ་མ་སྒུལ་ཞུ་རྒྱུ་ཡིན། ཁྱོད་རང་གིས་ག་རེ་བྱེད་ན་དབང་ཚད་རང་ལ་ཡོད་པ་མ་བརྗེད་པར་གྱིས།

  18. མྱི་སྲས་བཙན་པོ།། says:
    2013-03-07 at 12:03 pm

    གཡང་དཀར་ལུག་རྫི་་་་་ལུག་རྫི་རང་རེད་་་ད་དུང་་་་་་རིག་པའི་བུ་་་དེབ་ཀྱི་བརྗོད་བྱ་འཚོལ་གྱི་འདུག་ཟེར་་ཁྱེད་ཀྱིས་འདི་ལྟར་བློས་གཏོང་གནང་རོགས།།་་་་དངོས་གནས་སྙིང་རྗེའི་ཡུལ་རེད་ཡ་མི་བསམ་མེད་གླང་རྒན་ལྟ་བུ་ཞིག་ཨ་ཁ་ཁ་

  19. ཨ says:
    2013-03-07 at 12:36 pm

    སྙིང་སྟོབས་ཆེན་པོས་ཁྱེད་སྐྱོབས།
    རྒྱུ་འབྲས་བདེན་པས་ཁྱེད་སྐྱོབས།
    ཤེས་རབ་ཆེན་པོས་ཁྱེད་སྐྱོབས།
    བྱམས་བརྩེ་དག་མས་ཁྱེད་སྐྱོབས།

  20. མ་ཧཱ་སིདྡྷི། says:
    2013-03-07 at 1:17 pm

    ན་ནིང་ཁྱེད་རང་སྒེར་གྱི་ལས་འགུལ་དེ་ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་ཡིན། ད་ལོར་རྡ་སའི་སྐབས་འཚོལ་བའི་མི་ངན་ཁ་ཤས་ཞིག་ནས་ཁྱེད་ཀྱི་སྲོག་བློས་གཏངས་བའི་རླབས་ཆེན་གྱི་ལས་འགུལ་འབྲི་མར་གསེར་ཞོའི་ནང་དུ་ཁྱི་བྲུན་གྱིས་སླད་ཚར་འདུག་པས་ང་ཧ་ཅང་སེམས་ཕམ་ཆེ། གང་ལྟར་ཀྱང་ཕ་བཟང་བུ་དགོས་པའི་དུས་སུ་རང་ཐག་རང་བཅད་རལ་གྲི་གནམ་གཡུགས་ལྟ་བུ། སེམས་ཤུགས་དང་ཆོད་སེམས་ལ་སྟག་མོའི་སྙིང་ལྟ་བུ། ངན་སྨྲས་དང་ལོགས་སྒྲུབས་ལ་བཟོད་པ་དམ་པའི་སྐྱེས་བུ་ལྟ་བུ་དོན་ཚན་འདི་གསུམ་ལས་མ་འགལ་བར་ཁྱེད་ཀྱི་གང་བསམ་ཐུགས་བཞེད་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད།།

  21. དགེ་བསམ། says:
    2013-03-07 at 1:28 pm

    ཁོང་ནི་ང་རང་ཚོའི་ཆེད་དུ་ཡོད་ཚད་བློས་
    བཏང་ནས་འགྲོ་གི་ཡོད་པ་མ་བརྗེད་ཅིག
    ཁྱི་སྤྱང་དག་གིས་ངུ་ཟུག་མ་རྒྱག་རོགས

  22. དགྲ་ལྷ་ནག་པོ། says:
    2013-03-07 at 1:36 pm

    གླིང་ཚ་ལགས་ཉིད་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་གོང་བཀུར་ཚད་མེད་ཞུ། སོ་སོའི་ཉིད་ཀྱི་ཕྱག་ལས་དེའི་ཕྱེད་ཀ་ཡང་ཀ་ཙམ་ཡང་སྒྲུབ་ཐུབ་ཀྱི་མེད་མོད། རེ་བ་ཆུང་ཆུང་ཞིག་ཡོད་པ་ནི་དགྲ་དར་དམར་པོ་དེ་རྩ་བ་ནས་མ་འཁྱེར་རོགས། དེ་ཁྱེད་རང་གི་བསམ་ཚུལ་ཞིག་ཡིན་མིན་ལའང་དོགས་པ་ཡོད། གལ་ཏེ་ཉིད་ཀྱི་བསམ་ཚུལ་ཡིན་ཡང་ཁྱེད་ཀྱིས་ཞིབ་འདང་མ་བརྒྱབ་པས་རྐྱེན་རེད། གསལ་བོ་བསམ་བློ་ཞིག་ཐོངས་དང་དེ་ནོར་འདུག
    མི་ཞིག་གིས་ཐབས་ལམ་ཞིག་འཚོལ་དུས་བསྒྱུར་བཅོས་དང་དག་སྒྲིག་མེད་པ་ཞིག་གང་དུ་ཡོད། དེ་བཞིན་དུ་ནོར་འཁྲུལ་མེད་མཁན་ཞིག་ཀྱང་ཡོད་པ་མ་རེད། ནོར་ན་ནོར་བ་རེད། ཐེངས་གཅིག་རེད། བསྒྱུར་བཅོས་དང་དག་སྒྲིག་ཐེངས་གཅིག་རེད། ཁྱེད་ལ་འཇིགས་སྐུལ་དང་། བསྙོན་འཛུགས། འཕྱ་སྨོད་ཅི་འདྲ་ཞིག་བྱས་ཀྱང་དེ་དག་གིས་ཁྱེད་ལ་སྒྱུར་བཅོས་བཏང་བ་མ་རེད། དགྲ་དར་ཁྱེར་ན་ཁྱེད་ཀྱི་བློས་བཏང་གི་རིན་ཐང་ཉམས་འགྲོ་གི་འདུག དེ་ཁྲེལ་མེད་ཞིག་གི་སྐུལ་སློང་ཡིན་ཤེས་ཆེ། མི་ཁར་མ་རྒྱུགས་སོ་སོའི་ཐག་གཅོད་དང་དག་སྒྲིག་ལ་ཡིད་ཆོས་བྱས། དགྲ་དར་མ་འཁྱེར་རོགས། ཨ་མའི་བུ། ཁྱེད་རང་འཐབ་རྩོད་པ་ཡིན་པས་ཁྱེད་ཀྱི་སྐུ་ཚེ་བརྟན་དགོས་ལ། ཐབས་དང་ཤེས་རབས་ཀྱི་ཕུ་ཐག་ཀྱང་རིང་དགོས། གནོ་བསམ་་ཡངཡངཐོངས། ཁྱེད་ལ་སྨད་པ་བྱེད་མཁན་ཚོ་ཁྱེད་མིན་ལ། བསྟོད་པ་བྱེད་མཁན་མཚོ་དེ་བས་ཀྱང་ཁྱེད་མིན་པ་ཤེས་དགོས། ཨ་མས་བུ་སྟག་གསོད་མཁན་དཔའ་བོ་ཡིན་པ་ལས་སྟག་ལ་འཆའ་རུ་བཅུག་མཁན་དེ་དཔའ་བོ་མ་མེད། རྒྱུ་མཚན་ཉིད་ཀྱི་སྐུ་ཚེ་རིང་དུ་བརྟན་དགོས། ཕྱི་ཐག་རིང་དགོས། ཁྱེད་ཀྱི་ཚེ་སྲོག་ཚར་བ་བཙམ་གྱིས་ཁྱེད་ཀྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་མེད་པ་ཤེས་དགོས། མཐའ་དོན་ང་ཚོས་བོད་བསྟན་སྲིད་མི་རིགས་ཆེད་འཐབ་རྩོད་བྱེད་རྒྱུ་དེ་འཇིག་རྟེན་འདིའི་ཐོག་བྱེད་རྒྱུ་ལས་ཕྱི་མ་ནས་བྱེད་མི་ཐུབ་པས་ཁྱེད་ངེས་པར་དུ་གསོན་དགོས། དགྲ་དར་མ་འཁྱེར། ཨ་མའི་བུ།། །།

  23. ཁྲི་རལ་པ། says:
    2013-03-07 at 1:51 pm

    (འོད་ཟེར་སྟོང་ལྡན་ཟེར་བས་དུས་བབ་དུ་བཏབ་པའི་མཆན་རེད)
    ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས་སྤེལ་ཚུལ་གྱི་མདོ་བཞུགས་སོ།།
    ཅི་སྐད་དུ་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་བཅུ་ལོན་པ་ན། འཕགས་པའི་ཡུལ་གྱི་བྱང་ཕྱོགས་རྡ་རམ་ས་ལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་དང་དབུས་བོད་མིའི་སྒྲིག་འཛུགས་ནས་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཉིན་མོ་ལྟར་བྱས་པ་དང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་བཀའ་ཡི་འཁོར་བསྒྱུར་མཁས་དབང་ཕྱོགས་དང་ཕྱོགས་སུ་གྲགས་པ་དག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷགས་པའི་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་འཚོ་གནས་འཆའ་ཐབས་ཀྱི་མདུན་ལམ་མེད་པར་མ་འོངས་མངོན་གཟིགས་དང་གནས་ལུགས་ཞིབ་ཚགས་འདོམས་པ་ལ། བཙན་བྱོལ་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུས་ཤེས་ནས་དགའ་བཞིན་སྤྲོ་བཞིན་མོས་གུས་ཆེན་པོས་མང་གཙོའི་ཕྱག་རིང་གནམ་དུ་བརྐྱངས་ནས་རྒྱབ་སྐྱོར་བྱས། འཇག་རྟེན་ལྷ་མི་ཡོངས་ཀྱིས་ནུས་ཤུགས་སྒྲིལ་སྟེ་རང་སྐྱོང་འཐབ་རྩོད་བཞིན་པའི་སྐབས་དེ་ཤེད་ཅིག་ཏུ།

    གནའ་ནས་བཟུང་དབྱིན་ཇི་བའི་རང་བཙན་ཕྱོགས་ཁག་དང་ངན་འབྲེལ་བྱས་ཏེ་ཁོང་ཚོའི་ལག་གཡོག་ཏུ་གྱུར་བ། ལྟོ་གོས་གཏམ་གསུམ་ལ་སྒྲོ་ལོར་གྱིས་ཁེ་ཕན་ཆར་ལྟར་འབབ་བཞིན་པའི་འཇམ་དབྱངས་ནོར་བུ་ཞེས། བོད་ཡིག་མི་ཤེས་ཤིང། སྐྱེད་དམན་མགོ་སེར་ཡིན་པ་དེའི་ལོག་པའི་སྨོན་ལམ་གྱི་འོག་ཏུ། ལྟོས་ངན་ཐམས་ཅད་ཀྱི་རང་གཟུགས་དམར་རྗེན་ཐོན་པ་ལྷ་བཟང་ཚེ་རིང་དང། གར་འགྲོ་འདིར་འགྲོ་བདག་མེད་དུ་ལྷགས་པའི་ཀླུ་མཁར་བྱམས། མགོ་བདེ་ཕོ་དྲི་རྩ་ནས་ཡལ་བའི་སྤྲང་མདོག་ལྷན་པ་ཅན་བསྟན་འཛིན་བརྩོན་འགྲུས། སྒེར་གཅོད་རང་མཐོང་པ། གནས་ལུགས་སོར་གང་འགྲོ་ས་མེད་པ་ཐད་ཀར་བཤད་ན་གླེན་པ་གླེན་ནག་གི་ཀླད་པ་དང་མི་གཤིས་ཅན་དོན་གྲུབ་ལྷ་དར་བཅས་ཤོར་ཏེ། ༧གོང་ས་ཆེན་པོར་ཟུར་ཟའི་མཚོན་ཆ་འདེབས་ཤིང། ཀླད་སྟོང་ལག་སྟོང། ཐ་ན་བོད་ཡིག་གི་བརྡ་སྤྲོད་ཙམ་ལའང་མགོ་འཁྱོང་མིན་མི་ཤེས་ཀྱང་རྒྱ་ནག་གི་ཕྱི་ནང་གསང་གསུམ་ཤེས་མདོག་གིས་འུར་བརྒྱབས་ཏེ། བོད་རང་བཙན་མེད་ན་གནམ་འོག་འདིར་མི་འདུག་ཅེས་མིག་ཆུ་ཤམ་ཤམ་གྱིས་སྐད་གང་ཆེར་བསྒྲགས་པ་ན། དབང་རྟུལ་སྒོར་མོའི་རྗེས་འབྲངས་རྐུབ་སྟེགས་སྲུང་མཁན་ལས་རོགས་ཚོས་དེ་དེ་བཞིན་ནོ་ཞེས་ཁོང་ཚོའི་ཁ་རྒྱུགས་ཅི་ཐུབ་བྱས། དེའི་མཐུ་ལ་བརྟེན་ནས་ཚོགས་པ་ལྔ་མཉམ་དུ་བསྡུས་ནས་གསལ་བསྒྲགས་ཆེན་པོ་སྤེལ། ཡིན་ནའང་བྱ་བ་ལམ་དུ་མ་སོང་བས། མི་མང་ནང་ཚོགས་པ་ལྔ་ནི་ལྟོ་གཉེར་རྐུན་མ་ལྟ་བུའི་ཚོགས་པ་ཞིག་རེད་དོ། ཁྱེད་ཚོ་ལ་དེ་ལྟར་ཧམ་བཤད་བྱ་རྒྱུའི་དབང་ཚད་གང་ན་ཡོད། ཁྲིམས་ཁང་ནང་གཏུག་ནས་རྩིས་ཕྲར་ཞིབ་འཇུག་གིས་བཙོན་དུ་འཇུག་རྒྱུ་ཡིན་ཞེས་མི་དམངས་ཀྱིས་ངོ་རྒོལ་འབྲུག་ལྟར་བསྒྲགས། ཁྲིམས་སར་རེ་རེའི་ལག་པ་རྒྱབ་ཏུ་བཀྱུགས། རྐང་པ་ལྕགས་སྒྲོག་གིས་བསྡམས་ནས་ཁྲིམས་དཔོན་ཆེན་པོས་བཙུར་འདེད་བྱས་པ་ན། སྐབས་དེའི་ཨ་ཅག་ལྷ་མོ་ཆོས་སྒྲོན་གྱིས་གསལ་བསྒྲགས་ཀྱི་མདོ་འདི་འགྱོད་བཤགས་དང་བཅས་ཁྲིམས་དཔོན་འཁོར་དང་བཅས་པར་སྦ་གསང་གང་ཡང་མེད་ཞུས།

    དེ་ཡང་འདི་ལྟར་ཞུས་ཡོད། ༄༅།། འདི་སྐད་བདག་གིས་ཤེས་པའི་དོན་རྣམས་ཁྲིམས་དཔོན་ཆེན་པོར་གསོལ་བ་ལ། རྒྱ་ནག་ཕར་ཞོག དབུ་མའི་ལམ་དང་དེའི་ལས་འགུལ་བ་ཚོར་རྟག་ཏུ་ཁ་གཏད་གཅོག་པའི་འཇམ་ནོར་གྱི་ཐུགས་སྲས་དོན་གྲུབ་ལྷ་དར་དང་ཀླུ་མཁར་བྱམས་ཀྱིས་མྱུར་ཏུ་འདུས་ཤིག་ཅེས་བཀའ་ཐོན་པ་དང། དེར་ཚང་བར་འདུས་པ་ན་གླིང་ཚ་རྡུང་བྱེད་ཀྱི་གསལ་བསྒྲགས་ཟིན་བྲིས་ཤིག་གནང་བྱུང། ཟིན་བྲིས་དེར་མགོ་ནས་མཇུག་བར་བཀླགས་རྗེས་རང་བཙན་སློབ་ཕྲུག་ཚོགས་པས་དགག་པ་རྒྱབ། སུས་སྐད་བཏང་ན་འགྲོ་ཆོག་ཆོག་གི་བཤང་བཙོང་ལྷན་ཁང་བུད་མེད་ཚོགས་པའི་རྒྱུན་ལས་གསར་པ་ངས་ཀྱང་མི་སྒེར་གྱི་མིང་མ་འདོན་ཞེས་ངུས་ནས་བཤད། སྐབས་དེར་འཇིག་རྟེན་ཆབ་སྲིད་ཀྱི་བདག་པོ་ང་ཡིན་པ་ལྟ་བུར་རློམ་པའི་ཀླུ་མཁར་བྱམས་ཀྱིས་ཨ་ར་ནག་པོ་ལག་པས་བྱིལ་བྱིལ་ཙམ་བྱས་ཏེ། ཁྱེད་ཚོས་རྒྱ་གུང་བྲན་གྱི་ཁ་སང་དེ་རིང་གི་ཚོགས་འདུར་བལྟས་པ་ཡིན་ནམ། དེ་བལྟས་མེད་ན་ང་ཚོ་བལྟས་ཟིན་པ་ཚོའི་ཁ་ལ་ཉན་ན་རྒྱའི་མགོ་བསྐོར་འོག་ཚུད་ཀྱི་མ་རེད། ཞིས་ཆིན་ཕིན་ནི་ཧུའུ་ཅིན་ཐོའི་ཐུགས་སྲས་ངོ་མ་དེ་རེད། ད་རེ་བ་ཞིག་གང་ན་ཡོད་ཞེས་ཕེབས་པ་ན། གླེན་ནག་ཨུ་ཚུགས་ཅན་དོན་གྲུབ་ལྷ་དར་གྱིས་ཀྱང་་་འདང་དགོང་བོད་ནས་མཁས་པ་ཞིག་གིས་ཁ་པར་ཞིག་འབྱོར་ཏེ། ད་གསུམ་དུས་སྐབས་དྲག་པོའི་རྣམ་འགྱུར་ཅུང་ཙམ་མ་བསྟན་ན་ཡོང་གི་མ་རེད་ཟེར་གྱི་འདུག་ཅེས་་་གཅིག་རྗེས་གཉིས་མཐུད་ཀྱིས་རྫུན་གྱི་འཁོར་ལོ་བར་མེད་དུ་བསྐོར་བ་ན།

    སློབ་གྲྭ་ཐོན་མ་ཐག་པའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཕོ་གསར་བསྟན་འཛིན་དང། ལྷ་སྒྲོན་དང་བསྟན་རྡོར་གྱི་ཞབས་ལ་མགོ་བོས་གཏུགས་ཏེ་སྒྲོ་ལོར་ཆར་བཞིན་འབབས་ས་རྡོ་རྗེ་ཚེ་བརྟན། ཤི་ལོང་གི་སྒོག་བཙོང་མ་གུས་མོ་ས་གནས་འཐུས་མི་ནས་བཤང་བཙོང་ལྷན་ཁང་གི་དྲུང་ཆེར་བསྐོས་པ་བདག་མིང་ལྷ་མོ་ཆོས་སྒྲོན་ཞེས་བགྱི་བ་གསུམ་ནས་ལགས་གཉིས་ཐལ་མོ་སྦྱར་ཏེ། དུས་མཐའི་སློབ་དཔོན་ཆེན་པོ་སྨྲ་ར་ཅན་ཀླུ་མཁར་བྱམས་ལགས་དང་མིག་གིས་སྣ་རྩེར་ལས་མི་མཐོང་བའི་ཚོགས་གཞོན་དོན་གྲུབ་ལྷ་དར་གཉིས་ཀྱི་གསུངས་པ་མངོན་པར་བསྟོད་དོ། ཡིན་ནའང། མི་སྒེར་གྱི་མིང་མ་འབོད་མ་གཏོགས་མ་འོངས་པ་ང་ཚོ་ལས་མེད་ཆགས་རྒྱུ་ཡིན་པ་ཏན་ཏན་རེད་ཅེས་ཞུས་པ་ན། ཡང་མཁས་མདོག་ཟོལ་བརྫུ་སྨྲ་ར་ཅན་གྱིས་ལག་གཡས་ཀྱི་མཛུབ་མོས་མིག་ཤེལ་གདོང་ལ་ཐེངས་གཅིག་གཏད་དེ། རེད་རེད་རེད། དེ་བསུབ་ཆོག འོན་ཀྱང་བསུབ་དགོས་པའི་རྒྱུ་མཚན་བཟའ་ཚང་དང། དགའ་རོགས། གྲོགས་པོ་ཚོར་རྩ་བ་ནས་བཤད་རྒྱུ་མེད། ཆང་འཐུང་སྐབས་ཀྱང་རྩ་བ་ནས་བཤད་རྒྱུ་མེད། བཤད་པ་ཡིན་ན། ཟམ་གདོང་སོགས་ཀྱིས་རྡ་ས་ནས་འཛུལ་ས་མེད་པ་ཞིག་བཟོ་ཐག་ཆོད་བཟོ་ཡི་རེད་ཅེས་རྟིང་ནོན་གྱི་ཚུལ་དུ་བཀའ་ཕེབས། གླེན་ནངག་དོན་ལྷས་ལག་པ་གནམ་དུ་འཕྱར་ནས་ཐལ་མོ་བརྡབས་པ་ན། ལ་ལ་ནི་ངོ་གནག་བཞིན། ལ་ལ་ནི་མིག་ནས་ཆུ་མ་ཐོན་བཞིན། མཉམ་དུ་ཐལ་མོ་སྦག་སྦག་བརྡབས་པར་གྱུར།

    དེའི་ཕྱི་ཉིན་རྡ་སའི་ཉི་མ་ཐང་ལ་བབས་པའི་སྐབས་དེར། གསར་འགོད་པ་རྣམས་བྱ་རྒོད་ཤ་ལ་རོལ་བ་བཞིན་གཞོན་ལྷན་ལས་ཁུངས་སུ་བབས། བཤང་བཙོང་ལྷན་ཁང་གི་ཨ་ཅག་སྒྲོལ་མའི་གདོང་ལུགས་ནས་ཡོད་པ་གསར་འགོད་པ་བློ་བཟང་དབང་རྒྱལ་གྱིས་མཐོང་བས། བློ་བཟང་དབང་རྒྱལ་ཧྲག་དིར་སེ་གད་མོ་བགད། རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོས་རང་གི་མགོ་ཅོག་ཙེ་འོག་ཏུ་མ་ཤོང་བར་མདུན་གྱི་ཀམ་པི་ཌིར་ཚུར་འཐེན་ནས་བཀབ་ནས་བསྡད།

    བོད་ཀྱི་དུས་བབ་ཚང་གི་གསར་འགོད་པས། གསུམ་བཅུའི་དུས་དྲན་གཞུང་འབྲེལ་མཛད་སྒོ་རེད། གཞུང་གི་ལངས་ཕྱོགས་དབུ་མའི་ལམ་རེད། ཁྱེད་ཚོགས་པ་ལྔ་རང་བཙན་ཡིན་ལབ་ཀྱི་ཡོད་པ་རེད། སོང་ཙང་དེ་ཉིན་གྱི་མི་མང་ལས་འགུལ་ལ་ཁྱེད་ཚོར་འབྲེལ་བ་ག་རེ་འདུག་ཅེས་བཙུར་པ་ན། རིག་གཞུང་འགན་འཛིན་ཁ་མྱང་མྱང་ཙམ་བྱས་ཏེ་བཤད་རྒྱུ་མ་རྙེད་པར་སྨྲ་ར་ཅན་གྱི་གདོང་ལ་བལྟས། སྨྲ་ར་ཅན་གྱིས་ད་མ་བཤད་དུས་རྐུབ་བརྡོལ་གྱི་ཡོད་པ་ཤེས་ཏེ། སྔར་གྱི་ལམ་སྲོལ་ཙམ་རེད་ཝ། སྔར་གྱི་ལམ་སྲོལ་ཙམ་རེད་ཝ་ཞེས་ཚར་གཉིས་སྨྲས་ཏེ་སྐད་ཆ་མཚམས་ཆད།

    ཨེ་ཤ་ཡའི་དབུས་གཙང་གསར་འགོད་པས། ད་ལོར་དམིགས་བསལ་ཡིན་མདོག་འདི་ག་རེ་ཡིན་ཞེས་དྲི་བ་བཏང། ཡང་སྨྲ་ར་ཅན་གྱིས་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ ༡༠༠ འཁོར་བས་ཡིན་ཟེར། དེ་མུར་ཨ་མདོའི་གསར་འགོད་པས། རང་བཙན་གསལ་བསྒྲགས་ཡིན་མིན་རྩོད་པ་འདུག་པས་རྒྱུ་མཚན་གལ་ཆེན་གཅིག་གསུངས་དང་ཞེས་པས། རྡོ་རྗེ་ཚེ་བརྟན་གྱི་མགོ་ཅོག་ཙེ་འོག་ནས་ཡར་བཀྱགས་ཏེ་འཇམ་དབྱངས་ནོར་བུ་དང་སྣར་སྐྱིད་ངག་དབང་དོན་གྲུབ། ལྷ་སྒྲོན་དང་བསྟན་རྡོར་ཁོང་ཚོ་སྐད་ཆ་བྱུང་འདུག་ཅེས་སྨྲས། ཡང་གསར་འགོད་པ་བློ་དབང་གད་མོ་ཧྲག་དིར་སེ་ཤོར།

    བོད་ཀྱི་བང་ཆེན་གྱི་གསར་འགོད་པ་ཆོས་ཉིད་ཀྱིས་གདོང་ལ་མིག་ཤེལ་ནག་པོ་ཞིག་བརྒྱབས་ཏེ། ལག་པ་ཡ་གཅིག་མདུན་དུ་བསྲིངས་ནས་་་གཞོན་ལྷན་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་གང་དུ་ཕེབས་ཞེས་དྲིས། རིག་གཞུང་འགན་འཛིན་གྱིས་ཚོགས་གཙོ་དང་དྲུང་ཆེ་ཕྱོགས་བསྐྱོད་ཡིན། ཚོགས་གཞོན་གྱིས་དེ་རིང་ཞོགས་པར་ཁ་པར་སླེབས་ནས་འཆམ་པ་བརྒྱབས་སོང་ཟེར། འཁྲིས་ཀྱི་ཇ་ལྡུགས་མཁན་ཡིག་སྐྱེལ་ཨ་ཅག་དེས་སྐད་ཆ་དེ་གོ་ནས། འཇིགས་མེད་ལགས། ཚོགས་གཞོན་ལས་ཁུངས་སྦུག་ན་བཞུགས་འདུག་ཅེས་ལབ། ཡང་གསར་འགོད་པ་ཚང་མ་གད་མོ་ཧྲག་དིར་སེ་བགད་ནས།། ཚང་མས་ཅི་ཡང་མི་སྨྲ་བར་རང་རང་གི་པར་ཆས་དང་ཤོག་སྨྱུག་ཁུག་མར་བཅུགས་ནས་ཕྱིར་འཁོར།།
    ཤུལ་ན་མཆོད་ཁྲིའི་སྒང་གི་འབག་སྐུ་ཚོས་རྔུལ་ནག་ཕྱིས་མ་ཟད་གསུང་འབྱོན་ཏེ་རྗེས་མ་ནས་འདི་འདྲ་མེད་གདའ་ཞེས་རང་རང་སར་ཕེབས་སོང།། ཧཧཧཧཧ ཧཧཧཧཧ

    སྐད་ཆ་དེ་དབུ་མ་ཚང་གི་འདྲེན་པ་ཆེན་པོ་ཤར་ཕྱོགས་ཁུག་རྟ་སོགས་ཀྱིས་ཐོས་པས། ཕྱག་གཉིས་ཁ་སྦུབས་སུ་བསྣོལ་ནས ༄༅།། འགྲོ་བའི་སྡུག་བསྔལ་མ་ལུས་པ།། དེ་ཀུན་རང་རློམ་ཆེ་བས་བྱུང།། དེས་ན་སོར་སྐྱེས་འདི་དག་ལ།། རྣམ་དཔྱོད་ཡང་དག་ཐོབ་གྱུར་ཅིག། ཅེས་སྤྱན་ནམ་མཁར་བགྲད་དེ་སྨོན་ལམ་བཏབས།

    དེ་ནས་དྲ་དམངས་ཀྱི་སྡེ་ནས་གསན་པ་ན། དོལ་རྒྱལ་པ་ལ་སྤྲུལ་སྐུ་དབང་ཆེན་དང་བླ་མ་རྫུན་མ་ཧེ་རུ་ཀ་སོགས་ཀྱིས་ཀྱང་ཡར་བཤད་མར་བཤད་མི་རྣམས་ཀྱི་རྣ་བ་ནི་ལག་པ་གཉིས་ཀྱིས་འགེབས་དགོས་པའི་ཚུལ་དུ་སོང་བ་ན།

    སྲིད་སྐྱོང་ནས་གསུམ་བཅུའི་དུས་དྲན་ཉིན་གཞུང་གི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་སྤེལ་རྒྱུ་ལ་འགྱུར་བ་མེད་པས་མི་མང་གིས་རང་ཚུགས་མ་ཤོར་བ་གནང་རོགས་ཞེས་གསུངས་བར་མི་མང་གིས་་་་ཆོལ་ཁ་གསུམ་ལ་རང་སྐྱོང་དགོས། རྒྱ་བོད་གཉིས་ཀ་ཁྲི་ལོར་ཤོག་ཅེས་སྐད་འབོད་བརྒྱབས་ཏེ་མཇུག་རྫོགས་པར་ཞེས་གསོལ་བ་ན།།

    ཁྲིམས་དཔོན་གད་མོ་ཤོར་ནས་་་་འཛམ་གླིང་ལ་གསར་འགྱུར་གསར་བ་ཞིག་ཆགས་་་་་

  24. ཇ་མ་ says:
    2013-03-07 at 2:10 pm

    སེམས་ཤུགས་ཅན་གྱི་གླིང་ཚ་ལགས། ད་ལྟའི་བར་དུ་ཁྱེད་ཀྱིས་དང་བླངས་ཀྱི་མཛད་རྗེས་མང་པོ་ལ་དགའ་ནི་བསོ་ནི་ཡིན། བཀའ་དྲིན་ཆེ། གནས་སྐབས་རིང་ལ་ཁྱེད་སྐུ་ངལ་གསོས་ནས་བཞུགས་ན་མི་ལེགས་སམ། གནའ་མིའི་གཏམ་དཔེར། ཟས་ཟ་ཚོད་ཐུག་ན་འབྱུང་བཞི་བདེ། དཔའ་འཐབ་ཚོད་ཐུག་ན་རང་སྲོག་འཚམས་ཟེར། ཐེངས་གཉིས་པར་གོམ་འགྲོར་ནུས་བ་དམིགས་བསལ་ཡོང་མི་སྲིད་པ་ཡིན། དེ་བས་ང་ཚོའི་ཐབས་ལམ་གཞན་བཙལ་ན། ཐབས་མཆོག་རེ་རྙེད་སྲིད་པ་ཡིན། ངས་ཁ་གསལ་བོར་བཤད་ཁྱེད་རང་ལྟ་བུའི་སེམས་ཤུགས་ཅན་ཞིག་བོར་སོང་ན་ང་ངོ་མ་འགྱོད་པ་ཆེན་པོ་འདུག་ལགས།

  25. གནམ says:
    2013-03-07 at 4:18 pm

    ཁྱོད་བོད་རིགས་བུ་ཕྲུག་གི་ཆེད་དུ་ནི་སྐྱེས་མི་འདུག། ཁྱོད་བོད་རིགས་ཕ་མའི་ཆེད་དུ་ནི་སྐྱེས་མི་འདུག། ཁྱོད་བོད་རིགས་སྲིང་མོའི་ཆེད་དུ་ནི་སྐྱེས་མི་འདུག། བོད་རིགས་དགྲ་སྡང་ཚོའི་ཆེད་དུ་ནི་སྐྱེས་མི་འདུག། འགན་ཆོག་པ་དེ་ཚོ་ལ་འགན་ལེན་མི་བྱེད་པར། ཨུ་ཚུགས་དང་ངོ་ཚ་ཙམ་གྱི་དོན་ལ་དེ་འདྲའི་ཁྲེལ་མེད་ཞིག་བྱེད་དོན་ཅི་ཞིག་ཡིན།

    མང་པོ་ཞིག་གི་སྔུན་དྲངས་ནས་འཐབ་རྩོད་ལ་ཞུགས་པ་ནི་ཁྱེད་ཀྱི་རེ་བ་དང་པོ་དེ་རེད། དེ་འདྲ་བྱེད་མ་ཐུབ་པ་རེད། ད་ཁྱེད་ར་མ་གཅིག་པོ་འཕག་ན་འཕག་ཤེད་ཞིག་མེད་པ་གསལ་བོ་རེད། དེ་ན་ངའི་ལམ་འདི་རང་ནས་སྒྲུབ་དགོས་བ་དང་ཤི་དགོས་བ་ཞིག་ལས་ལམ་ཁ་མང་པོ་མེད་པ་ཅི་རེད།
    དྲིན་ཆེན་པོ་སེམས་མེད་དེ་འདྲ་མ་བྱེད།

  26. ཀླུ་སྨྱོན། says:
    2013-03-07 at 5:00 pm

    “གནའ་ནས་བཟུང་དབྱིན་ཇི་བའི་རང་བཙན་ཕྱོགས་ཁག་དང་ངན་འབྲེལ་བྱས་ཏེ་ཁོང་ཚོའི་ལག་གཡོག་ཏུ་གྱུར་བ།”
    ཚིག་དུམ་འདི་ངས་རྒྱ་མིའི་གསར་ཤོག་དག་ལས་ཡང་ཡང་མཐོང་མྱོང་། ད་དུང་ཀྲུང་གོའི་བོད་ལྗོངས་དུས་དེའི་སྟེང་དུ་ཡང་ཚར་བརྒྱ་ཕྲག་སྟོང་ཕྲག་བརྒལ་བ་བྲིས་འདུག ཇོ་བོ་རིན་པོ་ད་ཡིན་ན་ཚར་འདུག གུ་རུ་རིན་པོ་ཆེས། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ །ཞེས་པ་དེ། མཐའ་མ་རྡ་ས་རྒྱ་མིའི་འོག་ཏུ་འགྲོ །ཞེས་པར་བསྒྱུར་ན་ལེགས།

  27. གསེར་འབྲུག་སྡེར་ལྔ་ says:
    2013-03-07 at 5:11 pm

    ༄།།བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་བཏང་བའི་རོ་ཐོག་ཏུ་རྟ་རྒྱུགས་གཏོང་བཞིན་པའི་མདོ་ཞེས་བྱ་བ་བཞུགས་སོ།

    འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་འཕགས་པའི་ཡུལ་གྱི་བྱང་ཕྱོགས་རྡ་རམ་ས་ལ་ཞེས་བྱ་བ་གནའ་སྔ་མོ་མི་བཞག་ནས་ཁྱི་ཡང་མི་འཁོར་ས་འདྲེ་ངན་གནས་བཅའ་སའི་ཁུག་འཁྱོག་དེར། བོད་དང་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་བཀྲིན་མཚུངས་ཟླ་མ་མཆིས་པ་སྐྱབས་མགོན། ༧རྒྱལ་བའི་དབང་པོ་འཁོར་མ་ལུས་ཤིང་ལུས་པ་མེད་པ་གཞུང་འབངས་འབུམ་ཕྲག་རྒལ་བ་གནས་ཚང་དྲིན་ཆེན་གྱིས་འཛམ་གླིང་ལ་སྦས་པའི་ཕྱིར་གནས་དེར་གདན་འདྲེན་ཞུས་ཏེས། ལོ་ངོ་དྲུག་བཅུ་ལྷག་ཙམ་སོང་བའི་དེ་རིང་གི་ཉིན་མོ་འཛམ་གླིང་གི་མི་སྣ་འཛོམས་ས་བཞུགས་སྒར་རྡ་རམ་ས་ལ་ཞེས་བྱ་བ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ཆེན་པོ་གངས་ཅན་སྐྱིད་གཤོངས་ཞེས་བྱ་བའི་དབུས་ཀྱི་རྒྱལ་བ་བཀྲིན་གསུམ་ལྡན་༧གོང་ས་སྐྱབས་མགོན་ཆེན་མོས་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མུག་ཤི་ཐེབས་གྲབས་ལས་མྱུར་སྐྱོབས་ཀྱི་ཐབས་ལམ་ལ་གཟིགས་ཏེས། ཡུལ་པེ་ཅིང་ཞེས་བྱ་བའི་ཀྲུང་ནན་ཧེའེ་ཡི་དཀྱིལ་འཁོར་ཆེན་མོར་ཞལ་གཟིགས་ནས་ཞལ་འཛུམ་པར་མཛད་དེས། བོད་གངས་ཅན་གྱི་ལྗོངས་སུ་བསྟན་སྲིད་ཉི་མ་ནུབ་ལ་ཉེ་བས་དཀྱིལ་འཁོར་གངས་ཅན་སྐྱིད་གཤོང་གི་ངོས་ནས། ཡུལ་གངས་ཅན་ལྗོངས་ཀྱི་སྔར་གྱི་བདག་དབང་ཆ་ཚང་བློས་གཏོང་མཛད་པ་ཡིན་ལ། ད་ནས་བཟུངས་ཡུལ་གངས་ཅན་ལྗོངས་ཀྱི་སྔར་གྱི་བདག་དབང་རྩོད་ཀྱི་མེད་ལ་གླེང་གི་ཡང་མིན་པས། ཡུལ་པེ་ཅིང་གི་ཀྲུང་ནན་ཧེའེ་ཡི་དཀྱིལ་འཁོར་གྱི་ཟུར་ཞིག་ཏུ་འཇོག་རྒྱུའི་རེ་སྨོན་དང་བཅས་དབུ་མའི་ས་ལམ་གྱི་རྣམ་གཞག་སྲོལ་གཏོད་པ་མཛད་དོ།
    དེའི་ཚེ་དེའི་དུས་ན་ཞིང་རྡ་ས་ཞེས་བྱ་བའི་དཀྱིལ་འཁོར་གངས་ཅན་སྐྱིད་གཤོང་གི་དཀྱིལ་འཁོར་གྱི་གཙོ་བདག་ཟམ་གདོང་བླ་མ་ཞེས་བྱ་བ་དགྲ་ལ་ཁ་ཕྱོགས་དུས་ཞི་མི་ལྟར་ཆགས་འགྲོ་བ་དང་། ཁ་ནང་ལ་ཕྱོགས་དུས་སྟག་ལྟར་ཆགས་འགྲོ་བ་དེས་ཡུལ་པེ་ཅིང་གི་དཀྱིལ་འཁོར་ཀྲུང་ནན་ཧེའེ་ཡི་ཟུར་དུ་ཞུགས་རྒྱུའི་མངོན་འདོད་དཀྱིལ་འཁོར་རང་སྐྱོང་ཞེས་བྱ་བ་དེའི་འགྲེལ་བཤད་ཡིག་ཆ་ཤོག་ལྷེ་འགའ་དང་བཅས། ཕོ་ཉ་མངགས་ཏེས་ཡུལ་པེ་ཅིང་གི་ཕྱོགས་སུ་གཏོང་བར་མཛད་དོ། ཞིང་རྡ་སའི་དཀྱིལ་འཁོར་གངས་སྐྱིད་ནས་མངགས་པའི་ཕོ་ཉ་ཉན་ཐོས་ཆེན་པོ་རྒྱ་རི་ཚང་ཞེས་བྱ་བ་སྐུ་མདོག་དཀར་ལ་སྐུ་ཤ་ཅུང་རྒྱགས་པ་དང་། དགྲ་བཅོམས་པ་སྐལ་བཟང་རྒྱལ་མཚན་ཞེས་བྱ་བ་སྐུ་མདོག་ནག་ལ་ནམ་རྒྱུན་གཏམ་བཤད་དང་གསུང་བཤད་གནང་དུས་མིག་གཉིས་བཙུམས་ཏེས་ཞལ་ནས་རྒྱུན་ཆད་མེད་པ་ལུའུ་ལུའུ་གསུང་མཁན་འཁོར་དང་བཅས་པ་ཞིང་པེ་ཅིང་གི་ཕྱོགས་སུ་བཤེགས་སོ། དེའི་ཚེ་ཞིང་པེ་ཅིང་ན་དཀྱིལ་འཁོར་ཀྲུང་ནན་ཧེའེ་ཡི་དཀྱིལ་འཁོར་འོག་མ་འོག་མ་དབུས་འཐབ་ཕྱོགས་ཅིག་གྱུར་པུའུ་ཞེས་བྱ་བའི་གཙོ་འཁོར་དང་བཅས་པས་སྣེ་ལེན་ཟབ་རྒྱས་དང་གསོལ་སྟོན་ཟབ་རྒྱས་བཤམས་ཏེས་ཡར་རྒྱས་ཕྱིན་ཟིན་པའི་དག་ཞིང་ཁག་ལ་གདན་དྲངས་སོ། ཕོ་ཉ་ཉན་ཐོས་དང་དགྲ་བཅོམས་པ་འཁོར་དང་བཅས་པས་དག་ཞིང་ཁག་ལ་གཟིག་བསྐོར་བསྒྲུབས་པ་དང་། ཞིང་རྡ་ས་ནས་བསྐུར་བའི་དཀྱིལ་འཁོར་གངས་སྐྱིད་ཀྱི་མངོན་འདོད་དབུ་མའི་ས་ལམ་གྱི་རང་སྐྱོང་གི་འགྲེལ་བཤད་ཡིག་ཆ་དེ་དཀྱིལ་འཁོར་འཐབ་ཕྱོགས་གཅིག་གྱུར་པུའུ་གཙོ་འཁོར་དང་བཅས་པར་ཕུལ་བས། དཀྱིལ་འཁོར་འཐབ་ཕྱོགས་པུའུ་ཡིས་ལེགས་པར་གསན་གཟིགས་གནང་རྗེས་ངོ་བོ་བསྒྱུར་བའི་རང་བཙན་དང་། རྣམ་པ་བསྒྱུར་བའི་རང་བཙན་དང་། ཕྱེད་རང་བཙན་སོགས་ཀྱི་མཚན་ལེགས་པར་གསོལ་ཏེས་རྒྱུན་སྐྱོང་དང་མཐའ་སྐྱོང་སོགས་འགྲུབ་ཏུ་མེད་པའི་ཆ་རྐྱེན་དང་བཅས་ཞིང་རྡ་སར་ཕྱིར་སློག་བཏང་བའོ། དེའི་ཚེ་དེའི་དུས་ན་ཕོ་ཉ་ཉན་ཐོས་ཆེན་པོ་དང་དགྲ་བཅོམས་པ་གཉིས་ཀྱིས་ཀྱང་ནུབ་ཕྱོགས་ཀྱི་དག་ཞིང་ཁག་དང་ཤར་ཕྱོགས་ཀྱི་དག་ཞིང་ཁག་གི་གསར་ལམ་ཁག་ཏུ་ཞིང་པེ་ཅིང་ལ་ཡུལ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ལ་སྲིད་ཞུ་བསྒྲུབ་འདོད་མེད་ལུགས་སོགས་་ནོར་འཁྲུལ་ཡོད་ཚད་ཞིང་པེ་ཅིང་གི་ཕྱོགས་སུ་གཡུགས་ཏེས་རྐུབ་བརྡབ་བརྡབ་བཏང་ཏེས་ནུབ་ཕྱོགས་ཀྱི་དག་ཞིང་དུ་རང་གནས་སུ་གཤེགས་སོ། མ་ཟད་དེའི་ཚེ་དབུས་ཀྱི་རྒྱལ་བའི་དཀྱིལ་འཁོར་གྱི་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་ནུབ་ཕྱོགས་ཀྱི་གསར་ལམ་ཁག་ཏུ་དབུ་མའི་ས་ལམ་ལ་འབྲས་བུ་མ་བྱུང་ངོ་ཞེས་གསུངས་སོ།

    དེའི་རྗེས་རྒྱལ་བའི་དཀྱིལ་འཁོར་གྱི་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་ཡུལ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་གཉིས་ལས་སྲིད་ཀྱི་ཐུགས་འགན་བགྲེས་ཡོལ་ལ་ཕེབས་རྗེས་ཀྱི་དེ་རིང་གི་ཉིན་མོ་འདིར། ཞིང་རྡ་རམ་ས་ལ་ཞེས་བྱ་བར་སྐབས་འཚོལ་རིང་ལུགས་པའི་དབུ་མའི་ལས་འགུལ་ཁང་ཞེས་བྱ་བའི་དཀྱིལ་འཁོར་ནང་གི་བྱིའུ་ཆུང་གཤོག་པ་མེད་པ་དེས་གཙོས་གཤོག་མེད་ཀྱི་འདབ་ཆགས་འགས་སྐར་ལྔའི་དར་དམར་གྱིས་གཤོག་སྒྲོ་ཞིག་བཏགས་ཏེས་ཞིང་པེ་ཅིང་གི་ཕྱོགས་སུ་འཕུར་གྱི་ཡོད་ཚུལ་བཤད་དེས། ཡུལ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་བཅས་པའི་དོན་དུ་རང་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་ཚོའི་རོ་ཐོག་ཏུ་རྟ་རྒྱུགས་གཏོང་བའི་ལམ་ལུགས་ཞིག་དར་སྤེལ་གཏོང་བཞིན་པའི་སྒང་འདིར། རྒྱལ་བའི་དཀྱིལ་འཁོར་གྱི་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་དང་དབུས་ཀྱི་དཀྱིལ་འཁོར་གཙོ་བདག་དང་བཅས་པ་ཅང་མི་སྨྲ་བར་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་སོ།

  28. ཆོས་འཕེལ་དར་རྒྱས་ says:
    2013-03-07 at 5:13 pm

    སྐད་ཆ་དྲང་མོར་བཤད་ན་གླིང་ཚ་རང་གཅིག་པོར་གོམ་བགྲོད་ལ་སོང་ན་འདྲ་མ་སོང་ན་འདྲ་རྒྱ་བོད་རྙོག་འཛིང་སེལ་ཐབས་ལ་ཕན་དེ་ཙམ་ཡོད་པ་མ་མཐོང་། སེམས་ཤུགས་ལ་རྗེས་སུ་ཡུ་རིང་ཡོད། མྱི་གཅིག་རེ་གཉིས་རེ་གོམ་བགྲོད་ལ་འགྲོ་བ་ལས་གོང་ས་མཆོག་ནས་འགོ་བཟུང་སྐྱབས་བཅོལ་བོད་མི་ཡོད་དོ་ཅོག་བོད་ལ་ལོག་འགྲོ་བའི་གོམ་བགྲོད་ཀྱི་ལས་འགུལ་གཅིག་སྤེལ་ན་ང་ཚོ་ལ་ལྟ་རྒྱུ་ཞིག་འདུག ཁ་མིན་དོན་གྱིས་ང་ཚོ་ཚང་མས་དེ་འདྲའི་ལས་འགུལ་ཞིག་སྤེལ་བ་དང་ཕྱིར་འཐེན་བྱེད་ས་མེད་པ་ཞིག་བཟོ་ཐུབ་ན་རང་ལྟ་བུ་ལ་མཚོན་ན་བརྒྱ་ཆ་བརྒྱ་ཡོང་གི་ཡིན།

  29. ཐབས་ཇུས་ཅན says:
    2013-03-07 at 9:55 pm

    གོང་གི་ ( མཆན་ ༢༨ པ )ཆོས་འཕེལ་དར་རྒྱས་ལགས་ལ་ཞུ་རྒྱུར།
    ཁྱེད་རང་གི་སྐད་ཆ་འདིས་ཁྱེད་རང་ལ་ཆབ་སྲིད་ཀྱི་གོ་རྟོགས་ཏིལ་འབྲུ་ཙམ་ཡང་མེད་པ་ཤེས་ཐུབ་པས། རྗེས་སུ་ཁ་བཙུམས་ནས་བསྡད་ན་ཡག་ཤོས་རེད།
    ཤ་ཚ་བའི་གཏམ་ཡིན་པས་ཕོག་ཐུག་མི་འགྲོ་བའི་རེ་བ་ཡོད།

  30. རྒྱ་མཚོ་ཆེན་པོ་ says:
    2013-03-07 at 10:25 pm

    ས་ཡ་དྲུག་གི་བུ་ཁྱེད་རྒྱལ་ལོ་ ལས་འགུལ་ཇི་ལྟར་ཡང་རྒྱབ་སྐྱོར་སྙིང་ནས་ཡོད་

  31. ཐབས་ཇུས་ཅན says:
    2013-03-07 at 10:39 pm

    གོང་གི་ མཆན་ ༢༧པ་གསེར་འབྲུག་སྡེར་ལྔ་ཟེར་བ་འདིའང་གྲྭ་ས་ནས་ ( མདོ ) ་ཁ་འདོན་མི་བྱེད་པར་ཁྱིམ་ཚང་ནང་ལ་མདོ་གསུང་གི་ཕེབས་པར་བྲེལ་བ་ལང་གི་ཡོད་པ་འདྲ།

  32. ཅོག་རོང་གི་མྱི། says:
    2013-03-07 at 11:20 pm

    མི་ཞིག་དང་མི་རིགས་ཞིག་དང་སྲིད་གཞུང་ཞིག་དང་ལམ་ཞིག་ལ་རང་ཚུགས་དང་ལ་རྒྱ་དང་རྣ་ཅོག་དང་ངོ་ཚ་དང་ཁོག་དབང་དང་དམ་བཅའ་མེད་སོང་ན། དེའི་གང་ཟག་དང་སྤྱིའི་དོན་འགྲུབ་མི་ནུས་ལ་སྐབས་འགར་འགྲུབ་རུང་ངོ་ཚ་བོར་བའི་རྣམ་ཐར་ཞིག་ཡིན། 

  33. གསེར་འབྲུག་སྡེར་ལྔ་ says:
    2013-03-08 at 3:33 am

    ཐབས་ཇུས་ཅན་ལགས།
    མདོ་གྲྭ་ས་ཁག་ཏུ་མ་གཏོག་ཁྱིམ་ཚང་ནང་ལ་མདོ་གསུང་མི་ཆོག་པ་དང་གསུང་མི་དགོས་པའི་རྒྱུ་མཚན་ཞིག་ཨེ་ཡོད། མ་གཞི་སྟོན་པས་མདོ་གསུངས་བ་དེ་བསྟན་པ་སྤྱི་མཚན་གྱི་དབང་དུ་གསུངས་བ་རེད་མ་གཏོག་གང་ཟག་དགོས་མཚན་གྱི་དབང་དུ་གསུངས་བ་ཞིག་ཡིན་རྒྱུ་མ་རེད་པཱ། དེས་ན་ཁྱིམ་པ་ཕོ་མོ་ཡང་ནང་པ་ཡིན་རྒྱུ་རེད་ལ་ནང་པ་ཡིན་ན་མདོ་ཡིན་ཅིག་ཤེས་དགོས་པས་ཕྱིར།

  34. རང་དབང་ཨ་རྡུ་མན། says:
    2013-03-08 at 4:23 am

    གླིང་ཚ་ཚེ་རྡོར་ལགས། ངས་ཁྱེད་ལ་སྙིང་གཏམ་དུམ་བུ་ཞིག་ཞུ་འདོད་བྱུང་་་་་དེ་སྔར་རང་གིས་བློ་སྟོབས་རབ་ཏུ་བསྐྱེད་དེ་གོམ་བགྲོད་ཕྱིན་པ་དེར་འཇུག་འབྲས་ལ་རང་ཉིད་ཡུན་རིང་བཙོན་དུ་བཅུགས་ནས་བརྩེ་བའི་ཕ་མ་གཉིས་དང་གཟའ་མའི་བུ་ཕྲུག་ཚོར་སེམས་སྡུག་ཇི་ཙམ་སྤྲད་པ་དེ་ངས་བརྗོད་མི་དགོས་པར་རང་གིས་མཁྱེན་གསལ་རེད། དེ་མིན་གྱི་བོད་བསྟན་སྲིད་ལ་ཕན་པའི་འབྲས་བུ་ནི་ནམ་མཁའི་མེ་ཏོག་རང་དུ་མངོན་་་་་ད་རེས་ཡང་བསྐྱུར་ཕྱིན་པ་ཡིན་ན་འཇུག་འབྲས་ནི་གོང་དུ་ཞུས་པ་དང་ཅིས་མཚུངས་ཡིན་ལ་
    ད་དུང་འཕར་མ་ཞིག་ནི་རང་གི་བརྩེ་བའི་ཕ་མ་གཉིས་ཀྱི་ཚེ་སྲོག་དེ་ཕེབས་སྐྱེལ་ཞུ་ཡང་སྲིད། དེ་དུས་འགྱོད་པ་སྐྱེས་ནའང་ཕྱིས་དྲག་པ་རེད། སོང་ཙང་ཕ་བཟང་གི་བུ། དེ་འདྲ་མ་གནང་། དངོས་གནས་མ་བྱེད། དྲིན་ཆེན་ཕ་མ་གཉིས་ཞལ་བཞུགས་པའི་དུས་ལ་
    སོ་སོའི་ངོས་ནས་གང་ཡོང་ཅི་ཡོང་གིས་ཞབས་ཕྱིས་ཞུས་ན་་་་་དྲིན་ལན་འཇལ་རྒྱུའི་རེ་བ་ཞིག་ཡོ་རེད།
    མ་ཟད་སོ་སོའི་གཅེས་པའི་ཕ་མ་གཉིས་དང་གཟའ་ཟླ་བུ་ཕྲུག་ཚོ་གཡུགས་ནས་ཟུར་ཞིག་ལ་བོད་དོན་སྒྲུབ་ཁུལ་བྱེད་པ་དེ་ནི་་་་་
    བློ་ལ་འཐད་པོ་རང་མི་འདུག་་་་་་ཧ་ཧ་ཧ་ཅིས་བྱས་ན་ང་བློ་རྒྱ་ཆུང་྄ཆུང་རེད་དྲན་སྲིད་ཀྱི་རེད་་་་་་
    ཡིན་ནའང་དོན་དངོས་ཐོག་ལ་དེ་འདྲ་བྱས་ནས་བོད་བསྟན་སྲིད་ལ་ཕན་ཐོག་ཞིག་ཡོད་ན་ནི་ཡིན་དུ་ཡིན་ངས་ཀྱང་ཁྱེད་ལ་བསྟོད་བསྔགས་བྱས་ཆོག །ཁྱེད་རང་གི་བྱ་བ་འདིས་དེ་འདྲའི་ཕན་ཐོག་མེད་པ་ནི་ཕྱིར་བལྟས་ནང་གསལ་རེད་་་་སོང་ཙང་ངས་རང་ལ་སྙིང་གཏམ་དུམ་བུ་དེ་ཞུ་པ་ཡིན།

  35. ཨ་ཕྱི་ཆོས་སྒྲོན says:
    2013-03-08 at 5:21 am

    སོ་སོའི་གཅེས་པའི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་ཚོ་གཡུགས་ནས་སྙིང་པོ་མེད་པའི་བོད་དོན་སྒྲུབ་ཁུལ་བྱེད་པ་དེ་ནི་དབང་རྩ་ལ་སྐྱོན་ཤོར་བ་རེད། ཕ་རུས་དང་མའི་སེམས། སྙིང་ལས་གཅེས་པའི་ཕྲུ་གུ་བཟའ་ཟླ་ལ་རོགས་གྱིས། བོད་དོན་སྒྲུབ་དང་བུ་རབས་རེད། དེ་མིན་བོད་པ་སྤྱིའི་བླ་བཙོང་རེད།་་་་་ད་མཚམས་ཞོགས་ནས་ཁྱིམ་དུ་ཤོགས། ད་ཆོག་ཐལ། ཡང་སྐྱར་བལ་ཡུལ་མགྲོན་ཁང་དུ་སང་མ་སོང་ཅི་ཀ་མེད་ཁི་ར། བལ་ཡུལ་ན་དེ་འདྲ་བ་མང་ནི་རེད། ད་ཡིན་ན་ཡ་འགྲོ་མ་འགྲོའི་ས་མཚམས་རེད་འདུག ཡང་སྐྱར་ལམ་ལོག་ཏུ་མ་འགྲོ་ལོ། སྙིང་ཉེ་བའི་ཚིག་ལ་སྙན་པོ་མེད་ཀྱང་་་་་་་་་ཨ་ཕྱིས་སྙིང་གཏམ་ཡིན་་་་་་་་་

  36. ཆོས་འཕེལ་དར་རྒྱས་ says:
    2013-03-08 at 6:17 am

    མཆན་༣༡་པ་ཐབས་ཇུས་ཅན་ལ་ཞུ་རྒྱུར།
    དེ་ན་ཁྱེད་དང་ཁྱེད་འདྲ་བ་དག་གིས་ཆབས་སྲིད་འགྲོ་ལུགས་ཤོད་དང་། ལྔ་དགུ་ནས་ད་བར་གཞུང་སྒེར་ཚོགས་སོགས་ཀྱི་ངོས་ནས་གོམ་བགྲོད་དང་སྐད་འབོད་རེ་རེ་མུ་མཐུད་དུ་བྱུང་ན་ཡང་རྒྱ་བོད་རྙོག་འཛིང་སེལ་བ་ཕར་ཞོག་ཛ་ཇེ་དྲག་ལ་འགྲོ་ནཞིན་ཡོད་པ་མ་རེད་དམ། སྟོད་སྨད་བར་གསུམ་ལ་མེ་ཁེར་འབར་དང་གོམ་བགྲོད་ཁེར་བྱེད། འཛམ་གླིང་གྲོང་ཁྱེར་ཁག་ལ་སྐད་ཁེར་འབོད་བྱེད་དོན་དེ་བོད་ཕྱི་ནང་གཉིས་མཉམ་འཛོམ་བྱེད་ཆེད་ཨེ་རེད་ལགས། འོན་ཀྱང་ང་ཚོའི་རྐང་པ་ཡུལ་གཞན་ཞིག་ལ་བཙུགས་ནས་སེམས་པ་བོད་གངས་ཅན་ལ་འཛིན་པ་འདིས་ད་བར་རྒྱ་བོད་རྙོག་འཛིང་སེལ་མེད་པ་ནི་ངོས་ཡོད་ཡིན་ལ་ད་དུང་འབྲས་བུ་བྱུང་རྒྱུ་ཡོད་མེད་ནི་བརྗོད་ཁག་པོ་མ་རེད་དམ།
    ང་ཚོས་ཡུལ་ལུང་རེ་རེ་ནས་འབོད་སྐུར་བྱེད་སའི་རྒྱལ་སྤྱིས་རོགས་པ་ནི་དེ་ལས་མཐོང་དཀའ་བོ་མི་འདུག་གམ། ང་ཚོར་དགོས་ཡ་དེ་རྒྱལ་སྤྱིའི་དོ་སྣང་དང་ཁ་ཡོད་ལག་ཡག་ཡོད་ཀྱིས་བོད་ཕྱི་ནང་གཉིས་ཁ་འཛོམ་ཡོང་རྒྱུའི་ཐབས་ཇུས་ལ་རོགས་པ་མ་རེད་དམ།
    གལ་སྲིད་བོད་པ་སྐྱབས་བཅོལ་བ་ཡོད་དོ་ཅོག་ཉིན་དེ་རེང་ནས་བོད་ལ་ལོག་འགྲོ་གི་ཡིན་ཟེར་ནས་ལམ་ལ་ཐོན་ན་འཛམ་གླིང་གསར་ལམ་ཁག་ལ་གང་ཙམ་གྱིས་བསྒྲག་རྒྱུ་རེད། དེ་ནང་བཞིན་ང་ཚོས་འཆི་གསོན་གང་ལ་ཐུག་ཡང་བོད་ལ་མ་སླེབས་པར་ཕྱི་འཁོར་མེད་པས་ལས་འགུལ་ཞིག་སྤེལ་ན་རྒྱ་གཞུང་གིས་མཐུན་ལམ་ཞིག་མི་སྤྲོད་རང་སྤྲོད་མ་རེད་དམ།
    གལ་སྲིད་རྒྱ་གཞུང་གི་མཐུན་ལམ་ཞིག་མ་སྤྲད་པར་ང་ཚོ་ཚང་མ་ས་འཚམས་ནས་བཀག་འགོག་གམ་ཐ་ན་མེ་མདའ་རྒྱབ་ནས་སྡེབ་གསོད་བྱས་ན་ཡང་ང་ཚོ་ལ་འཛམ་གླིང་མིག་ངར་འབུལ་རྒྱུ་དེ་ལས་ཨ་དགོས།
    མཐར་ངེད་ལྟ་བུ་ཆབས་སྲིད་མི་ཤེས་མཁན་དག་གིས་ཁྱེད་ལྟ་བུའི་ཆབས་སྲིད་འགྲོ་སྟེང་ལ་མཁས་བ་དག་ལ་ཞུ་རྒྱུ་ཞིག་ཡོད་པ་དེ་ནི་ཁ་ཚིག་སྣོན་པོས་བོད་ནང་གི་མི་ལ་འུར་མ་རྒྱག། ཁ་ཡོད་ལག་ཡོད་ཀྱི་གནས་སྟེང་བཤད་རོགས་གནང་ཟེར་བ་དེ་ཡིན།

  37. རིག་པའི་བུ says:
    2013-03-08 at 7:35 am

    འོད་ཟེར་སྟོང་ལྡན་གྱིས་ལོ་རྒྱུས་ལ་འཁྱོག་བྱེད་བྱས་ཚུལ་ལ་ལྟས་ན་གུང་བྲན་རང་གིས་སྒོར་མོ་མང་པོ་སྤྲད་ཡོད་ས་རེད།

  38. ལོ་མ་ལྗང་ཁུ says:
    2013-03-08 at 10:07 am

    ཚེ་རྡོར་ཁྱེད་ཀྱི་གོམ་བགྲོད་ལས་འགུལ་ལ་ན་ནིང་ནས་རྒྱབ་བསྐྱོར་བྱས་ཡོད་། ཡིན་ནའང་དར་དམར་འཁུར་བར་ངས་རྒྱབ་བསྐྱོར་བྱེད་ཐུབ་ཀྱི་མི་འདུག་

  39. དྲན་དཀར་དཔལ་ཡོན་ says:
    2013-03-08 at 12:25 pm

    ཚེ་རྡོར་ལེགས། ཞུ་རྒྱུ་ཞིག་ལ་རྒྱའི་རྒྱ་དར་ཁུར་མིན་ལ་ཞུ་རྒྱུ་མེད་སྐུ་ཉིད་ཀྱིས་ཐག་གཅོད་གནང་རོགས། དེ་མིན་སྐུ་གཤེགས་ཧུའུ་ཡོ་པང་གིས་པར་གཅིག་ཁུར་ཐུབ་ན་ཡག་པོ་རེད་བསམས། ཁོང་ལྟ་བུའི་འགོ་ཁྲིད་ཅིག་གི་ལྟ་གྲུབ་འོག་བོད་རྒྱ་གཉིས་མཉམ་གནས་ཐུབ་ཀྱི་རེད་སྙམ། དེ་ཙམ་མ་ཟད་ང་ཚོས་ཁོང་བརྗེད་མེད་པ་དང་དྲན་པའི་དུས་བབ་ཞིག་གྱང་རེད། །

  40. རིག་པའི་བུ says:
    2013-03-08 at 2:24 pm

    འོད་ཟེར་སྟོང་ལྡན་གྱིས་འཇམ་ནོར་སྐྱེས་དམན་དབྱིན་ཇི་གླིང་ཡང་གི་སྐྱེས་དམན་ནི་ཕུན་ཚོགས་བཀྲ་ཤིས་ཀྱི་བུ་མོ་རེད། མི་ཤེས་འདོད་ཨུ་ཚུགས་ཀྱིས་གཏམ་སྤེལ་བ་ནི་དྲང་མོ་མིན་པའི་དན་རྟགས་རེད། རང་བཙན་རྩོད་ན་སྒོར་མོ་འབབ་ཚུལ་གླིང་བ་ནི་བདེན་པ་མ་རེད། དེ་ལས་རང་ལྗོངས་གླེང་ན་བོད་རྒྱ་གཉིས་དང་མཐུན་པ་མ་ཟད་སུ་ལ་ཡང་དོ་ཕོགས་མི་འགྲོ་བས་སྒོར་མོ་བསམ་ན་དེ་ཡི་ལྷག་ཅིག་མེད། བདེན་གཏམ་མིན་པའི་གཏམ་ལ་ནམ་ཡང་ངོ་རྒོལ་ཡོད།

  41. གསེར་འབྲུག་སྡེར་ལྔ་ says:
    2013-03-08 at 4:37 pm

    ཁྲིམས་གཏུག་བྱེད་དགོས་ས་ངོ་མ་དེ་འོད་ཟེར་སྟོང་ལྡན་གྱི་སྨྱུག་མིང་འོག་ཏུ་གབ་པའི་གང་ཟག་འདི་རེད་འདུག། ཁོས་བུད་མེ་ལྷན་ཚོགས་བཤང་བཙོང་ལྷན་ཁང་ཞེས་སྨད་ཚོང་མ་རེད་ཞེས་དམའ་འབེབས་ཚད་རྒལ་བཏང་འདུག་ལ། མ་ཟད་གང་ཟག་སྒེར་པ་ཁག་གཅིག་གི་མི་གཞི་དང་འཚོ་བ་ལ་དམའ་འབེབས་བཏང་བ་དེ་ཁྲིམས་འགལ་རེད་ལ། ནམ་རྒྱུན་དུས་བབས་ཚང་གི་མཐུག་ཕྱོགས་ཀྱི་བསམ་ཚུལ་མ་གཏོག་འགོད་ཀྱི་མེད་ཀྱང་འོད་ཟེར་སྟོང་ལྡན་རྐང་བསྐྱངས་ལག་བསྐྱངས་གཏོང་དུ་འཇུག་དགོས་དོན་ག་རེ་ཡིན་ནམ། དེས་མ་ཟད་ཁྲི་རལ་མིང་ཅན་གྱིས་གལ་ཆེ་དོན་ཆེར་རྩིས་ནས་ཁ་བརྡ་ཚང་ལ་ནང་འདྲེན་བྱེད་སྟངས་འདི་ཡག་རྟགས་ཤིག་ཁྱོན་ནས་མ་རེད།
    དཔེར་ན་ལོ་ཤས་སྔོན་ཨ་རིར་གྱོན་ཆས་འཁྲབ་བསྟོན་པ་བུད་མེད་ཞིག་ལ་མི་ཞིག་གིས་སྨད་ཚོང་མ་ཞེས་བརྙས་ཚིག་བོར་བ་དང་བུད་མེད་དེས་མི་དེ་ཁྲིམས་གཏུག་བྱས་ཏེས་ཨ་སྒོར་ས་ཡ་མང་པོ་བླངས་བ་རྒྱལ་སྤྱིའི་གསར་གནས་ཁག་ཏུ་སྦིར་སྒྲགས་བྱས་སོང་། འདི་ཚོ་དྲ་རྒྱ་ཁག་གིས་སྟངས་འཛིན་ནན་མོ་བྱེད་དགོས་པ་རེད།

  42. དྲན་དཀར་དཔལ་ཡོན་ says:
    2013-03-08 at 11:57 pm

    ཚེ་རྡོར་ལེགས། ཞུ་རྒྱུ་ཞིག་ལ་རྒྱའི་རྒྱ་དར་ཁུར་མིན་ལ་ཞུ་རྒྱུ་མེད་སྐུ་ཉིད་ཀྱིས་ཐག་གཅོད་གནང་རོགས། དེ་མིན་སྐུ་གཤེགས་ཧུའུ་ཡོ་པང་གིས་པར་གཅིག་ཁུར་ཐུབ་ན་ཡག་པོ་རེད་བསམས། ཁོང་ལྟ་བུའི་འགོ་ཁྲིད་ཅིག་གི་ལྟ་གྲུབ་འོག་བོད་རྒྱ་གཉིས་མཉམ་གནས་ཐུབ་ཀྱི་རེད་སྙམ། དེ་ཙམ་མ་ཟད་ང་ཚོས་ཁོང་བརྗེད་མེད་པ་དང་དྲན་པའི་དུས་བབ་ཞིག་གྱང་རེད། །

  43. རིག་པའི་བུ says:
    2013-03-09 at 4:23 am

    སེམས་འཁྲལ་མ་བྱེད། ཚེ་རྡོར་གྱིས་རྡ་ས་ནས་རྒྱ་དར་ཁྱེར་མི་ཐུབ་ཅིང་ཁྱེར་བ་ཡིན་ན་ཁོང་ལ་ཉེན་ཁ་ཡོད་པ་ཤེས་བས་ཁྱེར་མི་ཐུབ་མོད། ལམ་བར་ཞིག་ནས་རྒྱ་ནག་གི་ཕྱོགས་ནས་ཁོང་ལ་སྤྲད་པའི་ཉེན་ཁ་ཆུང་དུ་བཏང་ཆེད་སྔར་བཞིན་ཁྱེར་ནས་འགྲོ་ཤས་ཆེ།

  44. ཀརྡོ་གཉེར་ཕྱག་པ་ says:
    2013-03-09 at 4:39 am

    ཚེ་རྡོར་ལེགས། ཞུ་རྒྱུ་ཞིག་ལ་རྒྱའི་རྒྱ་དར་ཁུར་མིན་ལ་ཞུ་རྒྱུ་མེད་སྐུ་ཉིད་ཀྱིས་ཐག་གཅོད་གནང་རོགས། དེ་མིན་སྐུ་གཤེགས་ཧུའུ་ཡོ་པང་གིས་པར་གཅིག་ཁུར་ཐུབ་ན་ཡག་པོ་རེད་་་་་་་ ཟེར།

  45. བོད།ཤ་ཁྲག་རུས་གསུམ། says:
    2013-03-09 at 6:31 am

    བཀའ་དྲིན་ཆེ།སྤུན་ཟླ་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme