Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངན་པ་དགུ་འཛོམས་ཀྱི་ངོ་སྤྲོད་དོགས་གཅོད་རལ་གྲི།

Posted on 2014-01-062014-01-07 By འཚོ་བྱེད་བུ 14 Comments on ངན་པ་དགུ་འཛོམས་ཀྱི་ངོ་སྤྲོད་དོགས་གཅོད་རལ་གྲི།

སྐར་རྩིས་པ། ལ་སྟོད་ཤེལ་དཀར་ལྷ་དབང་ཚེ་རིང་།

ཨོཾསྭསྟི། རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས་འདིར་བཤད་གཞི་གཙོ་བོ་ནི། ངན་པ་དགུ་འཛོམས་ཀྱི་སྐོར་ཏེ། དེ་ཡང་དང་པོ་ཡོངས་གྲགས་བོད་ཟླ་༡༡ ཚེས་༦ ཉིན་ནི་བོད་མིའི་སྤྱི་ཚོགས་ནང་དུས་ཚོད་ངན་པ་དགུ་འཛོམས་ཞེས་ཡོངས་སུ་གྲགས་ཤིང་། རང་རེ་བོད་མི་རྣམས་ཀྱིས་དེ་ཉིན་གལ་ཆེའི་ལས་མ་བྱེད་པར་དུས་ཚོད་ངན་པ་ཞིག་ཏུ་ངོས་འཛིན་གྱིས། དེ་ལ་ཁྱད་གསོད་ཆེད་དུ་ནང་དུ་དགའ་ཉེ་ངོ་འཛོམས་ཐོག་སྤྲོ་སྐྱིད་གཏོང་བ་དང་།
སང་ཉིན་དེར་ངན་པའི་ལྡོག་ཕྱོགས་བཟང་པོ་བཅུ་འཛོམས་ཞེས་ངན་པ་ལས་ལྷག་པའི་བཟང་པོར་ངོས་བཟུང་ནས་མུ་མཐུད་སྤྲོ་སྐྱིད་གཏོང་བ་དང་། དེ་ལ་དམངས་ཀྱི་ངག་སྒྲོས་སུ་ཁྱེད་ངན་པ་དགུ་འཛོམས་ན། ང་བཟང་པོ་བཅུ་འཛོམས་ཞེས་ཤོད་སྲོལ་ཡོད།

 
གཉིས་པ་རྩིས་རིག་པའི་ངོས་ནས་བཤད་ན། ངན་པ་དགུ་འཛོམས་ཞེས་པ་ནི་ལོ་གཅིག་ནང་ཟླ་བ་བཅུ་གཉིས་ཡོད་ཁོངས་ནས་བོད་ཟླ་༡༡ ཚེས་༦ ཉིན་ཡིན་པ་དང་། ཟླ་བ་དེ་ཡང་ནག་རྩིས་ལུགས་ཁོ་ནའི་ཟླ་བའི་ཐོག་མ་དཔྱིད་ཟླ་ར་བ་སྟེ་སྟག་གི་ཟླ་བའི་ཚེས་༦ ཉིན། ཉི་མ་ནག་ཆེན་ཞེས་པ་དེ་ཡིན་ལ།དེ་ལོའི་ཐོག་མ་སོང་བས་ངན་ཆེ་བར་གསུངས་པ་ལས་གཞན་ད་དུང་ཡང་ཟླ་བ་རེ་རེ་ལ་ཉི་ནག་རེ་འཆར་བས་ལོ་གཅིག་ནང་ཉི་ནག་བཅུ་གཉིས་ཡོད།

 
གསུམ་པ་དེ་ལྟར་རྒྱུ་མཚན་མདོར་བསྡུས་ཤིག་ཞུས་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་རྩིས་གཞུང་བཻ་དཀར་ནང་ལེའུ་༣༡ པ་ས་བདག་ལེའུའི་ནང་ཚེས་ལ་རྒྱུ་བའི་ས་བདག་བསྟན། དེ་ལ་རྩ་ཚིག་ཏུ། ཉི་མ་ནག་ཆེན་ཞེས་གྲགས་པ། །ཡ་བདུད་རྡོ་རྗེ་གློག་ཕྲེང་དང་། །ས་སྲིན་འབར་མ་བྱ་བ་ལ། །བུ་ནི་རཱ་ཧུ་ལ་ཞེས་དང་། །བུ་མོ་འབྲོག་སྲིང་ཆུ་སྲིན་གདོང་། །དེ་འོག་སྟག་སྲིང་ཟོར་གདོང་དང་། །དེ་འོག་ཀོང་སྲིང་བ་ལང་གདོང་། །ཆུང་བ་བམ་སྲིང་འདྲེ་གདོང་བཞི། །ཞེས་ནག་རྩིས་རང་ལུགས་སུ་བྱུང་བའི་ཐོག་མར་སྲིད་པ་ཆགས་པའི་དུས་སུ་སྲིད་པའི་ལྷ་ཆེན་སྡེ་བརྒྱད་རིམ་བཞིན་བྱུང་བའི་སྐབས་གོང་འཁོད་ས་བདག་ཕ་ཡ་བདུད་རྡོ་རྗེ་དང་། མ་ས་སྲིན་འབར་མ་གཉིས་འདུས་པ་ལས་བུ་ཚ་མིང་སྲིང་ལྔ་བྱུང་བའི་ཁོངས་ནས། བུ་ཆེ་བ་རཱ་ཧུས་རི་རབ་ལ། གཡས་བསྐོར་གྱིས་བུ་མོ་ཆུང་བ་བམ་སྲིད་འཚོལ་དུ་ཕྱིན་པར། བམ་སྲིང་གཡོན་སྐོར་བས། དཔྱིད་རའི་ཚེས་བདུན་ཉིན་མནོལ་ཤོར་དུས། ཞེས་ཁོང་སྤུན་གཉིས་དཔྱིད་ར་སྟེ་སྟག་གི་ཟླ་བའམ། ཡོངས་གྲགས་བོད་ཟླ་༡༡ ཚེས་༧ ཉིན་ཕན་ཚུན་སྤུན་ངོ་མ་ཆོད་པར་མནོལ་ཤོར་ཞེས་པར། འདོད་པ་སྤྱད་པས་མནོལ་བཙོག་དེས་རྐྱེན་བྱས་ནས་འབྲས་བུའི་ཐ་སྙད་དུ། ངན་པ་དགུ་འཛོམས་ཞེས། འོག་རླུང་སྟེང་དང་སྟེང་རླུང་འོག །ཐད་རླུང་འཁྱུག་ཅིང་འབྱུང་ལྔ་འཁྲུགས་པས་ན། །བཙན་དུག་ལྟ་བུའི་ཉི་མ་འཆར་ཞེས། །རྣམ་པ་དགུ་རུ་འདྲེན་ན་ཡང་། །ཡང་དག་དོན་གྱི་སྙིང་པོ་རུ། །ངན་པའི་མང་ཚིག་དགུ་ཉིད་དམ། །ངན་པ་ཐ་ཆད་མིང་དུ་འདོད། །ཅེས་གནམ་སའི་རླུང་དང་། འབྱུང་ལྔ་འཁྲུགས་ཤིང་བཙན་དུག་ལྟ་བུའི་ཉི་མ་སྟེ་སྐྱེ་བོ་ཀུན་ལ་གནོད་པའི་ཉི་མ་འམ་ཚེས་གྲངས་དེ་འཆར་བ་ཡིན་ཞིང་། རྒྱུ་མཚན་དེ་འདྲར་བརྟེན་ངན་པ་གྲངས་དགུ་རུ་ངོས་འཛིན་རྒྱུ་མིན་པར། ངན་པའི་ནང་ནས་ངན་པ་སྡུག་ཤོས་སམ་ངན་པ་མང་པོ་ཚོགས་པའི་ཉི་མ་ཡིན་ཞེས་པའི་དོན་ཡིན།

 
བཞི་པ་དེ་ལ་དངོས་བསྟན་ཚེས་༧ ཡིན་ཡང་ཚེས་༦ ལ་རྩི་དགོས་པ་ཚེས་གྲངས་ཀྱི་འགྲོ་ཚུལ་ལས་ལོ་མང་ཆེ་བར་ཚེས་༦ གི་སྔ་ཕྱི་ཆུ་ཚོད་གང་ཡིན་ཞིག་ནས་ཚེས་༧ གྱི་དེའི་ཚད་ཙམ་བར་འཆར་ཡུན་ཉིན་ཞག་༡ གི་རིང་ངམ་རགས་རྩིས་སུ་ལག་འཁོར་ཆུ་ཚོད་༢༤ ཙམ་གྱི་ཚད་ཡིན། དེ་བཞིན་གོང་འཁོད་རཱ་ཧུ་དང་བམ་སྲིང་གཉིས་འདུས་པས་བམ་སྲིང་ལ་མངལ་ཆགས་ནས། ཟླ་༡༢ ཚེས་༡༤ གྲོད་ཐུམ་སྐྱེས། དེ་ནས་བོད་ཟླ་༡ ཚེས་༢༡ ལ་གྲོད་པ་དེ་རྡོལ། དེ་བཞིན་བོད་ཟླ་༢ ཚེས་༨ ལ་སྟག་སྲིང་དང་མནོལ། ཟླ་༣ པའི་ཚེས་༡༦ ལ་ཁྲག་གྲོད་སྐྱེས། དེ་ཟླ་༤ ཚེས་༢༤ ལ་རྡོལ། ཟླ་བ་༥ ཚེས་༩ ལ་ཀོང་སྲིང་དང་མནོལ། ཟླ་༦ ཚེས་༡༨ ལ་ལྕགས་གྲོད་སྐྱེས།ཟླ་༧ པའི་ཚེས་༢༧ ལ་དེ་རྡོལ། ཟླ་༨ཚེས་༡༠ ལ་སླར་ཡང་བམ་སྲིང་དང་མནོལ། ཟླ་༩ ཚེས་༢༠ལ་ཆུ་གྲོད་སྐྱེས། ཟླ་༡༠ པའི་ཚེས་༣༠ ལ་དེ་རྡོལ་བ་བཅས་ཚེས་གྲངས་དེ་ཚོར་ཟླ་བ་སོ་སོའི་ཉི་ནག་འཁེལ་བ་ཡིན།
ཚེས་གྲངས་དེ་དག་གི་ནང་ནས་བོད་ཟླ་༡༡ ཚེས་དྲུག་བདུན་བར་ཉིན་མཚན་གཅིག་གི་རིང་ལ་ས་བདག་ངན་པ་ཉི་མ་ནག་ཆེན་དང་། དེ་མིན་པའི་ས་བདག་ངན་པ་གཞན་བརྒྱད་པོ་བཅས་མཉམ་དུ་འཁེལ་རྒྱུ་ཡིན་པའི་དུས་ཚོད་ངན་ཤོས་ཤིག་ཡིན།

 
ལྔ་པ་དེ་ལ་གཞུང་ནང་བཤད་པ་ལྟར་དེ་ཉིན་སྤང་བྱ་ནི། གཤིན་སོན་བྱ་ལས་དང། ཁྱད་པར་ནོར་རྫས་ཕྱིར་གཏོང་དང་། །དབང་རབ་བག་མ་མཁར་ལས་དང་། །དགེ་བཤེས་ཆེ་འདོན་དུར་གཏབ་ཚོང་། །དགེ་ལས་དཀར་པོའི་ཕྱོགས་མི་བྱ། །ཞེས་ངན་པའི་ཐབས་ལ་འདི་དང་བསྟུན་དགོས་ཤིང་།དམིགས་བསལ་ཟླ་འབྲས་ལྟར་འཛེམས་པ་གཅེས་སོ།།
ཚེས་སྤྱི་དང་བྱེ་བྲག་ཟླ་བ་སོ་སོའི་ཟླ་བཤད་ནང་འཁོད་པ་བཞིན་འཛེམས་དགོས་ལས། འོན་ཀྱང་ཉི་ནག་རྣམས་ལ་གལ་ཆེའི་ལས་མི་བྱེད་ཐབས་མེད་བྱུང་ན། དེའི་སྔོན་ལ་དེ་བཟློག་ཐབས་སུ་མདུང་གི་རྩེ་མོར་གཡག་རྔ་ནག་པོ་དང་། ཤིང་སྣ་ལྔ། དར་དཀར་པོ། ཁྱི་ནག་པོའི་སྤུ། རྩིད་པ་བཅས་བཏགས་ཏེ། མདུང་གི་རྐེད་པ་ལ་སྦྲ་ཚལ་བཏགས། དེ་ཉིན་ཞག་ལ་འཆར་བའི་ལོ་རྟགས་གང་ཡིན་དེའི་ཕྱོགས་སུ་འཛུགས་ཤིང་རང་གི་ལས་དོན་རྣམས་གྲུབ་མཚམས་ཕྱིར་བསྡུ་དགོས་པ་དང་། འོན་ཏེ་རྣམ་རྟོག་མི་བྱེད་མཁན་དང་། ཡང་རྣམ་རྟོག་ཡེ་ནས་མི་ཤེས་མཁན་སོགས་ལ་གནོད་པ་མེད་ཅེས་བརྗོད་དཀའ་བའོ།། །།

ཕྱི་ལོ་༡༩༩༩ ལོར་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པ་《སྨན་རྩིས་དུས་དེབ།

འདོན་ཐེངས་ལྔ་པ།》ནས་ཟུར་འདོན་ཞུས།

དཔྱད་རྩོམ།

Post navigation

Previous Post: སྒྱུ་མའི་ཁམས་ཀྱི་སྙན་ངག
Next Post: མི་རིགས་ཀྱི་དགེ་རྒན་གླེང་བ།

Comments (14) on “ངན་པ་དགུ་འཛོམས་ཀྱི་ངོ་སྤྲོད་དོགས་གཅོད་རལ་གྲི།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-07 at 2:48 am

    ཡི་གེ་དག་པ་ཀློག་པར་འབྱུང་བ་ལ་དགའ་འོས ལ་དྭགས་ལ་ངན་པ་དགུ་འཛོམས་ལདོ་སྣང་མེད་ཀྱང་། གཙང་དུ་ངན་པ་དགུ་འཛོམས་ཞེས་པ་ཐོས
    ་
    “རྒྱུ་མཚན་དེ་འདྲར་བརྟེན་ངན་པ་གྲངས་དགུ་རུ་ངོས་འཛིན་རྒྱུ་མིན་པར། ངན་པའི་ནང་ནས་ངན་པ་སྡུག་ཤོས་སམ་ངན་པ་མང་པོ་ཚོགས་པའི་ཉི་མ་ཡིན་ཞེས་པའི་དོན་ཡིན།” འདི་བདེན་པ་ཡིན་འདུག དག་ཡིག་ཟ་མ་ཏོག་ན།
    ་
    གོས་དགབ་དགའ་བ་གྲངས་ཀྱི་དགུ
    མང་ཚིག་དགུ་དང་དབྱིབས་དགུ་བ།
    ་
    ཞེས་མཆིས་སོ།

  2. རང་བྱུང་རིག་པའི་རྡོ་རྗེ says:
    2014-01-07 at 3:48 am

    ངན་པ་དགུ་འཛོམས་སྤྱི་ཚེས་གང་རེད་འདུག ང་ལ་ལོ་ཐོ་མེད་སྟབས་ཤེས་མ་སོང་། །

  3. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-07 at 3:55 am

    ¨འོན་ཏེ་རྣམ་རྟོག་མི་བྱེད་མཁན་དང་། ཡང་རྣམ་རྟོག་ཡེ་ནས་མི་ཤེས་མཁན་སོགས་ལ་གནོད་པ་མེད་ཅེས་བརྗོད་དཀའ་བའོ¨འདིའི་ཤུགས་ནས་རྣམ་རྟོག་ཡོད་པ་ཚོར་གནོད་པ་ཡོང་ངེས་པ་བསྟན་འདུག
    རྣམ་རྟོག་མ་བྱས་ན་གནོད་པ་འབྱུང་མིན་ཐེ་ཚོམ་རེད།
    གོང་གི་ལྷ་སྒྲུང་འདིའི་བསྟན་དོན་ལྟར་ན་ཉི་མ་ནག་ཆེན་ཟེར་བ་འདི་བོད་ཀྱི་ས་བདག་ཙམ་མིན་པར་འཛམ་གླིང་གི་ས་བདག་ཅིག་རེད། དེས་ན་དེའི་གནོད་ཡུལ་དེ་ཡང་བོད་གཅིག་པུ་ཡིན་དགོས་དོན་མེད།
    ངན་པ་དགུ་འཛོམས་ཀྱི་ཉིན་མོ་ལ་བཟང་ངན་གང་དག་འབྱུང་གི་ཡོད་པའི་བརྟག་དཔྱད་ཞིབ་འཇུག་གི་སྙན་ཐོ་ཕུལ་མཁན་སུ་ཡང་བྱུང་མེད། དེ་བས་འདི་ལ་ཡིད་ཆེས་དགོས་དོན་མི་འདུག
    ཚང་མས་ཡར་མར་ལ་ཅིག་འདྲི་རོགས། ཁ་སང་ཆག་སྒོ་བྱུང་སོང་བ་གང་དག་འདུག དེ་རིང་བཟང་པོ་བཅུ་ལ་བཀྲ་ཤིས་པ་བྱུང་སོང་བ་གང་དག་འདུག

  4. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-07 at 4:07 am

    ¨ཁ་སྨྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་མི་སྒྲོག བྱང་གི་ཕྱོགས་སུ་རྟ་མི་རྒྱུགས།¨ ཁོས་ཡོངས་གྲགས་ཀྱི་འཛེམ་བྱ་འདིའི་སྐོར་ཅི་ཡང་གླེང་མི་འདུག
    གོ་ཐོས་ལ་བོན་པོའི་རིག་གཞུང་དུ་གོང་གསལ་གཏམ་རྒྱུད་དང་མཐུན་པ་ཞིག་ཡོད་ཚོད། གལ་ཏེ་དེ་ལྟར་ན།
    འདི་བོན་ལུགས་ཀྱི་གདོད་མའི་དམངས་སྲོལ་ཞིག་ཡིན་མིན་ལ་ཡང་བརྟག་པར་འོས།

    མདོར་ན་གོང་གི་ངོ་སྤྲོད་དེས་དོགས་པ་མང་དུ་བཏང་སོང།

  5. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-07 at 4:08 am

    ཧ་ཧ་ཧ་་ཁ་སང་རེད། དེ་རིང་བཟང་པོ་བཅུའི་ཉིན་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-01-07 at 6:46 am

    ངན་དགུ་འཇོམས་ལ། ཡིད་ཆེས་མེད་པས། མི་འཇིགས་ལ། བཟང་པོ་བཅུ་འཛོམས་ལ་ཡང་། ཡིད་ཆེས་མེད་པས། རེ་བ་བཟང་པོ་ཡང་མེད་དོ།། །།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-01-07 at 6:56 am

    སྔར་གྱི་གཏམ་བརྒྱུད་ལ། ཡིད་ཆེས་རྩ་བ་ནས་མེད་པ་ཡང་མིན་ཡང་། སྔར་གྱི་ལུགས་སྲོལ་རྒྱུན་ལྟར་ན། སྔར་ཚར་ཅིག་བྱུང་བ་ཙམ་གྱིས། ཚེས་གསར་དུ་ཤར་ཚད་ལ། ངན་པ་དགུ་འཛོམས་ཉིན་ཞེས། དེའི་ཉིན་དགེ་བའམ་ཡག་པོ་བྱས་ན། དགེ་བར་རམ། ཡག་པོ་མི་འོངས་པ་དགེ་སྡིག་ལ་རྨོངས་པ་དང་། དེའི་ཉིན་སྡིག་པ་བྱས་ན་འབྲས་བུ་མེད་པ་ལྟ་བུས་རྨོངས་དད་ཀྱིས། བཏང་སྙོམས་ཀྱི་ཆེད་དུ་གླིང་ཁ་གཏོང་བ་ཡང་། ཡར་རྒྱས་ལ་གནོད་པས། དེའི་དགོང་སེང་སྤྲད་པ་ལ་ཡང་ངོ་རྒོལ་ཡོད་ལགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-01-07 at 7:42 am

    དགེ་བ།
    ངན་པ་དགུ་འཛོམས་ཉིན་གྱི་ཀུན་སློང་དགེ་སེམས་གཉིད་དཀར་འདི། །
    ངན་པ་དགུ་འཛོམས་རྐྱེན་གྱིས་སྡིག་པ་ཡིན་པར་སུ་ཡིས་གསུངས། །
    སྡིག་པ།
    བཟང་པོ་བཅུ་འཛོམས་ཉིན་གྱི་ཀུན་སློང་སྡིག་སེམས་གཉིད་ནག་འདི། །
    བཟང་པོ་བཅུ་འཛོམས་རྐྱེན་གྱིས་དགེ་སེམས་ཡིན་པར་སུ་ཡིས་གསུངས། །
    དེས་ན།
    ངན་པ་དགུ་འཛོམས་རེད་ཅེས་རྣམ་རྟོག་ངན་པ་བྱ་མི་རུང་། །
    བཟང་པོ་བཅུ་འཛོམས་རེད་ཅེས་བཟང་བའི་རེ་བའང་བྱ་མི་རུང་། །

  9. རིག་པའི་རྡོ་རྗེ། says:
    2014-01-07 at 11:03 am

    ལ་སྟོད་ཤེལ་དཀར་ལྷ་དབང་ཚེ་རིང་ལགས་ཀྱིས་གསུངས་པ་དེ་ལྷ་སྒྲུང་ཞིག་རེད།  དོན་ངོ་མར་ཉི་ནག་ངོས་འཛིན་དང་རྩི་སྟངས་སོགས་དེ་འདྲ་མ་རེད།  
    གནད་དོན་གཙོ་བོ་ལོ་འཛིན་ཚུལ་གྱི་ཐོག་ན་ཡོད།  བོད་ཟླ་ ༡༡ པ་ལོ་མགོར་སྟག་ལ་འཛིན་པ་རྒྱ་རྩིས་རྙིང་པའི་ལུགས་རེད། རྒྱ་རྩིས་གསར་མའི་ལུགས་ལ་ལོ་མགོ་བོད་ ༡༢ པ་སྟག་ལ་འཛིན་དགོས།  དེ་ནི་རྩིས་གཞུང་ཁག་ཏུ།  བཅུ་གཉིས་རྒྱལ་ཟླ་དཔྱིད་ར་སྟག  ཞེས་དང་།  དེ་བཞིན།  ང་ལ་མ་འདྲི་རྒྱལ་ཟླར་དྲིས།  ཞེས་གསུངས་པ་སོགས་ཀྱིས་གསལ་བར་བསྟན་ཡོད།  
    ངན་དགུ་བརྩི་ཚུལ་ནི།  བོད་ཟླ་དང་པོའི་བཅུ་གསུམ་སྟག་ནས་བཟུང་།།  ཞག་མ་ཉེར་བརྒྱད་གཉིས་པའི་བཅུ་གཅིག་རྟ།།  སོགས་གསུངས་པ་ལྟར།  བོད་ཟླ་དང་པོའི་ཚེས་ ༡༣ ངན་དགུ་འཛོམས་ཡིན།  དེ་ནས་བརྩིས་པའི་ཞག་ཉེར་བརྒྱད་པ་ཡང་ངན་དགུ་ཡིན།  དེས་རིགས་འགྲེ།  བོད་ཟླ་ ༡ པོ་སྤྱིར་བཏང་གི་ལོ་མགོ་ཡིན་པའི་དབང་དུ་བྱས་ནས་དེ་ལྟར་བརྩིས་པ་རེད།  མདོར་ན་ཞག་ ༢༨ རེའི་མཚམས་སུ་ངན་དགུ་རེ་ཡོད།  
    ངན་དགུ་ཟེར་བ་ལ་གྲངས་བརྩི་རྒྱུ་ཡོད།  རྒྱ་རྩིས་ཀྱི་གཞུང་ཁག་ཏུ།  ཚེ་ཐུང་བ།  ནག་འོང་བ།  མི་ཁས་ཉེན་པ།  ནོར་ཟད་པ།  དགྲ་སྡང་བ།  འཇིགས་སྐྲག་འོང་བ།  དོན་མི་འགྲུབ་པ།  རྒྱལ་བོའི་བཀའ་ཆད་ཕོག་པ།  བོར་སྟོར་བྱུང་བ་བཅས་ཡིན།  འདི་ལ་བཤད་རྒྱུ་མང་ཡང་དུས་ཚོད་མེད།  

  10. ཏི་སི། says:
    2014-01-07 at 1:11 pm

    དངིས་པོ་མ་བརྟགས་པ་ཉམས་དགའི་སྣང་བཙན་དུ་དེ་ཡང་རེ་དོག་གི་རྣམ་རྟོག་ཤུག་འཛིན་ཅན་ལ་དེ་བཞིན་དུ་བྱུང་སྲིད། སྐབས་བོད་ཀྱི་རྩིས་ལའང་སྣ་ཚོགས་པ་ཡོད་པས་མཚུར་རྩིས་ཅན་པོ་ནི་ཧོར་ལུགས་ཚེས་གྲངས
    ལས་ཉིན་གཅིག་སྔ་བས་ན་ངན་པ་དགུ་འཛོམ་དེ་འང་འཇའ་ལྟར་ཡལ་ཏོ

  11. འཇམ་དབྱངས། says:
    2014-01-07 at 6:11 pm

    ད་དུང་ངན་པ་དགུ་འཛོམས་ངོ་སྤྲོད་བྱེད་མཁན་འདི་ཚོས་དངོས་གནས་རྩ་ཆེའི་དུས་ཚོད་ཅིག་ཟུད་ཟས་དུ་བཏང་འདུག དགེ་ལས་དཀར་པོའི་ཕྱོགས་མི་བྱ།། ཞེས་པ་འདི་ལ་གླང་དར་རམ་གོང་བྲན་ཏང་གི་ཁྱབ་བསྒྲགས་ཀྱི་གཡའ་འདུག

  12. ཉི་རྒན says:
    2014-01-09 at 8:03 am

    སྐར་རྩིས་ནས་འགྲེལ་བའི་བཟང་ངན་དགུ་འཛོམས་ཡོད་ན་བརྒྱད་འཛོམས་དང་བདུན་འཛོམས་ནི་དེ་བས་ཡོད། དེ་དག་ལ་འགྲེལ་བ་འདྲ་ཡོད་ན། དེ་དག་སྐབས་བྱ་ཆོག་མི་ཆོག་གི་དབྱེ་མཚམས་འདྲ་ཨེ་ཡོད་དམ། ངས་བལྟས་ན་བཟང་པོ་བཅུ་དང་ངན་པ་བརྒྱ་གང་ཡིན་དང་། གང་ཡོང་སོ་སོའི་བྱས་བྱེད་ཉག་ཅིག་ཁོ་ནར་རག་ལུས་པ་ལུང་རིག་གིས་གྲུབ་སྙམ་མོ། དེ་འདྲ་སོང་ང་ལ་ངན་པ་དགུ་འཛོམས་མེད་དོ། ཧ་ཧ་ཧ་ཧཧཧཧཧ

  13. ལ་དྭགས་ཏོག་ངག་དབང་རྒྱ་མཚོ། says:
    2014-01-13 at 12:43 am

    བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །

  14. བསོད་ནམས་ཆོས་འཕེལ says:
    2018-12-12 at 12:43 pm

    དྲ་བདག་ནས་གཙོས་མཁས་དབང་ལྷན་རྒྱས་ལ་མཚམས་འདྲིས་དང་སྦྲགས་་་་་ངན་པ་དགུ་འཛོམས་ཞེས་པའི་ཚིག་བཞི་ཐོག་ལ་བགྲོ་གླེང་གནང་བར་བསྔག་བརྗོད་ཡོད་་་ད་དུང་ཤེས་རབ་ཀྱི་རྣམ་དཔྱད་རྩལ་དུ་བཏོན་ཏེ་་་བློ་ཟུར་བོར་གནས་ཏེ་མུ་ཐུད་དུ་ཞིབ་འཇུག་གནང་རོགས་ཞེས་འབོད་སྐུལ་གྲངས་མེད་མཆིས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme