Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་སྤྱི་འཐུས་འོས་གཞིར་ལངས་དོན་འདི་ཡིན།

Posted on 2014-02-012014-02-01 By ཁ་བརྡ་ 25 Comments on ང་སྤྱི་འཐུས་འོས་གཞིར་ལངས་དོན་འདི་ཡིན།

ཨ་བཙན་པོ།

SONY DSCམིང་། ཚངས་དབྱངས་རྒྱ་མཚོ།
ཕ་ཡུལ། མདོ་སྨད་མགོ་ལོག
སྡོད་གནས། བཞུགས་སྒར་དྷ་རམ་ས་ལ།

ཚང་མས་མཁྱེན་གསལ་ལྟར། གྲོས་ཚོགས་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་ལ་ཉེ་བའི་སྐབས་འདིར། མི་མང་པོ་ཞིག་གིས་རང་གི་འདོད་མོས་ལྟར་གྱི་འོས་མི་ངོ་སྦྱོར་དང་དྲིལ་བསྒྲགས་བྱེད་ཀྱི་འདུག་ལ། ང་ཡང་དེའི་གྲས་སུ་ཡོད། སྐབས་འདིར་བདག་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནས་དྲ་འཕྲིན་དང་། ཁ་པར་སོགས་བརྒྱུད་དེ་ཁྱེད་རང་འོས་མིར་ལངས་ན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པར་རྗོད་མཁན་མང་པོ་བྱུང་བས། བདག་གིས་ཀྱང་དེ་ལུགས་མོས་མཐུན་བྱས་པ་དང་། སྤྱི་འཐུས་འོས་མིར་ལངས་ན་རང་གི་མངོན་འདོད་མི་མང་ལ་བཤད་དགོས་པའི་སྐུལ་མ་ཡང་ཡང་སླེབས་པས་གསལ་བཤད་ཐུང་ངུ་འདི་བྲིས་པ་ཡིན།

 

དང་པོ། གུས་པ་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན།

སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མིར་ལངས་སྐབས་ངས་ “ད་ཐེངས་ཀྱི་སྤྱི་འཐུས་དངོས་གཞིའི་ནང་ལ་ཉམས་མྱོང་ལྡན་པའི་སྤྱི་འཐུས་རྒན་རབས་པ་མང་པོ་ཞིག་སླེབས་འདུག དེའི་ཁར་ང་ཚོ་གཞོན་རབས་པ་ཁ་ཤས་ཤིག་སླེབས་པ་ཡིན་ན་རྒན་རབས་པ་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ་དང་། གཞོན་རབས་པ་ཚོས་སྔར་ལས་གསར་གཏོད་ཀྱི་རྣམ་པ་ཞིག་ཀྱང་འབྱུང་ཐུབ་པའི་ལམ་ཁ་ཞིག་ཡོད་པར་མཐོང་བས་ཡིན།” ཞེས་གསར་འགོད་པའི་དྲི་བར་ལན་བཏབ་པ་ཡིན། འོན་ཀྱང་ད་ཐེངས་དམིགས་ཡུལ་ལ་འགྱུར་བ་ཐེབས་ཡོད།
ངས་ལོ་ངོ་འགའི་རིང་མདོ་སྨད་དབུས་རྒྱུན་དང་། ༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་། ༢༠༡༤ ལོའི་དུས་དབང་གོ་སྒྲིག་ཚོགས་ཆུང་བཅས་སུ་རང་ཉིད་ལ་བབ་པའི་ལས་འགན་དག་འཐུས་ཤོར་མེད་པར་སྒྲུབ་བཞིན་པ་དང་། དེ་མཚུངས་ཀྱི་གྲུབ་འབྲས་ཀྱང་མི་དམན་པ་བྱུང་ཡོད། དེར་བརྟེན་རང་ཉིད་སྐྱབས་བཅོལ་དུ་འོང་བའི་ཐོག་མའི་དམིགས་ཡུལ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྐྱིད་སྡུག་འདི་ལ་རང་ནུས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་ལས་ཕྱི་རྒྱལ་དུ་སྐྱབས་བཅོལ་གཉིས་པར་འགྲོ་འདོད་མེད་པས། རང་ཉིད་སྤྱི་འཐུས་སུ་བསླེབས་ན་དམིགས་ཡུལ་ནང་བཞིན་སྤྱི་ཚོགས་ལ་ཞབས་འདེགས་ཅུང་ཙམ་རེ་སྒྲུབ་པའི་ཡིད་ཆེས་ཐོག་ནས་འོས་མིར་ལངས་པ་ཡིན།
མདོར་ན་རང་རེའི་སྤྱི་ཚོགས་ཀྱི་གནས་བབ་དང་རང་གི་འཇོན་ནུས་བསྡུར་ཏེ་ཕྱོགས་མང་པོ་ཞིག་ལ་ཞབས་འདེགས་སྒྲུབ་ཐུབ་པའི་གདེང་ཚོད་ཅིག་གི་སྟེང་ནས་སྤྱི་འཐུས་ཀྱི་འོས་མིར་ལངས་པ་ཡིན།

 

གཉིས་པ། གུས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས།

གུས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་རང་གི་ལངས་ཕྱོགས་ལ་བདམས་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་ཡིན་པ་གཅིག་པུར་གཞི་བཟུང་བ་མིན་པར། རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་འབྱོར་གནས་སྟངས་དང་བོད་ཀྱི་གནས་བབ་སོགས་ཁྱོན་ཡོངས་ལ་བལྟས་ན་དངོས་ཡོད་དོན་སྨིན་གྱི་རེ་བ་འདི་ལས་ཆེ་བ་མེད་པ་གསལ་བོར་རྟོགས་ནས་ལམ་ཕྱོགས་འདིར་ཞུགས་པ་ཡིན། ལམ་ཕྱོགས་སམ་སྲིད་བྱུས་འདི་ནི་ད་ལྟའི་བོད་རྒྱ་གཉིས་ཀྱི་སྤྱི་ཚོགས་གནས་སྟངས་ཀྱིས་ཐག་བཅད་པའི་ཚད་གཞི་ལྟར་རང་རེའི་གནས་བབ་ལ་གཞི་རྩའི་ཆ་ནས་ཕན་ཐོགས་ཧ་ཅང་ཆེ་སྟེ། དཔེར་ན། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་། སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། ལོ་ངོ་བརྒྱ་ཕྲག་བཅུ་གཅིག་ལྷག་གི་རིང་བོད་ལ་བྱུང་མ་མྱོང་བའི་ཆོལ་གསུམ་གཅིག་གྱུར་གྱི་འཛིན་སྐྱོང་ཞིག་འཛུགས་ཐུབ་པའི་ཁྱད་ཆོས་ཡོད། སྤྱིར་བཏང་བོད་ལ་རང་བཙན་ཐོབ་ན་མི་དགའ་བའི་བོད་པ་ཞིག་མི་སྲིད་མོད། རྒྱ་ནག་དང་བོད་ཀྱི་སྲིད་འབྱོར་རིག་གནས་དམག་དོན་གང་ཅིའི་ཐད་ནས་བསམ་ཀྱང་། རང་ཅག་གི་འབད་པ་མཐའ་དག་དོན་དང་ལྡན་པ་ཞིག་ཡོང་མིན་ལ་བལྟ་རྒྱུ་ནི་ཧ་ཅང་གལ་ཆེ་བར་བསམ་ཡོད། དེ་ནི་གུས་པས་ལངས་ཕྱོགས་དབུ་མའི་ལམ་འདེམས་དགོས་པའི་རྒྱུ་མཚན་མདོར་བསྡུས་ཤིག་ཡིན།

 

གསུམ་པ། མ་འོངས་པའི་དམིགས་ཡུལ།

ཁྲིམས་ལུགས་ཀྱི་གཏན་འབེབས་དང་བཀོད་ཁྱབ་མ་བྱུང་ཕྱིན་དམིགས་ཡུལ་བརྒྱ་ཡོད་ཀྱང་སྒྲུབ་ཐུབ་པའི་ངེས་པ་མ་མཆིས་མོད། རང་ཉིད་སྤྱི་འཐུས་སུ་ཐོབ་ན་ཁ་གཏད་ཡུལ་གསུམ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།
དང་པོ་རྒྱ་ནག་སྲིད་གཞུང་དང་རྒྱ་མི་རིགས་གཉིས་རེད། ང་ཚོས་དབུ་མའི་ལམ་གྱི་ལྟ་གྲུབ་དང་སྲིད་བྱུས་གཞིར་བཟུང་ནས་མི་རིགས་ཀྱི་བདེན་དོན་རྩོད་ཀྱི་ཡོད་མོད། དེ་ནི་འཐབ་རྩོད་མེད་པ་དང་། གསལ་བཤད་མེད་པ། བདེན་དོན་གཡུགས་པའི་སྐད་ཆ་མིན་སྟབས། རྒྱ་གཞུང་གིས་དོན་དངོས་སྦས་སྐུང་གི་འཁྱོག་བརྗོད་དང་། སྐུར་འདེབས་ཁག་གཡོགས་སོགས་ལ་དུས་ལྟར་དྲང་བདེན་གྱིས་ལན་འདེབས་བྱེད་རྒྱུ་དང་། རྒྱ་མི་རིགས་ལ་བོད་མིའི་གནས་སྟངས་དང་། དབུ་མའི་ལམ་དང་བོད་མིའི་སྒྲིག་འཛུགས་ཀྱི་དོན་དངོས་དགོས་མཁོ་ཁག་དུས་ནས་དུས་སུ་གསལ་བཤད་བྱེད་འདོད་པ་དང་། དེ་སྔ་ཡང་རྒྱ་ནག་གི་གསར་འགོད་པ་མང་དག་ཅིག་ལ་དེའི་སྐོར་ནས་གསལ་བཤད་བྱེད་མྱོང་བས་མཚོན་འབད་རྩོལ་ཆད་མེད་དུ་བསྟེན་ཡོད་ལ། མ་འོངས་པར་སྤྱི་འཐུས་ཀྱི་ལས་སྟེགས་སུ་ཡང་ཆབ་སྲིད་ཐད་ནས་འདི་དག་རྩལ་འདོན་ཅི་ཐབས་བྱ་རྒྱུ་ཡིན།
གཉིས་པ་གཞིས་བྱེས་བོད་མིའི་ནང་ཁུལ་རེད། ང་རང་མདོ་སྨད་དབུས་རྒྱུན་དང་། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་ངོས་ཐད་ནས་མདོ་སྨད་པ་གནས་སྡོད་ས་གནས་ཁག་བཅོ་བརྒྱད་ཙམ་ལ་ཕྱོགས་སྐྱོད་དུ་ཕྱིན་པ་ཡིན། སྐབས་དེར་ས་གནས་མང་ཚོགས་ཀྱི་གནས་སྟངས་དང་དཀའ་ངལ་རིགས་མང་པོ་ཞིག་ཐོས་ཤིང་མཐོང་མོད། སྐབས་དེ་དག་ཏུ་ཁོ་ཚོའི་གནས་སྟངས་ཡིག་ཐོག་ཏུ་ཕབ་ནས་བཀའ་ཤག་དང་གྲོས་ཚོགས་ལ་འབུལ་རྒྱུ་དང་། མདོ་སྨད་དབུས་རྒྱུན་གྱི་ངོས་ནས་རོགས་རམ་ཆུང་ཙག་རེ་ལས་བྱེད་ཐབས་གཞན་མི་འདུག གལ་སྲིད་གུས་པ་སྤྱི་འཐུས་སུ་བསླེབས་ན་དེའི་རིགས་ལ་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་ཞུ་འཆར་ཡིན། དེ་བཞིན་གུས་པ་གཞིས་ལུས་བོད་མི་སྤྱི་དང་། བྱེ་བྲག་མདོ་སྨད་མགོ་ལོག་དང་། འཛམ་ཐང་། རྔ་བ་སོགས་ཀྱི་གནས་སྟངས་ལ་རྒྱུས་ཡོད་སྟབས། ད་ལྟའི་
བཀའ་ཤག་གིས་གཞིས་ལུས་བོད་མིའི་གནས་སྟངས་ལ་དཔག་པའི་སྲིད་བྱུས་འཛིན་སྟངས་དང་། ལས་འགུལ་སྤེལ་སྟངས་སོགས་དོན་སྨིན་ཞིག་འབྱུང་གི་མེད་པའི་ཚོར་སྣང་བྱུང་བས་དེ་སྔ་ཡང་དེའི་ཕྱོགས་ལ་ཤུགས་སྣོན་རྒྱུན་དུ་བྱས་ཡོད་ལ། མ་འོངས་པར་ཡང་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད།
གསུམ་པ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྟེ་གནས་གངས་ཅན་སྐྱིད་གཤོང་རེད། དོན་ཚན་གསུམ་པ་འདི་སྤྱི་འཐུས་ཀྱི་ལས་འགན་ཉག་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད། སྤྱི་འཐུས་ཀྱི་འོས་འགན་གཙོ་བོ་ནི་འཛིན་སྐྱོང་གི་གནས་སྟངས་རྒྱུས་ལོན་དང་། ཁྲིམས་སྒྲིག་ལ་སྟངས་འཛིན་བྱེད་རྒྱུ་དེ་རེད། རྒྱུ་མཚན་དེའི་ཕྱིར་ན་ད་ལྟའི་བཀའ་ཤག་གིས་འཛིན་སྐྱོང་གནང་སྟངས་སྐོར་ལ་གནད་དུ་བཟུང་ནས་ཞིབ་འཇུག་དང་། དོགས་སློང་བྱ་དགོས་ས་ཤིན་ཏུ་མང་བར་འདོད་ཡོད། དཔེར་ན། ཤེས་ཡོན་སྲིད་བྱུས་སྐོར་རེད།
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་བཀའ་ཁྲིའི་འོས་མིར་ལངས་སྐབས་ཁོང་གིས་ “ད་ལྟའི་བཀའ་ཤག་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་དེ། སློབ་གྲྭ་ཁག་གཞན་ལའང་ལག་བསྟར་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན།” ཞེས་དང་། ཡང་ “ངས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་བསྐྱར་ཞིབ་དང་བལྟ་ཞིབ་གཟབ་ནན་བྱ་རྒྱུ་ཙམ་དུ་མ་ཟད། ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་དངོས་སུ་དོན་ཕན་ལྡན་པ་ཞིག་ཡོང་ཆེད་ལས་དོན་འཕར་མའང་བརྩམ་རྒྱུ་ཡིན།” ཞེས་སོགས་གསུངས་ཡོད། འོན་ཀྱང་ད་ལྟ་འཛིན་སྐྱོང་དངོས་སུ་ལག་ལེན་བསྟར་བའི་སྐབས་ཁོང་གིས་ཤེས་ཡོན་སྲིད་བྱུས་གསར་པ་སྔར་ལྷག་ལག་ལེན་བསྟར་རྒྱུ་ཕར་ཟད། བཀའ་ཤག་སྐབས་སྔོན་མར་ལག་ལེན་ལ་བསྟར་བཞིན་པ་ཁག་ཅིག་ཀྱང་ཕྱིར་འཐེན་བྱས་ཡོད།
འདི་དག་གི་འགན་ཡོད་ཚད་གྲོས་ཚོགས་ལ་ཡོད་པས་གུས་པ་གྲོས་ཚོགས་སུ་བསླེབས་ན་འདི་རིགས་ལ་བསྐྱར་ཞིབ་དང་དོགས་སློང་གི་སྒོ་ནས་འཕེལ་རྒྱས་མཐའ་དག་གི་རྩ་བ་ཤེས་ཡོན་སྲིད་བྱུས་ལ་དངོས་འབེབས་བྱེད་ཆེད་རང་ནུས་རྩལ་སྤྲུགས་བྱ་རྒྱུའི་འདུན་པ་བཅངས་ཡོད། གཞན་ཡང་ཤེས་རིག་དང་འབྲེལ་བའི་ལས་དོན་སྤྱི་དང་། ལྷག་པར་དུ་མི་རིགས་འདིའི་སྲོག་རྩ་བོད་ཀྱི་སྐད་ཡིག་གི་ཉམ་ཉེས་ལ་མེར་བསྲེགས་མེར་གཏུགས་ཀྱི་འབད་རྩོལ་བསྟེན་རྒྱུའི་འཆར་སྣང་བཅངས་ཡོད།

 

བཞི་བ། ད་ལྟའི་ལས་གནས་ངོ་སྤྲོད་མདོར་བསྡུས།

མདོ་སྨད་དབུས་རྒྱུན་ལས་ཁང་གི་དངུལ་གཉེར་དང་དྲ་རྒྱའི་རྩོམ་སྒྲིག་པ། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་དང་། ཕྱི་ལོ་༢༠༡༤ ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཇོ་ནང་ཕྱོགས་ཀྱི་འགན་འཛིན། བོད་ཀྱི་རོལ་དབྱངས་བརྙན་འཕྲིན་གྱི་སློབ་སྟོན་པ། ཆང་ས་དྲ་བའི་རྩོམ་སྒྲིག་ལས་རོགས་དང་། བོད་ཀྱི་ཟིན་བྲིས་དྲ་ཚིགས་ཀྱི་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་མུས་ཡིན།

ཕྱི་ལོ་༢༠༡༤ ཟླ་༡ ཚེས་༣༡ ཉིན།

སྣ་ཚོགས།

Post navigation

Previous Post: རྒྱ་གར་གྱི་རྒྱལ་རྟགས།
Next Post: ང་ཚོས་ཅིའི་ཕྱིེར་ཕ་མའི་སྐུ་པར་ཤོམ་སྒྲིག་མ་ཆོག་པ་རེད།

Comments (25) on “ང་སྤྱི་འཐུས་འོས་གཞིར་ལངས་དོན་འདི་ཡིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-02-01 at 9:02 am

    ཁྱེད་རང་སྤྱི་མཐུས་འོ་མིར་ལངས་པར་རྒྱབ་སྐྱོར་ཡོད་ཀྱང་། ་་་་་ཧ་ཅང་གལ་ཆེ་བར་༼བསམ་ཡོད།༽ ་་་་ དང་། ་་་བཞི་༼བ།༽ ད་ལྟའི་ལས་གནས་་་་་ ཞེས་པའི་འབྲི་སྟངས་ལ་རྒྱབ་སྐྱོར་མེད།

  2. ཚངས་དབྱངས་རྒྱ་མཚོ། says:
    2014-02-01 at 12:13 pm

    ཀརྡོ་གཉེར་ཕྱག་པ་ཕེབས་ནས་བསམ་ཚུལ་གསུང་བར་དགའ་བསུ་ཞུ།

  3. ཕུག་རོན། says:
    2014-02-01 at 12:53 pm

    སེམས་ཤུགས་ཅན་ཞིག་ཡིན་པ་འདྲ། ཡིན་ཡང་། ལས་གནས་ངོ་སྤྲོད་བཀླགས་ཏེ་ཉོབ་སོང་། མི་གཅིག་གིས་རྩོམ་སྒྲིག་པ་དེ་འདྲའི་མང་པོ་ཞིག་ཡོང་གི་རེད་པས།

  4. ཉམས་ཞིབ་པ་ says:
    2014-02-01 at 3:30 pm

    ད་ལྟ་བར་དུ་ཨ་མདོའི་ཁོངས་ནས་མདོ་སྨད་སྤྱི་འཐུས་ལ་ལངས་མཁན་ཁྱོད་རང་གཅིག་པོ་མ་གཏོགས་གཞན་བྱུང་མ་སོང་བས་ངས་ཁྱོད་ལ་བླུགས་གི་ཡིན། ལྷ་མོ་སྐྱབས་སོགས་ཀྱིས་་་་་ཁྱབ་བསྒྲགས་བྱེད་པ་མ་གཏོགས་ཀླུ་བྱམས་དང་ཤར་ཁུག སྤྲོ་ཚིགས་སོགས་སུ་གང་གིས་ཀྱང་འོས་ལ་ལངས་གི་ཡོད་ཟེར་ནས་སྒེར་གྱི་གསལ་བསྒྲགས་སྤེལ་མ་སོང་།

  5. ཨ་མདོའི་བླ་མ། says:
    2014-02-01 at 9:19 pm

    དྲི་བ་གཉིས་ཡོད། ༡ རྒྱ་དམར་གཞུང་གིས་པཎ་ཆེན་རིན་པོ་ཆེ་སྐུ་བཀྲོངས་ནས་ལོ་ཉེར་ལྔ་འཁོར་བར་ལས་ཀ་ག་རེ་གནང་རྩིས་ཡོད་དམ། ༢ པཎ་ཆེན་བཀྲོངས་རྐྱེན་དང་གོང་སའི་གྱ་སྟོན་གཉིས་ཀྱི་གང་གཙོ་བོ་འདུག་བསམ་གྱི་ཡོད་དམ།

  6. གཡུ་ཐོག་བུ། says:
    2014-02-01 at 11:44 pm

    སྔར་མདོ་སྨད་སྤྱི་འཐུས་སུ་འོས་འདེམས་མ་བྱུང་བས་མདོ་སྨད་མི་མང་གིས་ཁྱེད་རང་འོས་ཆོས་མི་ཚང་བར་མཐོང་བ་གསལ་བ་རེད། ཨུ་ཚུགས་མ་བྱེད་གྲོགས་པོ་ལགས།
    དེ་ལས་ད་ལྟའི་ལས་དོན་ཧུར་སྐྱེད་གནང་།

  7. གཡུ་ཐོག་བུ། says:
    2014-02-01 at 11:50 pm

    ” བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་ཡིན་པ་གཅིག་པུར་གཞི་བཟུང་བ་མིན་པར། རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་འབྱོར་གནས་སྟངས་དང་བོད་ཀྱི་གནས་བབ་སོགས་ཁྱོན་ཡོངས་ལ་བལྟས་ན་དངོས་ཡོད་དོན་སྨིན་གྱི་རེ་བ་འདི་ལས་ཆེ་བ་མེད་པ་གསལ་བོར་རྟོགས་ནས་ལམ་ཕྱོགས་འདིར་ཞུགས་པ་ཡིན་”ཟེར།
    དེས་ན། རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་འབྱོར་གནས་སྟངས་དང་བོད་ཀྱི་གནས་བབ་ཅིག་གསུངས་དང་།

  8. ཅོག་མྱི། says:
    2014-02-02 at 12:11 am

    མགོ་ལོག་ཚངས་དབྱངས་རྒྱ་མཚོ།
    འོས་གཞིར་ལངས་སོང་མ་ཟེར།
    ཁུག་རྟར་དགོས་པ་ནང་བཞིན།
    ཁོང་ལ་དགོས་པ་ཡོད་འགྲོ

    རྒྱབ་ཀྱི་ཀླུ་བདུད་རྒྱ་བྱ།
    འཇིགས་དང་མི་འཇིགས་མི་འདུག
    མདུན་གྱི་སྤྱི་འཐུས་འོས་གཞིར།
    ལངས་བའི་དགོས་པ་བྱུངསོང༌།

    མཆན་པ་སྨྲ་མཁན་ནེ་ཙོ།
    ཁ་རོགས་བཞུགས་རོགས་མཛོད་དང་།
    མགོ་ལོག་ཨ་ཕོ་ཚངས་དབྱངས།
    གསུང་སྙན་སྒྱུར་དགོས་བྱུང་སོང་།

    སྤྱི་འཐུས་ལྷ་ཤིང་རྩེ་ལ།
    ཚངས་དབྱངས་ཁུ་བྱུག་བབས་འདུག
    གསུང་སྐད་མང་བོ་མི་དགོས།
    རྒྱ་བོད་གྲོས་མོལ་གསུངས་དང་།

    བྲག་དང་རླུང་པོ་བསྡེབས་ནས།
    རྒོད་པོའི་སྒྲོ་ལ་གཟན་བྱུང་།
    གཡོ་ཅན་རྫུ་བག་ཅན་གྱིས།
    ཁྱེད་ལ་གཟན་པོ་བྱས་ཡོང་།

    སྤྲིན་པ་ཁ་སེར་གཏིང་ནག
    སད་དང་སེར་བའི་གཞི་མ།
    གཞུང་ཞབས་སྐྱ་མིན་སེར་མིན།
    སྡེ་བ་གཞུང་གི་དགྲ་བོ།

    དབུས་ཀྱི་༧ཡིད་བཞིན་ནོར་བུ།
    མི་འགྱུར་བརྟན་པོར་བཞུགས་དང་།
    ཚངས་དབྱངས་རྒྱ་མཚོའི་འཁོར་ཕྱོགས།
    ནོར་ཡོང་བསམ་པ་མི་འདུག

    བཀའ་ཤག་དབྱིངས་སུ་བཞུགས་པའི།
    སྲིད་སྐྱོང་བློ་བཟང་སེང་གེ
    མཐུ་དང་ནུས་པ་ཡོད་ན།
    ནང་རུལ་དགྲ་བོ་སྒྲོལ་དང་།

    མདོ་ཁམས་མི་ཚོགས་འཐུག་ལ།
    མགོ་ལོག་མི་སྤུས་དག་པ།
    ང་ལ་ཡོད་པའི་འོས་ཤོག
    མགོ་ལོག་མི་ལ་བླུགས་ཡོད།

    ཁྱེད་ལ་འདྲིས་ཆ་མེད་མོད།
    ཡིད་ཆེས་ཟབ་མོ་བཅིངས་ཡོད།
    སྤྱི་དོན་མེལ་ཚེ་གནོངས་དང་།
    ཅོག་མྱིས་རྒྱང་ནས་བསྐུལ་ལོ།

  9. དབྱངས་ཅན་འབངས says:
    2014-02-02 at 2:39 am

    ཁྱེད་རང་གི་དམིགས་ཡུལ་ལ་ངས་དགའ་བསུ་ཞུ།
    ཤེས་ཡོན་སྲིད་བྱུས་ལ་གྲོས་ཚོགས་ནང་བསྐྱར་གླེང་གང་ཡང་མ་བྱས་པ་འདི་ལ་ངོ་རྒོལ་ཡོད། གལ་ཏེ་བགྲོ་གླེང་བྱས་ཡོད་ན་དགོངས་དག གལ་སྲིད་བྱུང་ཡོད་ན་ཐག་ཆོད་དང་། ལྷག་པར་ལག་ལེན་ཐོག་འགྱུར་བ་ཐེབས་ཡོད་མེད་ཤེས་འདོད་འདུག

  10. ཀརྡོ་གཉེར་ཕྱག་པ་ says:
    2014-02-02 at 4:39 am

    ༸རྒྱལ་དབང་ཚངས་དབྱང་རྒྱ་མཚོ། །
    འོས་བཞུགས་ཚངས་དབྱང་རྒྱ་མཚོ། །
    ཅོག་མྱི་ཚངས་དབྱང་རྒྱ་མཚོ། །
    མགུལ་གླུ་ཚངས་དབྱང་རྒྱ་མཚོ། །

  11. ཤར་པ་ says:
    2014-02-02 at 6:00 am

    ཁྱོད་འདྲ་པོ་མདོ་སྨད་སྤྱི་མཐུན་ལ་ལང་ན་མདོ་སྨད་པ་མར་ལ་བབས་ཡག་ལས་གཞན་མེད་དོ།

  12. གནམ says:
    2014-02-02 at 8:47 am

    (ཞབས་འདེགས་བསྒྲུབ་རྒྱུ་ལས་ཕྱི་རྒྱལ་དུ་༼སྐྱབས་བཅོལ་གཉིས་པར༽་འགྲོ་འདོད་མེད་) རང་གི་ཐོབ་ཁུངས་ཐོབ་ཐང་གང་ཡང་གསལ་བོ་མི་ཤེས་ནི་ཞིག་གིས། བོད་ཀྱི་བདེན་མཐའ་ལ་ཞབས་འདེགས་ཤིག་རྒྱག་ཐུབ་མིན་མི་ཤེས་འི་ཡ། སྤོབས་པ་གཅིག་པོས་གང་ལ་ཡོང་། སྐད་ཆ་བཤད་སྟངས་མ་ཤེས་ན། མྱི་སེམས་ལ་རྨ་ཁ་བཟོ་སྤྱད་དང་པོ་ཡིན་པས་དེ་ལ་གཟབ་དགོས། ཁྱེད་ཀྱི་འགྲོ་འདུག་སྡོད་གསུམ་མྱི་ལག་ལ་འཇོག་ན། མི་མང་ལ་ཟུར་ཟ་དང་རྒྱུས་མེད་ལ་རྒྱུས་ཡོད་བཤད་ན། ཁྱེད་ལ་ཕན་ལས་གནོད་ཆེ།
    “ཕྱི་རྒྱལ་གཞན་དུ་འགྲོ་འདོད་མེད།”གཅིག་པོ་ལབ་པས་འགྲིག་པ་རེད། ཕ་རོལ་བོས་ཟློག་ཕྱོགས་ཀྱི་གོ་བ་ལེན་པ་ལ་སྔོན་དཔག་གྱི་སྐད་ཆས་ཆུ་ར་རྒྱག་མ་ཤེས་ན། རང་ཉིད་ལ་མི་མང་འདུ་བའི་ནུས་བ་མེད་པ་རེད། དེ་ཤེས་བར་བྱོས། བསམ་བློ་གཏོང་མི་ཤེས་ནིའི་ལྷག་བསམ་ཅན་ཞིག་ཡིན་ན། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད། བཀྲ་ཤིས་བདེ་ལགས།

  13. གནམ says:
    2014-02-02 at 8:47 am

    ལེགས

  14. དོན་དགའ། says:
    2014-02-02 at 9:35 am

    ཁྱོད་སྤྱི་འཐུས་ལ་མ་འགྲོ་ཅུང་ཙམ་སྒུག་དང་ང་ཚོས་ཁྱོད་བཀའ་ཤག་ལ་འདེམས། གང་ཡིན་ཟེར་ན་བཀའ་ཤག་གིས་སྒྲུབ་མི་ཐུབ་པ་ཞིག་ཁྱོད་ཀྱིས་བསྒྲུབ་ཐུབ་པའི་རེ་བ་ཆེན་པོ་འདུག

  15. ལྷོ་མཐའི་ཕོ་ཉ says:
    2014-02-02 at 1:33 pm

    སྤྱིར་བཏང་ཁྱེད་ཉིད་སྤྱི་འཐུས་བླངས་པར་གུས་བརྩི་བྱེད་ཆོག་ཀྱང་ཁྱེད་ཉིད་ཀྱི་འཇོན་ཐང་དང་། ད་བར་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཐོབ་ཐང་རྩོད་མཁན་ཞིག་སྤྱི་འཐུས་འོས་མིར་མི་འོས་ཤིང་། ད་བར་ཁྱེད་ཀྱིས་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་གོ་ཐོས་བྱུང་བ་ལས་བོད་བསྟན་སྲིད་ཆེད་ལས་ཀ་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་མེད། དེའི་ཕྱིར་ངའི་འདོད་པ་ལ་ཁྱེད་ཉིད་སྐུ་ཚེགས་ཡིན་པས་སྤྱི་འཐུས་ཐོབ་རྒྱུ་ནི་རི་བོང་གི་རྭ་ཡིན་པས་ཁྱེད་ཉིད་ཐུགས་ལྷོད་ལྷོད་གནང་རོགས་ཞུ། ཞར་ལ་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་བསྟན་དངོས་ལ་འཁྲབ་སྟོན་བྱེད་དུ་མི་འཇུག་རྒྱུ་ངའི་རེ་བའི་ནང་གི་ཡང་སྙིང་ཡིན། བུ་རྒོད་པོ།

  16. གཙང་རིགས། says:
    2014-02-02 at 10:24 pm

    དྲང་བདེན་གྱི་སྐད་ཆ་བཤད་འདུག འོས་མིའི་ཐོབ་ཐང་ཡོད་པ་གསལ་བོ་རེད། འོན་ཀྱང་དེང་སྐབས་ཕྱོགས་ཞེན་ཁོ་ནས་འཚོ་བའི་མི་མང་དྲག་པས་དྲང་གཏམ་ལ་རྒྱབ་སྐྱོར་ཡོད་ཁག་པོ་རེད།

  17. ཏ་ལེ་ལོ་མ says:
    2014-02-03 at 12:17 am

    ཤར་ཁུག་་་་སྤྲོ་ཚིག་་་ཀླུ་བྱམས་་་ཚངས་དབྱང་་་བཀྲ་ཤིས་དོན་འགྲུབ་་མདོ་སྨད་ཚང་ལ་སྤྱི་འཐུས་འོས་མི་འདི་ཚོ་མ་གཏོགས་མེད་སོང་བ་རེད་པས་
    ཡོད་ན་ལོ་རྒྱུས་དང་ཉམས་དུ་ངོ་སྤོད་ཞིག་གནང་རོགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-02-03 at 1:04 am

    ཚངས་དབྱངས་རྒྱ་མཚོ་ལགས་འདི། གནས་སྐབས་སྤྱི་མཐུས་ཀྱི་འོས་ཐོབ་ན། ཕྱི་རྒྱལ་ལ་༼ཕྱི་རྒྱལ་དུ་སྐྱབས་བཅོལ་གཉིས་པར་འགྲོ་འདོད་མེད་པས། རང་ཉིད་སྤྱི་འཐུས་སུ་བསླེབས་ན་༽མ་ཤོར་བར། མ་འོངས་གཞུང་ཞབས་པ་གཏན་འཇགས་ཅིག་འོངས་ཀྱང་སྲིད་པས་་་་་་

  19. བཀྲ་ཤིས says:
    2014-02-03 at 4:24 am

    བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་རྒྱ་གར་དང་རྒྱལ་སྤྱི་སྟེང་ལ་བོད་དོན་ཞུ་གཏུགས་བྱེད་པར་འགྲོ་དུས་སུ། མདོ་སྨད་ཀྱི་སྤྱི་འཐུས་ཚོའི་ནང་ན་དབྱིན་སྐད་ཀྱིས་བསམ་ཚུལ་ཐོགས་མེད་བརྗོད་ཐུབ་མཁན་ཤིན་ཏུ་དཀོན། ད་ཡོད་ཀྱི་མདོ་སྨད་སྤྱི་འཐུས་ཚོ་ནི་དབུས་གཙང་སྤྱི་འཐུས་གཞན་གྱི་མདུན་ན་དབྱིན་སྐད་མི་ཤེས་པའི་ལྐུགས་པ་རང་རེད། གནད་འགག་གི་སྐབས་སུ་དབྱིན་ཇིའི་སྐད་མ་ཤེས་པར་ངག་ལྐགས་པ་ལྟར་འདུག་པ་མཐོང་ན། མདོ་སྨད་པ་རྣམས་ཀྱི་སེམས་ལ་ཚོར་བ་གང་འདྲ་འདུག་གམ། གནད་དོན་འདིས་གཅིག་ནས་མདོ་སྨད་པ་རྣམས་དབྱིན་སྐད་ལ་རྨོངས་པའི་མཚང་ཡིན་པ་དང་། གཉིས་ནས་མདོ་སྨད་སྤྱི་འཐུས་ཚོར་བོད་དོན་དྲིལ་བསྒྲགས་ལ་ནུས་ཤུགས་ཉམས་པ་མཚོན། འདི་ནི་ང་ཚོས་འོས་ཤོག་གིས་ཁ་གསབ་བྱ་དགོས་པའི་སྟོང་ཆ་ཆེན་པོ་ཞིག་ཡིན་པ་བཤད་ཅི་དགོས། ད་ཐེངས་ཀྱང་དབྱིན་ཡིག་གི་ཤེས་ཚད་ཞན་པའི་མདོ་སྨད་སྤྱི་འཐུས་ཤིག་འོང་རྒྱུའི་ཉེན་ཁ་འདུག་པས། ད་མདོ་སྨད་པ་ཚང་མ་གཉིད་སད་རན་འདུག

  20. གནམ says:
    2014-02-03 at 5:00 am

    བཀྲ་ཤིས་བ་ལགས། དབྱིན་སྐད་ཤེས་ན་རྒྱན་ཞིག་ཡིན་པ་ལས། མ་ཤེས་ན་ངོ་ཚ་དགོས་བ་དེ་འདྲ་གང་ཡང་མ་རེད། མཚང་ཤོར་འགྲོ་བ་དེ་འདྲ་དེ་ལས་ཀྱང་མ་རེད། བོད་མི་དབྱིན་སྐད་ཤེས་མཁན་ཆོལ་ཁ་གསུམ་པོའི་སུ་ལ་ཡོད་ན་འགྲིག་པ་རེད། ཚང་མ་དེ་འདྲ་རྒྱ་སྐད། དབྱིན་སྐད། བོད་སྐད། ཧིན་སྐད་སོགས་མྱི་གཅིག་ལ་མ་འཛོམས་ན། ངོ་ཚོས་དགོས་བ་དང་། ཆབ་སྲིད་ཀྱི་སྣེ་མི་ཁྲིད་དེ་འདྲ་མ་རེད། དགོས་དངོས་ཀྱི་དུས་ལ་སྐད་བསྒྱུར་བ་འཚོལ་རྒྱུ་ཡོད་པ་རེད།
    ཁྱེད་རང་ཀྱིས། གཏམ་འདོད་ཚ་བོ། སེམས་རྒྱ་ཆུང་ཆུང་དེ་འདྲ་གནང་མདོག་ལ།
    མྱི་གཞི་སྟག་ལས་བཙན་པ། སེམས་རྒྱ་རི་ལས་མཐོ་བ། བཤད་ཕོད་པ། སྒྲུབ་ཕོད་པ། མར་ལ་ལྟ་ཤེས་བ། ཡར་ལ་ཉན་ཤེས་བའི་མྱི་ཞིག་རག་ན། ཁྱོད་སེམས་བདེ་མོ་ནས། མགོ་མཐོ་པོ་བྱོས་རེད། དབྱིན་སྐད་ཤེས་མི་ཤེས་ནི། བོད་ཀྱི་བདེན་མཐའ་མི་ལོན་པའི་གནད་ཞིག་ལ་ཐུག་མེད་པ་གཞི་ནས་ཤེས་ཡོང་། གྲོགས་པོ། ངོ་ཚ་ན། ཆང་མཐོང་། ཨེ་གོ་ཐལ།

  21. གནས་ངེས་མེད། says:
    2014-02-03 at 7:01 am

    རྒྱབ་སྐྱོར་ཡོད། བསམ་པ་རྣམ་དག་ཡིན་པས་ཡིད་ཆེས་བྱས་པ་ཡིན།

  22. བཀྲ་ཤིས says:
    2014-02-03 at 7:01 am

    # 14 གནམ་ལགས་ལ།
    ཧ་ཧ། ངའི་སྐད་ཆས་ཁྱོད་ཀྱི་སེམས་ནང་གི་འོས་མི་དེའི་མཚང་ལ་ཕོག་སོང་བ་འདྲ། ངས་མདོ་སྨད་སྤྱི་འཐུས་ཚོར་མེད་པའི་དབྱིན་ཇིའི་སྐད་ཡིག་གི་སྟོང་ཆ་དེ་སྐོང་དགོས་ཟེར་ན། ཁྱོད་ཀྱིས༼མྱི་གཞི་སྟག་ལས་བཙན་པ། སེམས་རྒྱ་རི་ལས་མཐོ་བ། བཤད་ཕོད་པ། སྒྲུབ་ཕོད་པ། མར་ལ་ལྟ་ཤེས་བ། ཡར་ལ་ཉན་ཤེས་བའི་མྱི་ཞིག་རག་ན།༽ཟེར་གི ཁྱོད་ཀྱིས་ད་ཡོད་སྤྱི་འཐུས་རྣམས་ཀྱི་ནང་ན་མི་དེ་འདྲ་མི་འདུག་ཟེར་གི་ཨེ་ཡོད། ཁྱོད་ཀྱི་སེམས་ནང་གི་འོས་མི་དེ་སུ་ཡིན་ཤོད་དང་། གཤིབ་སྡུར་ཞིག་བྱས་ན་ལྟ་རྒྱུ་ལོས་ཡོད།
    མདོ་སྨད་སྤྱི་འཐུས་ནང་ན་དབྱིན་ཡིག་དབྱིན་སྐད་རང་མགོ་ཐོན་པ་གཅིག་ཀྱང་མེད་སོང་ན། འཛམ་གླིང་ཇི་ལྟར་མཐོང་། བོད་དོན་ཇི་ལྟར་བཤད། དེང་རབས་ཀྱི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་ཇི་ལྟར་ཤེས། བཀའ་བློན་ཁྲི་བའི་ནུབ་ཕྱོགས་ཀྱི་སྲིད་དོན་བཤད་པ་རྣམས་བདེན་མིན་ལྟར་ཇི་ལྟར་ཤེས། ད་མང་ནི་རེད།

  23. ཨ་མདོའི་བླ་མ། says:
    2014-02-03 at 11:15 pm

    སྤྱི་འཐུས་ཤིག་གདམ་དགོས་ན། བོད་ཡིག་དང་པོ་དང་རྒྱ་ཡིག་ཆབ་སྲིད་ལག་ཆ་ཡིན། དེ་མིན་དབྱིན་ཡིག་ལྟོ་འཚོལ་གྱི་ལག་ཆ་ཡིན་པས། ནང་སྲིད་དང་དཔལ་འབྱོར་ལས་ཁུངས་གཉིས་ལས་ཆེར་བཀོལ་མི་དགོས། ཡང་ཅིག་བཤད་ན། འདི་ནི་དབུ་མའི་ལམ་གྱི་དགོངས་པ་ངོ་མ་དེ་རེད།

  24. ཁ་བའི་མེ་ཏོག says:
    2014-02-04 at 12:45 pm

    ཡ་ཡ་ དེ་རིང་ཡང་གཅིག་ལངས་སོང་། འོན་ཀྱང་། རྨོངས་དད་མང་དྲག་པས་རྒྱབ་སྐྱོར་མེད། བོད་མི་ཚོར་དགོས་ཡ་གཅིག་ཡོད་དུས་༧གོང་ས་མཆོག་གི་དགོངས་ཞུ་ཏག་ཏག་ཡིན་མིན་བཤད་ཡོང་གི་ ད་ཆོག་གི དུས་ཚོད་དེ་ཡོར་ཟུར་རེད་ལོ

  25. བསམ་ཤེས། says:
    2014-02-04 at 1:51 pm

    སྤྱི་སེམས་ཡིད་ལ་བཅུག་ནས།
    སྤྱི་འཐུས་ཕེབས་སམ་དྲིས་པས།
    ཨ་རིར་མ་འགྲོ་བར་དུ།
    སྤྱི་འཐུས་མི་འཇོག་གསུངས་བྱུང་།

    སྒྲོལ་དཀར་ལྷ་མོའི་ལྗང་བུ།
    ཤར་ཕྱོགས་ལྷ་མོའི་ཕབ་རྒྱུན།
    ཆབ་བྲག་ལྷ་མོའི་གཟེགས་མ།
    ཚངས་དབྱངས་གཞོན་ནུའི་ཆང་གཞས།
    དམ་ཚིགས་གཙང་མས་བཏུང་ན།
    རང་བཙན་གཏིང་བརྗེད་ཁོ་དག

    ཚངས་དབྱངས་འོས་ལ་ཕེབས་དུས།
    ཅོག་མྱི་ཨ་གསར་མ་བྱེད།
    ཁྱེད་ལ་དགོས་པའི་སྤྱི་འཐུས།
    ཤར་ཕྱོགས་ཁུག་རྟས་ཐུབ་བོ།

    དགོས་པའི་སྤྱི་པའི་དོན་ཆེན།
    ཡིད་ལ་ཤར་རྒྱུ་མིན་འདུག
    མི་དགོས་ཁ་བརྡའི་མཆན་ཉོག
    ཡིད་ལ་ཝ་ལེར་ཝ་ལེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme