Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་སྙན་ངག་ལ་དགའ་བའི་རྒྱུ་མཚན།

Posted on 2014-05-032014-05-03 By ཁ་བརྡ་ 14 Comments on ང་སྙན་ངག་ལ་དགའ་བའི་རྒྱུ་མཚན།

དྲི་བ་འདྲི་མཁན། གྲུ་ཆར།
ལན་འདེབས་མཁན། སེར་ཤུལ་རིན་ཆེན་དོན་གྲུབ།

དྲི་བ།༽ ཁྱེད་སྙན་ངག་ལ་དགའ་འམ། རྒྱུ་མཚན་ཅི། དྲིས་ལན་ཞིག་གདབ་པར་ཐུགས་རྗེ་ཆེ།

ལན།༽ ང་སྙན་ངག་ལ་དགའ། ང་སྙན་ངག་ལ་ཧ་ཅང་དགའ། རྒྱུ་མཚན་ནི། སྙན་ངག་གིས་ང་ལ་ས་མཐའ་ནས་སྐྱོ་རོགས་བྱེད་པ་མ་ཟད། ང་ལ་ཞུམ་པའི་གནས་སྐབས་སུ་བློ་གྲོས་ཀྱི་སྟོབས་ཤུགས་བསྩལ་ཅིང་། དགའ་བའི་གནས་སྐབས་སུ་དགོད་སྒྲ་དང་བདེ་སྐྱིད་སྦྱིན། སྙན་ངག་གིས་ང་རང་འོད་དུ་བསྒྱུར་ཅིང་། སྙན་ངག་གིས་ང་རང་སྤྱི་ཚོགས་སུ་འདྲེས་པར་བྱས། སྙན་ངག་གིས་ང་ལ་མཛེས་པ་བསྐྲུན་ཅིང་། སྙན་ངག་གིས་ང་རང་བྱུང་ཁམས་ཆེན་མོ་དང་འབྲེལ་མཐུད་བྱས།

མི་ཡུལ་ས་མཐའ་འགྲིམས་ཤིང་། གྲོགས་མེད་གཉེན་མེད་ཀྱི་ས་མཐའི་འཚོ་གནས་ལ་གདོང་གཏུགས་པའི་ཉིན་མོ་ནས་ང་རང་སྟོང་སེང་ངེར་གཞུང་ཆེན་པོ་ཏིའི་བམ་བརྩེགས་ལ་ཨུ་ཚུགས་ཀྱིས་འཐམ་ཞིང་།
རིགས་ལམ་དང་། གོ་དོན་ཟབ་མོའི་གཏིང་རིང་ལ་རེ་བས་བསྙེག་མོད། ང་ལ་ཅི་ཞིག་ཚང་མེད་པ་ལྟར་སྐྱོ་ལྷང་ལྷང་ངང་གཉེན་ཉེ་དང་གྲོགས་པོ་དག་གིས་བྱམས་བརྩེས་སྐྱོང་བའི་ཉེ་འགྲམ་གྱི་གྲོགས་པོ་ཚོར་བསྐྱར་བལྟ་བྱེད་དུས་རླན་གྱིས་མ་བཏང་བའི་མིག་ཀོང་ལས་ཆུ་ཐིགས་འགའ་ཡང་དང་བསྐྱར་དུ་སྐམ་རིད་ཀྱི་ངོ་གདོང་ནས་བཞུར་མྱོང་ཞིང་། སྐབས་དེར་སྙན་ངག་གིས་ང་ལ་སྙིང་གཏམ་བཤད་ས་དང་། སྡུག་བསྔལ་བགྲང་སའི་བཟོད་སྒོམ་གྱི་གནས་ལུགས་བསྟན་མྱོང་། མདོར་བསྡུས་ན་སྡུག་བསྔལ་དང་སྐྱོ་ཤས་ཡོད་ཚད་སྙན་ངག་ཏུ་བྲིས་པ་དེས་ང་ལ་གཉེན་ཉེ་གཞན་ཞིག་ཡོད་པའི་ཚོར་སྣང་སྟེར་བར་བྱས།

ཡུལ་སྲོལ་ལ་ཆ་རྒྱུས་ལོན་ཞིང་དང་། རིགས་ལམ་གྱི་འགྲོ་ལུགས་ཅུང་ཙམ་ཆགས་པ་ནས་བཟུང་རང་དགར་སྡོད་མི་ཐུབ་པའི་ཁ་ལྕེ་གྱོང་བོ་དེས་མི་གཞི་ལ་དམའ་འབེབས་དང་། མཐོ་རིམ་ལ་གུས་མེད་གཏོང་བའི་ཞོར་ལ་གཞན་ལ་དུད་མི་དགོས་པའི་རིགས་ལམ་དང་། རང་སྐྱ་ཐུབ་པའི་ཤེས་རབ་ཀྱི་གོ་འཕང་ཞིག་ཐོབ་ཅིང་། ཟ་དང་ཟུར་ནས་འབུར་དོད་དུ་གྱུར་བའི་རྣམ་འགྱུར་དེ་དག་ལ་མཐོང་མི་བཟོད་པའི་ཕྲག་དོག་དང་། འགྲན་སེམས་ཀྱིས་མགོ་དང་མཇུག་ནས་མནན་ཞིང་། སེམས་དང་བསམ་པར་གཟས་དུས་སྙན་ངག་གིས་ང་ལ་སྤོབས་པ་དང་། མདུན་སྐྱོད་ཀྱི་སྐུལ་མ་བྱས་པར་མ་ཟད་སེམས་བསམ་པའི་གཏིང་ནས་བརྗོད་འདོད་པ་དང་བཤད་བསམ་པ་ཐམས་ཅད་ཁུར་ནས་སྤྱི་ཚོགས་སུ་བཀྲམ་ཞིང་། ང་ལ་སྟོབས་ཤུགས་གསར་བ་ཞིག་གི་གནང་སྦྱིན་ཡང་བྱས།

ངེས་གཏན་མེད་པའི་ཆོས་ཉིད་ཀྱི་གནས་ལུགས་དེས་བརྩེ་བའི་ཡབ་ཡུམ། ད་དུང་སྙིང་ཉེ་བའི་ཕུ་བོ་སོགས་ཀྱིས་ང་རང་འཇིག་རྟེན་འདིར་གཏན་དུ་བཞག་ཅིང་། སེམས་བསམ་པས་བློ་གཏད་བཅོལ་སའི་མི་བུ་དག་གིས་ཀྱང་ང་ལ་ཆེས་དམའ་འབེབས་དང་། ཆེས་ཡིད་ཆད་ཀྱི་གནས་ལ་བསྐྱལ་བའི་སྐབས་སུ། སྙན་ངག་གིས་ང་ལ་འཁང་ར་དང་སྡུག་བསྔལ་ཐམས་ཅད་ངག་རིག་ལས་བཞུར་དུ་བཅུག་ཅིང་། ང་རང་གཅིག་པོ་ཁུ་སིམ་མེར་དཔེ་དེབ་ཁོ་ན་བཀྲམ་པའི་ཁང་ཆུང་དེའི་ནང་དུ་སྡུག་བསྔལ་དང་འཁང་རའི་ཀློང་ནས་སྙན་ངག་ལ་འཐམ་ཞིང་སྙན་ངག་ལ་བསྙེས་ནས་སྡོད་དུ་བཅུག དེ་དུས་ངའི་སྐྱོ་རོགས་ནི་སྙན་ངག་དང་ཆོས་ཀྱི་བསམ་བློ་ཅུང་ཙམ་པོ་འདི་ཁོ་ན་ཡིན།

བགྲང་བྱ་བཅུ་ཕྲག་གི་སློབ་སྦྱོང་བརྒྱུད་རིམ་ནས་དཔྱོད་པའི་རྣམ་དཔྱོད་དང་། བརྟག་པའི་རིགས་ལམ། ཐོས་པའི་རྒྱ་ཁྱོན་བཅས་འཕེལ་འགྱུར་གྱི་དུས་སྐབས་གསར་བ་ཞིག་བྱུང་ཞིང་། དེ་ཡང་ཚིག་གི་རི་མོ་དང་ལུང་འགལ་ཕྱོགས་སྤུང་ཙམ་མ་ཡིན་པའི་ཡར་ཐོན་གྱི་བགྱི་བ་ཉམས་སུ་བླངས་པའི་སྐབས་དེ་དག་ཏུ། སྙན་ངག་གིས་བདག་གི་བསམ་བློ་དང་། རྟོག་རིག་གི་སྙིང་ཏིག་དག་ཁུར་ཏེ་སྤྱི་ཚོགས་དང་། ཀློག་པ་པོའི་བསམ་བློར་དལ་གྱིས་བབ་ཅིང་སྙན་པས་བཞུར་བས་ཕྱོགས་སུ་མ་ལྷུང་བའི་དཔྱོད་ཤེས་ཅན་གྱི་ཀློག་པ་པོ་དང་། རྩོམ་སྒྲིག་པ་དག་གིས་བསྟོད་པའི་དབྱངས་དང་རིན་ཐང་གི་ནོར་བུ་བཏེགས་པའི་སྐལ་བར་བྱས།

མདོར་ན་བདག་ནི་སྐྱོ་ཤས་དང་འགྲོགས་ནས་སྙན་ངག་ལ་དགའ་བར་གྱུར་ཅིང་། མཛེས་སྡུག་དང་འཚོ་བ་ལ་རྟེན་ནས་སྙན་ངག་ལ་འདྲིས་པར་གྱུར། སྙན་ངག་ནི་སུན་པ་མེད་པའི་ངའི་སེམས་ཀྱི་སྐྱོ་རོགས་དང་། འདོར་ཐབས་མེད་པའི་ཡིད་ཀྱི་སྣང་ཤས་ཤིག་ཡིན། སྙན་ངག་ནི་བདག་གི་བརྩེ་དུང་དང་། བདག་གི་གྲོགས་པོ། བདག་གི་སྣེ་ཁྲིད། བདག་གི་ལམ་སྟོན་བཅས་ཡིན་པས་ང་རང་དུས་ནམ་ཡང་སྙན་ངག་ལ་དགའ་ལ། ང་སྙན་ངག་ལ་དགའ་ཞིང་འདྲེས་པའི་རྒྱུ་མཚན་ཡང་འདི་ཁོ་ན་ཡིན།

༢༠༡༤/༥/༢/ལ་བྲིས།

བཅར་འདྲི།

Post navigation

Previous Post: སྙན་ངག་མེ་ལོང་མ་རྩོམ་པ་བོའི་མཚན་ངོ་མ་དེ་ཤེས་མཁན་མེད།
Next Post: <<འདིར་སྨྲས་པ>>

Comments (14) on “ང་སྙན་ངག་ལ་དགའ་བའི་རྒྱུ་མཚན།”

  1. ཚེ་རིང་། says:
    2014-05-03 at 11:05 am

    མང་བོ་ཞིག་ལབ་སོང་། རྒན་ལགས་ཁྱེད་རང་གི་ཚབ་མཚོན་སྙན་ངག་ཡག་ཤོས་དེ་གང་ཡིན་ཅིག་སྟོན་རོགས་གནང་། དེ་ནས་ཁྱེད་རང་སྙན་ངག་པ་ཞིག་ཡིན་མིན་ཤེས་ཡོང་གི་རེད

  2. གཅོད་པ། says:
    2014-05-03 at 11:26 am

    སྙན་ངག་ཅིག་བསྟན་ན་ཡག་ས་རེད། དེ་མ་གཏོགས་རང་དགར་སྙན་ངག་ལ་དགའ་ཚུལ་བཤད་ནས་ག་བ་ཡོང་གི་རེད

  3. འཕྲིན་ལས་ནོར་བུ། says:
    2014-05-03 at 2:11 pm

    བྱས་ན་སྙན་ངག་ལེགས་པ་ཞིག་ཁ་བརྡའི་སྟེང་འཇོག་རྒྱུར་སྒུག་གི་ཡིན།

  4. གནམ says:
    2014-05-03 at 8:05 pm

    སྙིང་རྗེ། མོ་རང་བསམ་བློའི་དཀའ་སྡུག་གཅུན་མ་ཐུབ་པར། དཀའ་ལས་བྱུང་ཡོད་པ་འདྲ། སྡུག་གཏམ་མང་པོ་བྲིས་ཡོད་པ་འདྲ།
    སོ་སོས་སོ་སོ་སྙན་ངག་པ་ཡིན་ལབ་ན་ཡག་པོ་འདུག། ང་ཚོས་ལྟ་ཆོག་གི་རེད་བ་ཨ། དེ་མིན། ཕ་རོལ་བོ་ལ་ཅི་ཡང་མེད་པ་ཞིག་གི་ཚིག་སྦྱོར་འགའ་ཡི་རྒྱུ་མཚན་གྱིས། མཁས་བ། སློབ་དཔོན། སྙན་ངག་པ། རྟོག་སད་པ་སོགས་དགའ་ཕྱོགས་ལ་བུད་ནས། མྱིང་དོན་མི་འབྱོར་བའི་དུས་རབས་གསར་བའི་མྱི་སྙིགས་ལ་ཆོ་ལོ་བསྩལ་ན་ཡག་པོ་རྩ་ནས་མི་འདུག།
    འདི་ཚོ་ལ་འུར་སྒྲ་མང་པོ་ཞེ་དྲག་འདུག། སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་མཁན་དེ་འདྲ་མ་རེད། སྐད་ཆ་འདྲ་མིན་བཤད་ནས་ཉི་མ་བསྐྱོལ་མཁན་དེ་འདྲ་རེད། ཡོད་མེད་ལ་བསྒྱུར་འདོད་པའི་བསོད་ཟད་དེ་འདྲ་རེད། ང་ཚོས་འདི་འདྲ་ལ་སྤྱི་ཚོགས་ཟིང་ཟིང་བྱེད་དུ་བཅུག་ན་ཡག་པོ་མ་རེད།

  5. དྲང་བདེན་མེ་ལྕེ། says:
    2014-05-03 at 11:06 pm

    ཧ་ཅང་སྙན་མོ་འདུག
    དངོས་གནས་ཀྱི་སྙན་དངགས་པ་རང་དུ་མངོན་་་་་་
    སྙན་ངག་པ་ཡིན་པར་ཡིན་་ཅི་རྩམ་དེབ་སོགས་དཔང་རྟགས་མི་དགོས་ལ་
    མི་མང་པོས་རང་སྙན་དངགས་པ་རེད་ཟེར་བས་རྒྱབ་བསྐྱར་ཡང་མི་དགོས་
    གང་ལྟར་རང་ཉིད་གང་ལ་དགའ་བའི་གནས་དེ་ལ་དགའ་ཞེན་དང་སྟངས་འཛིན་བྱས་ན་དེ་གས་འགྲིག།

  6. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2014-05-04 at 12:18 am

    དྲ་གྲོགས་གང་མང་ཕེབས་ནས་དགོངས་ཚུལ་གསུང་བར་དགའ་བསུ་ཡོད། རྩོམ་འདིས་རང་གི་སྐྱོ་སྡུག་གི་གནས་སྐབས་ཤིག་མཚོན་ཡོད་ཀྱང་རུང་ང་རང་དོན་དངོས་སུ་སྙན་ངག་པ་ཞིག་མིན་ཡང་རུང་། དེ་ལ་ཁྱད་པར་ཆེར་མེད་པར་ཚོར་བ་དང་འཆར་སྒོ་ལ་ཐིམ་པའི་བདག་གི་སྙན་ངག་དག་གིས་ང་ལ་སྐྱོ་རོགས་དང་། དགའ་སྤྲོ་སྦྱིན་མྱོང་བ་དངོས་བདེན་ཡིན། དྲ་གྲོགས་འགའ་ཞིག་གིས་ཚབ་མཚོན་སྙན་ངག་དགོས་རབས་དང་། རང་བསྟོད་བྱེད་ཀྱི་ཡོད་ཚུལ་གསུང་བ་དེར་ཁྱེད་ཅག་གིས་གོ་བ་གང་བླངས་དེར་བརྩི་བཀུར་ཞུ་རྒྱུ་ལས་གང་ཡང་མེད་མོད། འོན་ཀྱང་གསལ་བོར་ཤེས་དགོས་པ་ཞིག་ལ་སྙན་ངག་ནི་ཚོར་བ་དང་འཆར་སྒོ་ལས་བཞུར་འོང་བའི་ངག་གི་རིག་བྱེད་ཅིག་ཡིན་ལ་རང་རང་གི་སེམས་གཤིས་ལ་ལྟོས་ནས་ཡག་དང་བཙོག་གི་རྣམ་དབྱེ་འབྱེད་དགོས་པ་ལས་ཚབ་མཚོན་རྩོམ་ཡིག་གཅིག་གིས་སྙན་ངག་པར་ཐག་ཆོད་འགྲོ་བ་ཞིག་དང་། སྙན་ངག་པ་མིན་པར་ཐག་ཆོད་འགྲོ་ཞིག་ཀྱང་དེ་བས་མ་ཡིན་པས་ཁྱེད་ཅག་གིས་སྙན་ངག་གི་ངོས་འཛིན་ཡང་གསལ་བོ་ཞིག་ཤེས་མེད་པའི་ཚོར་སྣང་བྱུང་། གལ་ཏེ་ཁྱེད་ཅག་གིས་དངོས་གནས་བདག་གི་སྙན་ངག་གི་བྲོ་བར་བལྟས་ནས་ཐག་བཅོད་གང་ཞིག་བྱེད་འདོད་ཡོད་ན་དེ་ཡང་ཁྱེད་ཅག་གི་རང་དབང་ཡིན་པས་ངས་བརྩི་མཐོང་དང་བཅས་བདག་གི་དེབ་དང་པོ་༼གང་ལྷའི་ཞབས་རྗེ་སྙེག་པའི་བརྩེ་སེམས་༽དང་། དེབ་གསུམ་པ་༼རྟོག་འགྱུའི་ང་རོ༽སོགས་ལ་གཟིགས་རོགས་ཞེས་ཞུས་པ་ཡིན།

  7. ཚེ་རིང་། says:
    2014-05-04 at 6:06 am

    དགེ་རྒན་ལགས། དགེ་བཤེས་ལྷ་རམས་པ་ནི་དགེ་ལུགས་པ་ཚང་གི་སྒོང་བ་ནང་གི་སེར་ཐིག་ལྟ་བུ་དེ་ཡིན་འོས་ལ། ཁྱེད་རང་ལྷ་རམས་པ་ཞིག་གི་ངོས་ནས་བཤད་ན་ཐུན་མོང་རིག་གནས་ནི་རང་གི་ཆེད་དུ་གཉེར་བྱ་ལ་དེ་འདྲའི་དགོས་མཁོ་ཆེན་པོ་རང་མེད་མོད། འོན་ཀྱང་མི་སྐྱ་སྙན་ངག་ལ་དགའ་མཁན་རེ་གཉིས་ཀྱི་ལད་ཟློས་བྱེད་བསམ་ཡང་བྱེད་མ་ཤེས་པར་རང་གིས་སྙན་ངག་འབྲི་དུས་རང་ཉིད་ཀྱི་གནས་བབས་བརྗེད་དེ་ཕ་རོལ་བོའི་རྗེས་སུ་གཡམ་རྒྱུགས་བྱེད་པ་འདིས་རང་གི་སྙན་ངག་གི་རིན་ཐང་དང་མི་གཞི་གཉི་ག་བཤད་མ་དགོས་པར་བཤམས་ནས་འདུག མ་གཞི་ལོ་ཆེན་པོའི་སྐབས་སུ་སྙན་ངག་གསར་དུ་སྦྱངས་པ་ལ་ནི་སྙན་ངག་ཡག་པོ་ཞིག་ཡོང་རེ་མེད་དེ། སྙན་ངག་གི་གཞོན་ནུའི་སེམས་ཁམས་ཀྱི་བརྩེ་དུངས་ལ་ཆེར་འབྲེལ་བས་སོ།། རང་གི་དཔེ་དེབ་དེ་དག་བཀླགས་མྱོང་ཡང་ཚོར་བ་སྐྱེན་པོ་ཅི་ཡང་སྟེར་མ་ཐུབ་པས་མཇུག་པར་ཏུ་བཀླག་རྒྱུར་སུན་སྣང་སྐྱེས་འོང་། རང་གི་སྙན་ངག་ནི་མ་གཞི་ནས་སྐད་ངག་མི་བདེ་བ་ཞིག་གིས་གླུ་དབྱངས་བླངས་པ་ལྟར་སྙན་འཇེབས་ཀྱི་འགྱུར་ཁུགས་མེད་ལ། ཡིད་འགྱུར་གྱི་མཚོན་སྟངས་ཀྱང་མེད་པར་མ་ཟད། བརྩེ་དུང་གི་རོ་མངར་ནི་དེ་བས་ཀྱང་མེད། སྤྱི་ཚོགས་ཁྲོད་འདྲེས་མ་མྱོང་བའི་མིས་སྤྱི་ཚོགས་ཀྱི་གནས་བབས་མི་ཤེས་ལ། དེ་བས་མིང་སྐམ་ཞིག་གི་འོག་ནས་རང་ཉིད་ཀུན་ལས་རྒྱལ་ཡོད་སྙམ་པ་དང་། རང་ཉིད་ནི་མཆོག་གི་སྙམ་པའི་ང་རྒྱལ་དང་འདུ་ཤེས་དེ་ཅུང་ཟད་བསྟུངས་ཐུབ་ན་བཟང་། མ་གཞི་ནས། ཐོས་པའི་རྗེས་མཇུག་སྒྲུབ་པ་སྙིང་བོར་བྱེད།། ཟེར་བ་བཞིན་ཁྱེད་རང་ཡང་ལམ་དེའི་མི་ཡིན་ལ། འདིར་ང་ཚོས་ཅི་བྱེད་དང་གད་དྲན་གྱི་རྗེས་སུ་ཟིན་ལ་མ་ཟིན་མི་རྒྱུགས་པར་འཚལ། བཤད་འདོད་པ་ནི་ཁྱེད་རང་སྙན་ངག་པ་ཡིན་མིན་དེ་གཙོ་བོ་མ་རེད། གཙོ་བོ་དེ་རང་ཉིད་གྲ་བ་དང་ལྷ་རམས་པ་ཞིག་ཡིན་པ་དེ་རེད།

  8. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2014-05-04 at 1:58 pm

    དྲ་གྲོགས་ཚེ་རིང་ལགས། ང་ནི་ལྷ་རམས་པ་ཞིག་མིན་ལ་དགེ་བཤེས་ཤིག་ཀྱང་དེ་བས་མིན། ཁྱེད་རང་གིས་ང་ལ་རྒྱུས་ཡོད་མདོག་གིས་མང་པོ་ཞིག་བཤད་མོད། མཐའ་ན་ངའི་གནས་བབ་དང་ལོ་ག་དུས་ནས་སྙན་ངག་སྦྱང་མིན་ཙམ་ཡང་མ་ཤེས་པར་དམའ་འབེབས་པ་ལ་གཞོལ་བར་འདུག་པ་ནི་ཅི་ཞིག་གི་ཆེད་དུཡིན་མ་ཤེས་སོ།། ཁྱེད་རང་གིས་བཤད་པ་མདོར་བསྡུས་ན་གྲྭ་བ་ཞིག་གིས་སྙན་ངག་འབྲི་མི་རུང་ལ་འབྲི་ཤེས་ཀྱི་མ་རེད་ཟེར་གྱི་ཡོད་པ་འདྲ་མོད། ༸རྒྱལ་མཆོག་ལྔ་བ་ཆེན་པོ་དང་། རྗེ་ཙོང་ཁ་བ་ནས་བཟུང་སྐྱེས་ཅན་དང་། བླ་མ། གྲྭ་བ་སོགས་གྲངས་མེད་པ་ཞིག་གིས་སྙན་ངག་བྲིས་ཡོད་པ་མ་ཟད། འདི་དག་གི་སྙན་ངག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། བོད་སྐད་དུ་ཡོད་པའི་སྙན་ངག་དང་སྙན་གཞུང་མང་པོ་ཞིག་ཀྱང་འདི་དག་གིས་བྲིས་པ་ཡིན་པ་མ་བརྗེད་པར་མཛོད། དུ་དུང་སྙན་ངག་བྲིས་ན་འཁྲིག་གཏམ་འབྲི་དགོས་པ་འདྲ་ཞིག་བཤད་པ་ནི་རང་གི་གོ་རྟོགས་ཀྱི་ཟབ་ཚད་མིག་སྔར་བཤམ་པས་ལས་ཅི་ཆ། གལ་སྲིད་ཁྱེད་རང་གིས་ཡི་གེ་འབྲི་འདོད་ན་དང་པོ་བོད་ཀྱི་སྐད་བརྡ་རིག་པ་ལ་ཅུང་ཙམ་སྦྱངས་ནས་ཤོག་དང་བརྡ་ལོག་དོན་ལོག་དེ་ཚོ་ཅུང་ཙམ་ཉུང་དུ་འགྲོ་བའི་རེ་བ་ཆེ།

  9. ཚེ་རིང་། says:
    2014-05-04 at 3:07 pm

    དང་བོ་ལྷ་རམས་བྱེད་འདོད་ནས་ཨུ་ཚུགས་ཀྱིས་རྩོམ་རྒྱུགས་བྲིས་ནས་ཨ་གསར་གྱིས་གཞན་དང་མི་འདྲ་བ་བྱེད་འདོད་ནས་ལྷ་རམས་ཀྱི་མིང་དེས་མ་ཆོག་པར་ངག་གི་དབང་ཕྱུག་འདོགས་མཁན་ཁྱོད་རང་ཡིན་པ། དེང་སྐབས་ལྷ་རམས་མིན་ཟེར་དོན་ཅི་ཡིན། གཅིག་བྱས་ན་རང་གི་སྤྱོད་ལམ་ལ་ངོ་ཚ་བཞིན་ཡོད་པ་འདྲ། སྤྱིར་ལྷ་རམས་པ་ཕར་ཟད་མི་དགའ་ཞིག་ཡིན་ན་ཡང་འདི་འདྲའི་ངོ་གཉིས་མ་བྱེད་མི་སྲིད། སྦྱིན་བདག་དད་པ་ཅན་གྱི་སྔུན་ནས་དགེ་བཤེས་ཡིན་མདོག་མདོག གསར་བུ་གསར་མོ་ཚོའི་ཁྲོད་ནས་ཕོ་གསར་ཡིན་མདོག་མདོག་ མ་གཞི་ནས་ཁྱོད་རང་ཉིན་མོའི་ལྷ་དང་མཚན་མོའི་འདྲེ་བྱེད་ཀྱིན་ཡོད་པའི་མི་ཞིག་རེད། སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་གྲ་བའི་སྙན་ངག་མེད་ཟེར་གི་མེད། གྲ་བ་ཞིག་ལ་གྲ་བའི་ཚོད་ཀྱིས་འབྲི་རྒྱུའི་སྙན་ངག་ཡོད་ནི་རེད། ཁྱེད་རང་གིས་དགེ་བཤེས་ཀྱི་མིང་བྱིང་སྐམ་པོ་དེ་སྦས་ནས་གཞན་ཞིག་འབྲི་གི་མ་འདུག རྗེས་མ་གྲ་བ་ཡང་མིན་ཟེར་དགོས་ཐུག་འོང་། འདི་བསླབ་བྱ་ཡིན།

  10. འཕྲིན་ལས་ནོར་བུ། says:
    2014-05-04 at 6:40 pm

    ངའི་རེ་སྐུལ་ཞིག་ལ་༼གང་ལྷའི་ཞབས་རྗེ་སྙེག་པའི་བརྩེ་སེམས་༽ཞེས་པ་ལས་སྙན་གང་རུང་ཞིག་ཁ་བརྡར་འཇོག་རོགས། དེབ་མིང་དེ་སྙན་མོ་འདུག ཡིན་ཀྱང་ཞབས་རྗེས་མིན་འགྲོ།

  11. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2014-05-04 at 8:41 pm

    དྲ་གྲོགས་ཚེ་རིང་ལགས། ད་ཁྱེད་རང་སྨྱོས་ཟིན་པ་འདྲ། ཁྱེད་རང་གིས་ངའི་དེབ་ཀློག་ཡིན་ཟེར་བ་དེ་སྐྱག་རྫུན་ཁོ་ན་རེད་འདུག
    ང་རིན་ཆེན་དངོས་གྲུབ་མིན་ཟེར་བ་དེ་མིན། སེར་ཤུལ་རིན་ཆེན་དོན་གྲུབ་ཡིན། ད་གཉིད་སོད་ཅིག

  12. ཚེ་རིང་། says:
    2014-05-05 at 12:32 am

    རིན་ཆེན་དངོས་གྲུབ་མིན་ན་བཟང་། ཁོང་འདི་འདྲ་ཞིག་ཡིན་རྒྱུ་མ་རེད། སྐད་ཆ་བཤད་དུས་མི་ལ་བརྩི་འཇོག་ཡོད་པ་བྱོས། སྤྱི་ཚོགས་དང་འབྲེལ་འདྲིས་མེད་པའི་གསར་རྟགས་མ་སྟོན། ་ཨ་ཁུ་ཚང་མར་ངས་ཆུ་ཚོད་གཏོང་གི་མེད།

  13. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2014-05-05 at 11:52 am

    དྲ་གྲོགས་འཕྲིན་ལས་ནོར་བུ་ལགས། ༼གངས་ལྷའི་ཞབས་རྗེས་སྙེག་པའི་བརྩེ་སེམས།༽ངས་དེབ་དེ་ལས་སྙན་ངག་ཅིག་འདིར་བཀོད་ཡོང་ཨ། དྲ་གྲོགས་ཚེ་རིང་ལགས། རྫུན་བཤད་རྒྱུ་ཉུང་ཙམ་གནང་ཡག་པོ་མེད་འགྲོ།

  14. ཚེ་རིང་། says:
    2014-05-05 at 1:47 pm

    ཨ་ཁུ་དྲ་ལམ་ནས་དཔའ་བོ་མ་བཅའ་གྲ་བ་ཞིག་གིས་འདི་ནས་ཡིན་མདོག་བྱེད་པ་ནི་། རལ་གྲི་དགྲ་ལ་ཤོར་ནས་ཤུབ་ཀྱི་སྟེང་ནས་དཔའ་སྐད་འདོན་པ་དང་མཚུངས་པས་སྙིང་བོ་ཅི་ཡང་ཡོད་མ་རེད། དེ་བས་རང་གིས་རང་ལ་འོས་པའི་ཡིན་ལུགས་ཚུལ་མཐུན་གྱི་གྲ་བའི་བྱེད་སྒོ་ལ་འབད་རོགས། ངས་་འདི་ནས་རང་གི་ཁ་མི་འདྲུས། གཅིག་བྱས་ན་ཆུ་ཚོད་འགྲོ་གི་མེད་བའི་བཟོ་འདྲ་ཞིག་ཀྱང་་མཐོང་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme