Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།

Posted on 2012-10-272012-10-27 By ཁ་བརྡ་ 45 Comments on ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།

དོལ་སྨྱོན།

༡༽
རྒྱབ་ནས་བལྟས་ན་མཛེས་པའི་སྐུ་གཟུགས་ལ།།
མདུན་ནས་བལྟས་ན་འཛུམ་པའི་ཞལ་རས་ཅན།།
མཐོང་ན་མི་མཐུན་མེད་པའི་མཛའ་ན་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

༢༽
མི་ཆེ་མི་ཆུང་རན་པའི་མགོ་བོ་ལ།།
མནག་སྣུག་སྐྲ་ལོ་རྒྱ་ལྕང་ལོ་མ་ཅན།།
ཡངས་པའི་ཕྲག་ཟུང་ལེགས་པར་ཁེབས་པ་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༣༽
དཀར་བའི་ཞལ་ལ་འཛུམ་པའི་ཚེམས་ཕྲེང་ཅན།།
མཛེས་པའི་སྤྱན་ལ་སྟུག་པའི་སྨིན་མ་གཡོ།།
མཐུག་པའི་མཆུ་སྒྲོས་དམར་བའི་གཟི་མདངས་ངོམ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༤༽
དམར་བའི་མཁུར་ཚོས་ཀུ་ཤུའི་མདངས་ལ་འགྲན།།
འཛུམ་པའི་སོ་འདབ་གངས་རིའི་དཔལ་ལ་དོ།།
མཛེས་པའི་སྤྱན་ཟུང་རི་དྭགས་མིག་ལ་འཁུ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༥༽
འབུར་དུ་ཐོན་པའི་ཕྲག་པ་ཡངས་མོ་ལ།།
རེག་འཇམ་མཛེས་པའི་ཕྱག་ཟུང་དཀར་ལ་འཇམ།།
ཕྱག་མཛུབ་སྦོམ་ལ་ཕྱག་སེན་དམར་བ་ཅན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༦༽
མི་རིང་མི་ཐུང་སྙོམ་པའི་ལུས་པོ་ལ།།
མཁྲེང་ལ་ལྡུམ་པའི་མྱོས་བུམ་འབུར་དུ་མངོན།།
དྲག་དལ་རན་པའི་གོམ་འགྲོས་ཡངས་མོ་ཅན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༧༽
ཕོ་བའི་རྒྱ་ཁྱོན་ནང་དུ་ནུབ་པ་དང་།།
དཔྱི་ཡི་སྐེད་པ་ཕྲ་ལ་ལྡེམ་པ་དང་།།
མཛེས་པའི་ཕོངས་ཚོས་ཕྱི་ལ་འབུར་བ་ཅན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༨༽
ཕན་ཚུན་བརླ་ཤ་དཀར་ཞིང་འཇམ་པ་ལ།།
མཛེས་པའི་ཞབས་ཟུང་མེ་ཏོག་ཚོམ་བུ་དངོས།།
དྲི་ཞིམ་སྤོས་ཀྱི་དྲི་ངད་ཐུལ་བ་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༩༽
འདེག་འཇོག་སྙོམ་པའི་གོམ་སྟབས་ཡངས་མོ་ལ།།
འགྱུར་ཁུག་རན་པའི་སྐེད་པ་ཕྲ་ལ་ལྡེམ།།
མཛེས་པའི་ཕྱག་ཟུང་ཡར་མར་གཡོ་བ་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༠༽
མཛེས་པའི་བཞིན་ལ་འཛུམ་པའི་གཟི་མདངས་འཕྲོ།།
མཛའ་བའི་སེམས་ལ་བརྩེ་བའི་བཟི་ཁས་བརྒྱན།།
བརྟན་པའི་ཐུགས་ལ་སྒམ་པའི་བསམ་སྤྱོད་ཅན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༡༽
མཐོན་པོ་རྣམས་ལ་གུས་པས་མི་འདུད་ཅིང་།།
ཉམས་ཆུང་སྤྲང་པོའི་གཉའ་ནས་མི་བརྫི་བར།།
རང་ཚུགས་ཐུབ་པའི་སྤྱོད་ཚུལ་གཙང་མ་ཅན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༢༽
མཛེས་པའི་ཞལ་ལ་ནག་ནོག་དྲི་མས་དབེན།།
སྙན་པའི་གསུང་ལ་ཆགས་སྡང་ཚིག་གིས་སྟོང་།།
བརྩེ་བའི་ཐུགས་ལ་ཆོས་བརྒྱད་དྲི་མས་དག།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༣༽
ཁ་འདོན་བྱེད་དུས་ཆོས་པ་བཟང་པོ་ཡིན།།
ནད་པ་བལྟ་དུས་ཚད་ལྡན་སྨན་པ་ཡིན།།
འཁྲོམ་ལ་འགྲོ་དུས་བུ་མོ་མཛེས་མ་ཡིན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༤༽
ཉིན་གྱི་དུས་སུ་བརྩེ་བའི་དགའ་རོགས་ཡིན།།
མཚན་གྱི་དུས་སུ་རྨི་ལམ་ཡུལ་ལྗོངས་ཡིན།།
ཉིན་མཚན་ཀུན་ཏུ་སེམས་པ་གཏད་ས་ཡིན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༥༽
བྱ་ཤ་ཕག་ཤ་ཟ་བར་དགའ་བ་མོ།།
བརྙན་འཕྲིན་རྩེད་མོ་རྩེ་བར་དུངས་བ་མོ།།
སྒྲུང་དང་སྙན་ངག་ཀློག་ལ་སྤྲོ་བ་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༦༽
སྒོགསུམ་སྤྱོད་པ་ཞི་ཞིང་དུལ་བ་ལ།།
གཞན་ཕན་སྙིང་རྗེའི་དྲི་ངད་ཐུལ་བ་ཅན།།
དོན་ལ་འཇུ་བའི་བསམ་གཞིག་ཞིབ་པ་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༧༽
དོན་མེད་ཚིག་གི་ལོ་མར་མི་འཇུ་ཞིང་།།
དོན་ལྡན་གཏམ་གྱིས་ཕ་རོལ་འདོད་པ་སྐོང་།།
ཁ་ཞེ་མཚུངས་པའི་མི་གཤིས་དྲང་པོ་ཅན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༨༽
རྒྱུ་ནོར་ཕྱོགས་ལ་འདོད་པ་མི་ཆེ་ཞིང་།།
མཁོ་དགུའི་འབྱོར་བ་ཉེ་ཚེས་མཆོག་ཤེས་ཅན།།
ཡ་རབས་དམ་པའི་དྲི་ངད་མ་ཡལ་བ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༡༩༽
བརྩེ་བས་བསྐྱངས་ན་ལུས་ངག་ཡིད་ཀྱིས་མཆོད།།
དུངས་བས་བཀུར་ན་བརྩེ་བའི་རང་གཤིས་མངོན།།
ཕྱི་ཐག་རིང་ཞིང་དུངས་བ་ཟབ་པ་མོ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༢༠༽
ཕྱི་ཡི་རྣམ་པ་མཛེས་ཤིང་མཚར་བ་ལ།།
ནང་གི་དཔལ་ཡོན་འབུམ་གྱིས་ཕྱུག་པ་མོ།།
ཕྱི་ནང་མཚུངས་པའི་བསམ་སྤྱོད་རབ་མཛེས་པ།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།
༢༡༽
ཡུན་ཐུང་མི་ཚེའི་སྐྱ་ཡ་མངར་མོ་ཡིན།།
ཉམས་ཆུང་བུ་ངའི་སེམས་ཀྱི་འཚོ་བཅུད་ཡིན།།
སྒལ་ཚིགས་དྲང་པོར་བསྲིངས་པའི་གཞི་མ་ཡིན།།
ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

སྙན་ངག

Post navigation

Previous Post: ར་རྫ་འཇམ་དབྱངས་སྐྱིད་ལ་ནན་ཏན་དུ་བརྗོད་པ།
Next Post: ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།

Comments (45) on “ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།”

  1. བོད་ཀྱི་བུ། says:
    2012-10-27 at 11:40 pm

    ཨ་རིག་འགྱུར་མེད་དང་ཚོགས་པ་གཅིག་པ་ཡིན་ས་རེད། ནམ་རྒྱུན་འདི་འདྲ་མཇེ་དང་གཉའ་མ་རྐྱང་རྐྱང་བཤད་ནས་བསྡད།

  2. བསེ་རུ། says:
    2012-10-27 at 11:42 pm

    མཚམས་གཅོད་སྒྲོལ་མའི་ཕྱི་ནང་ཡོན་ཏན་རྣམས།།
    རྟོག་བཟོ་སྒྲོ་འདོགས་མིན་པའི་སྨོན་ལམ་འདེབས།།
    དོལ་སྨྱོན་སེམས་ཀྱི་བརྩེ་བའི་ནོར་བུ་གང་།།
    སྒྲོལ་མའི་ཡིད་རབ་མགུ་བའི་རྒྱན་འགྱུར་ཤོག།

  3. བྱམས་པ་ལྷུན་གྲུབ། says:
    2012-10-28 at 12:00 am

    བརྗོད་བྱའི་དཔལ་དང་ཡོན་ཏན་ལས་འདས་པའི།།
    རྗོད་བྱེད་ཚིག་གིས་འཁྱོག་བརྗོད་མང་གདའ་བས།།
    བརྗོད་གཞི་རྗོད་བྱེད་མཚུངས་པ་མིན་མོད་ཀྱང་།།
    བརྗོད་བྱའི་མཚམས་གཅོད་ཆ་རྒྱུས་མེད་མཁན་ཚོས།།
    རྗོད་བྱེད་ཚིག་མཛེས་གོ་རིམ་ཤིན་ལེགས་པས།།
    སྣང་བ་དག་པ་གཅིག་ཏུ་འདྲེན་བཏུབ་མོད།།

  4. སྤོབས་པ་མཐའ་ཡས། says:
    2012-10-28 at 12:06 am

    མི་ཞིག་ལ་སེམས་ཤོར་དུས་མི་དེའི་མཐོང་སྣང་བརྒྱ་ཆ་དགུ་བཅུ་འཁྲུལ་རྟོག་ཡིན་པས་ངས་ནི་མཚམས་གཅོད་སྒྲོལ་མ་ཟེར་བ་དེ་རྩོམ་པ་པོས་བཤད་པའི་ཡོན་ཏན་བརྒྱ་ཆ་བཅུ་མ་གཏོགས་མེད་པར་ངོས་འཛིན་བྱ་རྒྱུ་ཡིན།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-10-28 at 12:19 am

    ཁྱོད་ཀྱི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན་ན། །
    ང་ཡི་སྙིང་སྡུག་ཚེ་རིང་ཆོས་སྒྲོན་ཡིན་ནོ། །
    བརྩེ་བའི་ཐུགས་ལ་ཆོས་བརྒྱད་དྲི་མས་དག་ན། །
    ང་ཡི་སྙིང་སྡུག་ཚེ་རིང་ཆོས་སྒྲོན་ཡིན་ནོ། །
    འདི་ནས་མར་མི་འབྲི་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2012-10-28 at 12:23 am

    དོལ་སྨྱོན་འདོད་པས་བཟི་དུས། །
    བྱམས་ལྷུན་རྟོག་དཔྱོད་བྱེད་བགྱིད། །
    སྤོབས་མཐས་བརྒྱ་ཆ་སྤྲོད་བགྱིད། །
    ཀརྡོ་ཅི་ལབ་འདི་ལབ། །

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-28 at 12:39 am

    ཉིན་གྱི་དུས་སུ་བརྩེ་བའི་དགའ་རོགས་ཡིན།།
    ཉིན་གྱི་དུས་སུ་བརྩེ་བའི་དགའ་གྲོགས་ཡིན།།

    རང་སེམས་སོང་བའི་མི་དེ།
    གཏན་གྱི་གྲོགས་སུ་བྱུང་ན།
    དེ་ལས་གཞན་པ་ཅི་ཡང་།
    མི་དགོས་ཡིན་པར་ངེས་སོ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-28 at 12:51 am

    རྒན་འཇམ་དཔལ་ལེགས།
    དགའ་གྲོགས་ཀྱི་ཚིག་དང་བཅས་སླར་ཡང་ཁ་བརྡར་ཕེབས་པར་དགའ་བསུ་ཞུའོ། །

  9. རེབ་ཐོག་མདའ says:
    2012-10-28 at 1:59 am

    མཚམས་ལ་ལར་དབྱར་གི་མེ་ཏོག་བཞད་འདྲིས།།
    ལུས་ངག་གི་སྤྱོད་པ་ཀུན་ལ་མཐུན་པ།།
    ལྷ་སྒྲོལ་མ་དཀར་མོའི་ཚ་མ་ལོ་ལོ།།
    མ་ཞིག་གི་མཛེས་བའི་བྲིས་རབ་འཆད་ཐལ།།

    སྐྱེས་ཕོ་མོ་བར་གི་འཇིག་རྟེན་སྣང་བ།།
    སྤྱོད་ཤེས་ན་མི་ཚེ་སྐྱིད་ཅིག་ཡིན་མོད།།
    ལོ་གཞོན་པའི་སྣང་བ་ཧྲག་བར་ཞིག་ནས།།
    སེམས་སྡུག་ལ་གཏད་ན་དེ་ལས་སྡུག་མེད།།

    སེམས་ཤོར་སའི་བུ་མོ་ཤོར་གི་མ་འཇུག།།
    ཚེ་གཅིག་གི་སྐྱ་ཡའི་ལས་དབང་མེད་ཀྱང་།།
    གདོང་འཛུམ་ཆུང་ཅན་ཀྱི་བུ་མོ་དེ་ལ།།
    གཏམ་དྲོན་མོ་སེམས་ནས་ཤོར་ཡང་སྐྱིད་རེད།

  10. གནམ says:
    2012-10-28 at 2:57 am

    དགའ་དུས་དགའ་སྣང་ཡིད་ལ་མི་བཅུག་པར།།
    གང་བཤད་ཁ་ཚིག་དོན་རྩ་མ་ཟིན་ན།
    སྡུག་དུས་བཟའ་འཛིང་རྣ་སྡུག་བྱེད་སྤྱད་འདི།
    གྲྭ་ལོག་མོ་དགའ་ཞིག་གི་རྩོམ་གཤིས་འདུག།

  11. བསོད་ནམས། says:
    2012-10-28 at 3:59 am

    ཁོང་གི་མཛའ་ན་མོ་དེ་ངས་ཚར་གཅིག་མཐོང་མྱོང་ཡོད་ངོ་མ་མཛེས་མ་ཞིག་འདུག་འོན་ནང་ལ་ག་འདྲ་ཡོད་མེད་ང་ཚོར་ལྐོག་གྱུར་རེད། གང་ལྟར་དོལ་སྨྱོན་ལགས་ཀྱི་སེམས་ལ་སོང་ན་ཁོ་རང་ལ་མཛེས་དང་མཛེས། མཛེས་མ་ཐམས་ཅད་མཛེས་མ་མིན་རང་སེམས་དགའ་ས་མཛེས་དགའ་ས་མཛེས་མ་ཡིན་པ་རེད།

  12. དོལ་སྨྱོན། says:
    2012-10-28 at 7:33 am

    དྲ་གྲོགས་སྤྱི་དང་ལྷག་པར་རྒན་ལ་དྭགས་པ་མཆོག་ལ་ཕེབས་བསུ་ཞུ།

  13. དོལ་སྨྱོན། says:
    2012-10-28 at 7:37 am

    འདི་ན་ང་ཡིས་བྲིས་ཤིང་སྨྲ་བ་ཀུན།།
    མཚམས་གཅོད་སྒྲོལ་མའི་རང་གཤིས་ངོ་མ་ཡིན།།
    འོན་ཀྱང་དྲ་གྲོགས་དག་གི་མཛུབ་རྩེ་དེ།།
    གང་དུ་སྒྱུར་མིན་སོ་སོའི་འདོད་པ་གྱིས།།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-28 at 9:04 am

    ཀརྡོ་གཉེར་ཕྱག་པ་མཆོག་དང་། དོལ་སྨྱོན་ལེགས།
    བདག་ཅག་གནས་བསྐོར་ལ་ཉིན་བདུན་ཙམ་འགོར། དེ་དག་ཏུ་དྲ་ལེན་ཆས་ལེགས་མེད་པས། འབྲེལ་པ་ཞུ་མ་ཐུབ། དེ་ནས་རྒྱུགས་སྤྲོད་བྱ་བའི་རྗེས་ཡུལ་གཞན་དུ་འགྲོ་རྩིས་དང་། སྤྱི་ཟླ་༡༢མགོར་ལོག་ངེས། ལྷན་རྒྱས་ཚང་མས་བོད་ཀྱི་སྐད་སྤྱི་ལ་གོ་བ་ཞིག་མཛད་གྲོགས་ཞུ། ཇི་སྐད་དུ། ཆོས་ཀྱི་རྗེ་ས་པཎ་གྱིས།
    ཆོས་ཀྱི་སྐད་དང་མཐུན་པ་ཡིས།
    རང་ཡུལ་སྐད་ངན་སྤང་བར་བྱ།།
    ཡི་གེའི་སྦྱོར་བ་ན་ཡོད་བསམ། སྔར་དང་མི་འདྲ་བས། ཡུལ་ཞེས་པ་ལུང་པར་གོ་དགོས་པར་མཐོང་། དིང་སང་ལུང་སྐད་ཤུགས་ཆེ་བས། འགའ་རེས་བྲིས་པའི་མིང་ཚིག་མང་པོ་མི་གོ་བ་འདུག རང་ཅག་ཚང་མ་འཛོམས་ཏེ། བོད་སྤྱིའི་སྐད་དེ་བརླག་སྟོར་དུ་མ་འགྲོ་བ་ཞིག་བཟོ་དགོས་པར་མཐོང་། ཞེས་སོ།།

  15. དོལ་སྨྱོན། says:
    2012-10-28 at 9:50 am

    རྒན་ལ་དྭགས་པ་སླར་ཡང་ཕེབས་ནས་བཀའ་སློབ་ཟབ་རྒྱས་གནང་བར་དགའ་བསུ་ཞུ།
    སྐུ་ཚེ་བརྟན་པ་དང་འཛད་འཕྲིན་རྒྱས་པའི་རེ་བ་ཞུ།

  16. ཉི་འོད་གྲོངས says:
    2012-10-28 at 10:15 am

    དོམ་སྨྱོན་ཟེར་བ་འཇེ་ལག་མི་བྲལ་ཁྱོད་། སེམས་པ་འདྲེ་ལ་ཤོར་འདི་ཁག་མེད་ཀྱང་། ཕ་བཟང་བུ་ཞིག་ངེས་པར་ཡིན་ངེས་ན། ལེགས་པར་སྤྱོད་ཅིག་མཚམས་སྤྱོད་སྒྲོལ་མའི་གཟུགས། ཁྱོད་ཀྱིས་མཐོང་བ་དེ་ནི་ཨེ་བདེན་ཁྱད། བློ་སྟོབས་གྲོགས་པོ་ཞིག་་ལ་འདི་ལྟར་དྲིས། འདི་ནི་མི་ཚེའི་་ནང་གི་སྙིང་གྲོགས་ལ། འོས་མིན་ལེན་ཅིག་ངེས་པར་གནང་རོགས་བྱོས། སྤྱིར་ན་སྐྱེས་པ་ཕོ་ཡི་ཡ་ཚུལ་དུ་། འདི་མིན་འདི་ཡིན་ཞེས་པའི་དོན་གྱི་ཆེད། བློ་ཐག་མི་ཆོད་་གཞན་ལ་ལྟོས་པ་དེ་། ཕོ་མཐའ་ཞིག་ལས་རྩི་སྲོལ་མེད་ན་ཡང་། ཕོ་རབ་ཅིག་གི་བློ་ཡི་འཁོར་རྒྱ་བས། ཕོ་འབྲིང་བཅུ་ཡི་བློ་ལ་དགའ་ཞེས་པ། གནའ་མི་དཔེ་དེ་ཧ་ཅང་བདེན་པ་ཡིན། གྲོགས་པོ་ངག་དང་ཁྱོད་ཀྱིས་སྣང་བ་གཉིས། མ་གྲོས་གཅིག་མཐུན་མངོན་སུམ་ལ་གྱུར་ཚེ། ལག་པས་རང་མཇེ་འཆང་བ་མྱུར་གཏང་ནས། ན་གཞོན་མཚམས་སྤྱོད་སྒྲོལ་མའི་དམར་ཆུང་སྙིང། ཁྱོད་ལ་གཏོད་པས་གོ་སྐབས་འདིའི་རིང་ལ། དམ་དུ་འཆོངས་ཤིག་རང་གི་ལུས་ངག་ཡིད། ཁོང་ལ་ཕུལ་ཏེ་ཅི་གསུང་སྒྲུབ་ཅིག་ལོ།

  17. དོལ་སྨྱོན། says:
    2012-10-28 at 11:06 am

    ལགས་སོ།། བཀའ་བཞིན་ཞུ།

  18. གཡང་དཀར་ལུག་རྫི་། says:
    2012-10-28 at 11:45 am

    མཚམས་གཅོད་སྒྲོལ་མ་མིག་གིས་མཐོང་མྱོང་མེད།
    མཚམས་གཅོད་སྒྲོལ་མའི་གཟུགས་ལ་རྒྱུས་མངག་མེད།
    མཚམས་གཅོད་སྒྲོལ་མའི་གཞན་ལ་བཤད་རྒྱུ་མེད།
    དུལ་སྨྱོན་རྒན་པོ་ཆགས་སེམས་ཆེ་བ་དོད།

  19. ཉི་འོད་གྲོངས says:
    2012-10-28 at 12:29 pm

    དོམ་སྨྱོན་ལ་ཨ་ཙི་ངས་སྐུ་བརྩེད་ཞུས་པ་དགོངས་པ་དགོངས་འགལ་མེད་པར་ཞུ་། སྙན་པོ་འདུག་ཐུགས་རྗེ་ཆེ་ལགས་སོ

  20. རེབ་སྐྱིད་མཚོ says:
    2012-10-28 at 12:48 pm

    དོལ་སྨྱོན་གྱི་ཡིད་གྱི་དབང་པོ་ངང་ཤུགས་ཀྱིས་འགུག་ནུས་པའི་བུ་མེད་དེ་མཛེས་སྣང་འཁྲུལ་སྣང་མིན་
    ནམ།

  21. མེ་ཏོག་འཚོ། says:
    2012-10-28 at 1:20 pm

    བུ་མོ་ང་རང་འདིར་བོད་སྐད་ཡིག་གླེང་བ་ཡོང་བར་དྲྭ་གྲོགས་ཚོས་རྒྱབ་སྐྱོར་གནང་བར་མཁྱེན།

  22. དབྱངས་ཅན་འབངས། says:
    2012-10-28 at 4:13 pm

    དོལ་སྨྱོན་སྣང་བ་འཁྲུལ་བའི་ཆིག་ལབ་འདི།།
    འཁྲུལ་སྣང་ཡིན་པའི་ངོ་ཆ་འདི་ལྟར་སྤྲད།།

    མཐུག་པའི་མཆུ་སྒྲོས་དམར་བའི་གཟི་མདངས་ངོམ།།
    མཐུག་པའི་མཆུ་སྒྲོས་མ་ཧེའི་གཞང་ལ་འགྲན།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    དམར་བའི་མཁུར་ཚོས་ཀུ་ཤུའི་མདངས་ལ་འགྲན།།
    དམར་བའི་མཁུར་ཚོས་སྤྲེའུའི་རྐུབ་ལ་འགྲན།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    ཕྱག་མཛུབ་སྦོམ་ལ་ཕྱག་སེན་དམར་བ་ཅན།།
    ཕྱག་མཛུབ་སྦོམ་པས་གཞན་ལ་འཇིགས་པ་སྟེར།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    མཛེས་པའི་ཕྱག་ཟུང་ཡར་མར་གཡོ་བ་མོ།།
    མཛེས་པའི་ཕྱག་ཟུང་འགྲམ་པར་བཏབ་ཀྱང་ཚིམ།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    བརྟན་པའི་ཐུགས་ལ་སྒམ་པའི་བསམ་སྤྱོད་ཅན།།
    བརྟན་པའི་ཐུགས་ནི་ང་ཡི་་དངུལ་ལ་ལྡིར།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    མཐོན་པོ་རྣམས་ལ་གུས་པས་མི་འདུད་ཅིང་།།
    མཐོན་པོ་རྣམས་ལ་མི་འདུད་ང་རྒྱལ་ཅན།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    བྱ་ཤ་ཕག་ཤ་ཟ་བར་དགའ་བ་མོ།།
    བྱ་ཤ་ཕག་ཤ་མཐཽང་ཚད་ཟ་དགའ་མོ།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    བརྙན་འཕྲིན་རྩེད་མོ་རྩེ་བར་དུངས་བ་མོ།།
    བརྙན་འཕྲིན་རྩེད་མོར་གཡེང་བས་བྱིས་པ་རང་།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    སྒྲུང་དང་སྙན་ངག་ཀློག་ལ་སྤྲོ་བ་མོ།།
    སྒྲུང་སོགས་ཀློག་དུས་ཁྱོ་བོར་ཡ་ཙམ་མེད།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    བརྩེ་བས་བསྐྱངས་ན་ལུས་ངག་ཡིད་ཀྱིས་མཆོད།།
    བརྩེ་བས་བསུས་ན་ཁྱོ་ཡང་རྒྱབ་ལ་བསྐྱུར།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    དུངས་བས་བཀུར་ན་བརྩེ་བའི་རང་གཤིས་མངོན།།
    དུངས་བས་བཀུར་ན་སུ་ལའང་བརྩེ་བ་ངོམས།།
    ང་ཡི་སྙིང་སྡུག་མཚམས་གཅོད་སྒྲོལ་མ་ཡིན།།

    ཁྱོད་ལ་ལྟོས་ན་མཚམས་གཅོད་སྒྲོལ་མ་ལྷ།།
    གཟུར་བོར་གནས་ན་མཚམས་གཅོད་སྒྲོལ་མ་ནི།།
    ཁྱོད་ལ་འཕྲེང་བའི་གདོན་མོ་གདུག་པ་ཅན།།
    དོལ་པོ་སྨྱོན་པ་སྨྱོ་ནད་བསང་ན་ལེགས།།

    ཀུ་རེ་ཡིན།

  23. རེབ་སྐྱིད་མཚོ says:
    2012-10-28 at 5:46 pm

    སྙན་པའི་ངག་དབྱངས་འབབ་ཆུའི་རྒྱུན་ཐག་འགྲན།
    རྣོ་བའི་ལྗགས་ཀྱིས་སྲིད་གསུམ་མཛུབ་རྩེར་ཕབ།
    དྲན་ཤེས་མགྱོགས་མས་བཟང་ངན་གེ་ཏ་འཕེན།
    སྙན་ངག་པ་ཡི་ཆེ་མཆོག་དོལ་སྨྱོན་ལགས།

  24. དོལ་སྨྱོན། says:
    2012-10-28 at 10:18 pm

    དྲ་གྲོགས་སྤྱི་དང་ལྷག་པར་མེ་ཏོག་འཚོ་དང་རེབ་སྐྱིད་མཚོ་ལ་ཕེབས་བསུ་ཞུ།

  25. ཀརྡོ་གཉེར་ཕྱག་པ་ says:
    2012-10-29 at 12:05 am

    གེ་ཏ་ཟེར་བ་འདི་ཅི་ཡིན་ནམ། ལགས།

  26. མེ་ཏོག་དཀར་པོ says:
    2012-10-29 at 12:12 am

    བྱ་ཤ་ཕག་ཤ་ཟ་བར་དགའ་བ་མོ། །
    གཞན་ཕན་སྙིང་རྗེའི་དྲི་ངད་ཐུལ་བ་ཅན།།
    མཚམས་གཅོད་སྒྲོལ་མ་ཡོད་བཞིན་སློབ་གླིང་གི །
    བུ་མོ་ཞིག་ལ་གཅིག་གཅིག་དགོས་རབས་གླེང་། །

  27. ཀརྡོ་གཉེར་ཕྱག་པ་ says:
    2012-10-29 at 12:22 am

    སྙིང་སྡུག་ཚེ་རིང་ཆོས་སྒྲོན།
    ཆོས་དང་བླ་མ་དགེ་འདུན་ཚོགས་ལ་དད་པ་མོ། །
    བོད་ཆས་བོད་སྐད་བོད་ཟས་བཟོ་ལ་མཁས་པ་མོ། །
    ཡིད་འཕྲོག་ཕྱི་མཛེས་ནང་འཇམ་ཡ་རབས་སེམས་བཟང་མོ། །
    ང་ཡི་སྙིང་སྡུག་མཛེས་མ་ཚེ་རིང་ཆོས་སྒྲོན་ཡིན། །

  28. མེ་ཏོག་དཀར་པོ says:
    2012-10-29 at 1:03 am

    གཞན་ཕན་སྙིང་རྗེའི་དྲི་ངད་ཐུལ་བཞིན་དུ། །
    བྱ་ཤ་ཕག་ཤ་ཟ་བར་དགའ་བ་མོ། །
    མཚམས་གཅོད་སྒྲོལ་མ་ཡོད་བཞིན་སློབ་གླིང་གི །
    བུ་མོ་ཞིག་ལ་གཅིག་གཅིག་དགོས་རབས་གླེང་། །ཞེས་སོ།།

  29. དོལ་སྨྱོན། says:
    2012-10-29 at 2:12 am

    མཛེས་པའི་སྤྱན་ཟུང་ཡར་མར་གཡོ་བའི་ཚེ།།
    འདོད་ལྡན་སྐྱེས་བུའི་སྙིང་ལ་ན་ཟུག་སྟེར།།
    སྙན་འཇེབས་ཚིག་གི་རྒྱུན་ལ་ཉན་པའི་ཚེ།།
    དཔྱོད་ལྡན་སྐྱེས་བུའི་བློ་ལ་དགའ་བ་སྟེར།།

    འཇམ་མཉེན་ཕྱག་གི་སོར་མོའི་ཡལ་ག་དེ།།
    ཉམ་ཐག་ནད་པའི་མཁྲིག་མར་བཞག་པའི་ཚེ།།
    ལུས་སེམས་གདུང་བས་མནར་བའི་གནས་སྐབས་དེ།།
    རེ་ཞིག་མི་མངོན་དབྱིངས་སུ་ཡལ་བར་བྱས།།

    ཟས་སྤྱོད་སྨན་དཔྱད་བཞི་ཡི་ལམ་སྟོན་དེ།།
    འཇམ་བུའི་ངག་གིས་སྨྲ་བ་ལ་བཞུགས་ཚེ།།
    ནད་ཀྱིས་བཏབ་པའི་ཉམ་ཐག་ནད་པ་དག།
    དབྱངས་ཅན་མགྲིན་པར་རྣ་བ་གཏད་དང་མཚུངས།།

  30. དབྱངས་ཅན་འབངས། says:
    2012-10-29 at 10:36 am

    བྲིས་རང་བྲིས་ན་འདི་དང་འདི་འདྲ་ཞིག་བྲིས་དང་།།
    མཛེས་ལྡན་གཞོན་ནུ་མ་ཡི་དཔལ་ཡོན་དག་གསལ་ཡོང་།། འབྲི་སྟངས་འདི་བློ་ལ་འཐད་སོང་།

    དེ་མིན།་་་་་་་་་་
    མཆུ་སྒྲོས་མཐུག་པོ་མིག་ལ་བདེ་པོ་ཅང་ཨེ་ཡོད།།
    མཁུར་ཚོས་ཀུ་ཤུ་འདྲ་ན་ལུང་ཁུག་ལ་མཛེས་སྲིད།།
    ཕྱག་མཛུབ་སྦོམ་པ་མི་སྡུག་མཚན་མ་ལ་ཏག་ཏག།
    ཕྱག་ཟུང་གཡོ་བ་དབང་ཆེན་དཔོན་པོས་ཀྱང་བྱེད་དོ།།
    བརྟན་ལ་སྒམ་པའི་བསམ་སྤྱོད་སྐྱེས་པ་ལ་ལེན་པ།།
    མཐོ་ལ་གུས་པས་མི་འདུད་ང་རྒྱལ་གྱི་གོང་བུ།།
    བྱ་ཕག་ཟ་དགའ་མ་རབས་གྲོད་ཆེན་གྱི་ངང་ཚུལ།།
    བརྙན་འཕྲིན་རྩེད་མོར་གཡེང་བ་བྱིས་པ་ཡི་སྤྱོད་པ།།
    སྒྲུང་སོགས་ཀློག་སྤྲོ་མཛེས་མའི་ཁྱད་ཆོས་ཅང་ཨེ་ཡིན།།

  31. དབྱངས་ཅན་འབངས། says:
    2012-10-29 at 10:38 am

    འོན་ཀྱང་ཁྱོད་ལ་ཁག་ཅི་སེམས་པ་ལྷག་པས་འཁྱེར་དུས།།
    གཟུགས་མེད་འཕྱན་དྲི་མནམ་པོ་ཞིང་ཁམས་ཀུན་ཁྱབ་གཟིམ་སྤོས།།
    མཚམས་གཅོད་སྒྲོལ་མའི་མཚན་སྔགས་མ་ཎི་ལས་ཀྱང་མང་བ།།
    ཐམས་ཅད་དགྲ་ལ་ལངས་ཀྱང་མཚམས་གཅོད་བྱུང་ན་འགྲིག་པ།།

  32. མེ་ཏོག་དཀར་པོ says:
    2012-10-29 at 10:49 am

    འདི་རང་བཞིན་བརྗོད་པ་ལས་མཛེས་ཆོས་བཤད་པའི་སྐབས་མིན་པས་མི་མཛེས་རུང་། མཆུ་མཐུག་པ། མཛུབ་མོ་སྦོམ་པ། བྱ་ཤ་ཕག་ཤ་ཟ་བ་སོགས་མཚམས་གཅོད་རང་དེ་ལྟར་ཡོད་ངེས།

  33. མེ་ཏོག་དཀར་པོ says:
    2012-10-29 at 10:52 am

    ད་དུང་བརླ་ཤ་དཀར་པོ། འདིར་མ་བརྗོད་རུང་དྲོད། དམ་ལྷོད་་་་་་

  34. ཨ་ར་དཀར་པོ says:
    2012-10-29 at 11:00 am

    ཨོ་ སེམས་སོང་བུ་མོ་མཚམས་གཅོད་སྒྲོལ་མ་མཛེས་མ་ཞིག་རེད་མི་འདུག ཁ་ཤ་མཐུག་ཅིང་ཕྱག་མཛུབ་སྦོམ་པོ གདོང་མདོག་དམར་པོ འོ་ཙི་ ཞེད་སྣང་ཚ་སེ་འདུག་ད

  35. དོལ་སྨྱོན། says:
    2012-10-29 at 12:32 pm

    ན་གཞོན་ཕོ་རེའི་སེམས་ན་བུ་མོ་རེ།།
    བུ་མོ་རེ་ལ་ཁྱད་ཆོས་སོ་སོ་རེ།།
    ཐམས་ཅད་གཅིག་པར་ཚུང་དུ་མི་འོང་བས།།
    སོ་སོའི་སེམས་ལ་འཐད་ན་དེ་གས་འགྲིགས།།

    མཆུ་སྒྲོས་མཐུག་པོ་བུ་མོའི་མཛེས་རྒྱན་ཡིན།།
    ཁུར་ཚོས་དམར་པོ་ཆགས་པའི་བཟི་ཁ་ཡིན།།
    ཕྱག་མཛུབ་སྦོམ་པོ་བསམ་སྤྱོད་བརྟན་པ་ཡིན།།
    ཤ་རིགས་དགའ་བ་བོད་མིའི་ཁྱད་ཆོས་ཡིན།།

  36. དོལ་སྨྱོན། says:
    2012-10-29 at 12:33 pm

    མཚུངས་་་་་་ཞེས་བཅོས་རོགས་ཞུ།

  37. མེ་ཏོག་འཚོ། says:
    2012-10-29 at 1:48 pm

    མཚར་སྡུག་གནམ་མཁའི་ལྷ་མོར་མི་དོ་ལ། །
    དྲི་ཞིམ་རྫས་ཀྱིས་མཛེས་བཟོ་མི་ཤེས་ཀྱང་། །
    ལྷད་མེད་བརྩེ་བ་དྲོན་པོས་བཟའ་ཟླ་ལ། །
    གུས་རྩི་ཆེ་བའི་གངས་ཅན་སྐྱེས་སྨན་ཚོ། །

  38. མེ་ཏོག་འཚོ། says:
    2012-10-29 at 1:52 pm

    དགེ་ཆོས་ནས།
    སྐབས་འགའ་ལྷ་མོར་མཐོང་ཡང་ཞེན་ལོག་བྱུང་། །
    སྐབས་འགའ་རྒན་མོར་མཐོང་ཡང་ཆགས་པ་སྐྱེས། །
    འདི་ཡི་འཕྲོ་ལ་དེ་མིན་གཞན་ཞིག་འོང་། །
    སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད། །

  39. དོལ་སྨྱོན། says:
    2012-10-29 at 10:01 pm

    མེ་ཏོག་འཚོ་ལགས།

    མཚར་སྡུག་ནམ་མཁའི་ལྷ་མོར་མི་དོ་ལ།།
    དྲི་ཞིམ་རྫས་ཀྱིས་མཛེས་བཟོ་མི་ཤེས་ཀྱང་།།
    ལྷད་མེད་བརྩེ་བ་དྲོན་མོས་བཟའ་ཟླ་ལ།།
    གུས་བརྩི་ཆེ་བ་གངས་ཅན་སྐྱེས་སྨན་ཚོ།།

    འདི་འདྲ་ཞིག་ཡིན་ན་ཅི་འདྲ་རེད།

  40. མེ་ཏོག་འཚོ། says:
    2012-10-29 at 10:27 pm

    བཀུར་འོས་སྙན་ངག་པ་ལགས་ཉིད་ཀྱིས་གསུངས་པར་བདེན་པ་རེད་་་་བུ་མོ་ངས་་ཕ་སྐད་དང་ཡིག་སྐད་ལ་དོ་སྣང་མ་བྱས་པས་རྟགས་འཐར་འདྲེན་ཚུལ་ཅུང་ནོར་བ་རེད་་་་ལམ་སྟོན་གནང་བར་བཀའ་དྲིན་ཆེ་་་གཞན་བུ་མོ་ངའི་ཚིག་སྦྱོར་སྒྲིག་སྟངས་སོགས་མི་བདེ་བ་གང་མང་ཡོད་ངེས་པས་ལམ་སྟོན་ཅི་ནས་ཀྱང་མཛད་རོགས་སྙིང་ནས་གསོལ།

  41. དོལ་སྨྱོན། says:
    2012-10-30 at 2:59 am

    མེ་ཏོག་འཚོ་ལགས།
    ཁ་སྔོན་ཁྱེད་རང་སྙན་ངག་ལ་དུངས་ཞེན་ཅན་ཞིག་ལས་སྙན་ངག་འབྲི་མི་ཤེས་ཞེས་གསུངས་སོང་།
    འོན་ཀྱང་ཁྱེད་ཀྱིས་བྲིས་པའི་མཆན་བུ་མང་པོ་ཞིག་ཕྲན་གྱིས་མཐོང་བྱུང་བས།
    དག་ཆ་དང་ཚིག་སྦྱོར་ཅུང་ཙམ་ལས་གཞན་པ་འགྲིགས་ཐག་ཆོད་ཤག
    གཙོ་བོ་ཁྱེད་ཀྱིས་གཞན་གྱི་རྩོམ་ཡིག་གང་མང་བལྟ་ཀློག་བྱེད་པ་དང་མཆན་བུ་མང་ཙམ་འབྲི་རྒྱུ།
    ལྷག་པར་རང་ཉིད་ཀྱིས་གང་ནུས་ཅི་ལྕོག་གིས་རྩོམ་ཡིག་རེ་འབྲི་རྒྱུར་འབད་དགོས།
    གུས་པ་དང་པོར་ཁ་བརྡར་སླེབས་དུས་གཞན་གྱི་རྩོམ་ལ་མཆན་བུ་ཙམ་འབྲི་བ་ལའང་ལག་པ་འདར་མྱོང་ཡོད།
    འབད་བརྩོན་ལྷོད་མེད་བྱས་པས་ཡར་རྒྱས་ཅུང་ཕྱིན་སོང་།
    ཁྱེད་ཀྱིས་ཀྱང་དེ་ལྟར་བརྩོན་རོགས་གནང་།

  42. ལྷོ་ཕྱོགས་རྒྱལ་སྲས། says:
    2012-10-30 at 4:55 am

    བཀྲིས་བདེ་ལེགས་དྲ་གྲོགས་ཚོ།

  43. མེ་ཏོག་དཀར་པོ says:
    2012-10-30 at 5:02 am

    མཚམས་གཅོད་སྒྲོལ་མ་ཡོད་བཞིན་དུ། །
    མེ་ཏོག་འཚོ་ལ་མ་རེག་ཅིག །
    མདུན་ལ་མོག་མོག་ཡོད་བཞིན་དུ། །
    ཐུག་པར་ལྟ་བ་དགོས་པ་ཆུང་། ། དོལ་སྨྱོན་ལེགས་བཤད་ལས་སོ།།

  44. དོལ་སྨྱོན། says:
    2012-10-30 at 7:13 am

    ཁོ་བོས་ལམ་སྟོན་བྱས་པ་ལ།།
    མེ་དཀར་ཕྲག་དོག་མ་ལང་ཞིག།
    རྒྱ་གོར་ཨ་གོར་ཡོད་རྒྱུར་ན།།
    མོག་མོག་གང་ནས་ཟོས་ཟོས་རེད།། མེ་དཀར་ལེགས་བཤད་ལས་སོ།། ཧ་ཧ་ཧ།

  45. མེ་ཏོག་དཀར་པོ། says:
    2012-10-30 at 10:21 am

    མེ་ཏོག་འདྲ་བའི་མེ་ཏོག་འཚོ། །
    མེ་ཏོག་ང་ཡི་འགོ་སྐལ་རེད། །
    མེ་དང་དྲོད་འདྲའི་འབྲེལ་བ་ལ། །
    མེ་ལ་ཆུ་འཁྱག་མ་བླུགས་ཤིག །ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme