Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་ལོ་ཟླ་དང་ཨ་མདོ་རྔ་བ།

Posted on 2011-05-01 By ཁ་བརྡ་ 13 Comments on ང་ཡི་ལོ་ཟླ་དང་ཨ་མདོ་རྔ་བ།

སྐལ་བཟང་ཉི་མ། ཤེས་རབ་དགའ་ཚལ་གླིང་།
གཅིག
ཆུང་ཆུང་བྱིས་པའི་དུས་སུ། ཁྱིམ་གྱི་ཀོ་ཐུམ་ཅན་གྱི་རླུང་འཕྲིན་ཚི་སྟུག་མ་དེ་ལས། རྔ་བ་ན་ཚོང་བ་མང་གི་ཞེས་འོར་དང་ཡང་གིས་གྲགས་ཡོང་བ་དེ་ནི། ངའི་རྣ་ལམ་དུ་རྔ་བ་ཟེར་བ་ཞིག་འཁྱེར་ནས་ཡོང་མཁན་གྱི་དབྱར་ཐོག་མའི་འབྲུག་སྒྲ་ཡིན་ཞིང་། ངའི་སེམས་སུ་རྔ་བ་ཟེར་བ་ཞིག་འཇགས་སུ་འཇུག་མཁན་གྱི་སྒྲ་དབྱངས་ཆེས་ཐོག་མའང་དེ་ཡིན་མོད། དེ་ནི་ཨ་ཁུ་སྨན་བླའི་ཁ་ཤགས་ཀྱི་དགོད་བྲོ་བའི་ཚིག་གི་རོལ་རྩེད་དང་ངག་གི་འགྱུར་ཁུག་ལས་ཐོས་པ་ཡིན་པས། སྐབས་དེར་ངའི་རྣ་ལམ་དུ་རྔ་བ་ཟེར་བ་ནི་དགོད་སྤྱད་ཅིག་ལས་ཅི་ཡང་མིན་ལ། ངའི་སེམས་ནའང་རྔ་བ་ཟེར་བ་དེར་གོ་བ་ཅི་ཡང་མེད།
འོན་ཀྱང་། དུས་དེ་རིང་སྐབས་དེ་དུས་ཀྱི་རྔ་བ་དེ་སླར་ཡང་ཡིད་ལ་དྲན་ཞིང་། སེམས་ནས་རྣོག་ཚེ། སྐབས་དེ་དུས་ཀྱི་ཚོང་པ་མང་པོ་མང་པོ་ཅན་གྱི་རྔ་བ་དེ། མཐོ་སྒང་གི་ན་བུན་སྟུག་པོའི་ཁྲོད་ན། ལམ་ལ་ཆས་ཀྱིན་པའི་རྔ་བ་དེ་ཡིན་འདུག་ལ། དེ་ནི་ས་སྒང་གི་ཡང་རྩེ་རུ་རྟོགས་སད་ཀྱི་རྔ་སྒྲ་ཞིག་གྲགས་ཡོང་གིན་པ་དེ་རེད་གདའ་ཨང་།།
གཉིས།
ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཀྱི་དུས་སུ། མི་སྐྱིད་མི་བདེ་ཟེར་བའི་ས་མཐའ་རུ། ངས་ཁ་གྲགས་ཚད་ལ་ཁ་ནས་དམྱལ་བ་བོ་དང་། མྱི་ལྡང་། བཀའ་འགྱུར་ཟེར་བཞིན་ཁ་རྒྱག་ཆེན་པོས་ཁ་ཤོམ་འཐེན་མཁན་གྱི་རྔ་བ་པ་གཞི་ནས་མཐོང་ལ། སྐབས་དེར་རྔ་བ་པ་ཕལ་ཆེ་བས་སློབ་གྲྭའི་ཐབ་ཚང་གི་གཞུང་གི་ཟ་མ་མི་ཟ་ཞིང་གཞུང་གི་ཉལ་ཆས་མི་གྱོན་ལ། གོ་སྐབས་ཤིག་ནམ་ཡིན་ལ་རྔ་བ་པ་དག་མདུན་དུ་ཐོན་ཡོང་པས། ངས་སྐབས་དེ་དུས་ཀྱི་ཕྱི་འཛོམས་ནང་འཛོམས་ཀྱི་རྔ་བ་པ་ཚོ་མཐོང་དུས། རླུང་འཕྲིན་ནང་གི་སྐད་ཆ་དེ་སླར་ཡང་ཡིད་ལ་ཝ་ལེར་དྲན་ཞིང་། རྔ་བའི་ཚོང་པ་དག་གི་འབྱོར་ཉམས་དེ་སེམས་སུ་ལྷམ་མེར་འཆར་པས། རྔ་པའི་ཚོང་པ་དག་གིས་རང་གི་བུ་རབས་ཚ་རྒྱུད་ལ། རྐང་རྟེན་མཐུག་ཐག་ཆོད་པ་ཞིག་བཟོས་འདུག་པ་གཞི་ནས་རྟོགས་ལེ་ཡིན།།
གསུམ།
སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོར། བོད་ཡུལ་རང་དབང་དང་མང་གཙོའི་གཡུལ་ལ་ཆས་དུས། བོད་མདོ་སྨད་རྔ་བ་རུའང་དམར་པོ་ཁྲག་གི་རུ་དར་འཕྱར་ཏེ་ཚེ་སྲོག་གིས་གཏུག་གཤེར་རྒྱག་པ་རླུང་འཕྲིན་དང་བརྙན་འཕྲིན་ཀུན་པོ་ལས་ཐོས་ཤིང་། འཇིགས་ཡེར་ཡེར་གྱི་གནམ་ས་ཞིག་གི་ཁ་ཕྱེས་སོང་ལ། ཁྲག་དམར་གྱིས་ནེམ་པའི་བོད་རྔ་བའི་དཔའ་རྒོད་ཚོའི་ཕུང་བོ་པར་ལ་བཏབས་པ་དག་གིས། སྲང་ལམ་དང་བཞི་མདོ། རྒྱ་ལམ་གྱི་གཡས་གཡོན་དང་འགོ་རྔ་། ཐ་བ་ཧྲག་བར་ཆུང་ཆུང་ཞིག་གི་བར་སྟོང་ཡང་མ་ལུས་པར་ཁེངས་སོང་བ་མཐོང་པས། བླ་འདར་འདར་གྱི་རང་གི་སྙིང་ཁམས་སུ། དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ་སྙམ་པའི་དྲི་རྟགས་ཤིག་གིས་ཚ་འདྲི་བྱས་བྱུང་།།
བཞི།
བོད་རྔ་བའི་སྨྱུག་འཆང་པ་དག་གི་སྙིང་སྟོབས་སུ་ངོམ་ཆོག་པའི་གཉན་མིང་པས། ང་ཚོའི་ལུས་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གྲངས་བཤེར་བྱས། རྔ་ཡུལ་གྱི་ཐེའུ་རེངས་སུ་འབོད་པའི་ཕོ་རྒོད་དར་མ་ཞིག་གིས། དྲ་ལམ་གྱི་ཤོག་ཐང་ཆེན་པོའི་ཐོག་ཐག་ཏུ། སྟོང་ལོ་བརྒྱད་པའི་ཁྲག་ཡིག་གི་རྡོ་རིང་བསླངས། ད་དུང་བོད་རྔ་བའི་སྨྱུག་འཆང་པ་དེ་དང་དེ་དང་། འདི་དང་འདི་ལ་སོགས་པ། སྨྱུག་དམག་གི་རུ་དཔུང་དེ་སུ་ཞིག་གི་རྒྱབ་དཔུང་དུ་མདུན་ལ་ཐོན་ཞིང་། ཚ་ཚ་འུར་འུར་གྱི་ཤར་དུང་རི་དང་དུས་རབས་ཀྱི་ང་སོགས་ཀྱི་དར་ཆ་མཐོ་རུ་སྒྲེང་བཞིན་འུར་དང་སྟོབས་ཀྱིས་མཆོང་ཡོང་བ་འདིས། དགྲ་གཉེན་ཀུན་ལ། མིའི་རིགས་ཡོངས་ལ། འགྲོ་བ་ཐམས་ཅད་ལ། ཉེན་བརྡ་ཞིག་གཏོང་དུས། ལྐོག་བརྡ་ཞིག་རྒྱག་དུས། ངས་རང་གི་ལོ་ཡི་འཁོར་མོ་རིས་སུ་བཀྲ་བའི་མི་ཚད་མིག་གིས་མཐོང་གི་ ངས་རང་གི་བློ་དང་རིགས་པས་བསགས་པའི་ཤེས་ཚད་སེམས་ཀྱིས་མྱོང་གི།
ལྔ་།
དུས་དེ་རིང་གི་རྔ་བ་ཀིརྟི་དགོན། རང་ལུས་མེ་རུ་སྦར་ནས་བདེན་པའི་བུ་ཆུང་གཉོར་མཁན་གྱི་དཔའ་བོའི་དུ་རྭ་ཆེན་མོ། གྲྭ་བ་ཁྱུ་འདེད་ཀྱིས་མུན་ནག་གི་བཙོན་རྭར་འཇུག་གིན་པའི་དམྱལ་ཁམས་གསོན་པོ། ཉིན་མཚན་མེད་པར་དམར་དམག་གི་སྡིགས་ར་དང་སྡུག་སྦྱོང་གི་ཁྲག་དང་མིག་ཆུ་ཆད་རྒྱུ་མེད་པའི་ཁྲིམས་རྭ་བཙན་པོ། དུས་དེ་རིང་ཁྱེད་ཀྱི་མཚན་ཙམ་ཐོས་ཀྱང་ཀྲུང་གོའི་གློག་བརྙན་རྙིང་གྲས་ཁག་གི་ནང་ནས་མཐོང་བའི་ཧྲོ་ལན་དགོན་པ་དག་དྲན་ཡོང་གི་ ཁོང་ཚོས་རང་ཉིད་ཆུང་ཆུང་ཞིག་ཡིན་པ་ཤེས་བཞིན་དུ། མི་མང་གི་བདེ་སྡུག་གི་ཆེད་དུ་སྲིད་གཞུང་ཞིག་འགོ་རྟིང་སློག་པའི་འཐབ་ར་སྦྲན་པ་དང་། སྲིད་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཐེར་འདོན་བྱ་ཆེད་དབྱུག་པའི་རྩལ་གྱི་སྤོབས་པ་རི་ལས་མཐོ་བ་དང་། རང་གི་ཆོས་ལུགས་རང་དབང་ཁུ་ཚུར་གྱི་ངར་ཤུགས་ཁོ་ནས་རྩོད་པ་བཅས་དྲན་པ་མ་ཟད། ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་པ་དང་། གྲྭ་བ་སུམ་རྒྱ་ཐམ་པ་འཛིན་བཟུང་བཀག་ཉར་བྱས་པ་སོགས་གོ་ཡོང་དུས། ཧྲོ་ལན་དགོན་པའི་ཛ་དྲག་སྐབས་ཀྱི་ཁྲི་བ་ཀྲི་ཧྲན་དང་དགེ་སྤུན་ཆེ་ཆུང་རྣམས་སོགས་ཀྱི་གཟུགས་སྣང་ཡིད་ལ་འཁོར་ཡོང་བས། སྙིང་དམར་པོ་ལྷོག་ལྷོག་བྲང་ཁོག་གི་མུ་མཐའ་ལ་ལྡིང་འགྲོ་འོ།།
རྔ་ཡུལ་ཀིརྟིདགོན། ཁྱོད་ཀྱི་འཇིགས་པ་ང་ཡི་སྡུག་བསྔལ་ཡིན། ཁྱོད་ཀྱི་སྡུག་བསྔལ་ང་ཡི་འཇིགས་པ་ཡིན། །

སྙན་ངག

Post navigation

Previous Post: རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་བཙོན་འཇུག་བྱས་འདུག
Next Post: ཨོ་ས་མ་ བྷིན་ལ་ཌིན་ བསད་པ་རེད་ཟེར།

Comments (13) on “ང་ཡི་ལོ་ཟླ་དང་ཨ་མདོ་རྔ་བ།”

  1. དགེ་འདུ་ཚང་ says:
    2011-05-01 at 8:21 pm

    ངོ་མ་སྙན་མོ་ཞིག་བྲིས་འདུག་ཡ་་་་་་ཨ་ཁུ་སྨན་བླའི་བཞད་གར་དེས་དེ་རིང་གཉིག་དཀྲོགས་འདུག་ཡ་་་་རྔ་བ་ཚང་གི་ཁ་ཤོབ་དང་ལ་རྒྱ་་་རྔ་བ་ཚང་གི་རྒྱུ་སྟོབས་དང་གཏོང་ཕོད་་རྔ་བ་ཚང་གི་བུ་རབས་ཚ་རྒྱུད་ལ་ཕུལ་བས་ལེགས་སྐྱེས་་་རྔ་བ་ཚང་གི་བསམ་ཕོད་པ་དང་་བཤད་ཕོད་པ་་ལས་ཕོད་པ་རྣམས་་་་ཨོ་རེད་ཡ་ཡང་ཁྱེད་ཀྱི་བཤད་པའི་སྨྱུག་འཛིན་པ་གཉིས་དེ་རྔ་བ་ཚང་གི་ཨེ་ཡིན་ན་་་་གཞན་ཡག་པོ་བྲིས་འདུག་ཨ་ཤི་རེས་གོ་་་་

  2. བོད་པ་ཚང says:
    2011-05-01 at 9:44 pm

    གཞན་ཞིག་བཤད་ན་ལྷ་སའི་ཚོང་བ་ཕལ་ཆེར་པེ་ཅེན་འོག་ནས་ཕྱུག་པོ་ཆགས་ཡོད་ལ་ཁམས་པའི་ཕྱུག་པོ་ཕལ་ཆེར་བོད་སྐུ་དང་བོད་པ་བཅོམ་ནས་ཡོང་ཡོད་ལ་རྔ་བའི་ཕྱུག་པོ་ཕལ་ཆེར་གསེར་དང་སྒྲོ་ལོ་བཙོང་ནས་ཆགས་ཡོང་བ་རེད། སྤྱི་ཆ་ནས་འདི་འདྲ་རེད། ཚང་མ་གོ་མི་ཉན་ལགས།

  3. གཞིས་བོད། says:
    2011-05-02 at 12:53 am

    ཐེའུ་རངས་རྔ་བ་ནས་མ་རེད། མཛོད་དགེ་ནས་ཡིན་འདུག་སྙམ།

  4. ཤར་རལ་གྲི says:
    2011-05-02 at 1:44 am

    དེ་རིང་སྤྱི་ཟླ་༥ བའི་ཚེས་༡ དེ་རེས་གཟའ་ཉི་མའི་ཉིན་ནིག་ཡོག་དང་ནིག་ཡོག་ཇར་སི་ས་གནས་བོད་རིགས་གང་མང་ཞིག་ནིག་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སོང་ནས་སྐད་འབོད་བྱེད་བཞིན་ཡོད། སྐད་འབོད་འདི་ནི་རྔ་བའི་ན་གཞོན་འགས་བདུན་ཕྲག་གསུམ་གྱི་གོང་ནས་འགོ་བཙུགས་པ་ཞིག་རེད། ད་དུང་སང་ཉིན་ནས་མགོ་བཙུགས་ཏེ་ནིག་ཡོག་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བར་དུ་མི་བརྒྱད་ནས་གྲུབ་པའི་ཞི་བའི་གོམས་བགྲོད་བྱེད་ཀྱིན་འདུག བདུན་ཕྲག་རྗེས་མའི་རེས་གཟའ་ཉི་མའི་ཉིན་ཝ་ཤིང་ཊོན་དུ་ཡོད་པའི་རྒྱའི་གཞུང་ཚབ་ཁང་གི་མདུན་དུ་གོམས་བགྲོད་པ་ཚོར་སྣེ་ལེན་དང་འབྲེལ་དེ་གར་སྐད་འབོད་ཡང་བྱ་རྩིས་ཡོད་པས། གྲོགས་པོ་དང་གྲོགས་མོ་སུ་ཞིག་འགྲོ་འདོད་ཡོད་ན་གང་མགྱོགས་ཀྱིས་མདོ་སྨད་སྐྱིད་སྡུག་ཚོགས་པ་དང་། གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ་སོགས་སུ་འབྲེལ་གཏུགས་གནང་དང་དེ་གར་སྤྱི་སྤྱོད་རླངས་འཁོར་གཏོང་རྩིས་ཡོད་ལ་ཞོགས་པ་ཕར་སོང་ནས་དགོང་དྲོ་ཚུར་ལོག་གི་ཡིན་ཟེར། ལམ་གྲོན་ཡང་མདོ་སྨད་སྐྱིད་སྡུག་ཚོགས་པས་གཏོང་གི་ཡིན་ཞེས་མདོ་སྨད་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ནས་གསལ་བཤད་གནང་སོང་། དེ་དོན་དགོངས་འཇགས་ཡོད་པར་ཞུ།

  5. སྤྱན་ཆབ། says:
    2011-05-02 at 3:05 am

    གོང་བཀོད་༼ང་ཡི་ལོ་ཟླ་དང་ཨ་མདོ་རྔ་བ་༽ཞེས་པའི་རྩོམ་ཡིག་དེས་མི་ཡུལ་གྱི་་དམྱལ་ཁམས་དམར་ནག་ཅིག་གི་རོ་བྲོ་ཁྱེར་ཡོང་ནའང་།ཡང་རེ་འགས་ཚིག་ནོར་དོན་འཁྲུལ་ཙག་ཙིག་རེ་འཇུ་ཅི་ཐུབ་དང་།ཆོལ་ཁའི་དབྱེ་འཐེན།ང་རྔ་བ་དང་ཁྱོད་ཡིན་མིན་དེ་རིགས་ནི་འདིར་དགོས་པའི་ཟས་སུ་ཡེ་ན་མ་ཐོང་མོད།
    སྤྱིར་མིའི་རིགས་ཀྱི་མགོ་ཐོག་ཏུ་ལྷུང་བའི་ཚ་ནན་དང་མནར་གཅོད་དེའི་རིགས་ལ་དཔྱོད་ཤེས་ཀྱི་མིག་ཟུང་ལྡན་པའི་སྐྱེ་བོ་སུ་ཡོད་ཏོ་ཅོག་གིས་ཐུགས་ཁུར་དང་རྒྱབ་སྐྱོར།གཡུལ་བཤམ་ཞིང་སྐད་འབོད་པ།དངོས་ཡོད་རྩོམ་ཡིག་དག་ཡིག་བསྒྱུར་དང་ཁྱབ་བརྡལ་གྱི་བཟློག་པ་བརྒྱག་རྒྱུ་ནི་ང་རང་བཙན་བྱོལ་བ་དག་གིས་ཕྲག་ཏུ་བབས་པ་ཞིག་ཡིན་པས་་་མི་ལོ་ང་བཅུར་གཞན་གྱི་སྐད་ཡིག་ཁོ་ན་སྦྱངས་བའི་སྐྱེ་བོ་དེ་དག་དང་མི་ཚེ་རིང་མོ་ཞིག་གི་འགོ་ནས་ད་བར་ཏུ་བོད་བོད་ཡིག་གི་ཞལ་ཟས་ཟོས་ཞིང་འཐུང་ནས་ཡོངས་བ་ཡོད་ཚད་ལ་དེ་རིང་ནི་རང་ཉིད་ཀྱི་ནུས་པ་འདོན་པའི་གོ་སྐབས་ཤར་བ་ཙམ་དུ་ཟད་དོ།།
    ཞེས་ཀྱང་རང་ཉིད་ལས་ཧ་ཅང་ཆེ་ཐལ་བའི་སྐད་ཆ་འདི་ཤོར་རོ།།

  6. རྨུ་ཐག་གི་བུ་རྒྱུད།། says:
    2011-05-02 at 6:23 am

    མཛེས་སྡུག་གི་རྔ་བའི་རི་ལུང་དང་། རླབས་ཆེ་བའི་རྔ་བའི་རྒྱལ་ཞེན། ད་དུང་མི་འཇིག་པའི་རྔ་བའི་སྙིང་སྟོབས། འདི་དག་ཡོད་ཚད་ང་ཚོའི་མཛེས་སྡུག་དང་སྙིང་སྟོབས་ཡིན་ལ་ཡིད་ཆེས་དང་རེ་བའང་ཡིན།

  7. ཀིརྟི་སྐྱབས། says:
    2011-05-02 at 2:50 pm

    བོད་དོན་ཐད་རྔ་བ་མི་མང་དངོས་གནས་རླབས་ཆེན་རེད། སྙིང་སྟོབས་ལ་ཞུམ་པ་མི་འདུག ག་དུས་ཡིན་ཡང་སྔོན་ལ་སླེབས་མ་ཐུབ་ནའང་རྗེས་ལ་ལུས་ཀྱི་མི་འདུག རྗེས་སུ་ཡི་རང་ཞུ་འོས་པ་རེད།
    རྔ་བ་ཟེར་དུས་རྔ་བ་རྫོང་ལ་གོ་བ་དང་རྔ་བ་ཁུལ་ལ་གོ་བ་གཉིས་ཡོད། རྔ་བ་ཁུལ་ཟེར་དུས་རྔ་བ་རང་སྐྱོང་ཁུལ་ལབ་ཀྱི་ཡོད་པ་རེད། དེ་ལ་རྫོང་ཁག་ ༡༣ ཡོད་པ་རེད། རྔ་བ་རྫོང་ནི་དེའི་ནང་གི་གཅིག་རེད། རྒྱ་ནག་གི་འབོད་སྟངས་ལྟར་ན། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་༌༌༌༌༌ཞང་ཞེས་འབོད་ཀྱི་རེེད། རྩོམ་པ་པོ་ཐེའུ་རང་ལགས་རྔ་བའི་མི་རེད་ལབ་ན་འགལ་བ་མེད། རྔ་བ་རྫོང་གི་མིན་ནའང་རྔ་བ་ཁུལ་གྱི་རེད། བོད་ཕྱི་ལོགས་ནས་རྔ་བ་ཟེར་དུས་རྔ་བ་རང་སྐྱོང་ཁུལ་གྱི་མི་ཚང་མར་གཅིག་གྱུར་གྱིས་འབོད་ཀྱི་འདུག དཔེར་ན། ཁ་སང་ཁེ་ཉིན་རྡ་རམ་ས་ལར་མཆོད་འབུལ་ཚོགས་སྐབས་མཆོད་འབུལ་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཁག་གི་གྲས་སུ་རྡ་སར་ཡོད་པའི་རྔ་བ་རང་སྐྱོང་ཁུལ་གྱི་མི་མང་ཞེས་ལབ་ཀྱི་འདུག ན་ནིང་ཀིརྟིའི་བྱེས་པ་གྲྭ་ཚང་ནས་རྔ་བའི་ལོ་རྒྱུས་༼མི་ཐོག་གསུམ་གྱི་རྨ་ཁ་༽ཞེས་པའི་དེབ་ཅིག་བཏོན་འདུག་པ་དེའང་རྔ་བ་རང་སྐྱོང་ཁུལ་གྱི་ལོ་རྒྱུས་རེད་འདུག རྔ་བ་རྫོང་གཅིག་པུའི་རེད་མི་འདུག

  8. རྒྱ་བཀྲ་དོན། says:
    2011-05-02 at 5:06 pm

    རྩོམ་ཡིག་འདི་མགོ་ནས་མཇུག་བར་དུ་ཐེངས་གཅིག་བཀླགས་པ་ཡིན། མགོ་ནས་བར་སྐེད་དུ་བདེན་པ་འདྲ་བའི་སྣང་ཚོར་ཞིག་གིས་ཟིན་སོང་། ཡིན་ནའང་། རྩོམ་ཡིག་འདིའི་མཇུག་བསྡུའི་བར་ཤེད་དེ་ནས་རྒྱ་ནག་གི་ཧྲོ་ལན་གྲྭ་བ་དག་དང་སྦྱར་ནས་བརྗོད་འདུག དེ་ལ་བདེན་པའི་ཡ་ལན་གྱི་མགོ་བོ་འགུག་འདོད་ཀྱི་འདུན་པ་ཡེ་ནས་བྱུང་མ་སོང་། གང་ཡིན་ཞེ་ན། རྒྱ་ནག་གི་ཧྲོ་ལན་གྲྭ་བ་དེ་དག་གིས་ཉིན་མཚན་ཁོར་མོ་ཡུག་ཏུ་དབྱུག་རྩལ་གྱི་སྦྱོང་བརྡར་ལ་འབད་དེ་དགྲ་འགོག་གི་གྲ་སྒྲིག་བྱས་ཡོད་པ་དང་། བོད་པའི་གྲྭ་བ་དང་ཡང་སྒོས་རྔ་བའི་གྲྭ་བ་དེ་དག་གིས་ནང་སེམས་ཀྱི་བཅོས་བསྒྱུར་ལ་འབད་པའི་དམིགས་འདུན་ཐ་དད་དུ་སྣང་བའི་རྒྱུ་རྐྱེན་ལ་ཐུག་འདུག དེས་ན་ཕྱོགས་གང་ཅིའི་ཐད་ནས་ཧྲོ་ལན་གྲྭ་བ་དང་རྔ་བའི་གྲྭ་བ་ཐ་དད་དུ་སྣང་བས་སོ།

  9. དགེ་འདུ་ཚང་ says:
    2011-05-02 at 5:59 pm

    ཨོ་རེད་ཡ་རྔ་བ་ཁུལ་དང་རྔ་བ་རྫོང་སོགས་ཁ་ཁ་རེད་་་བདེན་པ་རེད་ཡ་་ཀིརྟི་སྐྱབས་་་སྐྱབས་པ་ཡག་འདུག་ཡ་

  10. བསོད་ནམས། says:
    2011-05-03 at 6:51 am

    གོང་དུ་བོད་མདོ་དབུས་ཁམས་གསུམ་གྱི་ཚོང་པ་དག་ཅི་ལྟར་ཕྱུགས་པོ་ཆག་ཡོང་ཡིན་པའི་སྐོར་ལ་བོད་པ་ཚས་གི་བཤད་པའི་བསམ་བློའི་སྒང་ལ་ཁ་སྣོན་བྱེད་བསམ་ཡག་ཞིག་ལ། སྤྱི་ཚོགས་གང་འདྲ་ཞིག་ཡིན་ན་ཡང་དེའི་ཚོང་དོན་ནམ་ཚན་རིག་ཡང་ན་ཆོས་ལུག་སོགས་ཀྱི་འཕེལ་རྒྱས་ནི་རིམ་པའི་ཡོང་ཡག་ཞིག་ཡིན་པ་ཤིས་ཡག་གལ་ཆེན་པོ་རེད་བསམ་གྱིན། ཞིང་འབྲོག་ཁོ་ནའི་འཚོ་བ་ནས་སྣ་མང་ལུག་མང་གི་ཁྲོམ་རའི་འགྲོ་སྟངས་ནང་གློ་བུར་དུ་སླེབ་སྐབས་གོམ་ཀ་མཉམ་སྤོ་བྱེད་དགོས་བསམ་ན་ཆོག་གི་རེད་དེ་། དངོས་ཡོད་ལ། དེ་ལྟར་ཡོང་བར་ལོ་བཅུ་ཕྲག་རྒྱ་ཕྲག་གི་སྐད་ཅ་མ་རེད་དམ། དེ་སང་འཛམ་གླིང་ནང་གི་ཚོང་དོན་གྱི་སྟེ་གནས་གྲོང་ཁྱེར་ནིའུ་ཡོར་གི་འདི་ལོ་རྒྱ་ཙམ་གོང་ལ་ཀྱག་ཚོགས་ཁོ་ནའི་དབང་འོག་དུ་ཡོད་པ་འདྲ། དི་ལས་ཟློག་པའི། ཨ་རི་འམ་ཕྱི་རྒྱལ་བ་དག་གི་ནང་ཆོས་བྱས་སྟངས་ལ་ཕྱོགས་ཅིག་ནས་བསམ་བློ་བཏང་ན་བུ་གུའི་རྩེས་མོ་འདྲ་བོ་རེད་ལ། འགྲོ་སྟངས་བསྡད་སྟངས་གསར་པ་ཅིག་ལ་ཞུག་སྐབས་དེ་རིམ་པའི་ཡར་རྒྱས་ཡོང་རྒྱུ་ཞིག་རེད་བསམ་གི།།།།

  11. ཨ་འདུས་མིག་ཆུ། says:
    2011-05-03 at 7:41 am

    གྲོགས་པོ་སྐལ་ཉི་ལགས། ཁྱེད་ཀྱིས་རྩོམ་ཡིག་འདི་ཀློག་པའི་སྐབས་སུ་རང་ཉིད་རྔ་བ་ཞིག་ཡིན་པའི་ཆ་ནས་ཡིན་ནམ། ཡང་ན་རྔ་བའི་མི་མང་གིས་བློས་གཏོང་འདི་འདྲ་མང་པོ་ཞིག་བྱས་པའི་རྐྱེན་ཡིན་ནམ། གང་ལྟར་མིག་ཆུ་ནི་དབང་མེད་དུ་བཞུར་ཡོང་གི་འདུག ཐུགས་རྗེ་ཆེ། རྩོམ་འདི་འདྲའི་ཕན་པ་རེ་འབྲི་རྒྱུ་མ་ཉུང་རོགས་ཞུ་བཞིན་ཡོད། དེང་སང་རྔ་བ་ཟེར་དུས་རྔ་ཁུལ་ཡོངས་ལ་གོ་དུས་ཡོད་ལ། སྐབས་ལ་རེར་རྔ་རྫོང་ལ་གོ་དུས་ཀྱང་ཡོད་མོད། ཁྱེད་ཀྱིས་བཤད་པའི་རྩོམ་པ་པོ་དེ་དག་རྔ་རྫོང་གི་མིན་ནའང་རྔ་ཁུལ་གྱི་ཡིན་པར་བསྙོན་དུ་མེད་པས་རྔ་བ་ཞེས་བཤད་ན་སྐྱོན་ཇི་ཡང་མེད་དོ།

  12. འོ་མ། says:
    2011-05-03 at 8:30 am

    ཨ་ཞི་ལི་་་ཁྱོས་དཀར་རོ་དགེ་བ་ཡག་པ་ཞིག་བྲིས་མེད་ཀི་ན། ད་རུང་བྲིས་ར་གསེར་རེམ་བརྒྱ་ཐམ་པ་རྗེས་མར་ཁྱོད་ཀྱི་རྩོམ་ཡིག་ཡག་བ་ཞིག་ཏུ་ལོག་མ་རེད་ན། ཨོ་ཡ་་་་་ངས་ར་ཟ་ཅུག་དང་གཟེན་ཚོར་གྱི་ཐུག་པ་དྲན་བཞིན་ཁྱོད་ཀྱི་ལྟར་ཅིག་རེ་འབྲི་ཀཱ་ཡིས་ཀི་ཡོད་ར། དི་ཀི་ཅང་མི་བཱ་ཀི དེ་ལས་ཆི་རུ་མི་ངར་ཀི་དཀའ་བསྟན་འགྱུར།

  13. དགེ་འདུ་ཚང་ says:
    2011-05-04 at 5:15 pm

    ཨ་རོ་འདི་འོ་མ་རེ་ན་ད་ར་རེད་མི་ཤེས་གི་ཡ་་་་་ལུང་སྐད་མང་སོང་ཟིག་ཡ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme