Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།

Posted on 2014-06-032014-06-03 By ཁ་བརྡ་ 28 Comments on ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།

ཅོག་མྱི།

unnamedཕྱི་ཟླ་༥ བའི་ཚེས་༢༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་སྲིད་གཞུང་གིས་གདན་འདྲེན་འོག་སྲིད་བློན་གསར་བ་ན་རན་དྲ་མོལ་སྡེའི་དམ་འབུལ་མཛད་སྒོར་ཞུགས་པ་དང་། འདི་ནི་དཔལ་ལྡན་བཀའ་ཤག་གཙོ་བྱས་པའི་འོ་སྐོལ་བཙན་བྱོལ་བས་ཆབ་སྲིད་ཀྱི་རྒྱལ་ཁ་བླ་ལྷག་ཅིག་ལོན་པར་མཐོང་བས་དགའ་བ་འབུམ་གྱིས་བརྟས་ནས་རྟེན་འབྲེལ་ཞུ་བ་ཡིན། རྒྱལ་སྤྱིའི་ཁྲིམས་དང་ཕྱི་འབྲེལ་ལུགས་སྲོལ་ལྟར་ན། རྒྱལ་ཁབ་ཀྱི་དབང་འཛིན་པའི་དམ་འབུལ་ནི་སྲིད་དབང་འཛིན་མཁན་གྱིས་རྒྱལ་ཁབ་དེའི་རྩ་ཁྲིམས་ལྟར་མང་ཚོགས་ལ་ཕན་བདེ་བསྒྲུབ་རྒྱུ་ཡིན་པའི་དམ་བཅའ་དང་གསལ་སྒྲག་ཅིག་ཡིན།

སྲིད་འཛིན་པས་དམ་འབུལ་ལུགས་སྲོལ་དེ་དུས་རབས་བཅོ་བརྒྱད་པའི་ནང་འཇར་མན་གྱི་རྩ་ཁྲིམས་ནས་མཆེད་ཅིང་། དུས་ཕྱིས་སུ་རྒྱལ་ཁབ་ཅིག་གི་དབང་མཛད་པས་རྒྱལ་ཁབ་མང་གཙོ་ལྟར་སྐྱོང་མིན་གྱི་ཡོངས་ཁྱབ་ཚད་གཞིའི་ཡ་གྱལ་ལྟ་བུར་གྱུར་ཡོད། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་བཅས་ཀྱིས་དམ་འབུལ་གནང་དགོས་པ་དེའང་རྒྱ་གར་གྱི་རྩ་ཁྲིམས་རིན་པོ་ཆེའི་དོན་ཚན་༦༠ བ་སོགས་ཀྱིས་གཏན་ཏུ་འཁེལ་ཡོད་པས་སྲིད་བློན་དམ་འབུལ་མཛད་སྒོ་ནི་རྒྱལ་ཁབ་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན།

དེའི་ཕྱིར་ང་ཚོའི་སྲིད་སྐྱོང་བློ་བཟང་གེ་མཆོག་འདི་ལྟ་བུའི་དམ་འབུལ་མཛད་སྒོ་ཞིག་ལ་བཀའ་ཤག་གི་ཚབ་བྱས་ཏེ་ཞུགས་ཐུབ་པ་དེ་ལ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་གར་རྩ་ཁྲིམས་ཀྱི་ཐད་ནས་དོན་སྙིང་ཧ་ཅང་གལ་ཆེན་པོ་ཡོད་པ་མ་ཟད། ང་ཚོ་བོད་གཞུང་གི་ལངས་ཕྱོགས་དང་དམིགས་ཡུལ་དང་སྒྲུབ་ཐབས་བཅས་ལ་རྒྱ་གར་གཞུང་མང་གིས་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་སུའང་གྱུར་ཡོད་པས་དེ་ནི་ང་ཚོའི་གདོང་དམར་བའི་རྒྱལ་ཁ་ཞིག་ཡིན་ལ་གཟི་བརྗིད་ཞིག་ཀྱང་རེད།
འདི་ནི་༧གོང་ས་སྐྱབས་མགོན་རིན་པོ་ཆེས་ནོ་པེལ་ཞི་བདེའི་གཟེངས་རྟགས་བཞེས་བའི་རྗེས་ཀྱི་བཀའ་ཤག་གི་མཛད་རྗེས་ཆེས་བླ་ན་མེད་པ་ཞིག་ཡིན་པ་ཁོ་བོས་བསམ་གིན་ཡོད། འདི་ལྟ་བུའི་བཙན་བྱོལ་བོད་གཞུང་ཕུལ་དུ་བྱུང་བ། བླ་ན་མེད་པ་དེ་ལ་ང་ཚོས་རང་གི་དང་བོའི་དབང་བོ་ལྟར་གུས་ནས་སྲུང་ན་མ་འོངས་བར་རླབས་ཆེན་གྱི་དོན་གཞག་ཐམས་ཅད་འདི་ལས་འབྱུང་བར་གདོན་མི་ཟའོ།།

རྩོམ་རིག

Post navigation

Previous Post: ཨེ་ཛིའི་ནད་དུག་ཅན་གྱི་བོད་མོ་སྦྲུམ་མ་ཞིག་གིས་ང་ཚོར་བཤད་པའི་སྐད་ཆ་དྲོན་མོ།
Next Post: རང་དང་གཞན།

Comments (28) on “ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།”

  1. གནམ says:
    2014-06-03 at 1:27 am

    ཧ་ཧ་ཧ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-06-03 at 2:23 am

    ་་་་་་རྒྱ་གར་གཞུང་མང་གིས་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་སུའང་གྱུར་ཡོད་པས་དེ་ནི་ང་ཚོའི་གདོང་དམར་བའི་རྒྱལ་ཁ་ཞིག་ཡིན་ལ་གཟི་བརྗིད་ཞིག་ཀྱང་རེད། ་་་་་་

  3. ཚེ་རིང་ནས། says:
    2014-06-03 at 2:38 am

    བློ་སེང་མཆོག་ལ་སྔ་མའི་བཀའ་བློན་དེ་ཚོ་དང་མི་འདྲ་བའི་འཇོན་ཐང་འདུག་ཐུགས་རྗེ་ཆེ། ད་དུང་ཡང་ཤུགས་བསྣོན་རྒྱགས་དགོས། ཁྱོད་ལ་ཕྲག་དོག་གིས་མི་དགའ་མཁན་ཇི་ཙམ་ཡོད་ནའང་དེ་ཙམ་གྱིས་ཤུགས་སྣོན་གནང་དགོས། སེམས་ཤུགས་ནམ་ཡང་ཆག
    མི་ཉན།

  4. Pentse says:
    2014-06-03 at 3:04 am

    མཆན་དང་པོ་དང་གཉིས་པ་བཏབ་མཁན་རྣམ་པ་གཉིས་དེ་ཙམ་བློ་ཁ་ཁེངས་མེད་པའི་རྣམ་པ་ཞིག་འདུག་པས་ཕལ་ཆེར་བོད་པའི་གཏམ་དཔེ་ཆང་རང་གི་གཏུཙ་ན་མགོ་ན་གཞན་གྱི་གཏུང་ན་སྙིང་ན་ཟེར་བ་རང་རེད། དེ་འདྲའི་རང་གི་གཞུང་དང་རང་གི་འགོ་ཁྲིད་རྣམས་ལ་སྡང་ཟུག་བྱེད་དགོས་དོན་གང་ཡིན་ནམ་ རྒན་ལགས་རྣམ་པ་གཉིས་འཇོན་པོ་ཡོད་ན་ལོ་གཉིས་གསུམ་རྗེས་ལ་སྲིད་སྐྱོང་ཞབསབཀྱག་སྟེང་ཕེབས་ནས་ཅིག་གནང་དང་ང་ཚོས་བལྟ་ཆོག།

  5. Pentse says:
    2014-06-03 at 3:14 am

    སྤོབས་པ་ལགས་དྲ་རྒྱའི་སྟེང་བསམ་ཚུལ་དང་རྒྱུ་མཚན་དངོས་བདེན་སོགས་འབྲི་ས་རེད་མ་ཏོག་ཁྱེད་རང་གི་གཞན་ལ་མི་དགའ་བ་དང་དོན་མེད་སྐྱོན་འཛུག་སྙིང་ནད་འདོན་ས་མ་རེད་ རྟག་ཏུ་གཞན་ལ་དེ་འདྲའི་ངར་རྒྱལ་དང་ཕྲག་དོག་གནང་ན་རང་ཉིད་ཀྱི་ལུས་སེམས་གཉིས་ལ་ན་ཚ་ཆེན་པོ་ཡོང་སྲིད་ ཐུགས་འཇག་གནང་གོ

  6. ཨ་ཕྱི་ཆོས་སྒྲོན says:
    2014-06-03 at 4:24 am

    བོད་ཀྱི་སྲིད་རྒྱལ་རྒྱལ་བར་ཤོག།

  7. ཆོས་འཕེལ་དར་རྒྱས་ says:
    2014-06-03 at 5:05 am

    ད་ང་འཐོམ་སོང་། དགའ་ལྡན་ཕོ་བྲང་ཕྱིར་འཐེན་བྱས་རྗེས་བོད་གཞུང་ཡང་སྒྲིག་འཛུགས་ཞིག་ལ་གྱུར་བ་མ་རེད་དམ། གང་ལྟར་དཔྱོད་ལྡན་གྱི་མཁས་དབང་སུས་གསུང་བཤད་སྤེལ་ན་གང་ལ་གང་ཙམ་གྱིས་མིང་ཚིག་གསལ་བོ་བེད་སྤྱོད་པར་ཞུ། གཞན་ངེད་ཅག་མང་ཚོགས་མགོ་འཐོམ་བཞིན་འདུག དེ་ནང་བཞིན་བར་སྐབས་སུ་ང་ཚོའི་རྒྱུན་ལྡན་ཁ་བརྡ་བྱེད་སྐབས་༼ལྷ་སྡུག་ཅག་གསོ་མཁན་ཡང་ན་གདོན་འདྲེ་ཚོགས་པ་༽ཞེས་མིང་ཚིག་ཐོན་ཡོང་བ་དེ་ལ་གཟབ་དགོས་སམ། ལྷ་ཞིག་ཡིན་ན་འདྲེ་ཞིག་ཡིན་སྲིད་དམ། ཡང་ན་འདྲེ་ཞིག་ཡིན་ན་དགའ་ལྡན་ཕོ་བྲང་བ་ལ་སོགས་བླ་མ། མཁས་པ། ཆོས་པ་དག་གིས་སྔོན་ཆད་བརྟེན་དགོས་དོན་ཅི།

  8. ལུང་རྟོགས། says:
    2014-06-03 at 5:55 am

    དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་གྱུར་ཅིག ཁྱེད་ལ་རེ་བ་ཆེན་པོ་བྱས་པ་ཡིན་ལ། བྱས་པ་བཞིན་དུ་འདས་པའི་ལོ་གསུམ་གྱི་ནང་ལ་གྲུབ་འབྲས་ལྡན་པའི་ཕྱག་ལས་མང་པོ་ཞིག་གནང་སོང་། ད་དུང་མ་འོང་པར་གཟེང་སུ་ཐོན་པའི་ཕྱག་ལས་གནང་ཐུབ་པའི་ཡིད་ཆེས་ཡོད།

  9. ལོག་སྨྲ་ཚར་གཅོད། says:
    2014-06-03 at 7:45 am

    ཡིན་ཡང་དེ་ཉིན་མོར་རྒྱ་གར་གྱིས་སྲིད་སྐྱོང་མཆོག་རྒྱལ་ཁབ་གཞན་གྱི་སྲིད་བློན་ཚོ་དང་མཉམ་དུ་བཞུགས་གྲལ་ལ་མ་བཞག་པ་མི་མང་མཉམ་དུ་བཞག་པར་སེམས་ཕམ་བྱུང་། ང་ཡང་དེ་ཉིན་མོར་ང་ཚོའི་སྲིད་སྐྱོང་གི་མར་ཙམ་དེར་མི་མང་མཉམ་དུ་ཡོད། སྲིད་སྐྱོང་འདིས་དུས་རྟག་ཏུ་བཤད་ཡ་ལ་ཡོན་ཏན་ཡོད་ན་ང་ནང་བཞིན་དགོས་རེད་ཅེས་དང་ངས་ལམ་སྲོལ་གཏོད་པ་ནང་ལྟར་སུས་གཏོད་ཐུབ་ཡོད་མ་རེད་ཅེས་སྐྱར་ཟློས་ཡང་ཡང་བྱེད་བཞིན་ཡོད་ཀྱང་ལོ་ངོ་གསུམ་ཙམ་སོང་ཡང་འཇོན་རྒྱུ་སྣ་གཅིག་མེད་ཁར་རང་སྣང་མཐོ་ཞིང་མངོན་པའི་ང་རྒྱལ་ཆེ་བའི་མི་འདིས་བོད་ལ་དགོས་པའི་འདོད་དོན་ཞིག་ནམ་ཡང་བསྒྲུབ་མི་ཐུབ།

  10. གསེར་ས་ལེ་སྦྲམ། says:
    2014-06-03 at 9:03 am

    ད་རེས་སྲིད་སྐྱོང་མཆོག་རྒྱ་གར་སྲིད་བློན་གསར་བའི་དམ་འབུལ་མཛད་སྒོའི་སྟེང་ཞུགས་ཐུབ་པ་ནི་རྒྱ་གར་སྲིད་གཞུང་གསར་བ་དང་བཙན་བྱོལ་བོད་གཞུང་བར་གྱི་འབྲེལ་ལམ་གསལ་སྟོན་དང་། ལྷག་པར་དུ་སྲིད་བློན་མོ་དི་མཆོག་གིས་བཙལ་བྱོལ་བོད་མི་རྣམས་ལ་ཆེ་མཐོང་དང་གདེང་འཇོག་གནང་བར་ངོས་འཛིན་བྱས་ཆོག ཡིན་ཡང་། འདི་ནི་འོ་སྐོལ་ཚོས་འཇོན་ཐང་བཏོད་པ་ཞིག་གཏན་ནས་མིན་ལ། རྒྱལ་ཁ་ནི་དེ་བས་ཀྱང་མིན། འཕྲལ་སེལ་གྱི་གནས་ཚུལ་འདི་འདྲ་ལའང་རྒྱལ་ཁ་ཆེན་པོ་ཞིག་ལོན་པར་ངོས་འཛིན་བྱེད་པ་ནི་དོན་དངོས་སུ་རྐུབ་ལ་མཛུབ་མོ་བཙུགས་ནས་འདི་མགོ་རེད་ཅེས་བརྗོད་པ་དང་མཚུངས།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-06-03 at 9:11 am

    ་་་་་་་་་ལྷག་པར་དུ་སྲིད་བློན་མོ་དི་མཆོག་གིས་བཙལ་བྱོལ་བོད་མི་རྣམས་ལ་ཆེ་མཐོང་དང་གདེང་འཇོག་གནང་བར་ངོས་འཛིན་བྱས་ཆོག ་་་་་་་་་་

  12. གསེར་ས་ལེ་སྦྲམ། says:
    2014-06-03 at 9:15 am

    མཆན་བུ་7 ཆོས་འཕེལ་དར་རྒྱས་ལགས། ཉིད་ཀྱིས་བསམ་ཚུལ་གསུང་བར་དགའ་བསུ་ཞུ། ལོ་ཤོས་གོང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་༼ བོད་མིའི་སྒྲིག་འཛུགས་༽སུ་བསྒྱུར་གནང་ཡོད་པ་རེད། ཡིན་ཡང་། བོད་མི་སྒེར་བ་ཁག་གི་ངོས་ནས་༼བོད་མིའི་སྒྲིག་འཛུགས༽ནི་ཆོས་རྒྱལ་བཙན་པོའི་སྐབས་ནས་བརྒྱུད་འོང་བའི་བོད་གཞུང་ངོ་མ་དེ་ཡིན་པར་སེམས་ཀྱི་ཡོད་ལ། སེམས་པ་ལྟར་བརྗོད་ཀྱང་ཆོག

  13. ཅོག་མྱི། says:
    2014-06-03 at 9:22 am

    རྒྱ་གཞུང་ངོ་ཚ་ཞིང་སྐྲགས་ནས་འདིའི་ཐད་ལ་ད་ལྟ་བར་དུ་བཟང་ངན་གྱི་ཚིག་གཅིག་ཀྱང་བརྗོད་ཐུབ་ཡོད་པ་མ་རེད། གང་ཡིན་ཞེ་ན་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ཀྱི་རྙོག་དྲ་དང་མཐའ་མཚམས་རྒྱལ་ཁབ་ཀྱིས་མཐོ་འཚམས་པ། ཨ་རི་དང་རྒྱ་སེར་གྱིས་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པའི་སྒང་ཡིན་པས་རྒྱ་གཞུང་གིས་རྒྱ་གར་གཞུང་ལ་ཁ་ཡག་ངོ་དགའ་བྱེད་དགོས་པའི་དུས་ལ་སླེབས་ཡོད། དེའི་ཕྱིར་རྒྱ་གར་གྱིས་ཡང་བསྐྱར་བོད་རང་བཙན་རེད་ཞེས་བསྒྲག་ན་རྒྱ་གཞུང་གིས་རེད་རེད་མ་གཏོགས་ཟེར་རྒྱུ་མེད་ན་ཐང་།

  14. གཅོད་པ། says:
    2014-06-03 at 9:25 am

    ཡིན་ཡང་དེ་ཉིན་མོར་རྒྱ་གར་གྱིས་སྲིད་སྐྱོང་མཆོག་རྒྱལ་ཁབ་གཞན་གྱི་སྲིད་བློན་ཚོ་དང་མཉམ་དུ་བཞུགས་གྲལ་ལ་མ་བཞག་པ་མི་མང་མཉམ་དུ་བཞག་པར་སེམས་ཕམ་བྱུང་། ང་ཡང་དེ་ཉིན་མོར་ང་ཚོའི་སྲིད་སྐྱོང་གི་མར་ཙམ་དེར་མི་མང་མཉམ་དུ་ཡོད། སྲིད་སྐྱོང་འདིས་དུས་རྟག་ཏུ་བཤད་ཡ་ལ་ཡོན་ཏན་ཡོད་ན་ང་ནང་བཞིན་དགོས་རེད་ཅེས་དང་ངས་ལམ་སྲོལ་གཏོད་པ་ནང་ལྟར་སུས་གཏོད་ཐུབ་ཡོད་མ་རེད་ཅེས་སྐྱར་ཟློས་ཡང་ཡང་བྱེད་བཞིན་ཡོད་ཀྱང་ལོ་ངོ་གསུམ་ཙམ་སོང་ཡང་འཇོན་རྒྱུ་སྣ་གཅིག་མེད་ཁར་རང་སྣང་མཐོ་ཞིང་མངོན་པའི་ང་རྒྱལ་ཆེ་བའི་མི་འདིས་བོད་ལ་དགོས་པའི་འདོད་དོན་ཞིག་ནམ་ཡང་བསྒྲུབ་མི་ཐུབ།

    ད་ཤོག་བུའི་སེང་གེའི་རང་མདོག་བསྟན་འོང་གི་འདུག་ག

  15. ལུང་རྟོགས། says:
    2014-06-03 at 10:04 am

    ལོག་སྨྲ་ཚར་གཅོད་ལགས། རྫུན་གཏམ་མ་གསུང་རོག ཁྱེད་དེའི་ཉིན་མོ་གང་དུ་ཡོད་པ་ངས་གསལ་པོ་ཤེས།

  16. ཆོས་འཕེལ་དར་རྒྱས་ says:
    2014-06-03 at 10:38 am

    མཆན་༡༢་བ་འདེབ་མཁན་ལ་བཀའ་དྲིན་སྐུ་དྲིན་ཆེ་ཞུ་ཞོར། དེ་ན་ངེད་ནས་རང་ནི་བསམ་པ་སངས་རྒྱས་ནང་བཞིན་དྲང་བའི་མི་བུ་ཞིག་ཡིན་སེམས་ཡོད། ངས་འདི་ནས་ང་སངས་རྒྱས་ཡིན་ཟེར་ན་འགྲིག་གི་རེད་པ།

  17. རྒྱང་མིག says:
    2014-06-03 at 11:01 am

    འདི་དང་འབྲེལ་ནས་ཉེ་སྔོན་སྲིད་སྐྱོང་གིས་ “ང་གང་དུ་སོང་བ་ཡིན་ནའང་མཛུབ་མོ་ལྔ་ཡི་འཆར་གཞི་བཏང་ནས་འགྲོ་གི་ཡོད། གཞུང་གི་གནད་ཡོད་མི་སྣ་དང་ཕྱི་སྲིད་ལས་ཁུངས། སྲིད་འཛིན་སྲིད་བློན་ལས་ཁུངས་ཀྱི་གནད་ཡོད་མི་སྣ། གྲོས་ཚོགས་ཀྱི་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ། དེ་བཞིན་གསར་འགྱུར་བརྒྱུད་ལམ་ལ་ཐུག་འཕྲད། དཔལ་འབྱོར་འཚོལ་སྒྲུབ་(fund raise)བཅས་བྱེད་ཀྱི་ཡོད། ད་ལྟའི་བར་ང་ལུང་པ་གང་དུ་ཕྱིན་ཡང་གོང་བརྗོད་ཀྱི་འཆར་གཞི་ལྔ་དེ་ཕལ་ཆེར་འགྲུབ་ཡོད་བསམ་གྱི་འདུག ངས་དེ་འདྲ་བཟོ་དགོས་དོན་གང་ཡིན་ཟེར་ན། སྲིད་སྐྱོང་ལབ་པ་དེ་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་གནང་བའི་གནས་རིམ་གསར་པ་ཞིག་ཡིན་སྟབས། ལམ་ལུགས་བཟོ་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པར་སྲིད་སྐྱོང་སུ་ཕེབས་ཀྱང་ལུང་པ་གང་དུ་ཕྱིན་པ་ཡིན་ནའང་། སྔོན་མའི་སྲིད་སྐྱོང་གིས་ལུང་པ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་སྲིད་བློན་ལས་ཁུངས། དེ་བཞིན་གྲོས་ཚོགས་འཐུས་མིར་མཇལ་ཡོད་པ་སོགས་ངས་ལམ་ལུགས་ག་ཚོད་བཟོ་ཐུབ་པ་ཡིན་ན། མ་འོངས་པར་ལོ་ལྔ་དང་ལྔ་བཅུའི་ནང་ཕན་གྱི་ཡོད་པ་རེད། མ་འོངས་པར་རྒྱ་གར་གྱི་སྲིད་བློན་དམ་འབུལ་མཛད་སྒོ་བསྡུ་སྐབས་བཙན་བྱོལ་བོད་མིའི་སྲིད་སྐྱོང་གདན་འདྲེན་ཞུ་དགོས་ཟེར་གྱི་རེད། གང་ཡིན་ཟེར་ན། སྲིད་སྐྱོང་མགྲོན་འབོད་གནང་བའི་ལམ་ལུགས་བྱུང་ཚར་བ་རེད། ལམ་ལུགས་བཟོ་རྒྱུ་དེ་ཁག་པོ་ཞེ་དྲག་ཡོད་པ་རེད། འདས་པའི་ལོ་ངོ་ ༥༠ ནང་རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོར་འགྲོ་ཐུབ་མེད་ཀྱང་ད་ཐེངས་འགྲོ་ཐུབ་ཡོད་པ་རེད། གང་ལྟར་ངས་ལམ་ལུགས་བཟོ་བཞིན་ཡོད་ཀྱང་། དེའི་སྒང་ལ་ཞེ་དྲག་བཤད་བསྡད་པ་ཡིན་ན་ཡང་ལམ་ཀ་དེ་འགག་པར་གནོད་ངེས་རེད།”ཅེས་བརྗོད་ཡོད།

  18. གསེར་ས་ལེ་སྦྲམ། says:
    2014-06-03 at 11:37 am

    ཧཧཧ ཅོག་མྱི་འདི་རྨི་ལམ་སྐྱིད་པོ་གཏོང་མཁན་ཞིག་རེད། ཅོག་མྱི་དང་ཅོག་མྱི་འདྲ་བའི་བོད་མི་མང་བོ་ཞིག་གིས་དུས་རྒྱུན་རྨི་ལམ་སྐྱིད་པོ་རེ་བཏང་ནས་བསྡད་ཡོད། གནའ་སྔ་མོར་ལྷ་སའི་སྐུ་དྲག་དག་གིས་སྡེ་བ་གཞུང་གི་ཞབས་རིམ་འབོར་ཆེན་ཁག་བསྒྲུབས་ཚར་དུས་ལོ་འཁོར་གཅིག་རིང་རྨི་ལམ་སྐྱིད་པོ་རེ་བཏང་ནས་འདུག་པའི་གཤིས་ཀ་དེ་ཁོ་ཚོ་ལ་ཡང་འཇགས་ནས་ཡོད། ཁོ་ཚོས་ད་དུང་ལྷ་སའི་ཐད་ཀྱི་ནམ་མཁའ་ནས་རྒྱལ་ཁབ་གཞན་གྱི་གནམ་གྲུ་གཅིག་ཅིང་འཕུར་མི་ཐུབ་པར་འུ་ཚུགས་མཐར་སྐྱེལ་གྱིས་ཁས་ལེན་བྱེད་ལ། གལ་སྲིད་འཕུར་བའི་ཡོང་བའི་དབང་དུ་བཏང་རུང་དེ་མ་ཐག་ས་རུ་ལྷུང་སྟེ་རྨེག་མེད་དུ་འགྲོ་བར་ཡིད་ཆེས་བྱེད་བཞིན་ཡོད། གནས་ལུགས་ཡོད་མེད་གང་ལྟར་ཡང་སེམས་རྒྱུད་ལ་ཞག་ཟིན་པའི་བག་ཆགས་ཤིག་གིས་ཁོ་ཚོར་དུས་རྒྱུན་རྨི་ལམ་སྐྱིད་པོ་རེ་རྨི་རུ་འཇུག་ཞིང་། རྨི་ལམ་དེ་ཁོ་ནར་ཡིད་རྟོན་འཆའ་སྟེ་སྡོད་པ་ནི། སུ་གང་གིས་ཀྱང་བསྒྱུར་མི་གཏུབ་པའི་ཁོ་ཚོའི་རང་གཤིས་ངོ་མ་དེའོ།

  19. ལྷ་སྲས་དར་མ says:
    2014-06-03 at 12:30 pm

    གནས་ཚུལ་དེ་རྒྱལ་ཁ་ཡིན་མིན་གང་མི་ཤེས་ཏེ་གནས་ཚུལ་བཟང་པོ་ཞིག་དང་ལོ་རྒྱུས་གསར་པ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རེད། རྒྱ་གར་གྱི་སྲིད་བློན་གསར་པའི་བོད་མིའི་སྒྲིག་འཛུག་ལ་གཟིགས་སྟང་ད་བར་དུ་བྱུང་བའི་སྲིད་བློན་སུ་དང་གང་གིས་གཟིགས་ཕོད་མེད་ལ། ང་རང་ཚོའི་སྒྲིག་འཛུག་ལའང་ད་ལྟའི་་སྲིད་སྐྱོང་ནང་བཞིན་ཞིག་ཕེབས་མྱོང་མེད་ཟེར་ན་ཐལ་ཆ་མེད་། བློ་སེང་གིས་ད་བར་གྱི་སྲིད་སྐྱོང་གི་ལས་ཡུན་ནང་བོད་མིའི་སྒྲིག་འཛུག་གི་རྣམ་པ་གསར་པ་ཞིག་རྒྱལ་སྤྱིའི་མདུན་སར་མངོན་ཐུབ་ཡོད་ལ། སྒྲིག་འཛུག་རང་ངོས་ཀྱི་ལྷན་ཁང་ཁག་ཀྱང་སྔར་ལྷག་གི་འགྱུར་བ་གང་མང་ཞིག་དངོས་མཐོང་ལགས། ཕྲག་དོག་དང་ཕྱོགས་ལྷུང་གི་མུན་དོང་ནང་དིམས་པས་མི་ལ་ལས་བློ་སེང་གི་མ་འཇོན་རབས་མང་པོ་ཞིག་གླེང་ཁུལ་ཡང་དོན་དངོས་ཐོག་བློ་གཟུར་བོར་མ་གནས་པ་ཨ་རྐྱང་རྐྱང་། བོད་རྒྱ་ཞི་མོལ་དང་གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་མ་ཐུབ་པའི་ལན་ཁ་བློ་སེང་ལ་གཡོག་ཐབས་མེད། མི་ལོ་དྲུག་ཅུའི་ནང་གོང་ས་མཆོག་གཙོས་དབུ་འཁྲིད་ང་ཡིན་ཟེར་མཁན་སྐུ་དྲགས་དང་བླ་སྤྲུལ་ཇི་སྙེད་ཅིག་ཕེབས་ནས་བསྟུན་མཁས་དང་བབས་མཁས་ཐ་ན་སུམ་ཅུ་དུས་དྲན་ཡང་བྱེད་ཨ་ཡོང་བསམ་དགོས་པ་དེ་འདྲ་མང་པོ་བྱས་ཀྱང་དོན་དངོས་ཐོག་ཤེས་རབ་སྙིང་པོ་སྐྱོར་བ་ལས་གང་ཡང་རག་མེད་མོད་ཤོར་བ་ནི་ཚད་མེད། དཔེ་མཚོན་གསལ་ཤོས་དང་དྲན་ཉེ་ཤོས་ནི་༢༠༠༨ཀྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་གོ་སྐབས་དེ་ཡིན། ང་ཚོ་ལ་གོ་སྐབས་དེ་འདྲ་ཞིག་མི་ལོ་ལྔ་བཅུའི་ནང་ཐེངས་གཅིག་ཡིན་ལ་མ་འོང་པར་དེ་ལྟ་བུའི་གོ་སྐབས་ཤིག་རེག་རྒྱུར་ལོ་ག་ཚོད་རྒུག་དགོས། ངས་གནས་གནས་ཚུལ་དེ་འདྲ་འདྲེན་ནས་དོན་དངོས་བཤད་འདོད་པ་དེ་མི་ལོ་དྲུག་ཅུའི་ནང་སུ་གང་གིས་མ་འཇོན་པ་བློ་སེང་གིས་ལོ་གསུམ་ནང་འཇོན་མ་སོང་ལབ་ན་འགྲིག་མིན་དཔྱད་བསྡུར་ཙམ་ཡིན། བློ་སེང་ནི་མི་ཕལ་པ་ལས་ལྷ་ཡི་སྤྲུལ་པ་མིན་ལ་ཆོས་སྲུང་གི་སྡོང་གྲོགས་ཀྱང་མེད། ཐ་ན་སྔགས་རྒན་ཞིག་གི་སྐྱེ་བརྒྱུད་ཀྱང་མིན། གོང་མཆན་པ་ལོག་སྨྲ་ཅན་དང་གཅོད་པ་ཅན་མི་གཅིག་མིང་གཉིས་ཀྱི་གྲིབ་གཟུགས་ཅན་དེ་ཡང་སྲིད་བློན་གྱི་མཛད་སྒོར་ཡོད་རབས་གླེང་ནས་ང་ཚོ་བོད་མའི་སྲིད་སྐྱོང་ལ་དམའ་འབེབས་བྱེད་ཁུལ་ཡང་དོན་དངོས་ཐོག་གང་ཉིད་དོལ་ཚོགས་དང་ཡང་ན་གུང་ཁྲན་གྱི་ཕོ་ཉ་མིན་ན་སོ་སོའི་གདོང་ལ་སོ་སོས་ཐལ་བ་བྱུག་པ་ལས་མེད། སྐད་ཆ་དེས་བློ་སེང་མི་སྒེར་ལ་དམའ་འབེབས་མིན་པ་བོ་མི་ས་ཡ་དྲུག་ལ་དམའ་འབེབས་ཡིན་སྟབས་ཡིད་ཟབ་མཛོད། ལོག་སྨྲ་ལགས།། བློ་སེང་ཚར་གཅོད་ཐུབ་ཀྱི་མ་རེད། སླད་ནས་::ལོག་སྨྲ་:: ལས་ཚར་གཅོད་ཟེར་བའི་མིང་རྗེས་དེ་གཉིས་དོར་ན་ཤིན་ཏུ་རན། །

  20. བསམ་ཤེས། says:
    2014-06-03 at 10:41 pm

    བོད་པ་ཚོ། ད་ལྟ་སྒྲིག་འཛུགས་ཅིག་ཡོད་པ་དང་། བློ་གཏོད་ས་གཅིག་ཡོད་དུས་ཡི་རང་དང་དགའ་བ་སྒོམས། རྗེས་མ་འདི་བསྡུ་གསོག་བརྒྱབ་རྗེས་བློ་འགྱོད་མི་ཡོང་བ་ད་ལྟ་ནས་བྱོས། སྒྲིག་འཛུགས་ཡོད་པ་ལས་མེད་པར་དགའ་ཟེར་མཁན་ཚོས་སྒྲིག་འཛུགས་དེ་སྒོ་བརྒྱབ་དུས་ངུ་སྐད་ཤུགས་ཆེ་བ་རྒྱག་གི་རེད།

    ངས་གཏམ་དྲང་མོ་ཞིག་བཤད་ཆོག རྒྱལ་བ་རིན་པོ་ཆེ་སྲིད་དོན་ལས་རྒལ་ཡོལ་གནང་རྒྱུ་དང་། ད་ནས་ཆབ་སྲིད་ཀྱི་སྐུ་དབང་བཞེས་ཀྱི་མིན་གསུང་དུས་འཇམ་དབྱངས་ནོར་བུ་ལགས་ཧོན་འཐོར་ནས། “ཉིན་མ་ཁ་ཤས་ཡིད་ཆེས་ཐུབ་མ་སོང་ལ། བློ་ལ་འཇུ་ཐུབ་མ་སོང་།”གསུངས། རྗེས་མ་གྲོགས་པོ་ལ་ལས། འདི་ལྟར་ཡིན་ན། ཁྱེད་རང་འདི་སྐོར་ལ་རྩོམ་ཞིག་བྲིས་ཟེར་དུས། ཁོང་གིས་རྒྱལ་བ་རིན་པོ་ཆེ་བོད་མིའི་གཞུང་གི་སྐྱབས་མགོན་ལ་བཞུགས་རོགས་ཅེས་རྩོམ་ཡིག་རིང་མོ་དེ་བྲིས་སོང་། མདོར་ན་འཇམ་ནོར་འགྱོད་པ་ཆེན་པོ་སྐྱེས་ནས་བསྡད་འདུག

    ཁོང་གིས་”སྐུ་མདུན་འདི་འདྲས་གནང་གི་རེད་སུས་བསམ་གྱི་རས།”ལྟ་བུ་ད་དུང་ཡང་ཡང་ཁ་ནས་འཐོན་པར་བྱེད།

    དེ་བཞིན་བློ་སེང་མི་རེད། ཁོ་ཨ་རིར་ལྟོ་གོས་འགྲིགས་འགྲོ་མཁན་གྱི་མི་རེད། གཟའ་མི་དང་བུ་ཕྲུག་ལ་བརྩེ་བ་ཆེན་པོ་ཡོད་མཁན་གྱི་མི་རེད། རྟག་པར་རྙོག་ཁྲ་ཤོད་བསྡད་ན་ཉིན་གཅིག་ད་དགོངས་དག སྒེར་གྱི་དོན་དག་མང་པོ་འཐུས་ཤོར་འགྲོ་གི་འདུག དགོངས་པ་ཞུ་གི་ཡིན་ཟེར་དུས་མི་མང་པོ་ཞིག་བློ་ཕམ་འགྲོ་གི་རེད། རྒྱུ་མཚན་བློ་སེང་གིས་ད་ལྟ་སྒེར་གྱི་ལྟོ་གོས་བསྐྱུར་ནས་ལས་ཀ་ཞིག་བྱེད་ཀྱི་འདུག

  21. ལྷ་སའི་བུ་ says:
    2014-06-04 at 12:05 am

    མཆན་#19
    བསམ་ཤེས་ལགས། ཁྱེད་རང་གི་མཚན་དོན་མཚུངས་འདུག། བོད་དང་བོད་མིའི་ཁེ་གྱོང་ལ་བསམ་ཤེས་ཐུབ་པའི་དགོངས་འཆར་ཁ་གསལ་གནང་འདུག་པར་རྒྱབ་སྐྱོར་ཡོད།
    དེ་བཞིན་ཅོག་མྱི་ལགས་ཀྱིས་རྩོམ་ཡག་པོ་བྲིས་གནང་འདུག།

  22. གངས་ལྡོམ། says:
    2014-06-04 at 3:35 am

    རེ་བས་ཁེངས་པའི་བོད་པ་རྣམས་ཀྱི་རེ་བ་འགྲུབ་པར་སྨོན།

  23. གསེར་ས་ལེ་སྦྲམ། says:
    2014-06-04 at 9:32 am

    མཆན་༡༦འདེབས་མཁན་ལགས། རང་ཉིད་སངས་རྒྱས་དང་ཁྱད་མེད་བསམ་མཁན་གྱི་མི་དེ་ནི་རྩ་ལྷག་མ་གཅིག་གིས་མི་ཚད་གཉིས་གསུམ་ཡོད་མཁན་གྱི་མི་བུ་གླེན་པ་ཁ་ནག་ཅིག་ཡིན་པར་གདོན་མི་ཟ་བས། འདི་རིགས་ལ་རྩོད་པ་མི་བྱའོ།

  24. ཆོས་འཕེལ་དར་རྒྱས་ says:
    2014-06-04 at 10:42 am

    23་པ་ལ་ལགས་སོ་ཞུའོ་། དེ་ནི་ཡར་འཕེན་མར་འཐེན་བྱེད་པའི་དབུ་མ་བ་ཡི་ལྟ་བ་ཡང་ངོ་།:-)

  25. ཅོག་མྱི། says:
    2014-06-05 at 12:05 am

    ད་ལྟོས་ནས་སྡོད་དང་ཀླུ་མཁར་བྱམས་སོགས་ཀྱི་བསྟན་པ་དར་རྒྱུ་རེད།

  26. ཨ་ནུ་ཐང་བསོད་ནམས། says:
    2014-06-09 at 1:27 am

    འདི་ནི་སྲིད་སྐྱོང་གི་བྱས་རྗེས་དང་འབྲེལ་བ་དེ་ཙམ་མེད་ཅིང་རྒྱ་གར་སྲིད་གཞུང་གསར་བས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པའི་བརྡ་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད། མི་མང་གིས་འདེམས་པའི་སྲིད་སྐྱོང་ལམ་ལུགས་ལ་རྒྱབ་སྐྱོར་བྱས་བའི་མཚོན་དོན་གལ་ཆེན་ཞིག་ཡིན། དེ་ནི་བོད་མི་རྣམས་ལ་མཚོན་ན་བཀྲ་ཤིས་བའི་དོན་བཟང་ཞིག་རེད།

  27. ཨ་ནུ་ཐང་བསོད་ནམས། says:
    2014-06-09 at 1:42 am

    http://www.india.com/loudspeaker/the-tibet-factor-will-modi-rewrite-the-rules-of-india-china-engagement-71515/

    འདི་ལ་གཟིགས་དང་། སྲིད་སྐྱོང་གི་འཇོན་ཐང་རེད་དམ་རྒྱ་གར་སྲིད་གཞུང་གསར་བའི་ཕྱི་སྲིད་ཡིན་པ་གསལ་བོ་ཤེས་ངེས་རེད།

  28. ཅོག་མྱི། says:
    2014-06-09 at 9:07 pm

    ལོ་རྒན་གཅིག་གི་རིང་ལ་བཙན་བྱོལ་བོད་གཞུང་རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོར་ཞུགས་ཐུབ་ཡོད་པ་མ་རེད། དེ་ནི་སྐབས་དེའི་བཀའ་ཤག་གི་སྲིད་པ་ཚོ་མ་འཇོན་པའི་དན་རྟགས་རེད། ད་ལྟའི་སྲིད་སྐྱོང་འདི་བས་ཐབས་ཤེས་ཀྱིས་བཀའ་ཤག་རྒྱ་གར་གྱི་སྲིད་བློན་དམ་འབུལ་མཛད་སྒོར་ཚུད་དུ་བཅུག་པ་དེའང་སྲིད་སྐྱོང་དང་ད་ལྟའི་བཀའ་ཤག་གི་ལས་དོན་འགྲུབ་བཞིན་པའི་ལམ་རྟགས་ཡིན་པ་དང་། སྲིད་སྐྱོང་རང་ཡང་འཇོན་ཐང་ཡོད་པའི་མཚོན་རྟགས་ཡིན། དེ་ནི་གང་ཟག་སུ་གང་གིས་བསྙོན་མི་ཐུབ་པའི་བདེན་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme