Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་དང་དགའ་རོགས་ལོང་བ།

Posted on 2014-02-072014-02-08 By སྤོབས་པ་མཐའ་ཡས། 28 Comments on ང་དང་དགའ་རོགས་ལོང་བ།

སྤོབས་པ་མཐའ་ཡས།

༡

ནོར་སྒྲོན་བྷུ་ཊི་ཡ་ནི་ངའི་མི་ཚེ་འདི་ལ་འགྱུར་བ་ཆེས་ཆེ་ཤོས་གཏོང་མཁན་དེ་ཡིན། ལས་དབང་གི་བཀོད་སྒྲིག་གམ་སྲོལ་རྒྱུན་གྱི་འཐེན་ཤུགས་ཤིག་གིས་ང་སྐྱེས་པའི་ཉིན་མོ་ནས་གྲྭ་བཙུན་ཀྱི་མི་ཚེ་ཞིག་གི་མགོ་ཚུགས་འདུག རྗེས་སུ་ཕ་མ་ཉེ་འབྲེལ་གྱི་རེ་འདུན་དང་རོགས་སྐྱོར་འོག་ཏུ་རྒྱ་གར་དུ་འོངས་ནས་གྲྭ་སར་མི་ལོ་ཉི་ཤུར་ཉེ་བའི་རིང་ལ་ཆོས་ལུགས་སྲོལ་རྒྱུན་གྱི་སློབ་གཉེར་ཀྱི་དཀའ་ཚེགས་དང་དུ་བླངས། ན་གཞོན་ལང་ཚོའི་མེ་ཏོག་ཀྱང་རྒྱ་གར་ལྷོ་མཐའི་ཚད་པའི་དུག་རླངས་ཀྱི་ཁྲོད་དུ་ཤ་སྐམ་ཁྲག་སྐམ་དུ་གྱུར། སློབ་གཉེར་གྱི་ལོ་རིམ་མཇུག་དྲིལ་བར་བསྙད་པའི་དགེ་བཤེས་ཟེར་བའི་མིང་ཐོབ་དེ་ལེན་ལ་ཉེ་སོང་།
སྐབས་དེར་ངའི་དགེ་བཤེས་གཏོང་སྒོའི་འགྲོ་སོང་སྐོར་ལ་ཕ་ཡུལ་བོད་ཀྱི་ནང་མི་ཉེ་འབྲེལ་ཚོས་དགའ་བཞིན་སྤྲོ་བཞིན་དུ་གཏོང་བའི་ཁས་བླངས་ཡོད་ན་ཡང་། ཕ་ཡུལ་གྱི་ནང་མི་ཉེ་འབྲེལ་ཚོའི་དཔལ་འབྱོར་གནས་སྟངས་བཟང་རྒྱུ་མེད་པ་སེམས་ཁྲལ་ཞིག་རེད།
ངས་དེའི་སྐོར་རང་གི་གྲོགས་པོ་ཚོར་ཡང་སྦ་གསང་མེད་པར་ཤོད་ཀྱིན་ཡོད། ཉིན་ཞིག་ངའི་གྲོགས་པོ་ཞིག་ངའི་སར་ཡོང་ནས་ནང་གཏམ་གྱི་ཚུལ་དུ་འདི་ལབ་བྱུང། “ངའི་སྤུན་ཉེ་བུད་མེད་ཅིག་ལོ་ཤས་སྔོན་ཨ་མེ་རི་ཁར་སོང་བ་རེད། སྐབས་དེར་མོ་རང་མོ་ཧྲང་རེད། ཡིན་ན་ཡང་ཨ་མེ་རི་ཁའི་ཕྱི་མི་གཞིས་སྤོར་ལས་ཁུངས་ལ་ཁྱོ་ག་དང་བུ་ཕྲུག་ཡོད་པའི་ཐོ་འགོད་བྱས་ཡོད་སྟབས་ད་སྐྱེས་པ་ཞིག་དང་བྱིས་པ་ཁ་ཤས་ཕར་ལེན་པའི་ཐོབ་ཐང་ཆ་ཚང་ཡོད་པ་རེད། ཡིན་ན་ཡང་། བྱིས་པ་འཐེན་པར་ཁྲག་གི་སྟེང་དུ་བརྟག་དཔྱད་བྱས་ན་དཀའ་ངལ་ཡོད་པ་རེད། སྐྱེས་པ་སུ་ཡིན་ཡང་འགྲིགས་གི་ཡོད་པ་རེད། རྒན་ལགས་ཨ་མེ་རི་ཁར་ཕེབས་ནས་ལོ་ཁ་ཤས་ལ་ཕྱག་ལས་གནང་ན་དགེ་བཤེས་གཏོང་སྒོའི་འགྲོ་སོང་འབེལ་འབེལ་ལྷུག་ལྷུག་རག་གི་རེད། ང་རང་ཚོ་གྲོགས་པོ་ནང་མ་ཡིན་པ་དང་རྒན་ལགས་ཀྱི་དགེ་བཤེས་གཏོང་སྒོའི་འགྲོ་གྲོན་ཡིན་སྟབས་ཕར་འཐེན་པའི་དངུལ་ཉུང་ཙམ་ལས་མི་ལེན།” ཅེས་བཤད་བྱུང་། སྤྱིར་ན་ཐོ་འགོད་རྫུན་བཟོས་མི་ཞིག་ཕར་འཐེན་གླར་སྒོར་འབུམ་བརྒྱད་ཡར་ལྷག་ལེན་གི་ཡོད་ན་ཡང་ང་དགེ་བཤེས་གཏོང་ལ་ཉེ་བའི་མི་ཞིག་དང་གྲོགས་པོ་ནང་ཚགས་ཡིན་སྟབས་འབུམ་བཞི་ལས་མི་ལེན་པ་བྱས། དེ་ཡང་ལོ་བཞིའི་ནང་དུ་སྤྲད་ན་འཐུས་པ་སོགས་གྲོས་མཐུན་བྱུང་བས་ང་རང་ལམ་འགྲོ་བརྒྱུགས་སོང་བསམ་ནས་དགའ་བ་ཞིག་སྐྱེས།
སྐབས་དེར་ངས་ཨ་མེ་རི་ཁར་བསྡད་ནས་ལོ་ཤས་ལས་ཀ་བྱས་པའི་ཡོང་འབབ་ཀྱིས་ཕར་འཐེན་གླ་དང་དགེ་བཤེས་གཏོང་སྒོའི་འགྲོ་གྲོན་གཉིས་ཆར་རག་གི་ཡོད་པས་ངས་ཐག་གཅོད་ལེགས་པོ་ཞིག་བྱས་ཡོད་བསམ། ཡིན་ན་ཡང་ང་ལ་སེམས་ཁྲལ་ཞིག་ཡོད་པ་དེ་ནི་ཨ་མེ་རི་ཁར་ལས་ཀ་ཐོབ་མིན་དེ་རེད།་ངའི་གྲོགས་པོ་ཨ་མེ་རི་ཁར་ཡོད་མཁན་ཁ་ཤས་ལ་སྐད་ཆ་དྲིས་པར་ཁོ་ཚོ་ཁ་གཅིག་གྲག་གིས། ཨ་མེ་རི་ཁར་གཞུང་གི་ལས་ཀའི་ཆོག་མཆན་སོགས་གང་ཡང་སྒུག་མི་དགོས་པར་རྒྱ་མིའི་ཟ་ཁང་སོགས་སུ་གཞུང་ཁྲལ་མི་དགོས་པའི་ལས་ཀ་ནག་པོ་མི་ཐོབ་པ་མེད། དེ་ལ་བདུན་ཕྲག་རེའི་ནང་དུ་ཉིན་དྲུག་རེར་ལས་ཀ་བྱས་ན་ཟ་ས་འདུག་ས་ཚང་མ་དེར་བྱེད་ཆོག་པས་ལག་དངུལ་བསག་པར་ཆ་རྐྱེན་ཡག་པོ་ཡོད་ཚུལ་བཤད་བྱུང་། དེར་ངས་ཀྱང་འཆར་གཞི་དེ་ལ་ཐག་བཅད།
དེ་ནས་ང་ལ་དཀའ་ངལ་གཞན་ཞིག་ཡོད་པ་དེ་ལག་ཁྱེར་གསར་བཟོ་དགོས་པ་རེད། སྐབས་དེར་ང་ལ་རྒྱ་གར་གྱི་བོད་མིའི་སྐྱབས་བཅོལ་ལག་ཁྱེར་དུ་འབོད་པའི་ཐོ་འགོད་ལག་དེབ་དེ་ཡང་མེད། ལག་ཁྱེར་སེར་པོ་ཐོབ་པའི་གོ་རིམ་བརྒྱུད་དགོས་དུས་མ་མཐའ་ཡང་ལོ་ཕྱེད་ཙམ་ལ་སྒུག་དགོས་ཀྱིན་འདུག དེ་ལས་བལ་ཡུལ་དུ་སོང་ནས་བལ་པོའི་ཕྱི་སྐྱོད་ལག་ཁྱེར་ལྐོག་ཉོ་བྱས་ན་མགྱོག་པོར་ཐོབ་ཚུལ་ཤེས་པས་པས་བལ་ཡུལ་དུ་སོང་།

༢

ང་བལ་ཡུལ་དུ་སླེབས་དུས་དེར་ཡོད་ངོ་ཤེས་གྲོགས་པོ་ཁ་ཤས་ཡོད་སར་བསྡད། དེར་ཡང་ལག་ཁྱེར་བཟོ་བར་ཟླ་བ་རེ་ཟུང་མི་སྒུག་ཐབས་མེད་རེད། བལ་ཡུལ་ནི་དྲོ་གྲང་སྙོམས་པ་དང་ས་ཆུ་འཕྲོད་པས་སྐྱིད་སྣང་འདྲ་ཞིག་ཤར་བྱུང་། གྲོགས་པོ་ཞིག་བརྒྱུད་ནས་བལ་ཡུལ་རྒྱལ་སར་ཡོད་པའི་ཁྱོ་ག་བོད་རིགས་དང་བཟའ་ཟླ་སྙེ་ཤང་པ་ཡིན་པའི་ཁྱིམ་ཚང་ཞིག་ལ་གྲོང་ཆོག་ཏུ་སོང་།
ཁྱིམ་ཚང་དེས་རྒྱ་གར་གྱི་ས་ཆ་ག་གེ་མོ་ཞིག་ཏུ་ཤེལ་གྱི་བཟོ་གྲྭ་ཞིག་བདག་གཉེར་བྱས་ཡོད་པ་སོགས་ཚོང་གི་མ་རྩ་ཆེན་པོ་ཅན་ཞིག་ཡིན་འདུག་པས་འབྱོར་ལྡན་ཧ་ལས་དགོས་པ་ཞིག་རེད། ཁྱིམ་ཚང་དེར་བུ་མོ་ལོ་ན་ཉེར་དྲུག་ལ་སོན་པ་ཞིག་འདུག བུ་མོ་དེའི་མིང་ལ་ནོར་སྒྲོན་དང་མིང་ཆ་ཚང་ལ་ནོར་སྒྲོན་བྷུ་ཊི་ཡ་ཟེར། བུ་མོ་དེ་དེ་ཉི་ཧོང་དུ་གཏན་སྡོད་ཀྱིས་རྫས་འགྱུར་ཆེད་ལས་པའི་ལས་ཀ་བྱེད་བཞིན་ཡོད་སྐབས་སྟབས་མ་ལེགས་པས་མིག་ལ་རྫས་འགྱུར་གྱི་རྨས་སྐྱོན་ཐེབས་ནས་མིག་གཉིས་ཀས་མི་མཐོང་བར་གྱུར། བུ་མོ་ཚུར་བལ་ཡུལ་དུ་ལོག་ནས་ཕ་མའི་སར་བསྡད་ནས་སྨན་བཅོས་གང་དྲག་བྱེད་ཀྱིན་འདུག ཕ་མ་གཉིས་ཀ་ཆོས་དད་ཡོད་པས་ཆོས་ལུགས་ཀྱི་བཅའ་བ་རིམ་གྲོ་ཡང་མང་པོ་སྒྲུབ་ཀྱིན་འདུག
ང་ཁྱིམ་ཚང་དེར་བསྡད་ནས་འབུམ་དང་གཟུང་འདུས་སོགས་བཀླགས་པ་དང་། ད་དུང་མོ་རྩིས་སོགས་ལས་གང་བབ་པའི་བཅའ་བ་རིམ་གྲོ་སྒྲུབ་རོགས་བྱེད་དགོས་ཀྱིན་འདུག རིམ་གྱིས་ཁྱིམ་ཚང་དེས་ང་ལ་དད་གུས་ཡིད་ཆེས་བྱེད་ཅིང་རྒྱུན་དུ་དགེ་བཤེས་ལགས་ཞེས་འབོད། གལ་སྲིད་ནང་མི་ཁྱིམ་དུ་མེད་དུས་སུ་གཡོག་པོ་གཡོག་མོ་ཚོར་དེ་ཙམ་ཡིད་ཆེས་མི་བྱེད་པས་བུ་མོ་ལོང་བར་རོགས་རམ་ཕྲན་ཚེགས་གང་དགོས་ལ་ངས་རོགས་པ་བྱེད་པར་མངགས་བཅོལ་བྱེད། ནམ་ཡིན་ཡང་། ནང་མིས་རྒྱུན་དུ་ང་ལ། “ནོར་སྒྲོན་གྱིས་མིག་གིས་མཐོང་བར་སྨོན་ལམ་རྒྱག་རོགས།” ཟེར། ངས་ཀྱང་ཆོས་དཔེ་དང་གཟུངས་སྔགས་གང་བཏོན་ཡང་མཇུག་ཏུ་ནོར་སྒྲོན་གྱིས་མིག་གིས་མཐོང་བར་ཤོག་ཟེར་ནས་སྨོན་ལམ་རྒྱག་ཁུལ་བྱས།

༣

རིམ་གྱིས་ནོར་སྒྲོན་དང་ངེད་གཉིས་ཀྱི་བར་ལ་ཐུན་མོང་མིན་པའི་མཛའ་མཐུན་གྱི་འབྲེལ་བ་འདྲ་ཞིག་ཚུགས། དོན་དུ་དེ་ནི་ཆགས་བརྩེའི་མེ་ཏོག་ཅིག་འབུས་མགོ་ཚུགས་པ་ཡིན་འདུག བལ་ཡུལ་རྒྱལ་སའི་གྲོང་མཐར་ཡོད་པའི་རི་བོ་ན་གར་ཀོ་ཊིའི་མགྲོན་ཁང་སུརྱ་ལ་སྔོན་ཆད་ནོར་སྒྲོན་གྱིས་ལས་ཀ་བྱེད་མྱོང་ཡོད་འདུག དེར་ཡོད་ལས་བྱེད་པ་མང་པོ་ཡང་ངོ་ཤེས་པས་དེར་སོང་ནས་ཉིན་ཁ་ཤས་ལ་འདུག་ཡོད་པའི་རེ་སྐུལ་བྱས་སོང་། ཕ་མས་ཀྱང་དེ་ལ་མོས་མཐུན་བྱས། བུ་མོའི་རེ་བ་བཞིན་དུ་ང་མོ་དང་མཉམ་དུ་རོགས་བྱེད་དུ་ཡོང་དགོས་ཟེར། ནང་མིས་ཀྱང་མོས་མཐུན་བྱས་ནས་ངེད་གཉིས་དེར་སོང་། ངེད་གཉིས་གླ་འཁོར་ནང་དུ་བསྡད་ནས་ཡར་འགྲོ་སྐབས་ནོར་སྒྲོན་གྱིས་གླ་འཁོར་ཁ་ལོ་པར་ཐོག་མར་རྒྱལ་སའི་ཚོང་ཁང་ག་གེ་མོར་འགྲོ་རོགས་ལབ་སོང་། ལམ་བར་དུ་མོས་ངའི་ལག་པར་བཟུང་ནས། “དེ་རིང་ཁྱེད་ཀྱིས་གྲྭ་ཆས་མ་གོན་རོགས།” ཟེར། ངས། “དེ་ག་རེ་ཡིན་ནམ།” ཞེས་དྲིས། མོས “ངེད་གཉིས་མགྲོན་ཁང་དུ་འདུག་དགོས་པས་མིའི་མཐོང་སྣང་ལ་སྟབས་བདེ་པོ་ཡོད་པ་མ་རེད།” ཟེར། དེ་ལ་ངས་ཀྱང་མོས་མཐུན་བྱས། ངེད་གཉིས་ཚོང་ཁང་དུ་སོང་ནས་སྐྱ་ཆས་ཆ་ཚང་ཞིག་ཉོས་ནས་ངས་དེ་གྱོན། དེ་ནས་གླ་འཁོར་གྱིས་ངེད་གཉིས་ན་གར་ཀོ་ཊིའི་མགྲོན་ཁང་དུ་བསྐྱལ་སོང་།
མགྲོན་ཁང་དུ་སླེབས་སྐབས་ལས་བྱེད་མང་པོ་ཞིག་གིས་མོ་ངོ་ཤེས་སྟབས་ཚུར་ཡོང་ནས་མཚམས་འདྲི་བྱས།་ངས་བལ་སྐད་དབྱིན་སྐད་གང་ཡང་མི་ཤེས་པས་ཁ་རོགས་གེར་འཛུམ་རེ་སྟོན་ཁུལ་བྱས།
ཞབས་ཕྱི་བས་ངེད་གཉིས་ཀྱི་ཅ་ལག་ཚང་མ་ཁང་མིག་གཅིག་ཅན་རྒྱལ་པོ་འོས་པའི་ཉལ་ཁྲི་གཅིག་ཅན་ཞིག་གི་ནང་དུ་བསྐྱལ་སོང་། ནོར་སྒྲོན་གྱིས། “དེ་རིང་ངས་མགྲོན་ཁང་འདིའི་ལས་བྱེད་ངོ་ཤེས་པ་ཚོར། ཁྱོད་རང་ཉི་ཧོང་པ་ཞིག་རེད། ངའི་དགའ་རོགས་རེད་ལབ་ཡོད།” ཟེར། ངའི་སེམས་ལ་འཆར་སྣང་གཉིས་ཤར། གཅིག་ནི་ཧ་ཅང་དོག་མ་བདེ་བ་དང་འཇིགས་སྣང་འདྲ་བ་ཞིག་དང་ཕྱོགས་གཅིག་ནས་བུ་མོ་འདི་དང་མཉམ་དུ་རང་དབང་བག་ཡངས་ཀྱིས་སྡོད་པར་སྐྱིད་སྣང་འདྲ་ཞིག་ཤར།
དེར་མོ་ཉལ་ཁྲིའི་སྟེང་དུ་གན་སྐྱལ་དུ་ཉལ་ནས། “ག་འདྲ་སྐྱིད་པོ་འདུག འདིར་ཤོག་ནས་སྡོད་དང་།” ཟེར། ངས་མོ་དང་བར་སྟོང་ཆེ་ཙམ་བཞག་ནས་ཉལ་ཁྲིའི་ཟུར་དུ་གན་སྐྱལ་དུ་ཉལ། དེར་མོས། “དེ་འདྲ་ཐག་རིང་པོ་ལ་མ་འདུག ཚུར་ཐག་ཉེ་ཙམ་ལ་ཤོག་དང་།” ཟེར། དེར་ང་ཡང་ཕར་ཐག་ཉེ་སར་བཅར། མོ་ཚུར་བཅར་ནས་ངེད་གཉིས་ཕན་ཚུན་འཐམ་ནས་ཁ་འོ་བྱེད་མགོ་ཚུགས།
མོས་སྐར་ཆ་ཉི་ཤུ་ཙམ་ལ་འོ་ཡིད་ཚིམ་ཚིམ་ཞིག་བྱས་ནས་མཚམས་བཞག ངས་འོ་ཡུན་རིང་ཙམ་སྐྱེལ་འདོད་བྱུང་མོད་མོས་མཚམས་བཞག་སོང་བྱ་ཐབས་མི་འདུག དེར་མོས། “ནུས་ཤུགས་ཡོད་ཚད་ད་ལྟ་ནས་བེད་སྤྱོད་བྱེད་དགོས་གི་མ་རེད། ངེད་གཉིས་ལ་དོ་དགོང་མཚན་གང་གིས་མདུན་ན་བསྒུགས་ནས་བསྡད་ཡོད་རེད།” ཟེར།
བལ་ཡུལ་རྒྱལ་སའི་གྲོང་མཐར་ཆགས་པའི་ན་གར་ཀོ་ཊིའི་སུརྱ་མགྲོན་ཁང་དུ་དགོང་མོ་དེར་ངས་ཚངས་སྤྱོད་ཀྱི་སྡོམ་པ་ཞེས་འབོད་པའི་སྲོལ་རྒྱུན་གྱི་ཁྲིམས་སྲོལ་དེ་མེར་བསྲེགས། ཆུར་སྦྱངས། རླུང་ལ་བསྐུར་ནས་གསང་བའི་གར་ཆུང་གང་འདོད་དུ་འཁྲབ།
ངེད་གཉིས་ཀྱིས་རི་མགོའི་མགྲོན་ཁང་དུ་གུང་སེང་ནར་འགྱངས་བྱས་ནས་བདུན་ཕྲག་གཉིས་ལ་བསྡད། ཕྱིར་ཁོ་ཚོའི་ཁྱིམ་དུ་འབྱོར་སྐབས་སླར་ཡང་ངས་གྲྭ་ཆས་དེ་གྱོན་ནས་ཁྱིམ་ཚང་དེར་བསྡད།

༤

བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་ནོར་སྒྲོན་སྨན་བཅོས་ཀྱི་ཆེད་དུ་འཇར་མ་ནི་ལ་ཕྱིན། འགྲོ་རན་ཁར་མོས་ང་ལ། སྨན་བཅོས་འདིས་ངའི་མིག་གིས་མཐོང་ཐུབ་པ་བྱུང་ན་ངས་སླར་ཡང་ཉི་ཧོང་དུ་ལས་ཀ་རྒྱུན་མཐུད་ནས་བྱེད་འདོད་ཡོད། མིག་གིས་མ་མཐོང་ན་ང་ཕྱིར་ཡོང་ནས་ཁྱེད་ལ་མགྱོག་པོར་འཕྲད་གི་རེད། ཟེར་ནས་ཕྱིན་སོང་། དེ་ནས་ངས་ཆོས་དཔེ་ཀློག་པ་དང་གཟུངས་སྔགས་སྐྱོར་བའི་མཇུག་ཏུ། “ནོར་སྒྲོན་གྱིས་མིག་དྲག་སྐྱེད་མ་བྱུང་བར་ཕྱིར་མགྱོག་པོར་འབྱོར་བར་ཤོག” ཟེར་ནས་སྨོན་ལམ་རེ་བརྒྱབས།
དེ་ནས་ངས་ལྐོག་ཉོ་བྱས་པའི་བལ་པོའི་ཕྱིར་བསྐྱོད་ལག་ཁྱེར་ཡང་འབྱོར་བྱུང་། དེ་ནས་ང་ཨ་མེ་རི་ཁར་ཡོང་ནས་གཏན་སྡོད་བྱས། ཡིན་ན་ཡང་ཨ་མེ་རི་ཁར་སྡོད་པའི་ལོ་འདི་དག་གི་རིང་ལ་ནོར་སྒྲོན་ནི་ཉིན་རྟག་པར་ང་ཡར་ལངས་དུས་ཐོག་མར་དྲན་པའི་མི་དེ་ཡིན་ལ་མར་ཉལ་དུས་ཐ་མར་སེམས་ལ་འཁོར་བའི་མི་དེ་ཡང་ཡིན། ལུས་སེམས་གཉིས་ཀ་ངལ་དུབ་དང་བྲེལ་བ་ཆེན་པོའི་ཁྲོད་དུ་ལོ་ཤས་འདས་ནས་ད་ནི་ཡིག་ཆ་དང་། ལག་དངུལ། དབྱིན་སྐད་སོགས་གང་ཅིའི་ཐད་ནས་ཅུང་སྟབས་བདེ་ཙམ་བྱུང་བའི་དུས་འདིར་ངས་རང་གི་སྙིང་གི་ཟབ་ས་རུ་ལོ་ཤས་སྦས་པའི་ནང་གི་བུ་མོ་དེ་རྩད་གཅོད་མགོ་བཙུགས། ཁར་སང་མི་ཞིག་བརྒྱུད་ནས་ནོར་སྒྲོན་སྐོར་གྱི་སྐད་ཆ་ཐོས་དུས། འཇར་མ་ནི་རུ་སྨན་བཅོས་ལམ་ལྷོངས་བྱུང་བས་མོའི་མིག་གཉིས་ཀས་མཐོང་བར་གྱུར་ཅིང་། ཕྱིར་ཉི་ཧོང་དུ་ལོག་ནས་ལས་ཀ་བྱེད་བཞིན་པ་དང་། མོ་རང་གི་མིག་ལ་རྨས་སྐྱོན་མ་ཤོར་གོང་ནས་མོ་རང་གི་དགའ་རོགས་ཡིན་པའི་ཉི་ཧོང་བ་ཕོ་གསར་ཞིག་དང་མཉམ་དུ་བཟའ་སྒྲིག་བྱས། བྱིས་པ་གཉིས་སྐྱེས་ཤིང་གཉིས་ཀ་སློབ་གྲྭར་འགྲོ་བཞིན་འདུག་ཟེར། ད་ནི། ངས་ནོར་སྒྲོན་གྱི་མི་ཚེ་དེ་བདེ་ཞིང་སྐྱིད་པ་ཞིག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད།

བརྩམས་སྒྲུང་།

Post navigation

Previous Post: པེ་ཅིན་ན“གཙང་ཕྱགས”ཀྱི་རྡུལ་འཚུབ་ཅིང་རྡ་ས་ན“གཙང་བཟོ”ཡི་གར་འཁྲབ།
Next Post: ངའི་སྤྱི་འཐུས་ཚངས་དབྱངས་རྒྱ་མཚོ་ཡིན།

Comments (28) on “ང་དང་དགའ་རོགས་ལོང་བ།”

  1. དྲན་དཀར་དཔལ་ཡོན་ says:
    2014-02-07 at 9:35 pm

    སྒྲུང་ཐུང་ཡག་གི

  2. གནམ says:
    2014-02-07 at 11:50 pm

    དགེ་བཤེས།
    སྨོན་ལམ་འདེབས་སྟངས་རེ་ལ། སངས་རྒྱས་གོ་འཕང་མགྱོགས་པོར་ཐོབ་པའི་ལས་སྨོན་བསོད་ནམས་འགགས་འདུག།
    ཞར་མོ།
    འཆར་གཞིའི་དམིགས་རྒྱང་རེ་ལ། ཅི་བསམ་ཅི་འདོད་ལྷུན་གྱིས་འགྲུབ་པའི་འཇིག་རྟེན་འདོད་འདུན་རག་འདུག།

    ཨ་ཁ། བླ་རྒན་དེས་གྱོང་བཟས་ཡོད་ཀི་ཡ། ཨ ཧང་པོ་ན། ཧང་པོ།

  3. འཇང་གཡུ་ལྷ་ཐོགས་འགྱུར says:
    2014-02-07 at 11:53 pm

    གདན་སའི་དགེ་བཤེས་ཞིག་གི་ཚོར་བ་གསོན་པོ་བྲིས་འདུག

  4. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 4:46 am

    ་་་་་་ མིག་གིས་མ་མཐོང་ན་ང་ཕྱིར་ཡོང་ནས་ཁྱེད་ལ་མགྱོག་པོར་འཕྲད་གི་རེད། ཟེར་ནས་ཕྱིན་སོང་། དེ་ནས་ངས་ཆོས་དཔེ་ཀློག་པ་དང་གཟུངས་སྔགས་སྐྱོར་བའི་མཇུག་ཏུ། “ནོར་སྒྲོན་གྱིས་མིག་དྲག་སྐྱེད་མ་བྱུང་བར་ཕྱིར་མགྱོག་པོར་འབྱོར་བར་ཤོག” ཟེར་ནས་སྨོན་ལམ་རེ་བརྒྱབས། ་་་་་་
    ་་་་་ ཉི་ཧོང་བ་ཕོ་གསར་ཞིག་དང་མཉམ་དུ་བཟའ་སྒྲིག་བྱས། བྱིས་པ་གཉིས་སྐྱེས་ཤིང་གཉིས་ཀ་སློབ་གྲྭར་འགྲོ་བཞིན་འདུག་ཟེར། ད་ནི། ངས་ནོར་སྒྲོན་གྱི་མི་ཚེ་དེ་བདེ་ཞིང་སྐྱིད་པ་ཞིག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 4:49 am

    སྤོབས་མཐའ་ལགས།
    ནོར་སྒྲོན་བཟའ་ཐོར་བྱུང་ན། སླར་ཡང་མཉམ་དུ་སྡོད་འདོད་ཡོད་དམ། བཅོས་སྒྲུང་ཡིན་ན་ཡང་འགྲིག ལན་ཅི་ཞིག་ཐོབ་བམ། ལགས།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 5:10 am

    དྲ་གྲོགས་ཞིག་གི་དགའ་གྲོགས་ལོང་བའི་སྒྲུང་ཐུང་འདི། །

    དགེ་བཤེས་གཏོང་སྒོས་དགེ་བཤེས་ལམ་ལ་བར་ཆད་བྱས། །
    དགེ་བཤེས་གཏོང་བར་ལག་འཁྱེར་བཟོ་དགོས་བར་ཆད་བྱས། །
    དགེ་བཤེས་གཏོང་ཕྱིར་ཨ་རིར་འགྲོ་དགོས་བར་ཆད་བྱས། །
    དགའ་རོགས་མིག་མེད་ཁང་མིག་ནང་དུ་སྡོམ་པ་ཤོར། །

    སྤོབས་མཐས་འཁོར་བའི་རང་མཚང་མྱངས་པའི་རྣམ་ཐར་ལགས། །

  7. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 5:20 am

    སྔོན་མ།
    དགེ་བཤེས་ཁྲི་ཐོག་སྡོད་དུས་ཀུན་གྱིས་བཀུར། །
    དགེ་བཤེས་ཐང་ལ་བབས་དུས་ལོང་བས་རེ། །
    ད་ལྟ།
    དགེ་བཤེས་སྡོམ་པ་ཤོར་བས་ཀུན་ལ་སྦྱངས། །
    ད་ལྟའང་དགེ་བཤེས་ཡིན་ན་ཁ་བརྡར་མེད། །
    མ་འོངས།
    སྡོམ་པ་ཤོར་བས་རྐྱེན་ངན་ལམ་ཤར་དུ། །
    དགེ་བསྙེན་སྔགས་ཤེས་བྱང་ཆུབ་ལམ་དུ་བརྩོན། །

  8. སྤོབས་པ་མཐའ་ཡས། says:
    2014-02-08 at 5:20 am

    ཀ་རྡོ་ལགས། འདི་ནི་དངོས་བྱུང་ལ་གཞི་བཅོལ་བའི་བཅོས་སྒྲུང་ཞིག་ཡིན། ད་བཟའ་འཐོར་ཨེ་ཡོང་ལ་བསམ་བློ་ཡང་གཏོང་གིན་མེ།ད། ད་ངས་ཅིག་བྱེད་ཐུབ་པ་ཞིག་ཡོད་པ་དེ་ནི་མོ་རང་ལ་མི་ཚེ་སྐྱིད་པོ་ཞིག་ཡོང་བར་སྨོན་ལམ་འདེབས་པ་ཙམ་རེད།

  9. དྲན་དཀར་དཔལ་ཡོན་ says:
    2014-02-08 at 5:39 am

    སྤོབས་མཐས་ལོ་ངོར་ཉི་ཤུར་དཔེ་ཆ་བལྟས་ཡོད་རབས་བཤད་པ་ནི། ཀླུ་སྨྱོན་ལས་ལྷག་པ་ཡིན་མདོག་བསྟན་པ་ཙམ་རེད།
    ངའི་ལྟར་ན་འདི་དགེ་བཤེས་གཏོང་ཁ་མ་ཞིག་མིན་པར་ནོར་སྒྲོན་བྷོ་ཌི་ཡ་ལ་དེ་ལྟར་བཤད་ནས་རྫུན་རྔ་རིང་དུ་གཏོང་གིན་ཡོད་པ་འདྲ། ཤ་ཚ།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 5:40 am

    ངའི་དགའ་རོགས་ནི།
    སློབ་གྲྭར་འགྲོ་དུས་ལོ་མཉམ་རྣམ་སྒྲོལ་དང་། །
    དགེ་སློང་དར་དུས་ལོ་ཆུང་ཆོས་སྒྲོན་མོ། །
    སྡོམ་པ་ཕུལ་ནས་རྣམ་པ་སྣ་ཚོགས་དང་། །
    མཐའ་མར་ཆོས་སྒྲོན་མོ་དང་བག་སྟོན་བྱས། །

  11. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 5:50 am

    རྣམ་སྒྲོལ་མོ་ནི་དེ་ར་དུན་རུ་རེད། །
    ལུས་འབྲེལ་མེད་ཀྱང་སེམས་ཤོར་ཐོག་མ་དང་། །
    ཆོས་སྒྲོན་མོ་ནི་གར་ཞའི་ཡུལ་དུ་རེད། །
    སེམས་སྡོམ་ཤོར་དུས་དགེ་སློང་སོ་གཉིས་ཟིན། །

  12. གནམ says:
    2014-02-08 at 6:31 am

    འདྲེ་མོ་མ། ངའི་ཨ་ཞང་སྤོབས་པའི་ལོ་སུམ་ཅུ་ལྷག་གི་དམ་སྡོམ།
    བདུད་མོ་མ། བྱིས་པ་གཅིག་དེ་ཡང་ངའི་ཨ་ཞང་སྤོབས་པའི་ཡིན་ཤས་ཆེ།
    མྱིག་གི་མི་རིག་རྒྱུ་མ། ངའི་དགེ་བཤེས་རེ་བ་ཅན་པོ།
    དམྱལ་བར་སྐྱེ་རྒྱུ་མ། ངའི་ཁུ་ལོ་ཡོན་ཏན་ཅན་པོ།

    གློག་བརྙན་ཞིག་གི་རྒྱུ། བུད་མེད་ཚང་གི་གཡོ། ཆོས་སྡེ་དགོན་པའི་སྡུག། ལས་བསོད་མེད་པའི་ལམ། འཁོར་བར་ལྷུང་བའི་མཚང་། ལྟད་མོ་ཞིག་བཟོས་ན་ག་འདྲ་རེད། དེ་ལས་གཞན་པ་ཞིག་བྱེད་ཡ་ལྷག་མེད་ཀི།
    དེ་མིན་ན། ཡར་ལོག་བྱོས། ད་ཅི་ཞིག་གིས་དགའ་འམ། ཨ་ཞང་སྤོབས་པ་ལགས།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 6:37 am

    གནམ་གྱི་དགའ་རོགས་མ་དེ། སུ་ཡིན་ནམ། ལགས།

  14. གནམ says:
    2014-02-08 at 7:46 am

    དགའ་རོགས་ཡར་ནས་བཙལ་བའི་ཡག་མ་ཡོད།
    འཁྱམ་རོགས་མར་ནས་བཙལ་བའི་མཚན་ཐུབ་ཡོད།
    ཆོལ་ཁ་རེ་ནས་ཡིན་པའི་སེམས་མཐུན་ཡོད།
    རྒྱ་མོ་ཧེ་མོ་མིན་པའི་འདྲ་མིན་ཡོད།
    སྐྱིད་པོ་གཏོང་ས་འཛམ་གླིང་ཡོངས་ན་ཡོད།
    ཡག་མ་གཅིག་ལ་ཆགས་ནས་འདུག་མ་མྱོང་།།
    བཟང་མ་མཛངས་མ་དམ་དུ་འཛིན་མ་མྱོང་།།
    མགོ་སྐོར་བཏང་བའི་ལམ་ལ་འབུད་མ་མྱོང་།།
    མནའ་ཚིག་གང་གིས་ཁེས་ལེན་བྱས་མ་མྱོང་།།
    འཇིག་རྟེན་འདི་ན་དགའ་ས་རྩི་རྩི་རེད།
    བཟའ་བ་བྱེད་ས་གཅིག་ལ་གཏན་ཁེལ་མེད།
    ལོ་ཆེན་ལོ་ཆུང་གཉིས་ལ་ཡ་བྱས་མེད།
    རང་དང་མཉམ་པའི་རིགས་ལ་རྩེ་བ་དགའ།།
    དྲང་བཤད་མགོ་སྐོར་མེད་པའི་མྱི་གཞི་ལ།།
    དགའ་མ་སུ་ཡང་རླུང་གིས་བཀྱགས་པ་མེད།
    ད་དུང་ན་ཚོད་རྒས་བའི་དུས་ན་མེད།
    དགའ་ས་རེས་མོས་རུམ་པའི་ལོ་གསུམ་མཐར།།
    བྱུང་ན་བོད་མོ་མ་བྱུང་དབྱིན་མོ་ཞིག།
    གཏན་གྱི་བརྩེ་བ་བཅོལ་སའི་གཞི་ཁྱིམ་ལ།།
    མོ་ལུང་རྩིས་གསུམ་བར་ནས་བསུ་འདོད་ཡོད།
    ཀརྡོའི་ཁ་ངོ་མ་ཟློག་བྲིས་བ་ཡིན།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 9:11 am

    ལགས་སོ། ལགས།

  16. དྲན་དཀར་དཔལ་ཡོན་ says:
    2014-02-08 at 10:24 am

    ཉེ་སྔོན་སྤོབས་པས་འབུལ་ཆོག་འཚོལ་གིན་འདུག ངས་ཁོང་ལ་དངོས་གནས་འབུལ་འདོད་ཡོད་ན་འབུལ་ཆོག་གཅིག་བསྐུར་དགོ་བསམ་བྱུང་མོད། ངའི་དྲ་གྲོགས་ཀྱིས་ཡང་དང་ལེན་གནང་བྱུང་།
    རྙིང་རྒན་འདིས་ཤོར་ཟིན་པ་འདྲ།

  17. གླག་རྒོད། says:
    2014-02-08 at 11:47 am

    ཡ་ཡ་ད་གཞི་ནས་ངས་སྤོབས་མཐའ་ཟེར་བ་དེ་སུ་ཡིན་ཧ་གོ་སོང་། ལོ་རྒྱུས་འདི་ངས་སྔོན་མ་ཞིག་ནས་ཐོས་མྱོང་ཡོད། མ་ཟད་ཁྱེད་རང་ནོར་སྒྲོན་མཉམ་དུ་ཉལ་པོ་བྱས་པ་དེ་མགྲོན་ཁང་ནས་མི་ཞིག་ཚང་མར་ལབ་ཡོད་པ་འདྲ་མོ་རང་གི་ཕ་མ་གཉིས་ཀས་ཡང་ཧ་གོ་འདུག་ཟེར། གོ་སྐབས་ཤིག་མ་རེག་པ་མ་གཏོགས་གྲྭ་རྒན་འདི་ཚོས་བཏགས་ཁྱི་དེ་གཏོང་ཆོག་ཆོག་རེད་ཤ་ལབ་ཀྱི་འདུག་ཟེར། ཞབས་འདྲེན་དེ་ཚོ།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 12:05 pm

    སྤོབས་མཐར།
    སྡོམ་པ་ཤོར་བ་ཞབས་འདྲེན་ཡིན་མདོག་མེད། །
    སྡོམ་མེད་གྲྭ་ཆས་གྱོན་དགོས་ཅུང་ཟད་སྐྱོ། །
    གླ་རྒོད་ལ།
    སྡོམ་པ་ཕུལ་ན་ཉེས་དམིགས་ཆུང་ཞེས་གསུངས། །
    དགོས་དུས་མར་ལ་ཞུས་ན་འགྲིག་པར་གྲགས། །
    ཀརྡོར།
    ཐེག་དམན་ཡུལ་འགར་སྡོམ་འབུལ་སྡོམ་ཞུ་མང་། །
    བོད་ནང་འདི་ལྟར་མེད་པར་ཅུང་ཟད་སྐྱོ། །

  19. འཇང་གཡུ་ལྷ་ཐོགས་འགྱུར says:
    2014-02-08 at 8:17 pm

    རང་ལ་སོར་སྡོམ་པ་མེད་པ་ཤེས་བཞིན་དུ་ཤཀྱའི་དགེ་སློང་ཡིན་ཚུལ་བཤད་ན་དེ་བས་ཐབས་སྐྱོ་བ་རེད། དེ་ལས་སྤོབས་པ་ཆེན་པོའི་ངང་གྲྭ་ལོགས་ཟེར་བཤད་ན་ཁ་ཞེ་མཚུངས་པའི་སྐད་ཆ་རེད་བསམ་གི་ཡོད།

  20. མེ་ཏོག་དཀར་པོ says:
    2014-02-09 at 4:20 am

    Nordon Bhutia ལོང་བ་རང་ལྟ་ཅང་རེད མིན་འདུག་ཝ། ཨ་ཁུ་སྤོབས་པས་འར་ཚ་དྲག་སོང་།

  21. མེ་ཏོག་དཀར་པོ says:
    2014-02-09 at 4:25 am

    སྡོམ་པ་ཡིན་ན་རབ་བྱུང་སྡོམ་པ་དང་།།
    ཡག་པོ་ཡིན་ན་བོད་པ་ཡིན་དགོས་པའི།།
    མ་འགྲིག་བཙན་གྱིས་བསྒྲིག་པའི་ཀ་རྡོ་ཁྱོད།།
    ཕྱག་ཆེན་སྒོམ་ལ་མི་ལའི་རྗེས་སུ་སྙོགས།།

  22. བླ་མ་ says:
    2014-02-09 at 5:15 am

    ལོ་རྒྱུས་ཡག་པོ་འབྲི་འདུག་དེ་དང་མཉམ་དུ་རང་གི་འདྲ་པར་ཞིག་བཞག་ན་ཡག་པོ་འདུག་

  23. མིག says:
    2014-02-09 at 9:31 am

    སློབས་པ་ལགས། ད་ལྟའི་མི་ཚེའི་ཚེ་གྲོགས་ལ་བློ་སེམས་གཅིག་ཏུ་སྤྲོད་ཀྱིན་ཡོད་དམ། ད་དུང་ཡང་སྔ་དགོང་གཉིས་ལ་ནོར་སྒྲོན་དྲན་བཞིན་ཡོད་དམ། གོ་ཐོས་སྐྱེས་ཕོ་མོ་སུ་ཡང་རང་ཉིད་ཀྱི་ཆེས་ཐོག་མའི་དགའ་རོགས་དུས་ནམ་ཡང་བརྗེད་མི་སྲིད། ཅེས་ཟེར་སྲོལ་ཞིག་འདུག

  24. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2014-02-09 at 10:50 am

    བཟང་གི

  25. ཆབ་བྲག་ལྷ་མོ་སྐྱབས། says:
    2014-02-09 at 11:05 am

    བརྩམས་སྒྲུང་ཞིག་གི་བཟོ་ལྟ་ཐོན་གྲབས་བྱས་འདུག

  26. ཚེ་རིང་ནས། says:
    2014-02-09 at 12:21 pm

    ཡཡཡ་་་བུ་མོ་རེ་བ་ཅན་གཅིག་པོ་དེ་ཡང་མི་ལ་ཤོར་འདུག ད་བསམ་པ་མ་སྐྱོ།

  27. ཡ་མ་ says:
    2014-02-09 at 11:38 pm

    སྙིང་རྗེ་་་་་་་འདི་ཁོ་རང་གི་མཐོར་མ་དང་མཐའ་མའི་དགའ་རོགས་ཡིན་རྒྱུ་རེད་་་་་་

  28. སེམས་མེད says:
    2014-03-08 at 2:32 pm

    བརྩེ་དུང་ལ་ལྷད་མིན་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme