Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྷན་དྷི་མཆོག་གི་ཡོན་ཏན་ལ་བསྔགས་པ་

Posted on 2009-08-06 By དགེ་རབ་ 1 Comment on གྷན་དྷི་མཆོག་གི་ཡོན་ཏན་ལ་བསྔགས་པ་

༼སྐྱེས་སར་ཀླུ་སྒྲུབ་ཀྱིས་འདི་གར་བཏང་བ་ཞིག་༽
———————–
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གི་གསང་བ་གསུམ་གྱི་ཆེ་བའི་ཡོན་ཏན་ལ་བསྔགས་པ་ཡིད་འཕྲོག་པདྨ་དཀར་པོའི་ཆུན་འཕྱངས་ཞེས་བྱ་བ།
གོ་འཇོ་བླ་ཆུང་ཐུབ་བསྟན་ཤེས་རབ་རྒྱ་མཚོ།

༄༅།། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ།
༡རིན་ཆེན་རྣམ་གསུམ་མཚན་གྱི་ཟེགས་མ་ཙམ།།
གང་གི་རྣ་བར་ལྷུང་བས་ཕན་བདེའི་དཔལ།།
ཚེ་རབས་ཀུན་ཏུ་འབད་མེད་འཇོ་བའི་དཔྱིད།།
འདོད་དགུར་སྦྱིན་པས་ཁྱོད་ལ་སྲུང་གྱུར་ཅིག།

༢སཱ་ལའི་སྨན་ལྗོངས་མི་བསྲུན་གདུག་པའི་གཟིས།།
སྲོག་ཚེ་སྲོག་ལ་ཕངས་པའི་རི་དྭགས་ཤིག།
ངལ་བཞིན་བྱོལ་ནས་ལྷོ་ཕྱོགས་རྒྱ་མཚོ་ཆེའི།།
སྐྱབས་སུ་ངལ་གསོའི་དབུགས་འབྱིན་ཐོབ་པའི་ཚེ།།

༣རབ་དྭངས་ཡིད་ཀྱི་པད་མཚོ་ལས་སྐྱེས་རྐང་འཐུང་གཞོན་ནུའི་མཚར་སྡུག་གཟུགས།།

ངོ་མཚར་ཁ་དོག་ཚོན་གྱིས་མ་བསྒྱུར་དད་གསུམ་སྤྲིན་གྱིས་ཉེར་ལེན་དང༌།།

སྔོན་སྨོན་ལེགས་སྤྱད་ས་བོན་གྲུང་པོ་ཉིད་ཀྱིས་ཡོངས་བསྐྱེད་སྙན་ཚིག་གིས།།

བསྔགས་འོས་མཆོག་དེར་བསྟོད་པའི་མཆོད་སྤྲིན་སྤྲོ་ལ་གུས་བཅས་མངོན་དུ་ཕྱོགས།།

༤མེས་པོའི་འདུན་གྲོགས་གསང་བའི་རྒྱ་བཀྲོལ་བ།།

རལ་ཀླུང་ཁྲོས་པའི་ངག་གི་རྟར་བསྐྱོན་ནས།།

གྲགས་པའི་གཏམ་གྱིས་འཇིག་རྟེན་འགེངས་བརྩོན་པའི།།

བྱ་མ་རྟ་ཡི་མགྲིན་གླུ་འདི་ལྟར་སྙན།།

༥སྟོང་ཆེན་སྒེག་མོའི་འཛུམ་ཞལ་ལ།།

རྗེས་ཆགས་སྙིང་རྗེའི་གཞོན་ནུ་གང༌།།

མཉམ་སྦྱོར་རྟེན་འབྱུང་སྒྱུ་མའི་འཕྲུལ།།

འགག་མེད་མཁའ་ལ་འཇའ་ཚོན་བཞིན།།

༦མཚོ་ལས་རླངས་དང་རླངས་ལས་སྤྲིན།།

སྤྲིན་ལས་ཆར་དང་ཆར་ལས་གསོས།།

གསོས་ཀྱིས་སྐྱེ་དགུ་ཡོངས་འཚོ་བཞིན།།

རྒྱུ་རྐྱེན་སྨོན་ལམ་སྟོབས་ཀྱིས་འབྲེལ།།

༧བསོད་ནམས་རྒྱ་མཚོའི་དཔག་དཀའི་མདའ།།

སྨོན་ལམ་རྒྱ་མཚོའི་གཞུར་བཀང་པ།།

གདུལ་བྱ་རྒྱ་མཚོའི་ཉེར་ལེན་འབེན།།

ཕྲིན་ལས་རྒྱ་མཚོས་འབྱིན་ལ་ཕྱོགས།།

༨སྐྱེ་འཇུག་མཚན་མས་གོས་མིན་པར།།

ཤེས་བཞིན་བདག་གིར་བྱེད་པ་ལ།།

ཇི་ལྟར་པད་མཚོ་ངང་མོ་བཞིན།།

སྤྲོ་བས་སྲིད་པ་ཉེ་བར་བཟུང༌།།

༩སྙིང་པོ་མེད་ལས་སྙིང་པོའི་མཆོག།

ལེན་ཕྱིར་རྟེན་བཟང་མ་ཎི་ཀ།

གྷན་དྷིའི་གདུང་གིས་ཁྱད་འཕགས་ཅན།།

ཡོངས་གཟིགས་ཟས་གཙང་སྲས་པོ་བཞིན།།

༡༠སྐྱེ་བའི་རྒྱ་མཚོ་སྙིང་རྗེའི་ལག་རྐྱལ་གྱིས།།

ཡོངས་བརྒལ་འཕགས་པའི་གླིང་དུ་ཆས་པའི་ཚེ།།

རྒྱལ་དང་དེ་སྲས་རབ་འབྱམས་རྒྱ་མཚོའི་སྤྲིན།།

དབྱིངས་ནས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ།།

༡༡ཕུན་ཚོགས་རིགས་དང་བརྩེ་བའི་ལེགས་བྱས་ཅན།།

འཇིག་རྟེན་མངོན་བྱེད་ཉི་མ་གསར་པ་ཞིག།

དེང་འདིར་འཆར་ཞེས་མཆོད་སྦྱིན་བརྒྱ་པ་ཡང༌།།

རེངས་པའི་སྟབས་ཀྱིས་ཁྱོད་ལ་འདུད་ཅིང་འདུན།།

༡༢མགྲིན་སྔོན་ཅན་དབང་ཟླ་བ་དབྱུ་གུ་ཐོད་པའི་དུམ་བུ་རེ་ཞིག་དོར་ནས་ཁྱོད་ཀྱི་བརྫུར་ཞུགས་ཚེ།།

བསོད་ནམས་སྤྲིན་གྱི་རོལ་མོ་འཁྲོལ་བཞིན་ལྷ་རྣམས་མཁའ་ལ་མངོན་པར་དགའ་བའི་གར་གྱིས་བྲེལ།།

ཡིད་བཞིན་འདོད་འཇོའི་གྲུ་ཆར་འབེབས་པའི་ཀླུ་དབང་ཚོགས་རྣམས་རྒྱ་མཚོར་པདྨའི་ལྡིང་ཁང་བརྩིགས།།

ཕན་དང་བདེ་བའི་དཔལ་གྱིས་མངོན་ཕྱུག་མི་རྣམས་ས་གཞིར་རྩེད་འཇོར་རོལ།།

༡༣བརྒྱ་བྱིན་འདྲེན་བྱེད་སྟོང་གི་ཕུད་དང་དེ་བཞིན་སྲེད་མེད་བུ་ཡི་སྟོབས།།

འཇིག་རྟེན་མེས་པོའི་རྣ་བ་བརྒྱད་དང་ར་མ་ཎ་ཡི་འཕོང་སྐྱེན་རྩལ།།

སྒྲ་དབྱངས་ལྷ་མོའི་མཁྱེན་རབ་མཆོག་དང་ཁྱུ་མཆོག་རྒྱལ་མཚན་ནུས་མཐུ་སོགས།།

ཆེ་དགུ་ལེགས་ཚོགས་དགེ་མཚན་ཅི་མཆིས་གོང་བུ་གཅིག་ཏུ་བསྡུས་པ་བཞིན།།

༡༤ཀུན་བཟང་སེམས་དཔའི་རྣམ་ཐར་ལ།།

ཀུན་བཟང་སྤྱོད་པས་འཇུག་པ་ཅན།།

ཀུན་བཟང་ཡོན་ཏན་མཐའ་ཡས་མཛོད།།

ཀུན་བཟང་དགེ་བའི་སྟོབས་ཀྱིས་བརྙེས།།

༡༥རྣམ་དཔྱོད་ཤེལ་གྱི་མེ་ལོང་གཙང་མའི་ངོས།།

རྣམ་དག་སྨོན་པའི་རི་མོ་ལེགས་བྲིས་པས།།

རྣམ་འབྱེད་གཟུགས་བརྒྱ་འཆར་བའི་ལྟད་མོའི་རྒྱུན།།

རྣམ་མང་འགྲོ་ལ་སྟོན་ཕྱིར་ཉེ་བར་ལྷགས།།

༡༦ལེགས་ཉེས་མཚན་མ་ལུས་ཀྱི་མེ་ལོང་ཆེར།།

ཤར་བའི་ལྟས་ལ་ཕྱ་ཚངས་ཡིད་རངས་ཏེ།།

འཇིག་རྟེན་མིག་གཅིག་དེང་འདིར་ཤར་རོ་ཞེས།།

བདེན་ཚིག་ཤིས་པས་དབུགས་དབྱུང་མེ་ཏོག་འཐོར།།

༡༧སྐྱེ་བ་གསར་པའི་མེ་ཏོག་ནི།།

སྐྱེད་ཚལ་དག་ཏུ་བསྐྱངས་པ་བཞིན།།

གཅེས་དགུའི་ཕུད་ཀྱིས་ལེགས་མཆོད་ཏེ།།

བསྐྱེད་བསྲིང་ཆོ་ག་ཡང་དག་སྦྱོར།།

༡༨འདུ་ཤེས་གཞན་ཕན་ལ་གོམས་པས།།

འདུ་བྱེད་བྱང་སེམས་སྤྱོད་པ་དང༌།།

འདུ་འབྲལ་སྤངས་པའི་རྩེད་མོའི་རྒྱུན།།

འདུ་བའི་བྱིས་པའི་ཚོགས་ལ་སྟོན།།

༡༩ཆོག་ཤེས་འཕགས་པའི་ནོར་གྱིས་རྒྱུད་གཏམས་པས།།

ཟས་ནོར་སྤྲོས་པ་མཆིལ་མའི་ཐལ་བ་བཞིན།།

ཡོངས་བྲལ་རྟེན་བཟང་དོན་ལྡན་སྙིང་པོའི་དབྱིག།

ཀུན་ནས་གཅེས་པར་བསྐྱངས་པའི་ཚུལ་ལ་སྤ།།

༢༠རྣོ་བའི་མཁྱེན་རབ་བསོད་ནམས་སྐྱ་རེངས་ཀྱིས།།

དྲངས་ཚེ་ཤེས་བྱའི་ཆོས་ཀྱི་དཀའ་བའི་གནད།།

རྗེན་ཅེར་མཐོང་མཐོང་ལ་སྒྲིབ་བྱེད་ག་ལ་ཞེས།།

དགའ་བའི་གར་བཅས་མཁས་རྣམས་རོལ་མོ་འཁྲོལ།།

༢༡ཡངས་པའི་རྣམ་དཔྱོད་ནམ་མཁའི་རྗེས་འགྲོ་བ།།

ཐོགས་རྡུགས་བྲལ་ལ་ཕ་མཐའ་ག་ལ་ཞེས།།

ལྔ་མངོན་ཤེས་པའི་དྲང་སྲོང་རྒན་བུའི་ཁྱུ།།

ཞི་བར་མནལ་སྟབས་བདེ་བའི་སྐབས་མ་རྙེད།།

༢༢ཟབ་པའི་བློ་གྲོས་རིན་ཆེན་འབྱུང་གནས་རླབས།།

དུས་སུ་འཕྱུར་ལ་ཡལ་བ་སྲིད་མིན་ན།།

གཏིང་མཐའ་གཞལ་བའི་སྤོབས་པ་ག་ལ་ཞེས།།

གདེངས་ཅན་བདག་པོའི་ཁེངས་པ་འཕྲོགས་པར་བྱས།།

༢༣སྒམ་པའི་ཐུགས་མཆོག་ས་འཛིན་དབང་པོ་ལ།།

གཡོ་འགུལ་འབྱུང་བའི་དུས་སྐབས་ག་ལ་ཞེས།།

ཆོས་བཟང་མདུན་སར་ཉེ་དབང་འདུ་ར་ཡང༌།།

བག་ཕེབས་ཚུལ་གྱིས་དགའ་བདེའི་དཔལ་ལ་སྤྱོད།།

༢༤གཙང་མའི་མི་ཆོས་བདེ་འགྲོའི་ཐེམ་སྐས་སུ།།

ལེགས་རྟོགས་ཕྲ་རགས་བླང་དོར་སྤྱོད་པའི་སྒོ།།

མ་ནོར་སྤྱོད་ལ་རྡུལ་བྲལ་ཉེ་བར་འཁོར།།

ཞི་བའི་དབྱིངས་ནས་དགྱེས་པའི་མངོན་རྟགས་ངོམས།།

༢༥གཞན་ནོར་དུག་གིས་སྤགས་པའི་ཁ་ཟས་ལ།།

བཟའ་འདོད་རྔམ་སེམས་འགྲམ་ཆུ་མི་ལྡང་བར།།

རང་གི་བུ་ཚས་རང་སྲིད་སྐྱོང་ངོ་ཞེས།།

མེས་པོ་ཨ་ཤྭ་ཀ་ཡང་དབྱིངས་ནས་དགྱེས།།

༢༦རང་ནོར་རང་ལ་དབང་བའི་ཚུལ་ཤེས་ནས།།

རང་སྲིད་རང་དབང་སྤྱོད་པའི་ཁྱད་འཕགས་གནད།།

རང་ཉིད་རང་ལ་འགྲོ་བའི་གསང་གཏམ་བཅུད།།

རང་དྲིན་རང་ཡུལ་འཇོག་པའི་ཆེད་དུ་བརྣགས།།

༢༧རླབས་ཆེན་རྒྱལ་པའི་སྲས་ཀྱི་སྤྱོད་པ་ཀུན།།

ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར།།

དཀའ་བའི་གནས་རྣམས་སྤྲོ་བཞིན་སྤྱོད་པ་ལ།།

ས་ཆེན་སེམས་དཔའི་རྗེས་སུ་རྐང་པ་འཇོག།

༢༨བློ་ཆེན་རྒྱལ་སྲས་སེམས་དཔའི་ཚུལ།།

ཚུལ་བཞིན་སྤྱོད་ལ་ཆེས་དཔའ་ཞིང༌།།

ཞིང་ཁམས་གང་བའི་འགྲོ་བ་ཀུན།།

ཀུན་ནས་དགེ་བའི་དཔལ་ལ་སྦྱོར།།

༢༩རྣམ་དཀར་ལྷག་བསམ་དྲི་མེད་གངས་རི་སྲིད་ན་མངོན་པར་མཐོ་བའི་སྤོར།།

ལེགས་སྤྱད་རྨད་བྱུང་ལུས་ཟུང་རབ་རྒྱས་གདོང་ལྔའི་རྩལ་གྱིས་འགྱིང་སྟབས་ཅན།།

རྣམ་དཔྱོད་རལ་པའི་ལན་བུ་གསིགས་བཞིན་འཇིགས་མེད་དཔའ་བོའི་གད་རྒྱངས་སྒྲས།།

ས་གསུམ་ཆེ་དགུ་འདར་བའི་གཙུག་ན་སྡེར་བཞི་བགྲད་པའི་ལྟད་མོ་མཚར།།

༣༠བདེན་ཚིག་གནམ་ལྕགས་ཐོག་གི་མདས།།

རྒོལ་ངན་བྲག་རི་བསྙིལ་བ་ལ།།

འཕོང་སྐྱེན་དགའ་བྱེད་ཧ་འགལ་ཏེ།།

ཁེངས་པའི་གནམ་རུ་ས་ལ་བསྙལ།།

༣༡འདོད་ཆེན་གཅན་གཟན་གླལ་བའི་མཆེ་བ་ནས།།

མ་རུངས་ཟག་ཆུའི་ཁྲག་རྒྱུན་འབེབས་པ་ལ།།

འཇིགས་མེད་སྤོབས་པའི་གོ་ཆ་བསྒོ་བཞིན་དུ།།

སླར་ཡང་བདེན་ཚིག་ཞགས་པས་དམ་དུ་བཅིངས།།

༣༢བདེན་སྟོབས་ཐལ་མོ་བརྡབས་པའི་དཔུང་ཤུགས་ཀྱིས།།

སྲ་བརྟན་བརླིངས་པའི་བཙན་གནོན་ལྷུན་པོ་གང༌།།

ངལ་མེད་རྒྱ་མཚོའི་ཕ་མཐར་བསྒྱེལ་བ་ལ།།

ཨ་གསྟ་ཡང་སྐྱེངས་ཏེ་མགོ་འཕང་དམད།།

༣༣སྟོབས་འབྱོར་དྲེགས་པའི་མ་དཱ་ནས་མྱོས་པའི།།

ལོག་སྤྱོད་བསོད་ནམས་དཔུང་གི་ཤེད་མོང་ཅན།།

བག་ཡོད་གོས་བྲལ་སྒྲེན་མོར་རྒྱུ་བ་ལ།།

རྣམ་ལྔའི་༡ཚོན་བཀྲ་ཚུལ་ཁྲིམས་གོས་ཀྱིས་གཡོགས།།

༣༤འཛམ་གླིང་ཁྱོན་ཏུ་ཡོངས་འཁོད་སྐྱེ་བོ་ཁོང་ཁྲོའི་དུག་ཆུས་རབ་མྱོས་ཏེ།།

མ་རུངས་རྫས་སྦྱོར་གཅེས་སྤྲས་བསྲེལ་བཞིན་གནོད་སེམས་སྐོམ་གྱིས་གདུང་བ་རྣམས།།

སྲད་བུ་ཆད་པའི་ཕྲེང་བ་བཞིན་འཐོར་རང་གཤེད་རང་ལ་འབེབས་ཉེ་བར།།

བྱམས་པའི་སྨྲེང་བཟང་བརྒྱུད་དུ་སྤེལ་བའི་བཀར་བཏགས་རྡོ་རྗེའི་རྒྱ་ཡིས་བཅིངས།།

༣༥དེ་ལྟ་ནའང་ཉེ་རིང་ཕྱོགས་ལྷུང་ཉེ་བར་སྤངས་པའི་ཡང་དག་བྱང་ཆུབ་སེམས་ཀྱི་རྒྱུན།།

ཉེས་པའི་སྐྱོན་བྲལ་གདེངས་ཅན་དབང་པོའི་གདེངས་ཀ་ནས་བསྐྲུན་དག་བྱེད་བདུད་རྩིའི་ཆར་རྒྱུན་གྱིས།།

གནག་པའི་བསམ་སྦྱོར་དྲི་མ་རུལ་བ་དྲི་མེད་ཤེལ་གྱི་གོང་བུ་བཞིན་དུ་ལེགས་བཀྲུས་པས།།

མཛའ་ཞིང་བརྩེ་བའི་མཐུན་བསྒྲིལ་དར་དཀར་མཐུན་གྲོགས་མགུལ་དུ་དཀར་འཇམ་འཁོར་ཡུག་གཅིག་ཏུ་བརྡལ།།

༣༦མཁྱེན་པའི་དཀྱིལ་འཁོར་ཡོངས་གང་ལྟེ་བ་བརླིངས།།

ཟབ་པའི་ཐབས་ཤེས་མུ་ཁྱུད་ཟླུམ་པོར་འཁྱིལ།།

རིག་པའི་རྣམ་དཔྱོད་རྣོན་པོའི་རྩིབས་སྟོང་བཀྲ།།

འགྲན་བྲལ་མི་ཡི་འཁོར་ལོ་རིན་པོ་ཆེ།།

༣༧དགོས་རྒུ་ཡིད་ལས་འབྱུང་བའི་ཚུལ་ཤེས་ནས།།

འབད་རྩོལ་ངལ་བའི་ཁུར་གྱིས་མ་ནོན་པར།།

ཀུན་ལ་ཅི་འདོད་ལྷུན་འགྲུབ་སྩོལ་མཁས་པའི།།

ཡིད་བཞིན་ཀུན་འཇོ་ནོར་བུ་རིན་པོ་ཆེ།།

༣༨གཞན་སྡེའི་དཔལ་ལ་སྡང་ཞིང་བརྣབ་མིན་པར།།

རང་སྡེ་བསྲུང་བའི་ཐབས་མཁས་སྒྱུ་རྩལ་གྱིས།།

ལོག་སྨོན་གཡོ་སྒྱུའི་རྫུན་ཕུག་བརྟོལ་མཁས་པའི།།

ཀུན་གྱི་ཡིད་འཕྲོག་བཙུན་མོ་རིན་པོ་ཆེ།།

༣༩གཡོན་ཅན་དུག་སྦྲུལ་གདུག་པའི་ཁ་རླངས་ཀྱིས།།

ཡངས་པའི་རྒྱལ་ཁམས་རྨོངས་སུ་འཇུག་པ་ལ།།

ལྷག་བསམ་བདུད་རྩིས་གསོ་བའི་ཆོ་ག་མཁན།།

བླང་དོར་ལེགས་སྟོན་བློན་པོ་རིན་པོ་ཆེ།།

༤༠གཞན་ཕན་བྱང་ཆུབ་སེམས་ཀྱི་ཤ་ཚུགས་བརླིངས།།

རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཁུར་ཆེན་འདེགས།།

བསྡུ་བ་རྣམ་བཞིའི་སྣ་ཞགས་བརྐྱང་མཁས་པ།།

ས་གཞིའི་རྒྱན་གྱུར་གླང་བོ་རིན་པོ་ཆེ།།

༤༡ཕྲིན་ལས་རྣམ་བཞིའི་ལུས་རྩལ་ཡོངས་རྫོགས་ཤིང༌།།

སྙིང་སྟོབས་གོམ་སྟབས་ཕྱོགས་བཅུར་བསྐྱོད་བཞིན་དུ།།

རང་དབང་ཁ་ལོ་གྱེན་དུ་སྒྱུར་མཁས་པའི།།

རྩལ་ཆེན་ཤུགས་འཆང་རྟ་མཆོག་རིན་པོ་ཆེ།།

༤༢ཁྲོས་པའི་དམག་དཔུང་བྱམས་པའི་མཚོན་གྱིས་བཏུལ།།

བཅིངས་པའི་ལྕགས་སྒྲོག་བདེན་པའི་སྨྲེང་གིས་བཀྲོལ།།

དགོས་པ་ཀུན་གྲུབ་རྒྱལ་རྟགས་རུ་མཚོན་བསྒྲེངས།།

ཕྱོགས་ལས་རྣམ་རྒྱལ་དམག་དཔོན་རིན་པོ་ཆེ།།

༤༣འདོད་དགུའི་གཏེར་ཆེན་ཡོངས་འདུའི་ལྗོན་བཟང་སུམ་རྩེན་དབང་པོའི་དཔལ་དུ་བརྗིད་ཀྱང་གནས་ཀྱིས་བསྐལ།།

མ་རྨོས་མ་བཏབ་ས་ལུའི་འབྲས་བཟང་རྫོགས་ལྡན་ལོངས་སྤྱོད་མངོན་དུ་སྨིན་ཀྱང་དུས་ཀྱིས་བསྐལ།།

ཡིད་བཞིན་འདོད་འཇོ་གཏེར་གྱི་བུམ་བཟང་ངལ་བསོས་བུ་ཡི་མཛོད་དུ་ཉལ་ཡང་འབྲས་མི་འབྱིན།།

དེ་དག་ཀུན་གྱིས་མཚོན་པར་ནུས་མིན་མགོན་ཁྱོད་རྩོད་དུས་འགྲོ་བ་ཀུན་གྱི་ཉེར་འཚོའི་གཞི།།

༤༤སྙན་སྙན་གླིང་བུས་པའི་སྒྲ།།

མཛེས་མཛེས་རི་དྭགས་ལ་སྙན་བཞིན།།

ལེགས་ལེགས་རང་སྲིད་རང་སྐྱོང་བའི་གཏམ།།

ངེས་ངེས་བློ་གསལ་རྣ་བར་འཇེབས།།

༤༥ཉི་ཆར་མེ་དང་ཆུ་ཡིས་ཉེན་པའི་སེམས་ཅན་ལ།།

སྲོག་གི་སྐྱབས་སྦྱིན་བཀྲེས་སྐོམ་གདུང་ལའང་ཟས་སྐོམ་སྟེ།།

གང་ལ་ཅི་འདོད་དགོས་རྒུར་སྟེར་ཡང་རྣམ་སྨོན་དང༌།།

ལན་ལ་མི་རེ་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས།།

༤༦རྐང་གཉིས་གཙོ་བོས་བཅས་པའི་བསླབ་གཞི་མ་ནོས་ཀྱང༌།།

ཡང་དག་ལམ་ལ་ཡིད་ཆེས་དད་པ་རབ་བརྟན་པས།།

བླང་དང་དོར་བྱའི་ཕྲ་རགས་ཀུན་སྤྱོད་ཚུལ་བཞིན་དུ།།

འཕྱུགས་མེད་སྤྱོད་མཁས་ཚུལ་ཁྲིམས་ཕར་ཕྱིན་ཡོངས་སུ་རྫོགས།།

༥༠ཆོས་ཁམས་རྒྱ་མཚོའི་ཇི་སྙེད་ཤེས་བྱ་བློ་གྲོས་རྒྱ་མཚོའི་བུམ་པའི་ལྟོར།།

སྦྱངས་པ་རྒྱ་མཚོས་མ་ལུས་བསྐྱིལ་བས་ཡོན་ཏན་རྒྱ་མཚོའི་མཛོད་གྱུར་ཏེ།།

འགྲོ་ཁམས་རྒྱ་མཚོའི་རྨོངས་པ་ཀུན་སེལ་ལེགས་བཤད་རྒྱ་མཚོའི་སྒོ་ཕྱེས་པས།།

རྣམ་གྲོལ་རྒཡ་མཚོའི་ཕན་བདེའི་དཔལ་སྟེར་ཤེས་རབ་ཕར་ཕྱིན་ཡོངས་སུ་རྫོགས།།

༥༡ནམ་མཁའ་སྣོད་དུ་ཆུང་བའི་ཕྲིན་ལས་ཀྱི།།

གྲགས་སྙན་ལྷ་ཡི་གོས་བཟང་རྣམ་བཀྲ་བའི།།

རབ་འབྱམས་ཞིང་ཁམས་ཀུན་ཏུ་ཁེབས་པའི་གདུགས།།

སྲིད་པའི་བླ་ན་རྒྱུན་མི་འཆད་པར་འཁོར།།

༥༢ལུགས་འབྱུང་སྲིད་པའི་ས་བོན་རྣམ་ཤེས་རྒྱུན།།

རྟེན་འབྲེལ་ལུ་གུ་རྒྱུད་དུ་འབྱུང་མཁྱེན་ནས།།

སྲེད་ལེན་དྲུངས་འབྱིན་ལུགས་ལྡོག་ཏིང་འཛིན་བཅུད།།

ཐུགས་དབྱིངས་དཔལ་གྱི་བེའུའི་ཀློང་དུ་བསྐྱིལ།།

༥༣སྲེད་པའི་རོ་ལ་ཞེན་ཅིང་ཆགས་མིན་པར།།

འཕེན་རྫོགས་དགེ་བས་བསྐྱེད་པའི་འགྱུ་རྩལ་ཅན།།

འཁོར་བའི་རྒྱ་མཚོར་སྒྱུ་མའི་རོལ་རྩེད་ཀྱིས།།

འཕྱོ་བའི་ཐབས་ཤེས་གསེར་མིག་ཟུང་གིས་མཛེས།།

༥༤ས་བོན་ཇི་བཞིན་དཀར་ནག་ལས་ཀྱི་འབྲས།།

དེ་བཞིན་འབྱུང་ན་གྲོགས་དག་བག་བྱོས་ཞེས།།

སྐྱེ་བ་ལྔ་པའི་མགྲིན་རྔ་དཀྲོལ་བའི་སྒྲས།།

ཡངས་པའི་ཁམས་ཀུན་ཕན་བདེའི་དཔལ་ལ་བཀོད།།

༥༥རྣམ་བརྗིད་སྐུ་ཡི་རྒྱལ་མཚན་ལྷུན་ཆགས་སྤོར།།

ལྷག་བསམ་ཡིད་བཞིན་དབང་རྒྱལ་ཏོག་གིས་མཛེས།།

གོས་བཟང་ཤ་ནས་ཀླུབས་པའི་ཁྱད་ཆོས་ཀྱིས།།

ཁེངས་པའི་རུ་མཚོན་བསྒྲེངས་རྣམས་ཐང་ལ་བསྙིལ།།

༥༦ཆགས་མེད་སྟོང་ལྡན་པདྨ་དམར་པོའི་ལྗགས།།

དྲི་མེད་དྲང་སྲོང་བདེན་པའི་རྩི་བཅུད་གཏམས།།

རིས་མེད་སྐལ་བཟང་རྐང་དྲུག་དགའ་སྟོན་དཔྱིད།།

ཆད་མེད་སྦྱིན་པའི་དགེ་མཚན་ཅི་ཡང་བཞད།།

༥༧ལེགས་ཉེས་བདེ་སྡུག་ཤོང་ཡངས་ལྟོ་རུ།།

སྣ་ཚོགས་མཚན་མའི་དྭངས་མ་བསྐྱིལ་བ་ལས།།

དགེ་མཚན་བཅུད་དུ་སྤྱིན་པའི་དཔལ་ཡོན་ཅན།།

གཏེར་ཆེན་བུམ་པ་བཟང་པོའི་རྣམ་ཐར་སྐྱོང༌།།

༥༨ལམ་གསུམ་ཐོག་མཐའ་བར་མེད་འཁོར་བའི་རྒྱུན།།

རྣམ་དཔྱོད་མུ་ཁྱུད་གཅིག་ཏུ་ཡོངས་བསྐྱིལ་ཏེ།།

ཐབས་ཤེས་དགའ་བ་གཡས་སུ་འཁྱིལ་བའི་ལྟོར།།

ལྡུག་མཁས་ཆོས་ཀྱི་འཁོར་ལོའི་དཔལ་ཡང་འཆང༌།།

༥༩ལེགས་བྱས་རྒྱ་མཚོ་འཕྱུར་བའི་རླབས་ཕྲེང་གིས།།

ཕན་བདེའི་རིན་ཆེན་གྲམ་བུར་གདལ་བཞིན་དུ།།

འཇིག་རྟེན་རྒུད་པ་རིང་དུ་བཅིལ་བ་དང༌།།

ཆབས་ཅིག་ཕྲིན་ལས་རྒྱུན་བཟང་འབད་མེད་འཇོ།།

༦༠མ་ཕམ་བདེན་པའི་སྟོབས་ཀྱིས་ཕྱོགས་ལས་རྒྱལ།།

མ་བོས་སྲིད་གསུམ་དགེ་མཚན་གཡང་དུ་ཁུག།

མ་བསྡུས་འཛམ་གླིང་ཆེ་རྒུའི་འདུན་གྲོས་ན།།

མ་ལུས་གཅིག་ཐག་གཅོད་པ་ཁྱོད་གཅིག་པུ།།

༦༡གྲགས་པའི་དཔལ་གྱིས་རྒྱ་ཆེའི་འཁོར་ཡུག་ཁྱོན།།

དག་པར་བྱེད་པའི་ཁུར་ལྕིས་རབ་དུབ་ནས།།

འཁུན་པའི་སྒྲ་བཅས་འདར་བར་ཕྱོགས་པ་ལ།།

སྔོ་སངས་མ་ཡིས་ཁྲེལ་བའི་འཛུམ་མདངས་ཕྱུང༌།།

༦༢སྙན་པའི་བ་དན་སྲིད་པའི་རྩེར་བསྒྲེངས་བས།།

ཀུན་གསལ་སྒེག་མོའི་ལྟོ་བ་འབིག་པ་ལ།།

ནོར་འཛིན་གངྒའི་ལྷ་རྫས་རྐྱོང་བཞིན་དུ།།

ངུར་པའི་སྒྲ་བཅས་མཆི་མའི་རྒྱ་མཚོ་འཁྱོམ།།

༦༣གཞན་ཕན་ལས་ལ་གཅིག་ཏུ་ཆེས་དཀར་བས།།

གཞན་ཕྱིར་སྲོག་ཀྱང་གཏོང་ལ་མི་ཞུམ་ཞིང༌།།

གཞན་རྒྱུད་དགེ་ལ་སྦྱོར་བའི་ལམ་སྟོན་མཁན།།

གཞན་ཡང་སྲིད་འདིར་ཁྱོད་འདྲ་རྙེད་པར་དཀའ།།

༦༤མགོན་ཁྱོད་རང་དོན་བདེ་ལ་མ་ཅགས་པར།།

གཞན་དོན་བྱང་སེམས་སྤྱོད་མཆོག་རྒྱུན་དུ་སྤྱད།།

རྒུད་དང་ངལ་བས་ནོན་ཀྱང་གཞན་ཕན་ལ།།

དགྱེས་འདི་སེམས་དཔའ་མཆོག་གི་རང་གཤིས་ཡིན།།

༦༥ཕན་དགོངས་འགྲོ་ལ་བརྩེ་བའི་ཐུགས་རྗེ་ཅན།།

ཁྱོད་ལ་བྱས་པ་དྲིན་དུ་མི་གཟོ་བའི།།

མི་བསྲུན་སྐྱེ་བོའི་བརླང་སྤྱོད་འདི་འདྲ་ན།།

སྙིགས་དུས་སྐྱེ་བོར་ཡིད་བརྟན་སུ་ཞིག་འཆའ།།

༦༦ཁྱོད་ཉིད་ཞི་བའི་དབྱིངས་སུ་མནལ་ན་ཡང༌།།

བདག་ཅག་སྙིགས་དུས་འགྲོ་ལ་བརྩེ་བས་དགོངས།།

ཉིན་བྱེད་གོ་ལའི་འགྲོས་ཀྱིས་བསྐོར་ན་ཡང༌།།

རང་ཁྱིམ་ཡིད་ལ་བཅག་སྟེ་ཕྱིར་ཞིང་འཁོར།།

༦༧ལུས་ཀྱི་ཁང་པར་དྲན་དབང་གནས་པ་འགའ།།

མཆིས་ན་རྗེས་དྲན་བཀའ་དྲིན་ལེགས་གསོའི་ཕྱིར།།

རྣམ་དཀར་དགེ་ཚོགས་བསོད་ནམས་མཆོད་སྦྱིན་གྱི།།

བགྱི་བ་ཡར་ངོའི་ཟླ་བཞིན་བརྩོན་པར་འཚལ།།

༦༨སྐྱབས་གཅིག་མཆོག་གསུམ་རྩེ་གཅིག་གུས་པས་བསྟེན།།

རིམ་གཉིས་ལམ་སྦྱངས་ཚོགས་གཉིས་མཐའ་རུ་ཕྱིན།།

དུས་གསུམ་རྒྱལ་བའི་གསང་གསུམ་བྱིན་རླབས་ཀྱི།།

དབང་བཞིས་རྒྱུད་སྨིན་སྐུ་བཞི་མངོན་བྱེད་ཤོག།

༦༩དེའི་མཐུས་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ།།

མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ནས།།

ཕན་བདེའི་དཔལ་གྱིས་ས་གསུམ་ཡོངས་ཁྱབ་སྟེ།།

དགེ་ལེགས་སྣང་བ་དཀར་པོ་རྟག་འཆར་ཤོག།

༧༠བཀྲ་ཤིས་རྒྱ་མཚོ་གཡས་སུ་འཁྱིལ་བའི་དུང་གི་སྒྲས།།

བདེ་ལེགས་རྒྱ་མཚོ་མགྲོན་དུ་འབོད་པའི་དགའ་སྟོན་དཔྱིད།།

ཕུན་ཚོགས་རྒྱ་མཚོ་དུས་སུ་སྨིན་པའི་དཔལ་ཡོན་གང༌།།

སྨོན་ལམ་རྒྱ་མཚོས་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག།

དེ་ ལྟར་བདག་ཉིད་ཆེན་པོའི་ཆེ་བའི་ཡོན་ཏན་ལ་སྙན་ངག་གི་ལམ་ནས་དྲངས་ཏེ་བསྔགས་པའི་ ཚིག་ཕྲེང་འདི་ཡང་དུས་ངན་སྙིགས་མའི་རང་རྟགས་མངོན་དུ་བདོ་བས་གངས་ལྗོངས་རྒྱལ་ བསྟན་ཆབ་སྲིད་དང་བཅས་པ་གདུག་ཅན་ཀླ་ཀློས་རྩ་བརླགས་ཀྱིས་རྐྱེན་པས་ྋལྷ་མིའི་ རྣམ་འདྲེན་ཆེན་པོ་ྋགོང་ས་སྐྱབས་མགོན་འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ མཆོག་དང༌། བཙན་བྱོལ་བོད་མི་དམངས་རྣམས་ལ་རྒྱ་གར་གཞུང་ནས་སྣེ་ལེན་སྲི་ཞུ་ཕུན་སུམ་ཚོགས་ པ་གནང་བ་འདིའང༌། ཆོས་ཀྱི་རྗེ་འདི་ཉིད་ཀྱི་ཐུགས་བསྐྱེད་ལས་བྱུང་བར་ཤེས་པས་དེ་ཉིད་ཡིད་བཅ་ ངསྟེ་བཀའ་དྲིན་རྗེས་དྲན་གྱི་མཆོད་སྤྲིན་སྤྲོ་བ་པོ་ནི་ཡུལ་ཁ་བ་ཅན་གྱི་ཤར་ ཕྱོགས་སའི་མདོ་ཁམས་སྨར་ཤོད་གོ་འཇོ་མདོ་དྲུག་གི་ཆར་སྐྱེས་ཤིང་སྙན་ངག་སྨྲ་ བའི་གྲལ་མཐར་ཞུགས་པ་ཐུབ་བསྟན་ཤེས་རབ་རྒྱ་མཚོར་འབོད་པས་བགྲང་བྱ་ང་བདུན་དུ་ སོན་པ་སྤྱི་ལོ་༡༩༦༡བོད་རབ་ལོ་༩༣༥རབ་བྱུང་༡༦ལྕགས་གླང་ས་གས་ཉ་བའི་བཅུ་ལ་འགོ་ བརྩམས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ངོ་མཚར་མཛད་པའི་དུས་ཆེན་སུམ་འཛོམས་ཀྱི་ ཚེས་བཅོ་ལྔ་བཟང་པོ་ལ་གྲུབ་པར་བགྱིས་པས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་ ཀྱི་སྣང་བ་ཆེན་པོས་ཁྱབ་གྱུར་ཅིག། སརྦ་མངྒ་ལཾ་བྷ་བནྟུ།།

གསར་འགྱུར།

Post navigation

Previous Post: གསུར་རྒན་མ།
Next Post: ཅིན་ཤར་མའི་དགེ་སློང་ཧྥ་ཤཱན་དང་ཁོང་གི་འགྲུལ་བསྐྱོད་ཟིན་ཐོ་ངོ་སྤྲོད་རགས་བསྡུས།

Comments (1) on “གྷན་དྷི་མཆོག་གི་ཡོན་ཏན་ལ་བསྔགས་པ་”

  1. དཔལ་དགྱེས་པ་རྡོ་རྗེ says:
    2009-08-07 at 2:18 am

    གོ་འཇོ་བླ་ཆུང་ཐུབ་བསྟན་ཤེས་རབ་རྒྱ་མཚོ་ལ་སྙན་ངག་ཡག་པོ་འདུག ཁོང་གི་གསུང་མུ་འཐུད་དུ་སྙན་རྩོམ་གཞན་དག་འགོད་ན་ལེགས་སོ་སྙམ། ཤེས་རབ་དཔལ་ལྡན་གསུང་འདྲ་བོ་འདུག དྲིན་དྲན་ཤེས་པའི་མི་ལ་མོས་མཐུན་ཡོད། གུས་པ་ཤྲྰིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme