Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་བརྙན་<<དབུགས་ལྒང་>>གི་བསམ་བློར་རོལ་བ།

Posted on 2020-12-312020-12-31 By ཁ་བརྡ 4 Comments on གློག་བརྙན་<<དབུགས་ལྒང་>>གི་བསམ་བློར་རོལ་བ།

ཤེད་བུ།
 
ཉིན་དེར་པདྨ་ཚེ་བརྟན་གྱིས་རང་གི་བརྩམས་ཆོས་དག་ལ་ཕྱིར་དྲན་བྱས། དེ་དང་ལྷན་དུ་རང་གི་འཚོ་བ་ལའང་ཕྱིར་དྲན་བྱས། དཀའ་སྡུག་གི་འགག་འཕྲང་སྣ་ཚོགས་བརྒལ་བའི་མི་རིགས་ཤིག་གིས་རང་གི་བརྩམས་ཆོས་ལ་གཟི་བརྗིད་བསྣན་ཞིང་། རང་གི་བརྩམས་ཆོས་རེ་རེ་ནི་མི་རིགས་དེའི་སྣང་བརྙན་དང་དྲིན་གཟོ་གཉིས་ཀར་གྱུར་ཡོད་པས། སེམས་ལ་སྤོབས་པ་ཤིག་རྒྱས་ནའང་རང་དང་འབྲེལ་འདྲིས་ཆེ་བའི་བུད་མེད་མང་པོ་ཞིག་གི་ལས་དབང་དྲན་པས། པདྨ་ཚེ་བརྟན་བསམ་གཞིག་གི་ཀློང་དུ་ནུབ་ཐལ་ནས། རང་ཉིད་ཀྱི་གོམ་འགྲོས་ཀྱང་བརྗེད་པར་གྱུར། གློ་བུར་གྱི་རླུང་འཚུབ་ཤིག་གིས་ཁོ་རང་ཧད་སེར་བཏང་ཞིང་། ནམ་མཁར་བལྟས། རླུང་འཚུབ་ཀྱིས་དབུགས་ལྒང་ཞིག་སྤུར་ནས་ནམ་མཁའི་མཐོངས་སུ་ཡལ། སྣང་ཚུལ་དེ་མཚར་པོ་ཞིག་ཏུ་བསམ་ཞིང་ཡང་ཡང་བསམ་གཞིག་གི་ཀློང་དུ་ཉུལ།

བསོད་རྒྱལ་རིན་པོ་ཆེའི་དེབ་སྐད་གྲགས་ཅན་སྐྱེ་འཆིའི་རྣམ་གཞག་ཅེས་པར་བལྟས། སྐྱེས་པའི་རྗེས་ལ་འཆི་དགོས་པ། འདུས་པའི་ཐ་མར་འབྲལ་དགོས་པ། བསགས་པའི་རྗེས་ལ་འཛད་དགོས་པ། ཐོབ་ཤོར་རེས་མོས་ཀྱིས་འཁོར་བའི་དཔེར་མཚོན་དག་རེ་རེ་བཞིན་ཡིད་ལ་འཁོར། ང་ཚོ་ནི་མཐོང་ཐོས་རེག་གསུམ་དང་རྟེན་ཅིང་འབྲེལ་བའི་བརྩེ་དུང་གི་ཚོད་འཛིན་འོག་ཚུད་པ་སྟེ། འཁྱག་དར་དང་འབྲི་མར་ཉི་མར་ལྡེ་བའི་དངོས་ཚུལ་གྱི་འཕྲུལ་སྣང་མཐའ་དག་ལྭ་བ་གསར་རྙིང་བརྗེ་བ་ལྟར་བརྗེས་པའམ། ཡང་ན་འཆི་བ་ནི་རང་ཉིད་ཀློང་ཡངས་པའི་བར་དོའི་དབྱིངས་སུ་འཕུར་སྐྱོད་ཐེངས་ཤིག་གི་སྣང་བ་ལ་སྙིང་ནས་བདེན་ཁ་སྟེར་བར་འདོད་པ་མ་ཟད། མི་ཚེ་ནི་འཁྲུལ་སྣང་གི་དར་ཤིང་ལྟར་ངལ་བ་འབྲས་མེད་དང་སྙིང་བོ་ཅི་ཡང་མེད་པའི་ལྟ་ཚུལ་ལའང་བདེན་ཁ་སྟེར་བར་འདོད། ལྷག་པར་བྱ་དངོས་ཡོད་ཚད་སྟོང་བ་དང་དམར་རྗེན་ཡིན་པའི་འགྲེལ་བཤད་ཀྱི་སྐབས་སུ། ཁོའི་མིག་ལམ་ནས་རླུང་འཚུབ་ཀྱིས་ཁུར་སོང་བའི་དབུགས་ལྒང་དམར་པོ་དེ་ཡིད་ལ་དྲན། པདྨ་ཚེ་བརྟན་གྱིས་དེབ་འདིར་གསལ་བའི་བརྗོད་བྱ་ཡོད་ཚད་བར་སྣང་ལ་ཁུར་བའི་དབུགས་ལྒང་དམར་པོ་ཞིག་ཏུ་བསྡུ་ཐུབ་པར་གྱུར།

ཞེ་ལྷོད་ལ་བབས་ཏེ་དཔེ་ཁང་ལས་མལ་ཁང་གི་ཕྱོགས་སུ་ཆས་ཤིང་། ཉལ་ཁྲིའི་ཟུར་གྱི་འཐེན་སྒམ་གྱི་ཁ་ཕྱེས། འཐེན་སྒམ་སྟོང་བ་ཉིད་དུ་གྱུར་ཅིང་ཆུང་མའང་སྔ་ས་ནས་གཉིད་ལ་ཤོར་འདུག་པས། པདྨ་ཚེ་བརྟན་བསྐྱར་དུ་བསམ་གཞིག་གི་ཀློང་དུ་ནུབ། བསམ་གཞིག་གི་ཁྲོད་ནས་མཁའ་དབྱིངས་སུ་འཕུར་བའི་དབུགས་ལྒང་དེའི་སྣེ་མོར་དབུགས་ལྒང་མང་པོ་ཞིག་མཐུད། དེ་བཞིན་དབུགས་ལྒང་འཚོལ་བའི་རང་ཉིད་དང་། དབུགས་ལྒང་སྦས་ཉར་ལ་དཀའ་ངལ་འཕྲད་པའི་ཞིང་གྲོང་གི་མི་རྣམས་ཀྱང་ཡིད་ལ་དྲན། བུད་མེད་རྣམས་ཀྱི་བརྩེ་དུང་དང་འཚོ་བའི་ཆག་སྒོའི་མཐར་ཐུག་ལ་བསམ་བློ་བསྲིངས། མི་ཚང་མས་ཆག་སྒོའི་མཐར་ཐུག་ནི་འཆི་བ་ཡིན་པར་བསམ་གྱིན་ཡོད་མོད། གློག་བརྙན་འདིས་འཆི་བ་ལ་འགྲེལ་བཤད་གཞན་པ་ཞིག་རྒྱག་རྩིས་ཡོད་པས། འཆི་བ་ལས་གཞན་ཞིག་བཙལ། ད་གཟོད་བོད་ཁུལ་གྱི་སྣང་ཚུལ་ཞིག་སྟེ། བུད་མེད་གཞོན་ནུ་མ་ཞིག་མི་འདོད་བཞིན་དུ་ཇོ་མོ་བྱེད་པ་ནི་བརྩེ་དུང་གི་ཆག་སྒོ་མཐར་ཐུག་དང་། རང་གི་བུ་ཕྲུག་འདེད་པ་དང་། བཟའ་ཟླ་དང་བྱིས་པ་བཅས་ཤུལ་དུ་བཞག་ནས་དགོན་པར་ཆས་པའང་འཚོ་བའི་ཆག་སྒོ་མཐར་ཐུག་ཅིག་ཡིན་པ་འགྲེལ་བཤད་ཀྱི་མཐའ་སྣེར་བཟུང་། པདྨ་ཚེ་བརྟན་གྱིས་གློག་བརྙན་གསར་བ་ཞིག་གི་སྤྱི་སྒྲོམ་ཞིག་བློས་བསླངས་ཐུབ་སོང་བས། ག་ལེར་གཉིད་དུ་ཡུར།

པདྨ་ཚེ་བརྟན་གྱིས་འཁྲབ་གཞུང་དང་འཁྲབ་སྟོན་པ་ཡོད་ཚད་གྲ་སྒྲིག་བྱས་ཏེ། གློག་བརྙན་ཕབ་སྐྲུན་བྱེད་པར་ཆས། ཁོས་གློག་བརྙན་གྱི་མགོ་ཇི་ལྟར་འཛུགས་དགོས་པའི་འབབ་སྟེགས་ཤིག་མ་རྙེད། ཡང་ནས་བསྐྱར་ཏུ་ཕབ། ཡང་ནས་ཡང་དུ་ཚོད་ལྟ་བྱས། ཐབས་ཟད་དེ། ཡང་སྐྱར་བསོད་རྒྱལ་རིན་པོ་ཆེའི་དེབ་དེ་བཀླགས། བདག་འཛིན་དང་སྒྲིབ་པ། བདེ་གཤེགས་སྙིང་བོ། རྟེན་འབྱུང་། བདག་མེད་དང་མི་རྟག་པ་སོགས་ཀྱི་གོ་དོན་དང་འགྲེལ་བརྗོད་ཁག་གི་ཉེ་སའི་ཉེ་སར་བཅར། དེ་དག་ཚང་མ་འཁོར་བ་ལ་སྙིང་བོ་མེད་པ་དང་། འཁོར་བའི་རྩ་བ་མ་རིག་པ་ཡིན་པའི་གཏན་ཚིགས་བཙན་པོ་ཤ་སྟག་ཡིན་པའི་ཕྱི་ནང་རྙེད། མ་རིག་པ་ནི་ང་ང་ཞེས་པའི་འཛིན་པ་ཞིག་ཡིན་པ་དང་དེའང་བདེན་པ་དང་དངོས་ཡོད་གནས་ཚུལ་སྒྲིབ་ཚུལ་ཞིག་ཡིན་པའི་ཕྱི་ནང་མཐོང་། ང་ཚོ་ཚང་མར་བདེ་གཤེགས་སྙིང་པོ་ཡོད་ཀྱང་དེའང་ཅི་ཞིག་གིས་སྒྲིབ་ཡོད་པའི་འགྲེལ་བརྗོད་དག་བློ་ལ་འཐད་པར་གྱུར། “འུ་གོ་སྤྲིན། འུ་གོ་ལུག ཨ་མྱེ། ཨ་ཕ། ” དེ་དག་ཀྱང་སྒྲིབ་གཡོག་གསལ་ལ་མི་གསལ་བ་ཞིག་གམ་ཡང་ན་དབུགས་ལྒང་གི་སྒྲིབ་འོག་ནས་མངོན་དུ་འཇུག་རྒྱུ་ཡིད་ལ་དྲན།

པདྨ་ཚེ་བརྟན་ཧ་ཅང་དགའ་ཞིང་གློག་བརྙན་ཕབ་སྐྲུན་གྱི་ལས་མགོ་ལེགས་པར་བཙུགས། བྱིས་པ་གཉིས། བུད་མེད་གཉིས། དབུགས་ལྒང་གཉིས། དབུགས་ལྒང་དམར་པོ་གཉིས་བཅས་མངོན་གསལ་གྱི་འདྲ་ཆས་གཉིས་རེ་དང་། སྤྲིན་དཀར་གཉིས། ལོ་ལོན་གཉིས། རྣམ་ཤེས་གཉིས། རྒད་པོ་གཉིས། ཁྲོམ་རྒན་གཉིས། བརྩེ་དུང་གི་ཆག་སྒོ་གཉིས། སྨན་པ་གཉིས་བཅས་མངོན་པར་མི་གསལ་བའི་འདྲ་ཆས་གཉིས་རེ་བཅས་བདམས་ཏེ། རྟེན་འབྱུང་ཕྲ་རགས་དང་ཐོབ་ཤོར་གྱི་མཚོན་དོན་ཅན་དུ་ཕབ་པ་མ་ཟད་། དབུགས་ལྒང་གཉིས་ཕྲལ། བྱིས་པ་གཉིས་གསོན་དྭ་ལ་བུད། བུད་མེད་གཉིས་སྒར་ལ་ཆས། དབུགས་སྒང་དམར་པོ་གཉིས་ཀྱང་གཅིག་ཕྲལ་གཅིག་འཕུར། དེ་བཞིན་མངོན་པར་མི་གསལ་བའི་འདྲ་ཆས་མཐའ་དག་ལ་སྙིང་བོ་ཅི་ཡང་མེད་པའི་སྣང་ཚུལ་དུ་གློག་བརྙན་ཕབ་སྐྲུན་གྲུབ་རྗེས།  ཧ་ཧ།  འདི་འཁོར་བའི་རང་བཞིན་ཡིན་ནམ། འཁྲབ་ཁྲིད་པའི་གཏུམ་སྤྱོད་ཡིན་ཞེས་ཆིག་ལབ་ཅིག་རྒྱག་བཞིན། ཕྱིར་གྲོང་ཁྱེར་དུ་ཆས།

པདྨ་ཚེ་བརྟན་གྱི་གློག་བརྙན་ནང་དུ་བོད་ཀྱི་རིག་གནས་ཡོད་པའི་ཆ་ནས་གཞན་དང་མི་འདྲ་བ་ཞིག་དང་། སྒྱུ་རྩལ་ཡོད་པའི་ཆ་ནས་རབ་རིབ་དང་སབ་སིབ་ཞིག་ཡིན། ད་དུང་དངོས་ཚུལ་ཡོད་པའི་ཆ་ནས་དོན་སྙིང་ལྡན་པ་ཡིན་མོད། ངས་ཕྱི་མ་གཉིས་ལ་དཔྱད་པ་བཏང་མེད། བརྡ་ཙམ་བཏང་ན། གནམ་གྱི་སྤྲིན་དཀར་འུ་གོའི་སྤྲིན་པ་ཡིན་པ་ནར་མ་སོན་པའི་བྱིས་པས་ཀྱང་ཤེས་པ་ནས་མགོ་བཙུགས་ཤིང་། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་རིགས་རྒྱུད་ཀྱི་མེ་རྟ་གསོད་དགོས་པའི་སྡུག་བསྔལ་ཡང་མགོར་ཐོན་ཡོད་པ་སོགས་ཀྱིས་གཞུང་བསྲིངས། དབུགས་སྒང་དམར་པོ་གཅིག་ས་དེ་རུ་འཐིམས་ཤིང་། དབུགས་སྒང་དམར་པོ་གཅིག་འཕུར་འཕུར་ནས་སྤྲིན་དཀར་དུམ་བུ་ཞིག་ལ་འཐིམས་ཤིང་། བྱིས་པ་གཉིས་དང་ཨ་ཕ། ཨ་མ། ཇོ་མོ། སློབ་མ། དགེ་རྒན། ཐ་ན་ཁྲོམ་གྱི་བདག་པོ་བཅས་ཡོད་ཚད་པོས་དེ་ལ་ཅེར་བ་ལས། འགྲེལ་ལོག་མང་པོ་མི་དགོས་པར་གློག་བརྙན་འདིའི་སྒྱུ་རྩལ་དང་རྣམ་དཔྱོད་ནི། ཆེས་ཀློང་ཡངས་ཤིང་གཏིང་ཟབ་པ་ལ་ངེས་པ་ཐོབ་པ་ཞིག་མ་རེད་དམ།
སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ ཉིན།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།

མཆན།
འུ་གོ། — ཨམ་སྐད།  འུ་ཚང་གི་ཞེས་པ་ལྟ་བུའོ། །
བོད་ཀྱི་ཡིག་ཟམ་གྱིས་པདྨ་ཚེ་བརྟན་གྱི་བཅར་འདྲི་ཞིག་བོད་བསྒྱུར་བྱས་པ་དེར་གློག་བརྙན་འདི་བུད་མེད་སྐོར་གྱི་ཁོའི་གློག་བརྙན་ཐོག་མ་དང་། ནང་བའི་སྐྱེ་འཆིའི་རྣམ་གཞག་དང་ཕལ་ཆེར་འབྲེལ་བ་དང་། སྤྱིར་ན་བསོད་རྒྱལ་རིན་པོ་ཆེའི་དེབ་ཀྱི་ནང་དུ་སྐྱེ་འཆིའི་རྣམ་གཞག་གསལ་རབས་གླེང་ཡོད།

གློག་བརྙན་།, རྩོམ་རིག

Post navigation

Previous Post: སྲིད་སྐྱོང་འོས་མི་སྒྲོལ་མའི་སྐྱོན་ཟེར་བ་འགར་ལན་མདོ་ཙམ་རེ།
Next Post: མི་མང་རང་བཞིན་གྱི་དྲི་བ་དྲིས་ལན་ཞེས་པའི་དཔར་ལྡན་འགུལ་བསྐྱོད་དྲ་བསྒྲགས་ནང་སྲིད་སྐྱོང་འོས་མི་གཉིས་མེད་པ་ཅིའི་ཕྱིར།

Comments (4) on “གློག་བརྙན་<>གི་བསམ་བློར་རོལ་བ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-12-31 at 11:02 am

    དབུགས་ལྒང་གློག་བརྙན་འདི་ནི། མདོར་བསྡུས་ན་བོད་ནང་གི་བོད་པར་ཕྱ་དམོད་བྱ་གཞི་ཙམ་ལས། ཆེ་བསྟོད་ཀྱི་རྣམ་པ་གཅིག་ཀྱང་མི་འདུག ང་ནི་ཡང་བསྐྱར་ལྟ་དང་། མི་རིགས་གཞན་པར་བསྟན་ཡ་ལ་ངོ་ཚ་བོ་འོངས་ས་འདུག

  2. སྐྱེས་སར་ཀླུ་སྒྲུབ། says:
    2021-01-01 at 9:07 pm

    ངས་ཀྱང་དེ་སྔོན་གློག་བརྙན་དབུགས་ལྒང་ལ་བལྟས་པ་ཡིན། འོན་ཀྱང་འདིར་དབུགས་ལྒང་རང་གི་སྐོར་ལ་ཅི་ཡང་ཤོད་འདོད་མེད། ངས་ཅི་ཞིག་ཤོད་འདོད་པ་དེ་ཀརྡོ་རབ་འབྱམས་པའི་གློག་བརྙན་འདིར་ལྟ་སྟངས་ཀྱི་བསམ་བློ་ཅུང་ཙམ་གླེང་བར་འདོད་པ་ཡིན། གཅིག་བྱས་ན། ཀརྡོའི་བསམ་བློ་འདི། ལྷག་བསམ་རྣམ་དག་དང་། རང་མི་རིགས་ལ་ཤ་ཚའི་དུང་སེམས་ཤིག་གི་ངང་ནས་བྱུང་བ་ཡིན་སྲིད་མོད།

    གང་ལྟར་བསམ་བློ་དེ་ལྟ་བུ་ནི་གནད་དོན་ཞིག་རེད་ལ། གློག་བརྙན་འདིས་གསལ་འདོན་བྱེད་བཞིན་པའི་སྤྱི་ཚོགས་ཀྱི་ཞན་ཆའི་གྲས་
    ཀྱི་སྤང་བྱ་གལ་ཆེན་ཞིག་རེད།

    སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི། སྤྱི་ཚོགས་གང་དེའི་ཞན་ཆ་འཚོལ་ཞིབ་ཀྱིས། དེ་མུ་མཐུད་ནས་ལེགས་བཅོས་ཀྱིས། དུས་རབས་དང་མི་འཚམ་པ་དང་། དངོས་ཡོད་དང་མི་མཐུན་པའི་བསམ་བློ་དང་། སྤྱོད་ལམ་བསྒྱུར་བཅོས་བྱས་ནས་བྱུང་བ་ལས། ཞན་ཆ་སྦས་སྐུང་བྱས་ཏེ། སྣང་ལ་མ་ངེས་པའི་བསྟོད་དབྱངས་ཤིག་ལ་མགོ་འཁོར་བ་ནི། ཡར་རྒྱས་དང་མདུན་བསྐྱོད་ཀྱི་ལམ་བུ་དང་གཏན་ནས་ཁ་བྲལ་བ་ཞིག་རེད།

    སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། མི་སྒེར་ནས་སྤྱི་ཚོགས་ཀྱི་རྒྱ་ཆེ་ས་བར་སྐྱོན་ནམ་ཞན་ཆ་མེད་པ་ཞིག་ཧ་ཅང་དཀོན་ལ། ཞན་ཆ་ཡོད་པ་དེ་ཙམ་ཞུམ་དགོས་པ་དང་། ངོ་ཚ་དགོས་བྱེད་ཅིག་མིན་མོད། འོན་ཀྱང་། རང་ཉིད་ལ་ཞན་ཆ་མེད་པར་འདོད་པ་དང་། ཡང་ན། ཞན་ཆ་ཡོད་པ་ཁས་ལེན་རྒྱུའི་སྙིང་སྟོབས་མེད་པ་ནི། ཆེས་ངོ་ཚ་དགོས་པའི་གནད་དོན་དང་། མདུན་བསྐྱོད་བྱེད་ཐབས་མེད་པའི་འགག་རྩའི་ཉེན་ཁ་ཞིག་རེད། བོད་པའི་སྤྱི་ཚོགས་ནི། ད་དུང་འཚོ་བའི་རྣམ་བཞག་གི་ཕྱོགས་མང་དག་ཅིག་གི་ཐོག་ནས་རྗེས་ལུས་ཡིན་པ་དེར་རྩོད་པ་མེད་ལ། རྗེས་ལུས་ཀྱི་རྣམ་པ་སྣ་ཚོགས་ཤིག་གློག་བརྙན་སོགས་བརྒྱུད་ལམ་འདྲ་མིན་ནས་གསལ་འདོན་བྱེད་བཞིན་པ་ནི། སྒྱུ་རྩལ་ཐབས་ལམ་ཤིག་སྤྱད་ནས་རང་རེར་ངོ་སྤྲོད་བྱེད་བཞིན་ཡོད་པ་འདི་ཙམ་ནི་ཅིས་ཀྱང་ཤེས་དགོས། མ་གཞི་ནས་འཛམ་གླིང་གི་ཁྱིམ་ཚང་ཆེན་པོ་འདིར། ལོ་རེར་གློག་བརྙན་ཁྲི་ཕྲག་དང་འབུམ་ཕྲག་སྒོར་ཐོན་བཞིན་པའི་ནང་གི་བརྒྱ་ཆ་མང་དག་ཅིག་གིས། སྤྱི་ཚོགས་ཀྱི་ཞན་ཆ་གསལ་འདོན་བྱེད་བཞིན་ཡོད།

    ཞན་ཆ་མང་དག་ཅིག་གསལ་འདོན་བྱེད་བཞིན་པ་དེ། མཐའ་གཅིག་ཏུ་གང་ཟག་བྱེ་བྲག་པ་དང་། སྤྱི་ཚོགས་ཀྱི་ཆ་ཤས་བྱེ་བྲག་པ་ཞིག་ནག་པོ་བཟོ་ཐབས་དང་། དེའི་མདུན་ལམ་འགོག་ཐབས་མིན་པར། མུ་མཐུད་ནས་ཡར་རྒྱས་གཏོང་ཐབས་ཡིན་པ་འདི་ཤེས་དགོས།

    ཀརྡོའི་བསམ་བློར་བོད་པའི་སྤྱི་ཚོགས་ལ་ཞན་ཆ་ཡོད་མི་རུང་བ་དང་། ཞན་ཆ་ཡོད་པ་བཤད་ན། དེ་ནི་འཕྱ་སྨོད་བྱས་པ་ཞིག་ཡིན་ཁར།
    ངོ་ཚ་དགོས་པར་འདོད་པ་འདིའི་ཐོག་ནས་བལྟས་ན། རང་རེའི་བསམ་བློའི་གོ་རྟོགས་དེ་ད་དུང་དུས་རབས་འགའི་རྗེས་ལུས་ཐེབས་འདུག དེ་ལྟར་བལྟས་ན། གློག་བརྙན་དབུགས་ལྒང་གིས་ཀརྡོ་རབ་འབྱམས་པ་སོགས་གཉིད་ལས་སད་དགོས་པའི་ཅུང་བརྡ་འཕར་མ་ཞིག་བཏང་ཡོད་ངེས།

  3. ཀརྡོ་རབ་འབྱམས་པ་ says:
    2021-01-04 at 2:39 pm

    ་
    ཁ་བརྡར་ཐང་མ་དང་པོར་བསྟན་དུས་ངས་ཀྱང་། བོད་པའི་གློག་བརྙན་རེད་ཟེར་དུས་ཞེན་ཁོག་བྱས་ནས་བལྟས་པ་ཡིན། ང་ཡང་གློག་བརྙན་འདི་ཐོག་མར་ལྟ་དུས་ནས་བོད་ནང་ལ་ད་ལྟ་ཡང་། བོད་ཕྲུག་ཚོས། སྒང་སྦུགས་ཀྱི་ཚབ་ལ་རླིག་ཤུབ་འཁྱེར་ན་ཡང་རྒན་པ་ཚོ་ལ་ངོ་ཚ་མེད་དམ་སྙམ་ནས་ང་རང་ངོ་ཚ་བྱུང་།

    དེ་ནས་མར་མར་བལྟས་པ་ཡིན། གློག་བརྙན་ནང་ལ་ཆོས་སེམས་བ་ལ་ཆེ་ཚོད་མེད་པ་གྲོང་པས་ཆོས་གནས་ཚོས་ཀྱང་། རང་གི་ཕ་གྲོངས་ནས། རང་གི་བུར་སྐྱེས་པར་ལུང་བསྟན་བརྒྱབས་ཐུབ་པ་དང་། གྲོང་མིས་ཡིད་ཆེས་ཀྱང་བྱེད་ཐུབ་པ།

    ཆོས་སེམས་མེད་པ་ནི་མེད་སྟངས་ངན་པ་རང་གི་ཕའི་སྐྱེ་བ་ཡིན་པ་ཧ་གོ་བ་དང་གཅིག རང་གི་ཕྲུ་གུ་ཡང་སྨན་ཁང་ནང་དུ་དམར་གསོད་བཏང་བ་གཉིས་ཀྱིས། གློག་བརྙན་བལྟས་ཚར་པ་དང་ང་ཉོབ་སོང་། མཆན་ཞིག་ཀྱང་བྲིས་ཐལ་ཤོར་སོང་།།

  4. ཏིང་ངེ་འཛིན། says:
    2021-01-05 at 2:38 am

    རྩོམ་འདི་ངེད་གློག་བརྙན་དྲ་པ་པྲ་དྲ་བཀོད་ན་ཆོག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme